Terdzo-DA-038



Property "author" has been marked for restricted use.








Terdzo-DA-038.pdf
Click the picture above to view the Shechen manuscript.

དྭགས་པོ་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ་

dwags po gsang lam bla sgrub kyi zin bris nyung gsal go bder bkod pa ye shes rang gsal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  འཇའ་ཚོན་སྙིང་པོ་ (Jatsön Nyingpo)
in cycle  དྭགས་པོའི་གསང་ལམ་བླ་སྒྲུབ་ (Dwags po'i gsang lam bla sgrub)
Volume 11 (ད) / Pages 781-802 / Folios 1a1 to 11b4

Tibetan Text

༄༅། །དྭགས་པོ་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པུཎྱ་རཏྣཱ་ཡ། རྒྱལ་བས་ལུང་གིས་བསྔགས་པའི་ཉིན་མོར་བྱེད། །བསྟན་འཛིན་རྒྱུ་སྐར་ཕྲེང་བ་ཟིལ་གྱིས་གནོན། །སྙིང་པོའི་བསྟན་བདག་སྲིད་ཞི་ཡོངས་ཀྱི་མགོན། །དགེ་སློང་འཚོ་བྱེད་ཞབས་ལ་གུས་ཕྱག་འཚལ། །གང་གི་ཟབ་རྒྱས་ཆོས་འཁོར་ལས། །གྲོལ་བ་བཞི་ལྡན་གསེང་ལམ་མཆོག །ལོ་ཟླས་ཆོས་སྐུ་དྲི་མེད་ཞལ། །མཐོང་བར་འདོད་ན་འདིར་འབད་འཚལ། །དེ་ལ་ཆོས་རྒྱལ་ཟླ་འོད་གཞོན་ནུས་མ་འོངས་སྙིང་པོའི་ལམ་བཟང་དོན་དུ་གཉེར་བ་རྣམས་ལ་བརྩེ་བས་དགོངས་ཏེ་གསེང་ལམ་བླ་མ་སྒྲུབ་པའི་མན་ངག་ཐོས་གྲོལ་ཁྱད་པར་འཕགས་པ་འདི་ཉིད་སྒམ་པོ་གདར་རིའི་བྲག་སྒོམ་ཞྭའི་མགུལ་ན་གཏེར་དུ་སྦས་པ། རྗེ་ཉིད་ཀྱི་ཞལ་སློབ་སྐྱེས་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་རིག་འཛིན་འཇའ་ཚོན་སྙིང་པོས་སྤྱན་དྲངས་ཏེ་སྐལ་ལྡན་མང་པོ་ལ་མཆོག་གི་དངོས་གྲུབ་བསྩལ་བར་མཛད་པའི་ཟབ་ཆོས་ཉམས་སུ་ལེན་པའི་ཚུལ་ལ་གཉིས། གཞུང་དོན་རྒྱས་པའི་ལུགས། མན་ངག་མདོར་བསྡུས་པའི་ཚུལ་ལོ། །དང་པོ་ནི། ཐུན་མོང་བློ་ལྡོག་རྣམ་བཞི་རྒྱུད་ལ་འབྱོངས་ནས། ཐུན་མིན་སྔོན་འགྲོ་གསག་སྦྱོང་རྣམས་འབུམ་ཐེར་རམ་རྟགས་ཐོན་བར་དུ་འབད། དེ་ནས་གནས་འགྱུ་གཏན་ལ་དབབ་པ་སོགས་ཀྱི་དགོངས་དོན་ལྟར་ཞི་གནས་ཀྱིས་གཞི་བཏིང་། ལྷག་མཐོང་རང་ངོ་འཕྲོད་པར་བྱས་ཏེ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ལེན་གཅིག་རྐྱ་ཕེར་བ་བྱ། བོགས་འདོན་དུ་རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་ལ་འབད་པས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་འགྱུར་བ་དང་། བར་དོ་དྲུག་གི་ཁྲིད་རིམ་སོ་སོར་བརྟན་པ་ཐོབ་པ་ལ་སྦྱང་། རྒྱུན་གྱི་ཉམས་ལེན་དང་མཐར་ཐུག་གི་སྐྱེལ་སོ་བླ་མ་གསང་སྒྲུབ་ལ་མི་ཚེ་དྲིལ་ཏེ་སྒོམ་མེད་ཆེན་པོ་མི་སློབ་པའི་ཟུང་འཇུག་ཚེ་འདིར་མངོན་དུ་འགྲུབ་པར་བྱ་བ་ཡིན་འདུག་ཀྱང་། དེང་སང་དུས་སྐལ་བརྩོན་འགྲུས་ཀུན་གྱི་དབང་ལས་སྐལ་བཟང་རེ་རེ་ཙམ་གྱི་སྤྱོད་ཡུལ་དུ་ཟད་དོ། །གཉིས་པ་མན་ངག་མདོར་བསྡུས་པའི་ཚུལ་ལའང་། རབ་ལོ་སྒྲུབ་སྦྲེལ་མ། འབྲིང་ཟླ་གསུམ་མ། ཐ་མ་བདུན་ཕྲག་གསུམ་དུ་ཉམས་སུ་ལེན་པ་སྟེ། དེའང་ཆོས་རྒྱལ་དྭགས་པོ་ལྷ་རྗེས་འཇའ་ཚོན་སྙིང་པོ་ལ་དག་པའི་སྣང་བར་ཞལ་གདམས་བསྩལ་པ་ལས། འདིར་ཕྱི་ནང་གསང་གསུམ་ཕྱེས་ལ། ཕྱི་སྒྲུབ་ཀྱི་དུས་སུ་བླ་མ་དཀོན་མཆོག་སྤྱི་གཙུག་གམ་མདུན་དུ་དམིགས་ཏེ་མཎྜལ་དང་གསོལ་འདེབས་བྱ། ནང་སྒྲུབ་ལ་ཕག་མོའི་བསྙེན་པ་བྱེད། གསང་སྒྲུབ་ལ་བླ་མ་ཐུགས་ཀར་བསྒོམ་ཞིང་འབྲུ་གསུམ་ཡིད་བཟླས་བྱེད། ཡང་གསང་དེ་ཁོ་ན་ཉིད་ཤིན་ཏུ་སྤྲོས་མེད་ཀྱི་མཐར་ཐུག་བྱ་བྱེད་དང་བྲལ་བ་སྒོམ་ཆེན་ཅེས་ཐ་སྙད་ཙམ་ཚིག་ཙམ་དུ་ཟད་པའོ། །ཞེས་པའི་དོན་བཞིན་ལག་ཏུ་བླང་བ་ལའང་། ཐོག་མར་དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། ལས་འབྲས་བསླུ་མེད། འཁོར་བའི་ཉེས་དམིགས་དྲན་པས་སྐྱོ་ཤས་ངེས་འབྱུང་གིས་བློ་ཆོས་སུ་འགྲོ་བ་གཞིར་བྱས་ཏེ། བསྙེན་སྒྲུབ་བདུན་གསུམ་མ་ལ་དཔེར་མཚོན་ན། བདུན་དང་པོར་ཕྱི་སྒྲུབ་ནི། གོང་མའི་སྒྲུབ་གནས་བྱིན་རླབས་ཆགས་པའམ། ཡིད་མཐུན་དབེན་པའི་གནས་བྱི་དོར་བྱས་ལ་བཀའ་བརྒྱུད་བླ་མའི་སྐུ་བརྙན་གཙོར་བྱས་རྟེན་བཀྲམ་པའི་མདུན་དུ། སྟེགས་གཙང་མ་ལ་མཎྜལ་གཉིས་འཛོམ་ན་ཆེ་ཞིང་ལེགས་པ་ལ་སྒྲུབ་པའི་རྟེན་དུ་བྱ་སྟེ། དྲི་བཟང་དང་བ་བྱུང་གིས་ཆག་ཆག་བཏབ། མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད། དེའི་མདུན་དུ་མཆོད་པའི་མཎྜལ་གྱི་ཆས་དང་། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་གང་རྒྱས་བཤམ། འབྲུག་ལུགས་སུ་དགོང་མོར་གཏོར་འབུལ་ཆགས་མེད་མཛད་སྲོལ་ཡོད་འདུག་པ་དེ་ལྟར་བྱེད་ན་ནང་སྒྲུབ་སྐབས་སུ་བཤད་པའི་གཏོར་འབུལ་དང་། ནུབ་དང་པོར་འདིར་ཚོགས་ཆས་ཀྱང་བསྡོག །ལྷའི་རྣལ་འབྱོར་དང་སྔོན་རྗེས་ཀྱི་འདོན་བྱ་དགོས་རིགས་ཕག་མོ་ཤེས་ན་ལེགས། དེ་མིན་རྣལ་འབྱོར་མའི་རིགས་གང་རུང་ཞིག་ལ་བསྟེན་དགོས་པས། ཐོག་མར་དེའི་ལུགས་ཀྱི་སྔོན་འགྲོ་གཏོར་མ་བཏང་ལ་བགེགས་བསྐྲད། མཚམས་ཐོ་བརྩེགས་ལ་སྲུང་འཁོར་བསྒོམ། དེ་ནས་མི་འགྲུལ་གཏོང་ལེན་སོགས་སྤངས་ལ་འགྲུབ་ན་སྨྲ་བའང་བཅད། དགོང་ཐུན་གྱི་ཆ་ཕྱི་དྲོར་བབས་པ་ན་སྟན་བདེ་བར་འདུག །དྲན་པ་མི་གཡེང་བའི་དམ་བཅའ་བྱས་ཏེ་སྐྱབས་ཡུལ་གསལ་འདེབས་པའི་ཚིག །རང་ཉིད་ལྷའི་གསལ་སྣང་ཝལ་ཙམ་གྱི་སྤྱི་བོར་སོགས་བརྗོད་པའི་སྐབས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷར་དྲན་ཙམ་བྱ། སྤྱི་བོར་དམིགས་པ་སྟབས་མི་བདེ་ན་མདུན་གྱི་བར་སྣང་ནས་ཞལ་ཚུར་གཟིགས་སྒོམ་ཡང་རུང་བས། པད་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པ་ཅན། དེའི་དབུ་ཐོག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་ཐོ་བརྩེགས་དང་། མཐའ་སྐོར་དུ་བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་སྤྲིན་འཁྲིགས་པ་ལྟར་བཞུགས་པ་ལ། བདག་སོགས་རིགས་དྲུག་གིས་བསྡུས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གུས་པ་ཆེན་པོས་སྐྱབས་འགྲོ་འུར་དི་རེ་བརྗོད་པར་མོས་ལ། སངས་རྒྱས་ཆོས་ཚོགས་ཉེར་གཅིག་ཙམ་དང་། ཇི་སྙེད་སུ་དག་མ་ལན་གཅིག་བརྗོད། ཚིག་ལྷུག་པའི་སྐྱབས་འགྲོ་ཉིད་གསག་བྱ་དངོས་ཡིན་པས། བླ་མ་ལ་སྐྱབས་སུ་མཆིའོ་མན་ཆད་དྲུག་སྐོར་བརྒྱ་རྩ་ཙམ་བརྗོད། བདག་དང་སྣང་བ་ཐམས་ཅད་སོགས་བརྗོད་པས་སྨོན་འཇུག་གིས་སེམས་བསྐྱེད་དང་ཚད་མེད་བཞི་གསལ་བཏབ་པ་ལན་གསུམ་བྱ། དེ་རྗེས་སྐྱབས་ཡུལ་ཁྲོམ་ཚོགས་ཐོ་བརྩེགས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། ནང་གསང་དང་སྦྲེལ་བ་སོགས་བསྡུས་པའི་སྐབས། འདིར་སྐྱབས་ཡུལ་མི་བསྡུ་བར་དེ་ཀ་ལ་ཚོགས་མགྲོན་བསྣན་པས་ཀྱང་ཆོག །རིག་འཛིན་འཇའ་ཚོན་ཞལ་ཤེས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ནས་གསན་པ་ལྟར་ན། སྐྱབས་ཡུལ་རྒྱས་པ་བརྒྱུད་པ་ཡོངས་རྫོགས་ཐོ་བརྩེགས་སུ་བཞུགས་པའང་ཏཻ་ལོ་པའི་ཕྱོགས་བཞིར་བཀའ་བཞི་བརྒྱུད་པ་ཚང་བར་གསལ་གདབ། འབྲིང་པོར་བཀའ་བཞི་བརྒྱུད་པ་མི་དགོས། བསྡུས་པར་རྩ་བརྒྱུད་བླ་མ་ཀུན་འདུས་འཇའ་ཚོན་སྙིང་པོའི་སྤྱི་བོར་དྭགས་པོ་ལྷ་རྗེ་གསལ་བཏབ་ལ་དྭགས་པོའི་སྤྱི་བོར་རྡོ་རྗེ་འཆང་བསྒོམ་པས་ཆོག་པར་གསུངས་སོ། །དེ་ནས་ཚོགས་གསག་པ་ལ་ཚོགས་ཞིང་ནི། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་བཀོད་པ་ལྟ་བུའི་ས་ཕྱོགས། ཕོ་བྲང་། ཁྲི་གདན། མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་མོས་ལ། ཐམས་ཅད་དུ་ནི་སོགས་བྱིན་རླབས་བཞི་སྐོར་དང་། མ་ལུས་སེམས་མགོན་སོགས་ཕྱོགས་བཅུའི་ཞིང་ཁམས་ནས་ཚོགས་ཞིང་རྣམས་སྤྱན་དྲངས་ཏེ་སྔགས་བརྗོད་པས། དབུས་སུ་རྩ་བའི་བླ་མ་ཉིད་ཆོས་རྗེ་སྒམ་པོ་པའི་རྣམ་པ། དབུ་ཐོག་ནས་བརྒྱུད་པའི་བླ་མ་ཐོ་བརྩེགས། མཐའ་སྐོར་རྩ་བརྒྱུད་བླ་མ་གཞན་དང་ཡི་དམ་རྒྱལ་བ་སྲས་དང་སློབ་མའི་ཚོགས། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་རིམ་པས་བསྐོར་ཏེ་བཞུགས་པ་ལ་ལྷ་མོའི་ཚོགས་ཀྱིས་སྐུ་ཁྲུས་གསོལ་བར་མོས་ལ་ཁྲུས་སྔགས་ཁོ་ནའམ། སྤྲོ་ན་ཇི་ལྟར་བལྟམས་པ་སོགས་ཤློ་ཀ་གཅིག་བརྗོད། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ལ་གང་གི་དྲིན་གྱིས་སོགས་ཤློ་ཀ་གཉིས་པོ་བརྗོད་པ་དང་སྦྲགས་ལ་དངོས་སུ་ཕྱག་བརྒྱ་རྩ་འཚལ་གཞན་ཡང་ཕྱག་འཚལ་བའི་ཚིག །ཇི་སྙེད་སུ་དག་སོགས་ཤློ་ཀ་བཞི་དང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་གང་འོས་བརྗོད་ཀྱང་ཆོག །དེ་ནས་མཆོད་པའི་མཎྜལ་ལག་ལེན་སྤྱི་ལྟར་བྱ་བ་བཞིན་དུ་ཚིག་ལྷུག་པས་ཚོམ་བུ་སོ་བདུན་མ་བཀོད། ས་གཞི་སྤོས་བྱུགས་ཤློ་ཀས་ཚར་བརྒྱ་འབུལ། མཉེས་བྱེད་མཎྜལ་སོགས་དང་། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་ཡང་བརྗོད། ཕྱི་ནང་གསང་མཆོད་རྒྱས་པར་སྤྲོ་ན། རབ་འབྱམས་རྒྱ་མཚོ་དང་། ཁ་དོག་དབྱིབས་ལེགས་སོགས་ཚིགས་བཅད་སྤྱི་འགྲོ་སྦྱར་ཆོག་ལ། བསྡུ་ན་སྔགས་མཆོད་ཁོ་ན་བྱ། འབྲིང་དུ་བྱེད་ན་ཆོས་གླིང་གསུང་། རྒྱལ་བ་དངོས་བྱོན་ཆོས་རྗེ་སྒམ་པོ་པ། །རབ་འབྱམས་ཚོགས་ཞིང་རྒྱ་མཚོར་བཅས་པ་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་དང་། །སྣང་སྟོང་དབྱེར་མེད་ཟུང་འཇུག་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་འཁོར་ལོར་རྟག་རོལ་པའི། །མཁའ་ཁྱབ་བློ་ལས་འདས་པའི་ངང་དུ་འབུལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་སྟེ། །དཀོན་མཆོག་བླ་མའི་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ནས། ཤབྡའི་བར། བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། མ་ཧཱ་སུ་ཁ་རྣམས་སྦྱར་བས་མཆོད། འདོད་ཆགས་ཞེ་སྡང་སོགས་ཀྱིས་བཤགས་པ་མན་ཆད་ཡན་ལག་ལྷག་མ་རྣམས་ཀྱང་སྦྱར། དེ་ནས་གསོལ་བ་གདབ་པ་ནི། རང་ཉིད་དུས་གསུམ་རྒྱལ་ཡུམ་སོགས་བརྗོད་ལ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དར་ཟབ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པར་བཞུགས་པ་དང་། སྔར་གྱི་ཚོགས་ཞིང་རྣམས་ཀྱང་མོས་གུས་ཀྱི་རྟེན་དང་གསོལ་བ་འདེབས་པའི་ཡུལ་དུ་བྱས་ཏེ། མ་ནམ་བཞི་སྐོར་སྟོང་ཕྲག་ནས་བརྒྱ་རྩ་ཡན་ཅི་འགྲུབ་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། སོགས་འདོད་དོན་གསོལ་བའང་སྐབས་སྐབས་བརྗོད་དེ་གསོལ་འདེབས་བརྒྱ་རྩ་ལ་འདོད་གསོལ་ཉེར་གཅིག་བརྗོད་པའམ། འགྲུབ་ན་གཉིས་ཀ་སྦྲེལ་ནས་བསགས་ཀྱང་ཤིན་ཏུ་ལེགས་སོ། །མཐར་མདུན་གྱི་ནམ་མཁར་བཞུགས་པའི་མཐའ་སྐོར་ཐམས་ཅད་རིམ་པར་ནང་མ་ལ་ཐིམ་ནས་ཐམས་ཅད་གཙོ་བོ་ལ་འདུས། དེ་འོད་དུ་ཞུ་ནས་སྙིང་གའི་བླ་མ་ལ་ཐིམ། མོས་གུས་དྲག་ཏུ་བསྐྱེད། བླ་མ་འོད་དུ་ཞུ། སྐུའི་ཆ་འོད་ཟེར་དཀར་པོའི་རྣམ་པས་རང་གི་ལུས། གསུང་གི་ཆ་འོད་ཟེར་དམར་པོའི་རྣམ་པས་ངག །ཐུགས་འོད་ཟེར་སྔོན་པོའི་རྣམ་པས་རང་གི་སེམས་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན། སྐྱེ་ཞིང་སྐྱེ་བ་སོགས། དགེ་བ་འདི་ཡིས་སོགས་བརྗོད་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་སྤྱི་མཐུན་བྱས་ལ་ཐུན་གྲོལ། སླར་སྲོད་ཐུན་ལ་སྐྱབས་ཡུལ་གསལ་གདབ་ནས་བརྩམ། གསོལ་འདེབས་བསྡུ་ལྡང་ཡན་སོང་ནས་གཏོར་འབུལ་སྤྲོ་ན་ནང་སྒྲུབ་ལྟར་བྱ། ནུབ་དང་པོ་ལ་ཕག་མོ་ལྟ་བུའི་ཚོགས་མཆོད་ཀྱང་ཕུལ་ལ་བསྔོ་སྨོན་ཤིས་བརྗོད་སོགས་གསང་བ་སྤྱིའི་འགྲོས་ལྟར་རོ། །ཕྱིར་ནངས་ནས་ཐུན་བཞིར་གཅོད་པའི་རེ་རེ་བཞིན་མཆོད་པ་གསར་དུ་བརྗེ་གྲུབ་ན་ཤིན་ཏུ་ལེགས། མ་འབྱོར་ནའང་ཁ་གསོ་སོགས་ཅི་འབྱོར་ཚོགས་རྫོགས་པའི་ཆེད་ཡིན་པས་གལ་ཆེ། དེ་དག་ནི་ཕྱི་སྒྲུབ་ཀྱི་རིམ་པ་སྟེ་འདི་ལ་སྐྱབས་སེམས། ཕྱག་མཆོད། མཎྜལ། གསོལ་འདེབས་རྣམས་གཙོ་བོར་བྱ་དགོས་པ་ཡིན་ནོ། །བདུན་གཉིས་པར་ནང་སྒྲུབ་ནི། སྟེགས་བུའི་སྟེང་སྒྲུབ་པའི་མཎྜལ་གྱི་མདུན་དུ་བླ་གཏོར་ཟླུམ་པོ་རྒྱན་ལྡན། གཡས་གཡོན་གང་བདེར་གཏེར་བདག་གཏོར་འབུལ་དཀར་བཤོས་ཟླུམ་པོ་ལ་མདུན་དང་གཡོན་དུ་ཟླུམ་པོ། གཡས་དང་རྒྱབ་ཏུ་ཟུར་གསུམ་སྟེ་འཁོར་བཞི་དང་མཐེབ་ཀྱུས་བསྐོར་བ་བཤམ། མཆོད་པ་སོགས་གསར་དུ་བརྗེ། རང་གི་མདུན་དུ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ། ཐོད་པའི་ཌཱ་རུ་དང་རྐང་གླིང་། དམར་གསུར་ཚིལ་བུ་རྣམས་བསྡོགས། ཚོགས་ཀྱི་ཡོ་བྱད། གསེར་སྐྱེམས་སོགས་ཀྱང་འདུ་བྱས་ལ། དགོང་ཐུན་སྐབས། ཉམས་ལེན་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས། དང་པོ་ནི། ཕྱི་སྒྲུབ་སྐྱབས་ཡུལ་གསལ་འདེབས་ནས། བླ་མ་རང་ལ་བསྡུ་བའི་བར་ཚང་བ་བཏང་། གྲངས་བརྒྱ་ཕྲག་དགོས་པ་རྣམས་ཚར་བདུན་རེ་ཙམ་ལ་བསྡུ། དེ་ནས་གཉིས་པ་ལ་བསྐྱེད་བཟླས་གཉིས་ཀྱི་དང་པོ་བདག་བསྐྱེད་ནི། སྭ་བྷཱ་བ་སོགས་དང་། རཾ་ཡཾ་ཁཾ་གིས་གཟུང་འཛིན་ཐམས་ཅད་སྟོང་པར་སྦྱང་། དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡངས་པའི་ཚུལ་དུ་རང་ཉིད་རྡོ་རྗེ་ཕག་མོ་གནས་བཞིར་ཡི་གེ་བཅས་གསལ་གདབ། དེའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་འཁྲིགས་པ་ལྟར་བཞུགས་པར་བསམས་ལ། དམར་གསུར་བཏང། ཌཱ་མ་རུ་འཁྲོལ་ཅིང་སྔགས་བརྗོད་པའི་མཐར་རྐང་གླིང་འབུད། ས་བོན་གྱི་ཡིག་འབྲུ་ལས་འཕྲོས་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་ཅིང་བསྟོད་པར་དམིགས་ལ་མཆོད་བསྟོད་ཀྱི་ཚིག་བརྗོད་པའི་མཐར་དམ་ཡེ་བསྲེ། སླར་ཡང་དབང་ལྔ་རིགས་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་ཅིང་རྣམ་སྣང་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་རྒྱས་གདབ། དམིགས་པ་གོང་དང་མཚུངས་པས་རང་ཉིད་ལ་མཆོད་ཅིང་བསྟོད་ལ་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད། གསལ་སྣང་ཐོན་ངེས་སུ་སེམས་བཟུང་། སྣང་སེམས་སྟོང་ཉིད་གསུམ་རོ་མཉམ་པའི་དག་སྦྱོར་ལ་བསླབ་བོ། །གཉིས་པ་བཟླས་པའི་སྐབས་འདིར། གཞུང་དང་རྒྱལ་ཚབ་གསུང་མཐུན་པར་སྣང་གྲགས་ལྷ་སྔགས་སུ་གསལ་བཏབ་པ་ཙམ་གསུངས། དྭགས་པོ་ལུགས་སུ་སྙིང་ཁར་པད་ཉིའི་སྟེང་ས་བོན་སྔགས་ཕྲེང་དང་། འབྲུག་ལུགས་སུ་ལྟེ་བར་ཉི་མའི་སྟེང་ས་བོན་སྔགས་ཕྲེང་བསྒོམ་པར་བཞེད། ལས་དང་པོ་པ་ལ་ཕྱི་མ་གཉིས་ལྟར་ལེགས་པར་སྣང་བས། ས་བོན་བཾ་ཡིག་གི་མཐར་ཨོཾ་གསུམ་མའི་སྔགས་ཕྲེང་གཡས་སྐོར་ཡིག་ངོ་ནང་བསྟན་དུ་བཀོད་ནས་གཡོན་དུ་འཁོར་བ། ཐམས་ཅད་ཀྱང་ཁ་དོག་དམར་སེར་མར་མེ་ལྟར་གསལ་ལ་འོད་འབར་བ་བསྒོམས་ཏེ་བཟླས་པའི་གཞི་གསལ་ཐེབས་ནས་སྔགས་ཕྲེང་ཉིད་ཀློག་པའི་ཚུལ་གྱིས་བཟླ། དེ་ལ་སེམས་བརྟན་ནས་སྔགས་ཕྲེང་གཡོན་སྐོར་དྲག་ཏུ་འཁོར་བ་ལས་དམར་པོ་ཤས་ཆེ་བའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས། སྣོད་བཅུད་ཀྱི་དངོས་འཛིན་དང་ཉེས་སྐྱོན་སྦྱངས། སྣོད་ཀྱི་འཇིག་རྟེན་རང་བྱུང་ཆོས་འབྱུང་གི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འབའ་ཞིག་པར་གྱུར་ནས་རྡོ་རྗེའི་སྔགས་སྒྲས་ཞིང་ཀུན་ཁྱབ། དེ་ཐམས་ཅད་ཀྱང་རང་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ལས་མ་གཡོས་པར་ཤེས་པའི་དྲན་པ་དང་མ་བྲལ་བའི་ངང་། བཟླས་པའི་སྐྱོན་རྣམས་སྤངས་ལ་སྙིང་པོ་ངག་བཟླས་ཐུན་རེ་ལ་སྟོང་ཕྲག་རེ་ལས་མི་ཉུང་བ་བྱའོ། །གསུམ་པ་རྗེས་ཐུན་མཚམས་ལ་བབས་པའི་ཚེ། ནང་མཆོད་བསང་སྦྱང་། ཤ་ལྔ་བདུད་རྩི་ལྔ་སྦྱང་རྟོགས་སྦར་གསུམ་གྱི་དགོངས་པས་དམ་ཚིག་གི་རྫས་སུ་བྱིན་གྱིས་བརླབ་པ་སོགས་འདོན་ཆ་རྣམས་གཞུང་གསལ་ལྟར་ལ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་སྐོར་བྱས་ལ། ཕེཾ་སོགས་གོང་གི་སྤྱན་འདྲེན་གྱི་སྔགས་བརྗོད་པས། རང་དང་འདྲ་བའི་རྗེ་བཙུན་མ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བ་ཙམ་བྱོན། ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སད་ནས་བར་སྣང་དུ་བཞུགས་པར་མོས་ལ་མཆོད་པ་དང་བསྟོད་པ་འབུལ། བདུད་རྩི་ཀ་པཱ་ལ་ལག་གཡས་སུ་ཐོགས་ལ། ཆང་སྣ་བཞི་ཡི་ཆང་ཕུད་སོགས་བརྗོད་པའི་མཐར་སྟེགས་སུ་བཞག །ལག་གཡས་པས་ཌཱ་མ་རུ་འཁྲོལ། གཡོན་པའི་མཐེབ་སྲིན་སྦྱར་བས་བདུད་རྩི་འཐོར་ཚུལ་གཞུང་གསལ་ལན་གསུམ་ལ། སྔགས་ཚར་རེ་བརྗོད་ཅིང་དམིགས་པ་དང་སྤྲད་དེ་ཕྱི་ནང་མཆོད་རྫས་བཅས་བྱིན་བརླབ་གསུམ་བྱ། བརྒྱུད་མཆོད་ཚིག་ལྷུག་པ་ལྟར་བྱས་ཀྱང་ལེགས་མོད། ཚིགས་བཅད་ཆོས་གླིང་གསུང་ལྟར། ཨོཾ་གསུམ་མ་ཚར་གཅིག་དང་། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཚིག་རྐང་གཉིས་དང་འབྲུ་གསུམ་རིགས་འགྲེའོ། །གྲུབ་ཆེན་ཏཻ་ལོ་མཁས་མཆོག་ནཱ་རོ་པར། །མངའ་བདག་ལོ་ཙཱ་རྗེ་བཙུན་རས་ཆེན་ལ། །འཛམ་གླིང་གྲགས་པ་འཇའ་ཚོན་སྙིང་པོ་ལ། །མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་ལ། །ཆོས་ཀྱི་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལ། །བདེ་ཆེན་རྡོ་རྗེ་འཇམ་དཔལ་དཔའ་བོ་ལ། །ཆོས་ཀྱི་སྣང་བ་པདྨ་ཉིན་བྱེད་ལ། །དྲིན་ཅན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་ལ། །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞི་བདག་ལ། །ཞེས་བརྗོད། རང་ཉིད་ཀྱང་བདུད་རྩི་ཅུང་ཟད་མྱངས་ལ་འབྲུ་གསུམ་བརྗོད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་མོས། དགོང་ཐུན་སྐབས་གཏོར་འབུལ་སྤྲོ་ན་འདིར་སྦྱར་ཆོག །དེ་ནས་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་གཙོ་མོ་ལ་འདུས། དེའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་ལས་འོད་ཟེར་རང་གི་གནས་གསུམ་ཐིམ་པ་སོགས་དབང་བཞི་བླང་བའི་མཐར་རང་གི་སྤྱི་བོར་བྱོན། འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར། རང་གི་ས་བོན་གྱི་འོད་ཀྱིས་ཕྱི་སྣོད་ནང་བཅུད་རྣམས་རིམ་པར་རང་ཉིད་ལ་བསྡུས། རང་ལྷར་གསལ་བ་ཡང་ཐུགས་ཀའི་ས་བོན་ལ་བསྡུས་ཏེ་ས་བོན་ཡང་ཟླ་ཕྱེད་ཐིག་ལེ་ནཱ་ད་ལ་རེག་པའི་བར་བསྡུས་ལ་དམིགས་མེད་ཀྱི་ངང་ལ་ཅི་གནས་བཞག །སླར་ཡང་སྔགས་ཀྱི་རང་སྒྲས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་དགེ་བསྔོ་ཤིས་བརྗོད་བྱ་ཞིང་སྤྱོད་ལམ་གྱི་ལམ་ཁྱེར་ལ་བསླབ་བོ། །སླར་ཡང་སྲོད་ཐུན་གྱི་འདོན་སྒོམ་སྔ་མ་ལྟར་ཚང་བར་བྱ། ཐུན་མཚམས་ནང་མཆོད་ཕུལ་ཟིན་པའི་རྗེས་སུ་ཚོགས་མཆོད་རེ་ངེས་པར་ཕུལ་ལ། དབང་ལེན་མཐར་རྫོགས་རིམ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་མཚན་མོའི་སྤྱོད་ལམ་ལ་འཇུག །ཐོ་རེངས་དང་སྔ་ཐུན་གྱི་ཐུན་སོགས་ཀྱང་གོང་དང་འདྲ་ལ། ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། དགོང་ཐུན་མཐར་གཏོར་འབུལ། སྲོད་ཐུན་ལ་ཚོགས་འཁོར་རྒྱས་པར་བྱས་ན་འདོན་ཚུལ་སྟབས་བདེ་བར་འོང་ཞིང་། ཐུན་ཕྱི་མ་རྣམས་ལ་སྔོན་འགྲོ་གྲངས་ཉུང་ཙམ་རེས་ཆོག །གཞུང་དུ་ཚོགས་འཁོར་གྱི་གསལ་ཁ་མི་འདུག་ཀྱང་གསང་སྔགས་ཀྱི་ཆོ་གའི་ཁ་སྐོང་ཡིན་སྟབས་ཞག་བདུན་མ་ལ་ནུབ་རེ་བཞིན་དང་། ཡུན་རིང་སྐབས་མི་འཁྱོངས་ན་དབུ་མཐའ་བར་གསུམ་དུ་ངེས་པར་དགོས། བསྙེན་པའི་ཚད་ནི་སུམ་འབུམ་བཞི་ཁྲི་སྟེ་སྤྱི་ཁྱབ་ཡིན་ཡང་། བདུན་ཕྲག་གཅིག་ལ་ནི་ཅི་འགྲུབ་བཟླ་བ་ཙམ་མོ། །དེ་ལ་མཁོ་བའི་གཏོར་འབུལ་ནི། གཏོར་མ་རྣམས་ལ་ཆུ་གཙང་དང་ནང་མཆོད་བྲན་ལ། བསང་སྦྱང་བྱིན་བརླབ་གཞུང་གསལ་བདུད་རྩི་མཆོད་པ་ལྟར་བྱ། རང་གི་སྙིང་གའི་འོད་ཟེར་གྱི་སྣང་བས་འཁོར་འདས་བརྟན་གཡོ་ཐམས་ཅད་བླ་མ་ཡི་དམ་དབྱེར་མེད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སད་པར་གྱུར་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་གསུམ་མ་ལ་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་ཡི་དམ། ཨ་ཀཱ་རོ་ལན་གསུམ་གྱིས་དཀོན་མཆོག་སོགས་སྤྱི་ཁྱབ་ཏུ་འབུལ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་འབུལ་ལོ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ཕྲིན་ལས་གསོལ། གཏེར་བདག་གཏོར་མ་དང་གསེར་སྐྱེམས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་དམ་རྫས་གཏོར་མ་འདི། །ཟབ་གཏེར་སྲུང་མ་ལྷ་གཉན་འཁོར་བཅས་ལ། །འབུལ་གྱིས་དགྱེས་པར་བཞེས་ལ་བདག་ཅག་གི །འགལ་རྐྱེན་ཀུན་ཞི་ཚེ་དང་བསོད་ནམས་སྤེལ། །སྙིང་པོ་དོན་གྱི་བསྟན་པ་དར་བ་དང་། །བདག་ཅག་སྒྲུབ་པ་པོ་རྣམས་ཏིང་འཛིན་འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ལ། །བར་གཅོད་བྲལ་ཞིང་རྒྱལ་ཁམས་ཀུན་ཏུ་ཡང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཕྲིན་ལས་མཛོད། །ཅེས་བརྗོད་པས་དབུལ་ཞིང་ཕྲིན་ལས་བཅོལ། སྭ་བྷཱ་ནཾ་གཙྪས་གཤེགས། འདིའི་གཏོར་འབུལ་རྒྱས་པར་སྤྲོ་ན་ཀར་གླིང་གཏེར་གཞུང་ལྟར་བྱའོ། །དེ་ནི་ནང་སྒྲུབ་སྟེ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་གཙོར་བྱ་བའོ། །བདུན་གསུམ་པར་གསང་སྒྲུབ་ནི། ནང་སྒྲུབ་སྔ་ཐུན་ལ་སོང་བའི་ཕྱི་ཐུན་དེ་ཀར། སྔོན་འགྲོ་ཚོགས་གསག །ཕག་མོའི་སྒོམ་བཟླས་བདུད་རྩི་མཆོད་པ་བཅས་ཁྱུག་ཙམ་རེ་བྱས་ལ་དབང་བླང་། མདུན་གྱི་ལྷ་རང་ལ་ཐིམ་པའི་རྗེས་དེར། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར་བླ་མ་འཛམ་གླིང་གྲགས་པ་ཞེས་པ་ནས་ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། ཅེས་པའི་བར་བརྗོད་ལ་གསལ་གདབ། ཕྱི་སྒྲུབ་སྐབས་སུ་ཡོད་པའི་མ་ནམ་བཞི་སྐོར་གྱི་གསོལ་འདེབས་འདོད་གསོལ་སྦྲེལ་མ་གྲུབ་ན་ལེགས། མི་ལྕོགས་ན་གསོལ་འདེབས་བརྒྱ་རྩ་ཙམ་དང་། འདོད་གསོལ་ཉེར་གཅིག་ཙམ་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་གྱུར་པའི་རྡོ་རྗེའི་འབྲུ་གསུམ་པོ་ལྕེ་མི་བསྐྱོད་པར་ཡིད་ཁོ་ནས་བཟླ། བསྙེན་པའི་ཚད་འབུམ་ཕྲག་གསུམ་དུ་གསུངས་པས་ཐུན་རེ་ལ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་རེ་རེ་བཟླས་པས་ཞག་བདུན་ལ་སུམ་འབུམ་ལྷག་བཅས་འགྲོ །ཐུན་མཐར་སྒམ་པོ་ལུགས་སུ་བསྡུ་ལྡངས་ནང་སྒྲུབ་ལྟར་བྱ་བར་བཞེད། འབྲུག་ལུགས་བླ་མ་འོད་ལྔའི་རང་བཞིན་རང་ལ་ཐིམ་པར་མོས་པ་དང་། གཞུང་གི་དགོངས་པ་བླ་མ་རང་སེམས་དབྱེར་མེད་སྤྲོས་བྲལ་གཉུག་མའི་གཤིས་སུ་འཇོག་པར་གསུངས་ཤིང་གཏེར་སྟོན་ཉིད་ཀྱང་དེ་ལྟར་བཞེད་པར་གསལ་ལོ། །གང་ལྟར་གསང་སྒྲུབ་སྐབས་འདིར་ལྷ་དང་བླ་མ་གསལ་བཏབ་ནས་མོས་གུས་དྲག་པོས་གསོལ་བ་འདེབས་པ་བླ་མ་སྤྲུལ་སྐུར་སྒྲུབ་པ་སྐུ་རྡོ་རྗེའི་རྣལ་འབྱོར། འབྲུ་གསུམ་ཡིད་བཟླས་བྱ་བ་ལོངས་སྐུ་དང་གསུང་། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ཆོས་སྐུ་དང་ཐུགས་ཏེ་སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པའོ། །ཐུན་མཚམས་དང་ཐུན་ལྷག་མ་རྣམས་ཀྱི་བྱ་བ་ནི་སྔ་མ་རྣམས་ཀྱིས་འགྲེ །འདིར་གཞུང་ལས་ལྷ་དང་བླ་མ་དབྱེར་མེད་གསུངས་པའི་གོ་དོན་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། རང་གི་སེམས་ཉིད་ལྷན་སྐྱེས་བདེ་བ་ཆེན་པོ་མི་ཤིགས་པའི་ཐིག་ལེ་ཉིད་བླ་མའི་རྣམ་པར་ཤར། ཁྱབ་བདག་ཀུན་བྱེད་རྒྱལ་པོ་དེའི་གསལ་མདངས་རང་ལུས་ཡི་དམ་ལྷའི་ཕྱག་རྒྱར་སྣང་། དེ་ལས་ཀྱང་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གདོད་ནས་སྣང་བ་ནི། རྒྱུད་ལས། གང་དུ་བདེ་ཆེན་ཅེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་རྟེན་དང་བརྟེན་པ་ཉི་མ་དང་འོད་ཟེར་བཞིན་ངོ་བོ་རྣམ་དབྱེར་མེད་པར་ཤེས་དགོས་པའི་དོན་ནོ། །བསྒོམ་དོན་ནི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྣང་སྟོང་དབྱེར་མེད་ནང་སྒྲུབ་ལྟར་གསལ་བཏབ་པའི་སྙིང་པད་དཀར་དྲི་མེད་འདབ་མ་བརྒྱད་པས་ཉན་ཐོས། དེ་སྟེང་ཟླ་བའི་དཀྱིལ་འཁོར་ཉ་གང་བས་བྱང་སེམས། དེ་སྟེང་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སྒམ་པོ་པ་འོད་སྐུར་བསྒོམ་པས་རྡོ་རྗེ་ཐེག་པ་མཚོན་ལ། དེའང་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པས་རབ་བྱུང་གི་ཆ་ལུགས། ཏིང་ངེ་འཛིན་གྱི་ཕུང་པོ་རྫོགས་པས་དབུ་ལ་སྒོམ་ཞྭ་དང་ཕྱག་མཉམ་གཞག །ཤེས་རབ་ཀྱི་ཕུང་པོ་རྫོགས་པས་སྲིད་ཞིའི་མཐའ་སྤངས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། རྣམ་གྲོལ་གྱི་ཕུང་པོ་རྫོགས་པས་མཚན་དཔེས་ཡོངས་སུ་སྤྲས་པ། ཡེ་ཤེས་ཀྱི་ཕུང་པོ་རྫོགས་པས་འོད་ཀྱི་དྲྭ་བས་སྲིད་ཞི་ཁྱབ་པ། དྲན་པ་དང་སྒོམ་པ་ཙམ་གྱིས་ཡོན་ཏན་སྐྱེ་བའི་ཚུལ་རྣམས་གཞུང་ལྟར་ཡང་ནས་ཡང་དུ་གསལ་གདབ། རྒྱལ་ཚབ་གྲགས་མཆོག་གིས་ཕྱི་སྒྲུབ་དང་འདི་གཉིས་ཀར་མཉམ་མེད་དྭགས་པོའི་སྐུ་མཁྱིད་གང་པའི་ཐུགས་ཀར་རང་གི་རྩ་བའི་བླ་མའི་སྐུ་ཚོན་གང་པ་བསྒོམ་པར་གསུངས་པ་གཏེར་སྟོན་ཞལ་ཁྲིད་དུ་ངེས་པ་དང་། མཁྱིད་གང་ལ་ཚོན་གང་བ་ཞེས་དཔེ་རྒྱུན་རྣམས་སུ་འདྲ་མིན་སྣང་མོད་སྔ་མ་ཉིད་དག་པར་མངོན་ནོ། །གསོལ་འདེབས་སྔ་ཕྱི་རྣམས་ཀྱི་སྐབས་སུ་བརྒྱུད་པའི་གསོལ་འདེབས་ཀྱང་བྱ་བའི་ལུགས་ལྟར་སྤྲོ་ན་བྱ་ཆོག་མོད། གཙོ་བོར་གཞུང་གསལ་ཉིད་སྐད་ཀྱི་གཟེངས་བསྟོད། སྒྲ་གསལ་ལ་དག་པར་མཆི་མ་འཁྲུགས་ཤིང་བ་སྤུ་གཡོ་བའི་མོས་གུས་དྲག་པོ་དང་མ་བྲལ་བའི་ཡིད་རྩེ་གཅིག་པས་འདོན་པ་ཁོ་ན་གལ་ཆེ། མི་བསྐྱོད་ཞབས་དང་ནོར་བུ་བརྒྱན་པས་མཛད་པ་སོགས་དྭགས་པོའི་གསོལ་འདེབས་བྱིན་རླབས་ཅན་རྣམས་འདོན་གྲུབ་ནའང་ལེགས་སོ། །ཡིད་བཟླས་སྐབས་གཞུང་གི་དགོངས་པ་དངོས་ནི། གསོལ་འདེབས་ཀྱིས་དྲངས་པའི་མོས་གུས་ཕྱག་རྒྱ་ཆེན་པོ་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་པ་དེའི་ངོ་བོ་རང་བབས་བཟོ་མེད་དུ་བསྐྱང་བ་ཁོ་ན་ཡིན་ལ། འོན་ཀྱང་གང་ཟག་ཐ་མལ་པ་མོས་གུས་ཀྱི་རྩལ་ཆུང་ལ་གནས་ལུགས་མ་བཅོས་པ་སྐྱོང་མ་ཤེས་ན་ཡེངས་འཁྲུལ་དབང་དུ་མི་ཤོར་བའི་ཐབས་གཞན་ལ་བརྟེན་དགོས་པས། རྒྱལ་ཚབ་གྲགས་མཆོག་གིས་རྔུབ་པ་ཧཱུྃ་ལ་གནས་པ་ཨཱཿ འགྲོ་བ་ཨོཾ་ལ་རབ་ཏུ་སྦྱར། ཞེས་རིམ་ལྔ་ལས་རྡོར་བཟླས་ཀྱི་རྣམ་གྲངས་བཞིར་བཤད་པའི་བྱེ་བྲག་བརྡར་གྱུར་རྡོར་བཟླས་བྱ་བར་བཞེད་པ་དང་། འབྲུག་ལུགས་ལྟར་ན། སྙིང་གའི་བླ་མའི་སྐུ་གསུང་ཐུགས་ཀྱི་ཆ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་འཁོར་འདས་ཁྱབ། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་བླ་མ་ལ་ཐིམ། ཁམས་གསུམ་གྱི་སྣོད་བཅུད་མ་དག་པའི་མཚན་རྟོག་སྦྱངས་ནས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྦྱངས་སྨིན་རྫོགས་པར་བྱས། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་རྣམ་པར་འཕྲོས་རང་གི་ལུས་ངག་ཡིད་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་དག་པའི་འཁོར་ལོར་འབྱམས་ཀླས་པར་དམིགས་ཏེ་ཐུན་གཅིག་ལ་ཆ་གསུམ་དུ་བགོས་པའི་ཆ་གཉིས་དམིགས་པ་བྱ་བ་ནི་བསྐྱེད་རིམ་དང་། ཆ་གཅིག་ལ་ཡིད་བཟླས་དང་དམིགས་མེད་བསྲེ་བ་རྫོགས་རིམ་གྱི་ཆ་གཙོར་བཏོན་པར་བཞེད། གང་ལྟར་ཐུན་མཐར་གནས་ལུགས་ཀྱི་ངང་དུ་མཉམ་གཞག་ཅི་ནུས་བྱ། གསང་སྒྲུབ་ཞག་བདུན་ཕྲག་གཅིག་རྫོགས་པའི་སྔ་ཐུན་ལ་མཆོད་བསྟོད་ཚོགས་མཆོད་སོགས་རྒྱས་པར་ཕུལ་ཏེ། མཚམས་གྲོལ་བར་བྱས་ལ་ཐོ་འགྲོལ། ཞག་བར་མི་དང་མི་འཕྲད་པ་སོགས་མཚམས་སྤྱི་མཐུན་བཞིན་ནོ། །ཟླ་བ་ཞག་གྲངས་སོགས་སྤར་དབྲིང་ཇི་ལྟར་བྱེད་ཀྱང་བསྒྲིག་རིམ་འདི་ཁོ་ན་དང་དུས་ལ་ཆ་བགོས་ཀྱི་བསྙེན་པའི་མང་ཉུང་སོགས་གོང་འོག་གི་རིགས་འགྲེ་ཤེས་པར་བྱའོ། །ཐུན་མཚམས་ཕྱི་སྒྲུབ་སྐབས་སུ་མོས་གུས་ཀྱི་ཤུགས་དང་མ་བྲལ་བས་ཚོགས་གསག་སྒྲིབ་སྦྱོང་ཅི་ཙམ་འགྲུབ་པ་ལ་ཆོག་ཤེས་མེད་པར་བྱ། ནང་སྒྲུབ་སྐབས་སུ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོས་སྤྱོད་ལམ་ཁྱེར་སོ་རྣལ་འབྱོར་མའི་སྤྱི་གཞུང་ལྟར་སྤྱད། གསང་སྒྲུབ་སྐབས་སུ་བླ་མའི་མོས་གུས་དང་གཉུག་མའི་རང་བབ་དབྱེར་མེད་དུ་འདྲེས་པའི་དྲན་ཤེས་ཆུ་བོའི་རྒྱུན་བསྐྱང་བ་རྣམས་གལ་ཆེའོ། །རྗེ་འདི་ཉིད་སྙིང་པོའི་བསྟན་པ་སྤེལ་བའི་མཆོག་ཏུ་མདོ་སྡེ་གསུམ་ནས་རྒྱལ་བས་ལུང་བསྟན་པ་ལ་བསྙོན་དོར་དང་ཀྱོག་བཤད་ཀྱིས་བསྒྲུབ་མ་དགོས་ཤིང་། བསྟན་པའི་དོན་བཞིན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུ་སྤེལ་བ་དང་། ད་ལྟའང་གསོལ་བ་འདེབས་པ་རྣམས་ལ་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བ་མངོན་སུམ་གྱིས་གྲུབ་པ་མ་ཟད། ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་རྒྱལ་བ་འོད་དྲི་མ་མེད་པ་ཞེས་བྱ་བར་སངས་རྒྱས་ནས་འཚོ་ཞིང་གཞེས་ལ་མངོན་སུམ་དུ་བཞུགས་ཡོད་པར་སྣང་བས། སངས་རྒྱས་ཀྱི་སྤྱན་ལ་ཉེ་རིང་མི་མངའ་བས་མི་ལུས་དོན་ལྡན་མཛད་པ་པོ་མཆིས་ན་འདི་ལ་གཡར་དམ་དུ་བྱ་བར་རིགས་སོ། །འཇིག་རྟེན་གསུམ་མགོན་ཟླ་འོད་གཞོན་ནུ་ཡི། །གསང་གསུམ་བྱིན་རླབས་བདག་གཞན་རྒྱུད་ལ་ཞུགས། །ཡོན་ཏན་ཀུན་བརྒྱན་རྒྱལ་བའི་ཞིང་སྐྱེས་ནས། །བདེ་གཤེགས་འོད་ཟེར་དྲི་མེད་མཉེས་བྱེད་ཤོག །འདི་ལ་སྒམ་པོ་རྩ་བའི་ལུགས་སོགས་གཞུང་རྐྱང་སོར་བཞག་ཅུང་ཟད་བསྡུས་ཆེས་པ་དང་། འབྲུག་ལུགས་ལ་ལམ་ཟབ་ཁ་སྐོང་དང་དམིགས་པའི་འཕྲུལ་བཟོ་ཅུང་ཟད་མང་སྐྱོན་ལྟ་བུར་སྣང་བས། རྒྱས་བསྡུས་འཚམ་པའི་ཁུལ་དུ་རྒྱལ་དབང་པདྨཱ་ཀ་ར་དང་ཆོས་རྒྱལ་དྭགས་པོ་ལྷ་རྗེ་དབྱེར་མེད་པའི་རྗེས་འཇུག་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ལས་གསུང་མཆོག་པདྨའི་རྫོང་དབང་ཆེན་རོལ་པའི་ཕུག་པར་སྦྱར་བ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).