Terdzo-GA-020



Property "author" has been marked for restricted use.








Terdzo-GA-020.pdf
Click the picture above to view the Shechen manuscript.

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས་གསལ་བར་བཀོད་པ་ཐེ་ཚོམ་རང་གྲོལ་

zab chos zhi khro dgongs pa rang grol las/_dbang gi sta gon sngon 'gro rin chen sgron me'i lhan thabs gsal bar bkod pa the tshom rang grol

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  ཀརྨ་གླིང་པ་ (Karma Lingpa)
in cycle  ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ (Zab chos zhi khro dgongs pa rang grol)
Volume 3 (ག) / Pages 365-383 / Folios 1a1 to 10a3

Tibetan Text

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས་གསལ་བར་བཀོད་པ་ཐེ་ཚོམ་རང་གྲོལ་ཞེས་བྱ་བ་བཞུགས་སོ།། ཐེག་དགུའི་རྩེ་རྒྱལ་ཨ་ཏི་ཞི་ཁྲོའི་ལྷ། །རང་རིག་བླ་མའི་རྩལ་དུ་ཤར་བ་ལ། །གནས་ལུགས་ལྟ་བ་མཇལ་བས་ཕྱག་བྱས་ཏེ། །དབང་བསྐུར་སྔོན་འགྲོའི་ལྷན་ཐབས་འདིར་གསལ་བྱ། །ཚུལ་འདི་གཞུང་རྣམས་ཀྱི་དགོངས་པ་སྒྲུབ་པ་ཆེན་པོ་དང་སྦྱོར་བ་ཡིན་ཡང་དེང་སང་ཡུལ་དུས་དང་འཚམས་པར་དབང་རྐྱང་ཙམ་ལ་སྦྱོར་བའི་དབང་དུ་བྱས་ཏེ་འཇུག་བདེར་བསྡེབ་པ་ལ་བཞི། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ལ་གསུམ། ས་སློང་བ། སྦྱོང་བ། བཟུང་བའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཀྱི་གུང་དུ་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། དཀྱིལ་འཁོར་བཞེངས་པའི་ས་བྱི་དོར་བྱས་པར་ས་བདག་དཀར་ཟླུམ། གསེར་སྐྱེམས། ཕྱི་མཆོད་བཅས་བཤམས་ལ། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་སམ། ལས་བྱང་ཆུང་བ་ལྟ་བུའི་བདག་གི་རྣལ་འབྱོར་མདོར་བསྡུས་པ་བཟླས་པ་ཅི་རིགས་མཐར་བསྡུ་ལྡང་བཅས་བྱའོ། །དེ་ནས་ས་བདག་གཏོར་མཆོད་ལ་བསང་ཆུ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་མཆོད་རྣམས། །ཨོཾ་ལས་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་ཞུ་ལྷ་རྫས་ཀྱི། །མཆོད་སྤྲིན་ཟག་མེད་བདེ་སྐྱེད་གྱུར། །ཨོཾ་ཨཱཿཧཱུྃ། གསུམ་དང་། ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་ཨཱཿཧཱུྃ། ཞེས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔ འཛམ་བུ་གླིང་བཞི་གྲུབ་པའི་ས་སློང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ༔ ཞེས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་། གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། གཉིས་པ་ནི། བ་བྱུང་ལྔ་དྲི་བཟང་དང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞི་ལ་དབང་ལྡན་ནས་བརྩམ་སྟེ་ཁྱབ་པར་བྱུགས་ནས། ས་གཞི་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དོ། །ཞེས་མོས་ལ། སྭ་བྷཱ་བའི་སྔགས་ལན་བདུན་བརྗོད། གསུམ་པ་ནི། ས་འདིར་དཀྱིལ་འཁོར་བྲི་བར་བྱའོ་སྙམ་པའི་བློས། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཅེས་གསལ་བཏབ་ལ། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ ཚེ་སྲོག་བར་དུ་གཅོད་པའི་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དང་ས་རྫིའི་བདུག་པ་ཡུངས་ཐུན་འཐོར་བའི་ཚམ་རྔམ་བཅས་སྟེགས་བུ་ལ་ལན་གསུམ་བསྐོར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། གསུམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཁྲོ་ཆུང་མཚོན་ཆ་མེ་ཕུང་འབར་བའི་འཁོར་ལོས་བཅིངས་ཏེ་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པར་གྱུར། ཅེས་སྲུང་འཁོར་བསྒོམ་མོ། །གཉིས་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུར་དྲི་བཟང་གི་ཆུས་གཙོ་བོའི་གནས་སུ་ཐིག་ལེ་གྲུ་བཞི་དང་། འཁོར་རྣམས་ལ་ཟླུམ་པོ། དེ་སྟེང་སོ་སོའི་སྔགས་བརྗོད་དེ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱས་ལ། ལས་བྱང་ཆུང་བའི་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་དུ་བཏང་ལ་མདུན་བསྐྱེད་བསྒྲུབ། བཟླས་པ་སྤྱི་དྲིལ་ཉིད་ཅི་ནུས་མཐར་མཆོད་བསྟོད་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྔ། ལས་བུམ་དང་དྲུག །དེ་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གུ་གུལ་བདུག །ཡུངས་ཀར་བྲབས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ རཾ་རཾ་གནོད་བྱེད་འབྱུང་པོ་ཕཊ༔ རྒྱུན་འབབ་ཀྱི་ཆུ་གཙང་དྲི་བཟང་སྦྱར་བས་སུམ་གཉིས་བཀང་ལ། ཨོཾ་ཨ་མྲྀཏ་ཧཱུྃ༔ དབང་འབྲིང་པོའི་སྐབས་དབུས་བུམ་དུ་སྨན་ལྔ། ཤར་དུ་འབྲུ་ལྔ། ལྷོར་རིན་ཆེན་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་རྣམས་དང་། འཕྲད་ཚད་རང་གྲོལ་སྐབས་དབུས་བུམ་དུ་རིན་ཆེན་ལྔ། ཤར་དུ་སྨན་ལྔ། ལྷོར་སྙིང་པོ་ལྔ། ནུབ་ཏུ་འབྲུ་ལྔ། བྱང་དུ་དྲི་ལྔ། ལས་བུམ་དུ་ལྔ་ཚན་ལྔ་ཀ་བླུགས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ་སྭཱ་ཧཱ༔ དར་གྱི་མགུལ་ཆིངས་དབུས་མཐིང་དཀར་བརྩེགས་མ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ལས་བུམ་ལ་དཀར་པོ་བཅིངས་ལ། ཨོཾ་བཛྲ་བསཏྲ་ཨཱ་བེ་ཤ་ཡ༔ ཁ་རྒྱན་གཟུག་ལ། ཨོཾ་བཛྲ་མངྒ་ལཾ་སྭ་སྟི༔ གཟུངས་ཐག་བཏགས་ལ། ཨོཾ་བཛྲ་ས་ཏི་ཀ་པ་ར་ལི་སི་ཏི་ཨོཾ་ཨཱཿཧཱུྃ༔ ཞེས་པ་རྣམས་སོ་སོར་ལན་གསུམ་རེ་བརྗོད་ལ། ཨོཾ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཞེས་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་ལྔར་ཁྲིའུ་ལྟ་བུར་ཕྱོགས་མ་ནོར་བར་བཀོད། ལས་བུམ་བྱང་ཤར་དུ་བཞག །གཏོར་མཆོད་སྔར་ལྟར་བཤམས་ལ། ལས་བྱང་ཆུང་བ་ལྟར་མཆོད་པ་བྱིན་བརླབ། ལྷ་བསྐྱེད་པ་དེ་ཉིད་དམ་སྒོམ་རིམ་ཆེན་མོ་ལ་ཁ་བསྒྱུར། སྤྱན་འདྲེན་སོགས་ལས་བྱང་ལྟར་བྱ་བར་གསུངས་ཀྱང་། བླ་མ་གོང་མ་རྣམས་ཀྱིས་རྣམ་པ་གསལ་ཞིང་ཟོར་ཡང་བའི་སྐབས་དོན་གཙོར་མཛད་པ་ལྟར་ན། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱིས་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཀུན་བཟང་དང་རིགས་ལྔ་ཡབ་ཡུམ་ལ། རང་རང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་བའི་ཕྱི་རོལ་དུ་ཐུབ་པ་དྲུག་གིས་བསྐོར་བ། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བའི་ལྷ་ཚོགས་རྣམས་འཇའ་འོད་ཀྱི་ཀློང་ན་ཞི་བའི་ཚུལ་དགུ་དང་ལྡན་པ། དྲེགས་པ་ཅན་དང་བྱོལ་སོང་པད་ཉིའི་གདན་ལ་དབུས་སུ་ཆེ་མཆོག་ཡབ་ཡུམ། ཧེ་རུ་ཀ་རིགས་ལྔ། དེ་རྒྱབ་ཀེའུ་རི་མ་བརྒྱད། སིཾ་ཧ་མ་བརྒྱད། རྟ་གདོང་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ་ཁྲོ་བོའི་ལྷ་ཚོགས་རྣམས་མེ་ཕུང་ཟེར་ཐིག་གི་ཀློང་ན་འབར་བའི་གར་དགུ་དང་ལྡན་པ། དཀྱིལ་འཁོར་གཉིས་པོ་སྟེང་དང་འོག་ཏུ་བརྩེགས་མར་བཞུགས་པའོ། །ལས་བུམ་གྱི་ནང་དུ་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་རྣམས་སྣང་ལ་རང་བཞིན་མེད་པར་གསལ་བ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དེ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པའི༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷནཿ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེ༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧིཿ ཧཱུྃ། ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བུམ་བཟླས་ནི་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་འཕྲོ་འདུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བོ་དྷི་ཙིཏྟ་སོགས་སྙིང་པོ་རྣམས་ཅི་རིགས་བཟླ། ལས་བུམ་ལ་ཡིག་བརྒྱ་དང་ཉེ་སྙིང་གིས་ནུས་ལྡན་དུ་བསྒྲུབས། མཐར་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད་ནས། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། རྫས་བཞི་སོགས་ཉེ་བར་བསྡོགས། དཀྱིལ་འཁོར་ཡོལ་བས་བསྒྲིབ། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ཅིང་ཐུན་མོང་ཆོས་བཤད་ཅི་རིགས་པ་བྱ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་སྐབས་འདིར་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལས་ཟབ་མོ་གཏེར་གྱི་ཕྱོགས། དེའི་རྣམ་གྲངས་དབྱེ་བསྡུ་མཐའ་ཡས་པ་ཞིག་བཞུགས་པ་ལས་ཤར་གཏེར་ཟུག་པ་རྩ་བ་ལྟ་བུའི་ཕྱོགས་སུ་གཏོགས་པ། གཏེར་སྟོན་གྲུབ་ཐོབ་ཆེན་པོ་མཆོག་གི་གླིང་པ་ལྔའི་ཡ་གྱལ་དུ་རྩོད་མེད་གྲགས་པ། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་མཐའ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ། གྲོལ་བ་བཞི་ལྡན་ཁྱད་པར་དུ་འཕགས་ཤིང་འགྲོ་དོན་ཉི་ཟླ་དང་མཉམ་པ་འདིའི་སྨིན་བྱེད་ཀྱི་དབང་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། ད་ལམ། རྒྱས་པ་འཕྲད་ཚད་རང་གྲོལ་ལམ། འབྲིང་པོ་འགྲོ་དྲུག་རང་གྲོལ། གང་ཡིན་སྨོས་ལ། གྱི་དབང་བསྐུར་བསྒྲུབ་པ་ལའང་སྔོན་འགྲོ་དངོས་གཞི་གཉིས་སུ་ཡོད་པའི་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམས་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་བསྟན་པའི༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ལན་གསུམ། ཞེས་ཞུས་པའི་ལན་དུ་གནང་བ་སྦྱིན་པ་འདི་ལ་གསན་འཚལ། འོ་ དེ་རིང་དེ་རིང་ཁྱེད་སོགས་རིག་མ་ཡང༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བརྩམ༔ ཞེས་གནང་བ་ཐོབ་པས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས། མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ་རྩེ་གཅིག་པའི་ཡིད་ཀྱིས་གསན་འཚལ། འོ་ རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་འབྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནམ༔ བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ དེ་ཕྱིར་མི་ལྡོག་པའི་བློ་ཡོད་དམ༔ ཞེས་དྲིས་པ་ལ་ལན་འདེབས་པ་འདིའི་རྗེས་ཟློས། བཀའ་བཞིན་དུ་བསྒྲུབ་བོ༔ གསུངས་བཞིན་དུ་བྱེད་དོ༔ དེང་བདག་ཅག་རྣམས་ལ་གནང་དུ་གསོལ༔ ཞེས་ཞུ། དེ་ལ་ཐོག་མར་ཆོས་ཐམས་ཅད་ཀྱི་འཇུག་སྒོ །ཐེག་པ་ཡོངས་རྫོགས་ཀྱི་གཞི་རྟེན། ལམ་སྒྲུབ་པའི་རྨངས་རྡོ་སྐྱབས་སུ་འགྲོ་བའི་བསླབ་སྡོམ་འབོགས་དགོས་པས། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ་ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་སྟོན་དཀོན་མཆོག་གསུམ༔ མུན་པ་བདག་ལ་སྐྱོབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ མ་རིག་བདག་ལ་ཐུགས་རྗེས་ཟུང༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ཀྱི་བར་ཆད་སོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་པ་ལ། སྐྱབས་འགྲོའི་བསླབ་པ་དངོས་གཞི་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཀྱཻ་ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། དེ་ལྟར་ཐུན་མོང་ཐུན་མིན་ཁྱད་པར་གྱི་གནས་གསུམ་ལ་སྐྱབས་སུ་སོང་ནས་སོ་སོའི་བསླབ་བྱ་རྣམས་སྲོག་བཞིན་དུ་བསྲུང་དགོས་སོ། །དེ་ནས་སྡོམ་གསུམ་རིམ་པར་བླང་བའི་ཐོག་མར་གཞན་གནོད་གཞི་དང་བཅས་པ་སྤངས་ཏེ་ཕྱི་སོ་སོ་ཐར་པའི་སྡོམ་པ་ལ་བརྩོན་པར་མོས་པས་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤངས་ཤིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། གཞན་ཕན་གཞི་དང་བཅས་པ་བསྒྲུབ་སྟེ་ནང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་མོས་པས་གཞན་དོན་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་པ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བྱང་ཆུབ་ཆེན་པོའི་སྤྱོད་པ་སྤྱད་པ་ལ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་སོགས་གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བླངས་ནས་ཚུལ་བཞིན་དུ་བསྲུང་བའི་བློས་འདིའི་རྗེས་ཟློས་མཛོད། ཧོཿ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་བཙུག༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྐྱབས་ཆེན་དཀོན་མཆོག་གསུམ་རྣམས་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ རྩ་བཞི་ལ་སོགས་དམ་ཚིག་ལས༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ལན་གསུམ། དེ་ནས་དབང་ཆེན་འཕྲད་ཚད་རང་གྲོལ་ཡིན་ན་སྐབས་འདིར་ཡེ་ཤེས་དབབ་པར་གསུངས་པས། དེ་ལྟར་རྒྱུད་སྡོམ་པ་གསུམ་དང་ལྡན་པ་ལ་དབང་གི་སྣོད་རུང་ཁྱད་པར་དུ་བྱ་བའི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ་མཛོད། བདུད་རྩི་བཟང་པོ་ཨ་མྲྀཏའི་ཁ་ཚར་བཏབ་ལ་སྦྱིན། ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་གྱི་སྤོས་ཀྱིས་བདུག །བླ་མས་ཏིང་ངེ་འཛིན་དང་རོལ་མོའི་སྒྲ་བྱ་ཞིང་། ཁྱེད་རང་རྣམས་ལངས་ལ་ལག་པ་སྙིང་གར་ཐལ་མོ་སྦྱར། མིག་བཙུམ་ལ་ཡིད་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ༔ ནུ་མ་དང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོར་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ༔ གཡོན་དྲིལ་བུ་འཛིན་པ༔ སྐུ་གར་ཐབས་ཁྱུག་ཁྱུག་ཞིག་བསྒོམ༔ གཞན་ཡང་མདུན་གྱི་ནམ་མཁའ་ནས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས༔ མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་སྒོམས༔ ངོ་ཚ་གཅེས་འཛིན་ཕྲོལ༔ སེམས་གཏད་མེད་དུ་ཞོག་ལ་སྙིང་པོ་འདི་དྲག་ཏུ་ཟློས་ཤིག༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ༔ ཞེས་དང་། བོ་དྷི་ཙིཏྟ་དྲག་ཏུ་བརྗོད་ཅིང་སྤོས་རོལ་བྱ། བླ་མ་དང་དཀྱིལ་འཁོར་པ་ལས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཐིམ་པའི་དམིགས་པ་བྱས་པས་ལུས་ངག་ཡིད་ལ་ཡེ་ཤེས་པ་ཕེབ་པའི་ཉམས་གསུམ་མ་བྱུང་བར་བསྐྱར་ཞིང་དབབ་པར་གསུངས་སོ། །དེ་ནས་ཁྱེད་རང་རྣམས་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློང་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ཅེས་དར་ཅིག་བསྐྱང་དུ་གཞུག །དབང་འབྲིང་པོ་ལ་འདི་མི་དགོས་པས་སྡོམ་བཟུང་རྗེས་སོ་ཤིང་ལ་འཇུག་གོ །དེ་ནས་སོ་ཤིང་འདོར་བ་ནི། ཀ་ཊོ་ར་ལ་སོགས་པའི་སྣོད་དུ་ནས་ཀྱི་ཚོམ་བུ་དང་རིགས་ལྔའི་སྐུ་ཕྱོགས་བཞི་དབུས་ལྔར་བཀྲམ་ལ། ཚོམ་བུ་ལྷ་སྐུ་དང་བཅས་པ་སྐད་ཅིག་གིས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གསལ་བར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་ཁྱེད་རང་རྣམས་དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་དྲི་བཟང་པོའི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པན་དང་བཅས་པ་རྡོ་རྗེ་ཐལ་མོས་བཟུང་ལ། བདག་ལ་རིགས་དང་མཐུན་པའི་དངོས་གྲུབ་ཀྱི་སྐལ་པ་གང་ཡོད་བསྟན་དུ་གསོལ་སྙམ་པའི་མོས་པས་ཚིགས་བཅད་འདིའི་རྗེས་ཟློས་དང་བཅས་རིགས་ལྔའི་ཕོ་བྲང་དུ་འདོར་བར་ཞུ། ཧོཿ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས༔ བདག་གིས་རིགས་ལྔའི་དངོས་གྲུབ་ལྔ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧཱ་ས་ཧ༔ ཞེས་བརྗོད་ཅིང་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་དཀྱིལ་འཁོར་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་འཐོབ༔ ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་འཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་འཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་འཐོབ༔ བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་འཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་རེ་འཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་ཞིང་འགྱེལ་ན༔ བར་ཆད་འབྱུང་བས་བཟློག་པ་དྲག་པོ་བྱ་དགོས་པར་གསུངས་སོ༔ ཁྱོར་ཆུ་བླུད་པ་ནི། ལས་ཐམས་ཅད་པའི་ཆུ་དུང་ཞལ་དུ་བླུགས་ཏེ། བཾ་ལས་བྱུང་བའི་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར། བཾ་ལན་བདུན། ཁྱོར་ཆུ་བྱིན་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་ཁྱད་པར་ངག་གི་ཉེས་སྐྱོན་དག་ནས་དངོས་གྲུབ་ཀྱི་ལྟས་གསལ་བའི་མཐུ་ཐོབ་པར་མོས་ལ་ལན་གསུམ་འཐུང་བའི་ལྷག་མ་རྒྱབ་ཏུ་དོར་མཛོད། ཨོཾ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙརྻ་སརྦ་སཾ་ཤོ་དྷ་ནི་སརྦ་བྷི་ཀ་ལ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ལན་གསུམ་སྦྱིན། སྲུང་སྐུད་གདགས་པ་ནི། སྲུང་སྐུད་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་དང་ལྡན་པ་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། རྩ་སྔགས་ཤམ་དུ། བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་གདབ་ལ་འདོགས་པ་ནི། ཧཱུྃ་ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བགོས་པས༔ རླུང་མཁྲིས་བད་ཀན་འདུ་བ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ དྲི་ཟ་གཤིན་རྗེ་ལ་སོགས་པའི༔ གདོན་གྱི་ཚོགས་རྣམས་བསྲུང་བར་བྱ༔ མེ་དང་ལྕེབ་གྲི་ལ་སོགས་པ༔ གློ་བུར་ཡེ་འབྲོག་བསྲུང་བར་བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨིས་ལྟས་ངན་པ་སོགས༔ སྒྲུབ་ལ་བར་ཆད་ཐམས་ཅད་སྲུངས༔ སྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་མཐར། བཛྲ་རཀྵའི་གཤམ་དུ། ཕོ་གཡོན། མོ་གཡས་སུ་བཏགས་ཤིང་། རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཀུ་ཤ་གཏད་པ་ནི། ཀུ་ཤ་སྤོས་ཆུས་བསང་སྟེ། སྭ་བྷཱ་བའི་སྔགས་བརྗོད། སྟོང་པའི་ངང་ལས་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངོས་གྲུབ་ཀྱི་ལྟས་མི་འཁྲུགས་ཤིང་དག་བྱེད་མཆོག་ཏུ་དགེ་བར་བྱེད་པའི་ནུས་པ་ཅན་དུ་གྱུར། ཨོཾ་ཨཱཿཧཱུྃ་དང་། ཨོཾ་བཛྲ་ཎི་ཏྲི་དྷི་ཤ་ཀེ་དུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་ཅི་འགྲུབ་བཟླས། ཁྱེད་རང་རྣམས་དོ་ནུབ་ལེགས་ཉེས་ཀྱི་ལྟས་མི་འཁྲུགས་པའི་ཕྱིར་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུང་ཞིག །ཅེས་ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསྣོལ་མར་བྱིན་ལ། ཧཱུྃ་ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ ཨོཾ་བཛྲ་ཏིག་ན་རཀྵ་བཾ༔ ཞེས་སྦྱིན། དམོད་བོར་བ་འདིའི་རྗེས་ཟློས། ཧཱུྃ་ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཅེས་དང་། དོ་ནུབ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་གཏད་ལ། སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག་པར་གྱིས་ལ་བཟང་ན་དངོས་གྲུབ་ཀྱི་ལྟས་སུ་ཤེས་པས་སྤྲོ་བ་སྐྱེད། ངན་ན་རྨི་ལམ་བདེན་པར་མ་གྲུབ་པས་སྙིང་པོ་མེད་པར་སོམས། བཟང་ངན་གཉིས་ཀར་ཡང་རེ་དོགས་མེད་པའི་ངང་ལ་ཞོག་ཅིག །དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་རྒྱས་གདབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་འདེགས་པའི་རྒྱ་བཅས། ཨོཾ་བཛྲ་ཨུཏྟིཥྛ། སྟ་གོན་གྱི་ལྷ་རྣམས་ནམ་མཁར་འོད་ཀྱི་དྲྭ་གུར་དུ་བཞུགས་པར་གྱུར་པར་བསམས་ལ། སླར་ཡང་མཆོད་བསྟོད་བསྡུས་ཙམ་བྱེད། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། རྣམ་རྒྱལ་བུམ་པ་གཙང་སར་སྟེགས་ལ་བཞག །དགེ་བསྔོ་ཤིས་བརྗོད་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །དབང་ཆེན་ཟོང་དུ་བཙོང་ལ་མི་མཁོ་ཡང་། །དད་བརྩོན་སྣོད་བཅུད་འཛོམ་ལ་མེད་ཐབས་མེད། །དེ་ཕྱིར་ལག་ལེན་གསལ་བར་བཀོད་པའི་དགེས། །སྐྱེ་ཀུན་དཀྱིལ་འཁོར་འདིར་ཞུགས་སྨིན་གྲོལ་ཤོག །ཅེས་ཞི་ཁྲོའི་སྨིན་དབང་རྒྱས་འབྲིང་གཉིས་ཀར་སྦྱོར་བདེ་བའི་ཕྱིར་ཟུར་ཕྱུང་བཀླགས་པས་གྲུབ་པར་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་རྒྱལ་དབང་པདྨའི་རྗེས་འཇུག་དུས་ཞབས་ཀྱི་རྣལ་འབྱོར་ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་སྦྱར་བ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).