Terdzo-HA-009



Property "Author" has a restricted application area and cannot be used as annotation property by a user. 








གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་སྙན་པའི་གླིང་བུ་

g.yu thog snying thig gi cha lag lha sman rjes gnang bklag chog tu bkod pa snyan pa'i gling bu

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by   ([[Yon tan mgon po|]])
in cycle  གཡུ་ཐོག་སྙིང་ཐིག་ (G.yu thog snying thig)
Volume 29 (ཧ) / Pages 223-239 / Folios 1a1 to 9a6

[edit]

༄༅། །གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་སྙན་པའི་གླིང་བུ་ཞེས་བྱ་བ་བཞུགས་སོ། ། དངོས་གྲུབ་འདོད་དགུའི་ཆར་འབེབ་པས། །བསམ་ཀུན་རྫོགས་མཛད་དཔག་བསམ་ཤིང་། །བླ་མ་སྨན་པའི་རྒྱལ་པོ་ལ། །བཏུད་ནས་འཚོ་བྱེད་དགའ་སྟོན་སྤེལ། །གཞན་ཕན་གྱི་བསམ་པ་དང་ལྡན་ཅིང་རང་དོན་གྱི་ཁོང་སྐྲན་མ་ཞུགས་པའི་འཚོ་བྱེད་དབང་དང་དམ་ཚིག་ལ་གནས་ཤིང་རྩ་གསུམ་གྱི་བསྙེན་སྒྲུབ་ཐེམས་པས། མངོན་ཤེས་པྲ་ཡི་སྒྲུབ་པ་ལ་འཇུག་པའི་ཐོག་མར་རྗེས་སུ་གནང་བ་ལེགས་པར་ནོད་དགོས་པས་དེའི་ཚུལ་ལ་སྦྱོར་བ་ཡོ་བྱད་དང་སྒྲུབ་ཐབས། དངོས་གཞི་རྗེས་གནང་གཉིས་ལས། དང་པོ་གནས་ཁང་གཙང་མར་མཎྜལ་པདྨ་འདབ་བཞི་དཀར་པོའི་དབུས་སུ་བུམ་པའི་ནང་མངར་གསུམ་བཟང་དྲུག་ཨ་རུ་ར་རྣམས་ཆང་བཟང་པོ་དང་སྦྱར་བ་བླུགས། མགུལ་ཆིངས་དང་ཁ་རྒྱན་བཅས་བཞག །མདུན་དུ་རིན་པོ་ཆེའི་སྣོད་དུ་ཟླུམ་གཏོར་དཀར་པོ་པདྨ་འདབ་བཞིས་བརྒྱན་པ་ལ་འཁོར་དཀར་ཟླུམ་བཞིས་བསྐོར་ཞིང་ཉི་ཟླ་ནོར་བུ་སོགས་རྒྱན་སྤྲོས་ཀྱིས་མཛེས་པ་ལ་ཡེ་ཤེས་ཁྱེའུ་ཆུང་དང་ལྷ་སྨན་གསུམ་གྱི་ཙཀླི་བཙུགས་པ་བཤམ། གཡས་སུ་མདའ་དར་མེ་ལོང་བཏགས་པ། གཡོན་དུ་སྦ་གླིང་སྨྱུག་གླིང་གང་འཛོམ་བཞག །དེ་དག་གི་མདུན་དུ་འབུལ་གཏོར་དཀར་གཏོར། ཕྱི་མཆོད་ཕྲེང་ཚར། ཕྱེ་མར། གསེར་སྐྱེམས། བསང་གི་ཡོ་བྱད་སོགས་ཉེར་མཁོ་ཚོགས་པར་བྱ། འདིའི་རྗེས་གནང་སྒེར་དུ་བྱེད་ན་རྩ་གསུམ་གཏོར་མཆོད་གཞུང་བཞིན་ཚོགས་པར་དགོས་ཀྱང་སྙིང་ཐིག་དབང་ཆེ་ཆུང་གང་རུང་གི་མཇུག་ཏུ་སྦྲེལ་བ་མང་བས་དེ་ལྟར་ན་དེ་དག་གི་བཅས་ཀྱི་ཟུར་སྟེགས་སུ་འདི་ཉིད་ཀྱི་ཆས་རྣམས་བཤམ་མོ། །སྒྲུབ་པའི་ཚུལ་ཡང་རྗེས་གནང་ཟུར་ཕྱུང་སྐབས་སྙིང་ཐིག་གི་ལས་བྱང་བཏང་ཞིང་ཛཔ྄་བཟླས་གྲུབ་ནས་འདིར་གསལ་བུམ་སྒྲུབ་དང་བཀའ་སྲུང་མཆོད་པ་རྣམས་སོང་ནས། རང་ཉིད་སྐད་ཅིག་གིས་སྨན་བླར་གསལ་ནས་འདིའི་ཕྲིན་ལས་གཏང་ཞིང་རྗེས་གནང་གྲུབ་ནས་ལས་བྱང་གི་ཚོགས་སོགས་མཇུག་བྱས་པས་ཆོག་ཀྱང་། དབང་ཆེན་ཞར་བྱུང་ཙམ་ལ་བུམ་སྒྲུབ་གོང་དུ་སོང་བས་འཐུས་པས་དམིགས་བསལ་མི་དགོས། བཀའ་སྲུང་གྲུབ་མཚམས་རང་སྨན་བླར་གནས་བསྒྱུར་ཏེ་འདིའི་མདུན་བསྐྱེད་མཆོད་བསྟོད་བསང་སོགས་དགོས་པའི་བྱེ་བྲག་ཕྱེད་པར་བྱའོ། །དེ་ལ་བུམ་སྒྲུབ་ཟུར་དུ་དགོས་པའི་ཚེ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སྣ་ཚོགས་པད་སྡོང་འདབ་མ་བཞི་པའི་ལྟེ་བར་ཉི་ཟླ་བདུད་བཞིའི་རོའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་ཕག་མོ་ཡབ་ཡུམ། ཤར་དུ་རྡོ་རྗེ་མཁའ་འགྲོ །ལྷོར་རིན་ཆེན་མཁའ་འགྲོ །ནུབ་ཏུ་པདྨ་མཁའ་འགྲོ །བྱང་དུ་ལས་ཀྱི་མཁའ་འགྲོ །རྟ་མགྲིན་གྱི་སྤྱི་གཙུག་ཏུ་པད་སྡོང་འདབ་བཞིའི་དབུས་སུ་རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ། ཕྱོགས་བཞིར་རིག་པའི་ཡེ་ཤེས་བཞི་རྣམས་སྐད་ཅིག་གིས་གསལ་བར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་མཛད། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། སྤྱི་བསྡུས་སྔགས་དང་དངོས་གྲུབ་བསྡུ་སྔགས་བཟླས་པའི་མཐར་སྔགས་ཙམ་གྱིས་མཆོད། བསྟོད་པར་འོས་པ་ལྟ་བུས་བསྟོད། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་བས་གང་འདོད་ཀྱི་དངོས་གྲུབ་འབྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས། མདུན་བསྐྱེད་སྒྲུབ་པ་ནི། མི་དམིགས་སྟོང་པའི་ངང་ཉིད་ལས། །པད་སྡོང་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ཉིད་བླ་མ་སྨན་གྱི་རྒྱལ། །སྔོ་བསངས་འོད་ཟེར་ཀུན་དུ་འཕྲོ། །དར་གྱི་ཤམ་ཐབས་མཛེས་པར་སྤྲས། །ཕྱག་གཡས་སྨན་གྱི་ལྷུང་བཟེད་དང་། །གཡོན་པ་སྦ་དཀར་གླིང་བུ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །འཛུམ་ལྡན་འོད་ཀྱིས་སེམས་ཅན་རྣམས། །མ་ལུས་ནད་ལས་སྐྱོབ་པར་གྱུར། །གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་མ་ཉིད། །སྨན་དང་རིན་ཆེན་ལས་གྲུབ་པའི། །གཞལ་མེད་ཁང་དབུས་པད་འདབ་བཞིའི། །ལྟེ་བར་ཡེ་ཤེས་ཁྱེ་འུ་ཆུང་། །དུང་གི་ཁྱེ་འུ་དཀར་པོ་ལ། །གཡུ་ཡི་ཟུར་ཕུད་སྨིན་ཁྱུག་མཛེས། །དར་དཀར་གོ་ཟུ་སྐུ་ལ་གསོལ། །ཕྱག་གཡས་མདའ་དར་མེ་ལོང་བསྣམས། །གཡོན་པས་སྦ་གླིང་སྙན་པར་འགྱུར། །འཛུམ་སྒེག་འགྱིངས་ལྡེམ་དེ་ཉིད་ཀྱིས། །ལྷ་དང་སྨན་མོ་དབང་སྡུད་ཅིང་། །སྣང་སྲིད་ཐམས་ཅད་གསལ་མཐོང་ནས། །བདག་ལ་ཐམས་ཅད་སྨྲ་བར་བསམ། །ཤར་ནས་ཡེ་ཤེས་ལྷ་མོ་དཀར། །ལྷོ་རུ་སྨྲ་བྱེད་ལྷ་མོ་སེར། །ནུབ་ཏུ་མཐོང་བྱེད་ལྷ་མོ་དམར། །བྱང་དུ་སྨན་པྲ་སྟེར་ནུས་པའི། །སྨན་གྱི་དྲང་སྲོང་ཐམས་ཅད་བསམ། །ལྷ་མོ་གསུམ་ནི་གཞོན་ཚུལ་ཅན། །རབ་མཛེས་ཡིད་འོང་ལང་ཚོ་རྒྱས། །མུ་ཏིག་ལན་ཚར་སིལ་བུར་སྤྲས། །མེ་ཏོག་སྤེལ་བའི་ཕྲེང་བ་དང་། །ཨུཏྤལ་བསྒྲིགས་པའི་རྐེད་ཆིངས་ཅན། །རིན་ཆེན་དུ་མའི་རྒྱན་གྱིས་སྤྲས། །དར་དཀར་གོ་ཟུའི་ན་བཟའ་ཅན། །མཚལ་གྱི་ཐིག་ཕྲན་ལམས་སེ་ལམ། །མཐིང་ཤུན་མཛེས་པའི་ཆ་ག་བཏབ། །རིན་ཆེན་གསེར་གྱི་གོང་ལག་ལ། །གཡུ་ཡི་ཐིག་ཕྲན་མཛེས་པས་སྤྲས། །ཕྱག་གཡས་སྦ་གླིང་འགྱུར་བ་ཡིས། །སྒྲུབ་པ་པོ་ལ་མངོན་ཤེས་འཆར། །གཡོན་ན་སྣང་གསལ་མེ་ལོང་བསྣམས། །སྣང་སྲིད་ཐམས་ཅད་ས་ལེར་སྟོན། །ཡང་ན་སྨན་གྱི་པར་བུ་བསྣམས། །འགྲོ་བའི་ནད་རྣམས་སེལ་བར་བྱེད། །གཞན་ཡང་ལྷ་ཀླུ་སྨན་གསུམ་གྱི། །མངོན་ཤེས་ཅན་རྣམས་སྤྲིན་བཞིན་གཏིབས། །མ་ལུས་ཡོངས་སུ་རྫོགས་པར་བསམ། །དེ་ལྟར་བདག་མདུན་གཉིས་ཀ་ཡི། །ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་རང་གནས་ནས་སྤྱན་དྲངས་ནས། །བསྒོམས་པའི་རྟེན་ལ་ཐིམ་པར་གྱུར། །དབྱངས་རོལ་སྤོས་དཀར་བསང་དུད་བཏང་ལ། ཀྱེ། ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་ན། །སངས་རྒྱས་སྨན་རྒྱལ་ཐུགས་རྗེའི་བདག །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཕྱག་འཚལ་མཆོད་འབུལ་དངོས་གྲུབ་ཞུ། །ཀྱེ། རང་བཞིན་དབྱིངས་ནས་སྤྱན་འདྲེན་ན། །ཡེ་ཤེས་ལྷ་མོ་མཆེད་གསུམ་བྱོན། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྨན་གྱི་ལྷ་མོ་མཆེད་གསུམ་བྱོན། །གངས་དཀར་ཏི་སེའི་གནས་མཆོག་ནས། །འཕྲུལ་གྱི་ལྷ་མོ་མཆེད་གསུམ་བྱོན། །ལྷ་ཡི་གནས་མཆོག་དམ་པ་ནས། །ཡེ་ཤེས་ཁྱེའུ་ཆུང་དཀར་པོ་བྱོན། །དད་དང་དམ་ཚིག་གདུང་སེམས་ཀྱིས། །བུ་ཆུང་མ་ལ་འབོད་པ་ལྟར། །ལྷང་ལྷང་སྐད་ཀྱིས་བདག་འབོད་དོ། །གཞན་དང་གཞན་དུ་མ་ཡེངས་པར། །དུང་དུང་སེམས་ཀྱིས་བདག་འབོད་དོ། །སྒྲུབ་པའི་གནས་འདིར་ད་ཚུར་བྱོན། །མཆོད་པའི་གནས་འདིར་ད་ཚུར་བྱོན། །བསྟེན་པའི་གནས་འདིར་ད་ཚུར་བྱོན། །ཕུད་དང་རྟེན་ལ་ད་ཚུར་བྱོན། །དངུལ་དཀར་མེ་ལོང་མདངས་ལ་བྱོན། །སྦ་དཀར་གླིང་འཁྲོལ་སྐད་ལ་བྱོན། །ཕྱེ་མར་འོལ་སྐོམ་ཕུད་ལ་བྱོན། །སྨན་དང་འབྲུ་དང་རིན་པོ་ཆེ། །སྣ་ཚོགས་མཆོད་རྫས་བཞེས་ཕྱིར་བྱོན། །སྨན་གྱི་ལྷ་མོ་མཆེད་གསུམ་དང་། །ཡེ་ཤེས་ཁྱེ་འུ་དཀར་པོ་ནི། །སྔོན་གྱི་དམ་ཚིག་དྲན་མཛོད་ལ། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །ཀྱེ། ཡེ་ཤེས་ལྷ་ཤིང་དུད་པ་འདིས། །སྨན་གྱི་ལྷ་དང་དྲང་སྲོང་བསང་། །རིག་འཛིན་མངོན་ཤེས་ལྡན་པ་བསང་། །སྨན་གྱི་ལྷ་མོ་མཆེད་གསུམ་བསང། །ཡེ་ཤེས་ཁྱེ་འུ་དཀར་པོ་བསང་། །འཛམ་གླིང་བརྟན་མ་བཅུ་གཉིས་བསང་། །བོད་ཁམས་སྐྱོང་བའི་ལྷ་སྨན་བསང་། །གངས་དཀར་རྩེ་ཡི་ལྷ་སྨན་བསང་། །བྲག་ལ་གནས་པའི་ལྷ་སྨན་བསང་། །སྤང་ལ་གནས་པའི་ལྷ་སྨན་བསང་། །ནགས་ལ་གནས་པའི་ལྷ་སྨན་བསང་། །མཚོ་ལ་གནས་པའི་ལྷ་སྨན་བསང་། །བར་སྣང་གནས་པའི་ལྷ་སྨན་བསང་། །སྨན་ཕྲན་ཉིས་ཁྲི་སུམ་འབུམ་བསང་། །ཀྱེ། ཡེ་ཤེས་ལྷ་སྨན་མཆེད་གསུམ་ལ། །ཕྱེ་མར་ཕུད་དང་མཆོད་པ་འབུལ། །སྨན་བཤོས་རྩེ་རྒྱལ་མཆོད་པ་འབུལ། །ཟས་ཕུད་ཞལ་ཟས་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །རང་རང་མཉེས་མཆོད་ཐམས་ཅད་འབུལ། །མཐུན་པའི་དམ་རྫས་འདི་གསོལ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །སྲིད་པ་ཤོད་ལ་སྲིད་པ་སྟོན། །ཡེ་ཤེས་ཁྱེའུ་ཆུང་དཀར་པོ་ལ། །ཕྱེ་མར་འོལ་སྐོམ་མཆོད་པ་འབུལ། །སྤྱན་གཟིགས་ཕུད་ཀྱི་མཆོད་པ་འབུལ། །སྣང་སྲིད་མ་འདྲེས་ས་ལེ་བ། །མ་བསྒྲིབས་མཐོང་བའི་དངོས་གྲུབ་སྩོལ། །ཧྲཱིཿ ཕྱོགས་ཕྱོགས་དག་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །གནམ་ས་གཉིས་ཀྱི་བར་ཤེད་ན། །གཡའ་དང་གངས་ཀྱི་མཚམས་ཤེད་ནས། །སྤྲིན་དང་ན་བུན་ཐུ་ལུ་ལུ། །འཇའ་ཚོན་སྣ་ལྔ་གྱ་མ་གྱུ། །སྦྲང་ཆར་ཟིམ་བུ་ཤ་ར་ར། །གཙང་ཆབ་སྔོན་མོ་མེ་རེ་རེ། །དྲི་ཞིམ་སྤོས་ངད་ཆི་ལི་ལི། །གངས་དཀར་གནམ་དུ་ཟངས་སེ་ཟང་། །གཡུ་ཡི་སྤང་ལྗོངས་ཞོངས་སེ་ཞོང་། །མེ་ཏོག་སྣ་ཚོགས་ལམས་སེ་ལམ། །སྨན་གྱི་ལྗོན་ཤིང་སི་ལི་ལི། །རི་དྭགས་རྩེ་རྒྱུག་སྤྲིངས་སེ་སྤྲིང་། །གཡུ་སྦྲང་སྔོན་མོ་དི་རི་རི། །བྱུ་རུའི་འཕྱང་ཐག་རྒྱངས་སེ་རྒྱང་། །དུང་གི་འཕྱང་ཕུར་བལྟམས་སེ་བལྟམ། །གཟི་མཆོང་ཀ་ཤིང་ཏ་ལ་ལ། །སྣ་ཚོགས་མཆོད་རྫས་ཐིབས་སེ་ཐིབ། །སིལ་སྙན་རོལ་མོ་ཁྲོ་ལོ་ལོ། །སྙན་སྒྲོག་གླུ་དབྱངས་ཀྱུ་རུ་རུ། །དེ་འདྲའི་གནས་སུ་སུ་ཞིག་བཞུགས། །ཡེ་ཤེས་སྨན་པྲ་མཆེད་གསུམ་བཞུགས། །འཁོར་དུ་ལྷ་སྨན་གྲངས་མེད་བསྐོར། །དཀར་མོ་ཡེ་ཤེས་ལྷ་སྨན་ཏེ། །སྣང་སྲིད་ཤེས་བྱ་གསལ་ལེར་སྟོན། །སེར་མོ་སྨྲ་བྱེད་ལྷ་སྨན་མ། །ལེགས་ཉེས་ཐམས་ཅད་རྣ་བར་སྒྲོག །དམར་མོ་རྣོ་མཐོང་སྨྲ་བྱེད་མ། །གང་དྲིས་རྫུན་མེད་ཐིག་བཞིན་འདེབས། །ཞལ་མཛེས་གཟི་མདངས་ཡ་ལ་ལ། །སྙན་པའི་གླིང་བུ་ལྷངས་སེ་ལྷང། །རིན་ཆེན་སྙན་ཆ་ཁྲོ་ལོ་ལོ། །མུ་ཏིག་རྩ་མུན་སི་ལི་ལི། །དར་དཀར་ན་བཟའ་མཚལ་ཐིག་ཅན། །མཐིང་ཤུན་མཛེས་པའི་ཆ་ག་བཏབ། །གསེར་གྱི་གོང་རས་འོད་འབར་ལ། །གཡུ་ཡི་རྡོ་རྗེ་འཕར་མ་ནོན། །ཕྱག་གཡས་སྦ་གླིང་ཁྲོ་ལོ་ལོ། །སྒྲུབ་པ་པོ་ལ་གསུང་སྙན་སྒྲོག །གཡོན་ན་སྣང་གསལ་མེ་ལོང་དང་། །སྨན་རྒྱལ་གང་བའི་ལྷུང་བཟེད་བསྣམས། །སྣང་སྲིད་མ་ལུས་གསལ་བར་སྟོན། །འགྲོ་བ་ནད་ཀྱིས་ཚ་གདུང་བསལ། །དམ་ཚིག་ཅན་གྱི་སྲུང་མ་མཛད། །དམ་ཚིག་ཉམས་པའི་སྲོག་རྩ་གཅོད། །འདིར་བྱོན་མཐུན་པའི་དམ་རྫས་བཞེས། །དམ་ཚིག་གཙང་མ་འདི་ན་ཚང་། །དངུལ་དཀར་མེ་ལོང་འདི་ན་གསལ། །སྦ་དཀར་གླིང་བུ་འདི་ན་སྙན། །རྫས་དང་རྟེན་ལ་ད་ཚུར་བྱོན། ཁྱོད་ནི་སློབ་དཔོན་རྒྱུད་ཀྱི་ལྷ། །ང་ནི་སློབ་བུ་རྒྱུད་ཀྱིས་འབོད། །འབོད་པའི་དུས་སུ་སྙན་མ་སྲ། །གཡབ་པའི་དུས་སུ་སྤྱན་མ་བརྟུལ། །བསྐུལ་བའི་དུས་སུ་བང་མ་བུལ། །བསྟེན་པའི་དུས་སུ་རྒྱང་མ་རིང་། །ལྷང་ལྷང་དེ་ནི་དབྱངས་ལ་བྱོན། །ཀྱེ། ཡེ་ཤེས་གསལ་བྱེད་ལྷ་ཡི་སྲས། ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན། །སྐུ་མདོག་དཀར་ལ་མདངས་དང་ལྡན། །མདའ་དར་སེར་པོ་ཕྱག་ན་བསྣམས། །སྲིད་གསུམ་གཟིགས་པའི་ཁྱེ་འུ་ཆུང་། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །མདའ་དར་བཟང་པོ་འདི་ན་ཡོད། །ཕྱེ་མར་འོལ་སྐོམ་ཕུད་ལ་བྱོན། །གཡུ་ཤུག་སྔོན་མོའི་དུད་ལ་བྱོན། །གོང་མའི་རྒྱུད་པ་གསུང་གིས་ཁྲོལ། །པྲ་མཐོང་དངོས་གྲུབ་མྱུར་དུ་སྩོལ། །སྔོན་གྱི་དམ་ཚིག་རྗེས་དྲན་མཛོད། །རྣལ་འབྱོར་བདག་ལ་ཐུགས་མ་རིང་། །འདོད་པའི་དོན་རྣམས་སྒྲུབ་པར་མཛོད། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཅེས་སྤྱན་འདྲེན་མཆོད་བསྟོད་ཀྱི་ཕྲིན་ལས་བྱས་ལ་བཟླས་པ་ནི། རང་གི་ཐུགས་ཀར་ཧྲི་ཡིག་ལ། ཁྱེའུ་ཆུང་ལྷ་མོ་གསུམ་བཅས་པའི། །སྲོག་སྔགས་ཕྲེང་བས་བསྐོར་བ་ལས། །སོ་སོའི་སྲོག་རྩ་འོད་ཀྱི་ཚུལ། །འུབ་འུབ་ཚུར་ལ་འདུས་པར་གྱུར། །བསྙེན་སྔགས་ནི། ཨོཾ་ཙ་མུནྟ་ཧྲི་ད་ས་མ་ཡ་དུན་བྷྱོ། ཨ་མ་ཙིར་དུ་མ་ཙིར་ཧྲི་ལ་ཕོབ། སྲིད་པ་ཤོད། སྲིད་པ་སྟོན། སྒྲུབ་སྔགས་ནི། གོང་གི་ཤམ་བུར། ཨོཾ་མ་མ་ཧྲཱིང་ཧྲཱིང་ཛ། མཱ་མ་ཤཱ་ཤ །མཱ་མ་ཧྲཱིང་ཧྲཱིང་། ཏྲི་མཱ་མ། ཏྲིའུ་ཏྲིའུ་ཛཿསྲིད་པ་སྟོན། ལས་སྦྱོར་སྒྲ་ཐོས་པའི་སྔགས། ཨོཾ་སིདྡྷི་ཀུ་རུ་སིག་མ་ཧྲཱིང་ཧྲཱིང་ཛཿ བསམ་པ་ཤེས་སྔགས། ཨོཾ་མཱ་མ་ཙ་ཏྲི་ཙ་ཏྲི་ཏྲིའུ་ཛཿ དབབ་སྔགས། ཨ་ཨ། མཱ་མ་ཏྲི་ཏྲི་ཛ། ཏྲི་དུན་དུན་ཛ་ཕོབ། ཨ་ཏི་མ་ཏི་ཏྲིའུ་ས་མ་ཡ་ལྷན། ཞེས་པ་སྟེ། བསྙེན་སྒྲུབ་སྔགས་ཅི་ནུས་དང་ལས་སྦྱོར་རྣམས་ཀྱང་བསྙེན་སྒྲུབ་སྔགས་ཤམ་དུ་རིམ་སྦྲེལ་བྱས་ལ་ཅུང་ཟད་བཟླ། མཐར་འབུལ་གཏོར་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཅིང་། ཧཱུྃ། ཡེ་ཤེས་གསལ་བྱེད་ལྷ་ཡི་སྲས། །ཡེ་ཤེས་ཁྱེ་འུ་དཀར་པོ་དང་། །ལྷ་མོ་སྨྲ་མཐོང་ཐོས་བྱེད་མ། །མངོན་ཤེས་སྟོན་བྱེད་འཁོར་བཅས་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ། །གཉིས་པ་རྗེས་གནང་ནི། དམ་ཚིག་ལྡན་པའི་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ཁྲུས་བྱ། སྤྲོ་ན་བགེགས་གཏོར་གཏང་ཞིང་མཚམས་གཅད། སྲུང་འཁོར་བསྒོམ། མཚམས་སྦྱོར་གྱི་ཁྱད་པར། འདིར་རིགས་འདུས་སྨན་པའི་རྒྱལ་པོ་མཁས་གྲུབ་ཡོངས་ཀྱི་ཚོགས་རྗེ་མཚུངས་བྲལ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ནས་ཐུགས་སྲས་ཀྱི་མཆོག་གྱུར་སུམ་སྟོན་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་ཀྱི་བདུད་རྩིར་བསྩལ་པའི་བླ་སྒྲུབ་སྙིང་ཐིག་ཆེན་མོའི་ཆ་ལག །གཞན་ཕན་གྱི་ལྷག་བསམ་དང་ལྡན་པའི་སྨན་པ་རྒྱུ་དྲུག་འཚོགས་པའི་སྐལ་ལྡན་རྣམས་ལ་མཁས་ཁྱད་ངོ་མཚར་མངོན་སུམ་དུ་སྟོན་པ། ཡེ་ཤེས་ཀྱི་ཁྱེའུ་ཆུང་དཀར་པོ་དང་ལྷ་སྨན་མཆེད་གསུམ་ལ་བསྟེན་ནས་རྩ་པྲ་སྒྲུབ་པའི་ཐབས་ཟབ་མོ་དངུལ་དཀར་མེ་ལོང་སྣང་གསལ་སྒྲོན་མེའི་རྗེས་གནང་མ་ལ་བུ་འཁོར་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་སྨན་པའི་རྒྱལ། །བདག་ཅག་དྲང་སྲོང་རིག་འཛིན་པས། །ལྷ་སྨན་མཆེད་གསུམ་ཁྱེའུ་ཆུང་གི །རིག་གཏད་བྱིན་རླབས་བདག་ལ་སྩོལ། །ལན་གསུམ། དེ་ནས་རྒྱུད་སྣོད་རུང་བྱ་བའི་སླད་དུ་སློབ་དཔོན་དང་མདུན་སྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱེད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ། དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སྐྱབས་གནས་དེ་དག་གི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང་། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། དེ་ནས་ཐོག་མར་གཉེན་པོ་བྱིན་རླབས་འབེབ་པའི་དབང་ལ། རིན་པོ་ཆེའི་བུམ་པ་དགོས་འདོད་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཀྱིས་བལྟམས་པས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ། ཆོས་སྐུ་ཁྱབ་གདལ་ཡེ་སྟོང་ཀློང་ཡངས་སུ། །སྣང་སྟོང་ཡབ་ཡུམ་བདེ་སྟོང་འགྱུར་མེད་སྦྱོར། །ཅིར་ཡང་མ་གྲུབ་ཅིར་ཡང་མ་འགགས་འཆར། །རང་སྣང་དག་པའི་ཆོ་འཕྲུལ་རྩ་གསུམ་ལྷ། །བཀའ་སྲུང་ལྷ་དང་དྲང་སྲོང་ཕྱི་ནང་འཁོར། །མ་ལུས་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །འདིར་གཤེགས་སྐལ་ལྡན་བུ་ལ་དབང་མཆོག་སྐུར། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བྱིན་ཕོབ། །ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་སེམས་ཟག་མེད་ཀྱི་བདེ་བས་གང་། འཆི་མེད་བདུད་རྩིའི་དབང་ཐོབ་པར་མོས་མཛོད། །དེ་ནས་བཀའ་གཏད་དང་རྗེས་གནང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་སངས་རྒྱས་སྨན་པའི་རྒྱལ་པོར་དངོས་སུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་མདུན་གྱི་གཏོར་མ་ཡེ་ཤེས་ཁྱེའུ་ཆུང་ལྷ་སྨན་མཆེད་གསུམ་འཁོར་དང་བཅས་པར་གསལ་བ་ལ་ཕོག །བྲན་ལ་རྗེ་ཡིས་བཀའ་བསྩལ་པ་བཞིན་དུ་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། འདི་སྐབས་སློབ་མ་ཐུན་མོང་མིན་པ་ལ་དངོས་སུ་བསྟིམ་པ་ཡིན་ཡང་། ཐུན་མོང་ཙམ་ལ། སོ་སོའི་སྐུ་ལས་རང་འདྲ་བའི་སྐུ་གཉིས་པ་རེ་འཕྲོས། ཡེ་ཤེས་ལྷ་མོ་དཀར་གསལ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ། སྨྲ་བྱེད་ལྷ་མོ་སེར་མོ་རྣ་བའི་ནང་དུ་ཐིམ། རྣོ་མཐོང་ལྷ་མོ་དམར་མོ་མིག་གི་ནང་དུ་ཐིམ། ཡེ་ཤེས་ཁྱེའུ་ཆུང་དཀར་པོ་སྙིང་གི་ནང་དུ་ཐིམ། གཞན་ཡང་ཕྱོགས་བཅུའི་ལྷ་དང་དྲང་སྲོང་སྨན་གྱི་རིགས་པྲ་ལ་དགའ་བ་ཐམས་ཅད་ཆེ་བ་རི་རབ། ཆུང་བ་རྡུལ་ཕྲན་ཙམ་གྲངས་མེད་པ་བྱོན་ནས་ལུས་ལ་ཐིམ་པས་ཐོགས་པ་མེད་པའི་མངོན་ཤེས་ཤར་བར་མོས་མཛོད། གཏོར་མ་ཐོགས། སྤོས་རོལ་བཅས། ཧཱུྃ་ཧྲཱིཿ ཀུན་འདུས་རྒྱལ་བའི་བཀའ་ལས་མི་འདའ་ཞིང་། །རྣལ་འབྱོར་བདག་གི་བྲན་དུ་ཁས་བླངས་པ། །རྣོ་མཐོང་མངོན་ཤེས་སྟོན་མཛད་ལྷ་དང་སྨན། །ཐམས་ཅད་སྐལ་ལྡན་བུ་ལ་འགོ་བར་གྱིས། །ཧྲཱིཿ ཡེ་ཤེས་ལྷ་མོ་དཀར་མོ་མངོན་ཤེས་ཅན། ཁྱེད་ནི་ལྷ་སྨན་ཡོངས་ཀྱི་རྗེ་བཙན་ཏེ། །སྐལ་ལྡན་བུ་ལ་མངོན་ཤེས་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ལྷ་མོ་སེར་མོ་བདེན་ཚིག་སྨྲ་བྱེད་མ། ཁྱེད་ནི་འཇིག་རྟེན་གསལ་བྱེད་དྲང་སྲོང་ཆེ། །སྐལ་ལྡན་བུ་ལ་ལུང་བསྟན་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ལྷ་མོ་དམར་མོ་རྣོ་མཐོང་འཁྲུལ་མེད་མ། ཁྱེད་ནི་ལྷ་སྨན་ཀུན་གྱི་མ་མོ་སྟེ། །སྐལ་ལྡན་བུ་ལ་རྣོ་མཐོང་དངོས་གྲུབ་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ཡེ་ཤེས་ལྷ་ཡི་ཁྱེའུ་ཆུང་དཀར་པོ་ནི། །སྣང་སྲིད་མ་འདྲེས་མ་ལུས་ས་ལེར་སྟོན། །སྐལ་ལྡན་བུ་ལ་གཅེར་མཐོང་མངོན་ཤེས་སྩོལ། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོག་གྱུར་ཅིག །ཧྲཱིཿ མནའ་དང་དམ་ལ་མི་གནས་སུ་ཡང་མེད། །རྒྱལ་བའི་བཀའ་ལ་མི་བརྩི་སུ་ཡང་མེད། །ལྷ་དང་སྨན་རྣམས་འདི་ཉིད་བྲན་དུ་བྱིན། །ཅི་འདོད་སྒྲུབས་ཤིག་འགལ་ན་བརླག་པར་འགྱུར། །ཅེས་བརྗོད་ལ་གཏོར་མ་གནས་རྣམས་སུ་བཞག་གོ །སློབ་དཔོན་སྨན་རྒྱལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དུ་འཕྲོས། ལྷ་སྨན་མཆེད་གསུམ་ཡེ་ཤེས་ཁྱེའུ་ཆུང་བཅས་ཀྱི་ཐུགས་ཀའི་སྲོག་ཡིག་ལ་ཕོག་པས་དེ་ལས་སྔགས་ཕྲེང་གཉིས་པ་རེ་ཆད་ནས་བྱུང་བ། ཁྱེད་རང་ལ་ཐིམ་པས་ལྷ་སྨན་མཆེད་གསུམ་ཁྱེའུ་ཆུང་བཅས་ཀྱི་སོ་སོའི་ཐུགས་སྲོག་ཁྱེད་རང་གི་ཐུགས་ཀར་ཞུགས་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། གོང་གསལ་བསྙེན་སྒྲུབ་ལས་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །རྟེན་རྫས་རྣམས་གཏད་པས་འཁོར་བཅས་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ལེགས་ཉེས་ལུང་བསྟན་རྟག་ཏུ་ཐོབ་པར་མོས་ཤིག །མདའ་དང་གླིང་བུ་ཙཀ་ལི་སོགས་ལག་ཏུ་གཏད་ལ། ཧྲཱིཿ སྙན་པའི་སྒྲ་སྒྲོག་གླིང་བུ་དང་། །ཤེས་རབ་མཚོན་རྣོན་མདའ་བཟང་ལ། །ཟབ་ཅིང་པྲ་སྟོན་ལེ་བརྒན་དར། །མ་འདྲེས་གསལ་སྟོང་མེ་ལོང་དང་། །ནད་སེལ་སྨན་མཆོག་ཨ་རུ་ར། །སྐུ་གསུང་ཐུགས་རྟེན་སྒྲུབ་རྫས་དང་། །རྟེན་རྫས་སྐལ་ལྡན་བུ་ལ་བྱིན། །དམ་ལ་གནས་པས་འདི་བཅངས་ན། །བུ་གཅིག་མ་ནི་ཇི་བཞིན་དུ། །སྐད་ཅིག་ཙམ་ཡང་མི་ཡེངས་པར། །འབྲལ་མེད་རྒྱུན་དུ་འགྲོག་པ་དང་། །ལེགས་ཉེས་ལུང་བསྟན་གསལ་བར་ཤོག །ཨ་ཏྲི་མ་ཏྲི་སུ་ར་དེ་ཝཱི་ཏ་རི་རུ་ལ་སརྦ་ཧྲཱིཿ སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། དེ་ནས་སློབ་མ་དམ་ལྡན་ལ་གཏོར་མ་ལས་ཅུང་ཟད་བཅད་དེ་བྱིན་ལ། གཏོར་མ་དངོས་གྲུབ་འབྱུང་བའི་བདུད་རྩི་ཆེན་པོའི་རང་བཞིན་དུ་གྱུར་པ་ཁྱེད་རང་ལ་བྱིན་པས་ཡིད་ལ་གང་འདོད་ཀྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ཤིག །ཧྲཱིཿ དམ་རྫས་དངོས་གྲུབ་གཏོར་མ་འདོད་ཡོན་རྒྱན། །ཅི་བསམ་ཡིད་བཞིན་འགྲུབ་པའི་ནོར་བུ་ཡིན། །སྨན་མཆོག་གཏོར་མའི་བདུད་རྩི་འདི་མྱངས་པས། །ཏིང་འཛིན་ཟག་པ་མེད་ལ་སྤྱོད་པར་ཤོག །ཅེས་དང་ཤིས་བརྗོད་གང་འོས་བྱ། དེང་ཕྱིན་ཆད་ཁྱེད་རང་རྣམས་ཀྱིས་དམ་ཚིག་ཏུ་མཛེ་ཅན་དང་། ཡུགས་ས་དང་། རོ་ལ་རེག་པ། བག་མ་སོགས་གྲིབ་ཀྱི་རིགས་ཐམས་ཅད་ལ་འཛེམ། པྲ་སྒྲུབ་པའི་ཚུལ་སྨྲ་བར་མི་བྱ། སྒྲུབ་རྟེན་རྣམས་གཞན་ལ་གསང་ཞིང་། དུས་རྒྱུན་དུ་བསང་མཆོད་ལ་བརྩོན་པར་བྱ་དགོས་སོ། །དེ་ལྟ་བུའི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སྤྱི་ལྟར་བྱ། རྗེས་ཚོགས་མཆོད་ལ་སོགས་པའང་ལས་བྱང་གི་དཀྱུས་བཞིན་བྱས་པས་འགྲུབ་བོ། །བློ་དམན་མངོན་ཤེས་མེད་པའི་ལས། མུན་ནང་མདའ་བཞིན་ཐོག་ཕེབ་དཀའ། །དེ་ཕྱིར་འདིར་ཞུགས་དེ་ལྟའི་དགེས། །ཀུན་ཀྱང་བླང་དོར་གསལ་མཐོང་ཤོག །ཅེས་པའང་སྙིང་ཐིག་དབང་ཆོག་ཆེ་ཆུང་དང་འབྲེལ་བའི་ཆ་ལག་གསལ་བྱེད་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-HA-04-lha sman rjes gnang-01.JPG
RTZ-Tsagli-Dzongsar-HA-04-lha sman rjes gnang-02.jpeg
RTZ-Tsagli-Dzongsar-HA-04-lha sman rjes gnang-03.jpeg
RTZ-Tsagli-Dzongsar-HA-04-lha sman rjes gnang-04.JPG
RTZ-Tsagli-JA-15-gyu thog snying thig lha sman rjes gnang-01.jpg
RTZ-Tsagli-JA-15-gyu thog snying thig lha sman rjes gnang-02.jpg
RTZ-Mandala-Dzongsar-04-316-lha sman rjes gnang.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).