Terdzo-CI-022



Property "author" has been marked for restricted use.








Terdzo-CI-022.pdf
Click the picture above to view the Shechen manuscript.

སྲོག་སྒྲུབ་སྙིང་གི་ཐིག་ལེ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་

srog sgrub snying gi thig le las/_gtum mo bde chen pad+ma'i gru gzings

by  ལྷ་བཙུན་ནམ་མཁའ་འཇིགས་མེད་ (Lhatsun Namkha Jikme)
revealed by  ལྷ་བཙུན་ནམ་མཁའ་འཇིགས་མེད་ (Lhatsun Namkha Jikme)
in cycle  རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (Rtsa gsum rig 'dzin srog sgrub)
Volume 35 (ཅི) / Pages 689-704 / Folios 1a1 to 8b1

Tibetan Text

༄ཿ སྲོག་སྒྲུབ་སྙིང་གི་ཐིག་ལེ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །ཨེ་ཝཾ་ཧོཿ ྈ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཚེ་ཟབ་མོ་རླུང་དུ་སྒྲུབ་པའི་འབར་འཛག་ཟབ་ཁྱད་ཀྱི་གཏུམ་མོ་གསང་བའི་རྫོགས་རིམ་བསྐྱེད་རྫོགས་ཐམས་ཅད་ཀྱི་ཡང་སྙིང་ཟབ་པ་ལས་ཀྱང་ཆེས་ཆེར་ཟབ་པའི་རིམ་པ་ཡང་དག་པ་སྐལ་པ་དང་ལྡན་པ་རྣམས་ལ་བསྟན་པ་ནི། ཕྱི་ལྟར་བསྐྱེད་རིམ་ལྷའི་རྣམ་པར་གསལ་བ། ནང་ལྟར་གཏུམ་མོ་ཙཎྜ་ལཱི་སྒོམ་པ། གསང་བ་རྫོགས་རིམ་འོད་གསལ་གྱི་ཐིག་ལེ་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པ་དང་གསུམ་ལས། དང་པོ་བསྐྱེད་པའི་རིམ་པ་ནི། རྣམ་སྣང་ཆོས་བདུན་གྱི་ངང་ནས། རྟོག་མེད་དུ་དར་གཅིག་བཞག་སྟེ། ཉོན་མོངས་རྣམ་རྟོག་གི་དྲི་མས་མ་གོས་པའི་རང་བབས་ཀྱི་ཤེས་པ་རྗེན་པ། ལྷིང་པ་མ་བཅོས་པར་བཞག །རླུང་རོ་ལན་དགུ་འབུད། སྐད་ཅིག་དྲན་རྫོགས་སུ་འབྱུང་བ་ལྔའི་དྭངས་མ་ལས་གྲུབ་པའི་ཡེ་ཤེས་ལྷ་ཡི་གཞལ་ཡས་འཆི་མེད་ཚེའི་སྒྲུབ་གཞུང་ལས་བྱུང་བ་ལྟར་བསྐྱེད་པའི། ཕྱི་འཁོར་སྡིག་པ་དམར་ནག་གི་ཁ་ནས་མེ་ལྕེ་དམར་ནག་ཏུ་འཁྲུགས་པའི་མཐའ་མ་ལྕགས་ཀྱི་ཕོ་བྲང་། དེའི་མཐའ་སྐོར་དུ་ལྕགས་འཁོར་ནག་པོ་རྩིབས་སྟོང་དུ་འཁོར་ཞིང་། སྡིག་པའི་མེ་དཔུང་གི་ལྕགས་ཁང་དང་ལྕགས་འཁོར་ཚ་བའི་ངར་དང་ལྡན་པས། མེ་སྟག་དང་མཚོན་ཆ་མང་པོ་བུ་ཡུག་ལྟར་འུར་འུར་ཆེམ་ཆེམ་དུ་འཕྲོ་བ། གནམ་ལྕགས་ལས་གྲུབ་པའི་ཁྲོ་བཅུས་རང་རང་གི་གདོན་ཚོགས་ལས་ཀྱི་ཕྱག་མཚན་དང་ལྡན་པས་ཐལ་བའི་རྡུལ་དུ་རློག་ཅིང་ཚེའི་བར་ཆད་འབྱུང་པོ་གང་གིས་གླགས་མི་རྙེད་པར་བསྒོམ་ཞིང་། དེ་ཉིད་ཀྱི་ནང་ཡེ་ཤེས་ལྔ་ལྡན་གྱི་འཇའ་ཟེར་རབ་ཏུ་འཁྱིལ་བའི་ཀློང་དུ་ངོ་བོ་ཚེ་དཔག་མེད་ཡིན་པ་ལ། སྣང་ཆ་སྒྱུ་མའི་རོལ་པ་ཙམ་དུ། སྤྲུལ་པའི་དུར་ཁྲོད་ཆེན་པོ་བརྒྱད། དེ་ལ་གནས་པའི་དཔའ་བོ་མཁའ་འགྲོ་རྣལ་འབྱོར་གྲུབ་ཐོབ་ཞིང་སྐྱོང་ལ་སོགས་པ་དང་། དེའི་ནང་འཁོར་དུ་པདྨ་འདབ་མ་སྟོང་དང་ལྡན་པ་ལ། མཆོད་པའི་ལྷ་མོ་དང་། ཚེ་འགུགས་པར་བྱེད་པའི་རྡོ་རྗེའི་ཕོ་ཉ་མོ་རིགས་ལྔའི་ཕྱོགས་མདོག་དང་མཐུན་པས། ཚེ་བུམ་མདའ་དར་འཛིན་པ་དཔག་ཏུ་མེད་པ་བཞུགས་ཤིང་། འདོད་པའི་སྣམ་བུ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་མཆོད་པའི་སྤྲིན་ཕུང་དུ་མ་འབུལ་ཞིང་ཚེ་རྒྱས་པར་བྱེད་པ། དེའི་ནང་དུ་ཕོ་བྲང་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་གི་བཀོད་སྤྲིན་ཕུན་སུམ་ཚོགས་པ། དབུས་ཕྱུར་བུར་པདྨ་རཱ་གའི་འཁོར་ལོ་འབར་བའི་གཙུག་ཏུ་རྒྱུ་དེ་ཉིད་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་སྟོང་གསུམ་ཀུན་ཏུ་འཕྲོ་བ། དེ་ཉིད་མཛེས་པར་བྱེད་པའི་རྒྱན་ཆ་སྲིད་པ་གསུམ་ན་ཕུལ་དུ་གྱུར་པའི་ནོར་བུའི་རིགས་དང་། མཆོད་པའི་བྱེ་བྲག་ཕུན་སུམ་ཚོགས་པས་ཀུན་ནས་གཟི་བརྗིད་དུ་འབར་བ། དེའི་ནང་པདྨ་འདབ་མ་སྟོང་དང་རྩ་གཉིས་ལ་བསྐལ་བཟང་གི་སངས་རྒྱས་སྟོང་དང་རྩ་གཉིས། དེའི་ནང་པདྨ་འདབ་མ་བརྒྱད་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད། དེའི་ནང་པདྨ་འདབ་མ་བཞི་ལ། མགོན་པོ་ཚེ་དཔག་མེད་རིགས་བཞི། དེའི་དབུས་སུ་པདྨ་ཉི་ཟླའི་གདན་ལ། ཚེ་དཔག་མེད་ཡབ་ཡུམ། སྒོ་བཞི་ལ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་བ། ཡུམ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་དང་སྦྱོར་ཞིང་། ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་གཙོ་བོའི་རང་མདངས་ལས་རྨི་ལམ་སྒྱུ་མ་ཐུགས་རྗེའི་རོལ་པའི་རྟེན་འབྲེལ་ཙམ་དུ། ཤར་གྱི་ལྷ་ཚོགས་ཐམས་ཅད་མེ་ལོང་ཡེ་ཤེས་ཀྱི་རང་མདངས་སྐུ་མདོག་དཀར་པོ། ལྷོ་མཉམ་ཉིད་ཡེ་ཤེས་ཀྱི་རང་མདངས་སེར། ནུབ་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་དམར། བྱང་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་ལྗང་། མཚམས་རྣམས་སུ་ཡེ་ཤེས་ལྔ་ལྡན་གྱི་རང་འོད་འཁྲུགས་པ། ཚེ་དཔག་མེད་རིགས་ལྔ་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས། སྤྲུལ་པ་མཚན་བརྒྱད་ཀྱི་ལྷ་ཚོགས་རྣམས་སྒྲུབ་གཞུང་སྤྱི་དང་མཐུན་ཞིང་། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ནི་དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས་སྤྲུལ་པ་སྐུའི་ཆ་བྱད་ན་བཟའ་ཆོས་གོས་གསུམ་དང་ལྡན་ཞིང་། གཙོ་བོའི་རང་མདངས་འོད་ལྔའི་སྐུ་མདོག་ཅན། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཕྱག་གཡོན་བུམ་པ། གཡས་མདའ་དར་འཛིན་པས་སྲིད་པའི་ཚེ་ཡི་བཅུད་ཐམས་ཅད་འགུགས་པ། སྣང་ཆ་མ་འགགས་པ་ལྷ་དང་སྐུ་མདོག་སོ་སོར་གསལ་ཙམ། འཛིན་ཆ་མ་གྲུབ་པ། གཙོ་འཁོར་གཉིས་སུ་མེད་པ། སྣང་སྟོང་སྐྱེ་མེད་བརྗོད་བྲལ་གྱི་རང་བཞིན། ཡེ་ཤེས་འོད་ལྔའི་མེ་དཔུང་ལས་གྲུབ་པའི་དབུས་ཀྱི་མགོན་པོ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། དེའི་རྩ་འཁོར་ལོ་བཞི་དང་གཙོ་བོ་གསུམ་བསྐྱེད་པའི་གཡས་རོ་མ་དཀར་བ། གཡོན་རྐྱང་མ་དམར་བ། དབུས་དབུ་མ་མཐིང་བ། དེའི་སྤྱི་བོར་ལྔ་ལྡན་ཡེ་ཤེས་ཀྱི་འོད་ཟེར་གྱི་སྦུབས་ན། རྡོ་རྗེ་དཔའ་བོ་དང་མཁའ་འགྲོ་ཡབ་ཡུམ། སྙིང་ཁར་སངས་རྒྱས་དཔའ་བོ་དང་མཁའ་འགྲོ་ཡབ་ཡུམ། དབུ་མའི་མར་སྣ་ལ་པདྨ་དཔའ་བོ་ཡབ་ཡུམ་སྐུ་མདོག་དམར་བ། ཡབ་ཡུམ་ཀུན་ཀྱང་ཕྱག་མཚན་གྲི་ཐོད་འཛིན་པ། བདེ་དྲོད་མེ་དཔུང་འབར་བ་ཞིག་ཏུ་བསྒོམས་ལ། རླུང་རོ་ཕྱིར་འཕུལ་བས་ཕྱིའི་ལྷ་ཚོགས་ཐམས་ཅད་དྭངས་མ་མེ་དཔུང་དུ་འུར་འུར་སོང་བར་བསྒོམ། ནང་དུ་རྔུབས་པས་དབུ་མའི་མར་སྣ་ན་བཞུགས་པའི་པདྨ་དཔའ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་དྲོད་ཀྱིས་ཐུགས་ཀ་དང་། ཡར་སྣ་སྤྱི་བོའི་ལྷ་ཚོགས་གཉིས་ཀྱི་བདེ་སྟོང་གི་རྒྱུད་བསྐུལ་རླངས་པ་འོད་ཟེར་གྱི་ཚུལ་དུ་སྤྱི་བོ་ལ་ཡར་འཕྲོས། རིག་འཛིན་ཆེན་པོ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འདུས་པར་བསྒོམས་ལ། རླུང་བུམ་པ་ཅན་གང་མང་གཟུང་། ཕོ་བསྐོར་བརྡབ་ཆུང་ཧ་སྤྲུག་སོགས་བྱ། ཁྲིད་གཞུང་གི་མཎྜལ་ཕུལ། གསོལ་འདེབས་དབང་བླང་། སྤྱི་བོའི་བླ་མ་ཡབ་ཡུམ་སྦྱོར་བ་མཛད་དེ། བདེ་དྲོད་ཀྱིས་འོད་ཕུང་དུ་ཞུ། དབུ་མའི་ཡར་སྣའི་རྡོ་རྗེ་དཔའ་བོ་ཡབ་ཡུམ་ལ་ཐིམ། ཡང་བུམ་ཅན་ཉེར་གཅིག་གཟུང་། སྙིང་ཁར་སངས་རྒྱས་དཔའ་བོ་ཡབ་ཡུམ་གྱི་སྐུར་ཐིམ། ཡང་ཉེར་གཅིག་གཟུང་། ལྟེ་འོག་སོར་བཞིའི་པདྨ་དཔའ་བོ་ཡབ་ཡུམ་ལ་ཐིམ། དེ་དག་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་ཀུན་མཆོག་དང་ལྡན་པའི་སྟོང་པ་ཉིད་རོ་གཅིག་ཏུ་གྱུར་པའི་ངོ་བོ་སྨྲ་བསམ་བརྗོད་བྲལ་ཀ་དག་རྫོགས་པ་ཆེན་པོའི་ངང་དུ་ཅི་གནས་སུ་བཞག །ཕྱི་ནང་རླུང་གི་རྒྱུ་བ་རང་འགགས་སུ་བཏང་། འཕྲུལ་འཁོར་རྡོ་རྗེའི་ཆིག་རྫོགས་གསང་བ་གནད་ཀྱི་གལ་མདོ་ལ་འབད། སླར་ཡང་སྐད་ཅིག་དྲན་རྫོགས་སུ་པདྨ་ཉི་མ་རོ་ཡི་སྟེང་དུ། མཁའ་སྤྱོད་རྒྱལ་བ་འདུས་པའི་ཡུམ་ཆེན་རྡོ་རྗེ་ཕག་མོ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་བསྐྱེད། དེ་ཉིད་ཀྱི་རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པའི། ལྟེ་འོག་སོར་བཞི་ན་ཨ་ཤད་མེའི་དབྱིབས་ཅན། ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ། སྙིང་ག་ན་ཚེ་དཔག་མེད་ཀྱི་ཐུགས་སྲོག་ཧྲཱིཿདམར་པོ་འཆི་མེད་ཚེའི་བདུད་རྩི་ཕྲོམ་ཕྲོམ་འབབ་པ་ཞིག་ཏུ་སྒོམས། ཨཿཤད་ལས་མེ་འབར་སྙིང་ཁའི་ཧྲཱིཿལ་ཕོག་ཡིད་ཀྱིས་ཧྲཱིཿཧྲཱིཿཞེས་བཟླས་པ་དང་། དྭངས་མའི་འོད་ཟེར་སྤྱི་བོའི་ཧཾ་ལ་ཕོག་པས་ཧཾ་ལས་ཟག་མེད་བྱང་ཆུབ་སེམས་ཀྱི་རྒྱུན་བབས། བྱང་སེམས་དཀར་དམར་ཧྲཱིཿཡིག་གི་དྭངས་མར་འདྲེས་ཏེ། དབུ་མའི་ནང་ཐམས་ཅད་འཇའ་འོད་ཀྱིས་སི་ལི་ལི་གང་བར་བསྒོམ། དེ་ཉིད་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་ཆུང་བ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་རེས་མོས་སུ་སྒོམས། བསྐྱེད་རིམ་ཡང་ལྷ་དང་དཀྱིལ་འཁོར་ནམ་མཁའི་ཁམས་གང་བའི་དམིགས་པའི་འཕྲོ་འདུ་དང་། ཐིག་ལེ་ནཱ་ད་ཙམ་ཕྲ་མོ་ཞིག་བསྒོམ་པ་རེས་མོས་བྱ། དོན་གཉིས་རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། དག་པ་རབ་འབྱམས་ཆེན་པོ་འདི་ཉིད་ཀྱིས་གཟུང་འཛིན་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཙམ་སྦྱོང་བའི་རྟེན་འབྲེལ་སྒྱུ་མ་ཙམ་དུ་བསྟན་པ་ལས། ལྷ་དང་འདྲེ་ཞེས་རྟག་བརྟན་ཐེར་ཟུག་ཆེ་ཆུང་། མང་ཉུང་། སྐུ་མདོག་ཕྱག་མཚན་སོགས་དུ་མར་བསྟན་པ་ནི། ཞེན་པ་སྦྱོང་བྱེད་དུ་གསུངས་ལ། ཞེན་ཕྱིར་གསུངས་པ་མ་ཡིན་པས། ཞེན་པར་གྱུར་ན་གཟུགས་དང་གཟུགས་མེད་འདོད་པའི་ཁམས་སུ་གོལ་བ་ལས། སྲིད་པ་ལས་གྲོལ་བར་དཀའ། སྐྱེ་མཆེད་རྣམ་པ་བཞི་སོགས་སྲིད་པའི་འཕྲང་ལས་ཐར་བར་འདོད་པ་དག་གིས་རྫོགས་པར་བསྒོམས་ཀྱང་སྤྲུལ་པའི་བསྐྱེད་རིམ་གྱི་མཐར་ཐུག་ཡང་དག་པའི་གནས་ལུགས་ཡིན། གནས་ལུགས་དེའི་རང་ངོ་མ་འགགས་ལྷུན་གྱིས་གྲུབ་པ་བསྐྱེད་རིམ་ཡིན། སྟོང་པ་ཉིད་གཟུགས་སུ་ཤར་བ་ལ་མི་ཆགས། གཟུགས་སྟོང་པ་ཉིད་དུ་གྲོལ་བ་ལ་མི་སྡང་། དོན་སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་ཆེན་པོ་གཉིས་མེད་ཀྱི་རང་བཞིན་ལ་མི་རྨོངས་པར། མ་ལུས་མཐའ་བྲལ་ཀློང་ཡངས། བབས་སམ་གཤིས་ཀྱི་གནས་ལུགས་སུ། ཆོས་ཐམས་ཅད་ཆོས་ཉིད་ཡངས་པ་ཆེན་པོའི་ཀློང་འབྱམས་སུ། ཡེ་གྲོལ་ཡོངས་དག །ངང་ཡིན་ཡེ་ཡིན་གྱི་རིག་པ་བཅོས་བསྒྱུར་གྱིས་ལྷད་མ་ཞུགས་པ་ནི། གཉིས་མེད་དོན་དམ་རྡོ་རྗེའི་གཏུམ་མོ་ཞེས། འབུམ་ཕྲག་ཌཱ་ཀིའི་ཟབ་གསང་དགོངས་བཅུད་ཀྱི་ཡང་སྙིང་། རྡོ་རྗེ་བཙུན་མོའི་ཐུགས་ཀྱི་སྤྱོད་ཡུལ་ཡིན་པས་ཡེ་བབས་རང་བཞིན་རྫོགས་པ་ཆེན་པོའི་ཀློང་དུ་བཞག་པ་དང་། ལྷུན་གྲུབ་ཡེ་ཤེས་འཁོར་ལོའི་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ་གསལ་བ། གཉིས་མེད་ཀྱི་ངང་དབྱིངས་སུ་འཇོག་པ་ནི་རྗེས་ཀྱི་བསྡུ་ཆོག་གོ །དེ་ནས་རང་ལུས་རྩ་གཙོ་འཁོར་ཐམས་ཅད་དཔའ་བོ་ཌཱ་ཀི་ཡབ་ཡུམ་དུ་གསལ་བ་སོགས། གཞན་ལུས་སུ་རྒྱ་ཆེར་བསྟན་པ་བཞིན་ཉམས་སུ་བླང་བར་བྱའོ། །གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིང་ཞེས་བྱ་བ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། བཀའི་སྲུང་མ་དྲག་པོ་སྡེ་ལྔ་དང་། དགེ་བསྙེན་ཆེན་པོ་ཐང་ལྷས་བཀའི་བྱ་ར་མཛོད་ཅིག །ཟབ་ཆོས་འདི་ལ་ལོག་པར་ལྟ་ཞིང་ཁྱད་གསོད་བྱེད་པ་རྣམས་ཀྱི་སྙིང་ཁྲག་དགའ་སྟོན་དུ་རོལ་ཅིག །འབྲས་གཤོང་ལྷ་རི་རོལ་པའི་དག་སྣང་མའོ། ༈ །ཚུལ་འདིས་འཆི་མེད་ཚེ་ཡི་རིག་འཛིན་འགྲུབ། བསྐྱེད་རྫོགས་ཀྱི་སྒྱུ་འཕྲུལ་ལ་བརྟན་པ་ཐོབ། ལུས་ལ་བདེ་དྲོད། ངག་ལ་ནུས་པ། སེམས་ལ་ཏིང་ངེ་འཛིན་འཕེལ་བ་དང་། སྣང་བ་དབང་དུ་འདུས། དམ་སྲི་དང་རྒྱལ་འགོང་གི་སྲུང་འཁོར་གྱི་མཆོག་ཡིན། དམ་ཚིག་ཏུ་དཔའ་བོའི་ཆས་དང་། རས་རྐྱང་དང་མི་འབྲལ་བ་གལ་ཆེ། ༈ འདི་ཡི་བྱིན་བརླབ་མེ་དབང་གི་རིམ་པ་ནི། ཚེ་སྒྲུབ་ཀྱི་སྒྲུབ་ཁོག་ནས་བྱུང་བ་ལྟར་གྱི་བཅས་གཤོམ་བཞིན་དབང་བསྐུར། འདི་ཉིད་ཀྱི་དཀྱིལ་འཁོར་ཆོས་འབྱུང་དམར་པོ་སྣོལ་མ། དེའི་མཐའ་སྐོར་དུ་འོད་ལྔའི་མུ་ཁྱུད། དེའི་མཐའ་སྐོར་དུ་ཐོད་རྭ། རྡོ་རྗེའི་ཕྲེང་བ་དང་མེ་རིས་ཀྱིས་མཚན་པ། དབུས་སུ་དགའ་འཁྱིལ་དང་། ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿཡིག་གིས་མཚན་པ། དེའི་སྟེང་དུ། སྐུ་བུམ་པ། གསུང་ཐོད་པ། ཐུགས་མར་མེ། དེ་ཁོ་ན་ཉིད་ཤེལ་དང་རྨ་བྱའི་མདོངས་ལ་སོགས་པའི་རྫས་བཤམས་པ་ནི། བུམ་པ་དབུས། ཐོད་པ་མདུན་མེ་ལོང་དེའི་སྟེང་དར་དམར་གྱི་གུར་ཕུབ། བུམ་པའི་འོག་ཏུ་མར་མེ། བུམ་པའི་ཁར་རྨ་བྱའི་མདོངས་དང་ཤེལ་རྡོ། མཐའ་སྐོར་དུ་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་བ། དཔལ་འབར་གང་མང་སོགས། རྒྱན་བཀོད་རྣམས་མཛེས་པར་བཀོད་ཅིང་། བག་དྲོ་བྱིན་ཆགས་པར་བཤམ། ཕག་མོའི་ལས་བྱང་དང་། གཏུམ་མོའི་དམིགས་རིམ་རྣམས་རྫོགས་པར་བསྒོམ་པ་ནི་བདག་འཇུག་ཡིན་ལ། དངོས་གཞི་དབང་བསྐུར་བ་ནི། རས་ཁྲུས་རྒྱས་པར་བྱས། གཞུང་བཞིན་བགེགས་བསྐྲད། རས་དཀར་དྲི་མ་མེད་པ་གྱོན་ཅིང་གྲལ་དུ་འཁོད། བཤགས་པའི་རིམ་པ་མཁའ་འགྲོ་སྨྲེ་བཤགས་རྒྱས་པར་བྱ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལས་བྱང་གཞུང་ནས་ལེན། མེ་དམིགས་ཀྱི་རིམ་པ་རྣམས་རྫོགས་པར་བསྒོམ། ཕག་མོའི་ལས་བྱང་གི་བདག་བསྐྱེད་བཏང་། སྤྱན་འདྲེན་བྱིན་འབེབ་རྒྱས་པར་བྱ། ལག་མཆོད་འབུལ། དངོས་གཞིའི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་གྱི་བུམ་པ་བསྣམས་ལ། བུམ་པ་འདི་ཕྱི་བུམ་པ། ནང་རང་བྱུང་ལྷའི་གཞལ་མེད། གསང་བ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་ཕག་མོ་ལ་རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་གིས་བསྐོར་བ་སྤྱི་བོར་བྱོན་པས། ལྷ་རྣམས་ཀྱི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་ཟེར་གྱི་རྒྱུན་བབ་པས་ལུས་དཀར་མེར་གྱིས་གང་མཐར་བཅོམ་ལྡན་འདས་མའི་ལྷ་ཚོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐིམ་བྱུང་བསམ་པའི་མོས་པ་མཛོད། ཧྲཱིཿ ཆོས་དབྱིངས་གཞོན་ནུ་བུམ་པའི་འཇའ་གུར་ཀློང་། །འོད་ཟེར་དྲྭ་བ་འཁྲིགས་པའི་དུར་ཁྲོད་ནས། །ཉེར་བཞིའི་རིགས་ལྔ་འབུམ་ཕྲག་ཌཱ་ཀིའི་གཙོ། །ཀུན་བཟང་རྡོ་རྗེ་བཙུན་མོའི་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་ལུས་ལྷ་བསྒོམ་པའི་སྐལ་བ་དང་ལྡན། སྤྲུལ་པའི་སྐུ་ཡི་གོ་འཕང་བརྙེས་བྱུང་བསམ་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད། སླར་ཡང་ཕག་མོའི་ལྷ་ཚོགས་ཀྱི་མགྲིན་པ་ནས། ཨཱཿདམར་པོ་པདྨ་རཱ་གའི་མདངས་དང་ལྡན་པ་ཞིག་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། ཨཱཿདེ་ཉིད་ཀྱིས་ཕྱི་ནང་འབྱུང་ལྔའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དཔའ་བོ་ཌཱ་ཀིའི་སྲོག་གི་སྙིང་པོ་ཐམས་ཅད་འོད་དུ་ཞུ་སྟེ་བདུད་རྩི་མཚལ་བཏུལ་མའི་ཁུ་བ་ལྟ་བུ་འདི་མགྲིན་པའི་གནས་སུ་བཞག་པས་གསང་བའི་དབང་ཐོབ་པར་གྱུར། ཧྲཱིཿ ཐོད་པ་མཚན་ལྡན་ཆོས་དབྱིངས་ཡངས་པའི་ཀློང་། །ཟག་མེད་བདུད་རྩི་པདྨ་རཱ་གའི་མདོག །གྲགས་སྟོང་རྡོ་རྗེ་རྒྱལ་ཀུན་གསུང་གསང་བའི། །དོན་ལ་དབང་ཐོབ་ལོངས་སྐུར་སངས་རྒྱས་ཤོག །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཝཱ་ཀ་སིདྡྷི་ཕ་ལ་ཧཱུྃ། དེས་ངག་གི་སྒྲིབ་པ་དག་ལོངས་སྐུར་སངས་རྒྱས། ངག་སྔགས་འདྲེན་པ་དང་། མཐུ་སྟོབས་ནུས་པའི་དབང་ཐོབ། རྡོ་རྗེའི་ཕུང་ཁམས་ཐམས་ཅད་འོད་ཟེར་དམར་པོས་ལྟེམས་སེ་གང་བྱུང་བསམ་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ལྡན་གྱི་རིག་མ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྟགས་རྫོགས་ཤིང་། བདེ་སྟོང་ཟག་པ་མེད་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ། ཏིང་འཛིན་རྒྱུད་ལ་སྐྱེ་ཞིང་། དབང་གསུམ་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མས་བྱིན་བརླབས་པའི་ཕྱག་རྒྱ་མ་བྷ་ག་དང་ནུ་མ་རྒྱས་པ་སྦྱོར་བའི་སྟངས་སྟབས་དང་ལྡན་པ་ཞིག་ལག་ཏུ་གཏད་ལ། ཧྲཱིཿ འདི་ནི་དེ་བཞིན་གཤེགས་པ་ཡི། །བདག་མེད་སྟོང་པའི་ཡུམ་ཆེན་མཆོག །རིགས་ལྔ་ཌཱ་ཀི་མཚན་ལྡན་མ། །བདེ་ཆེན་ཡུམ་དུ་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་མ་མ་སིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཡབ་ཡུམ་ལྷར་གསལ་བས་སྙོམས་པར་ཞུགས། དགའ་བ་བཞིའི་མཐར་ཐུག་བརྗོད་བྲལ་ལྷན་ཅིག་སྐྱེས་པ་གཉུག་མ་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟོགས་པར་གྱུར་བྱུང་བསམ་པའི་མོས་པ་མཛོད། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་འདག །གཏུམ་མོ་ཙཎྜ་ལཱི་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུར་སངས་རྒྱས་པའི་སྐལ་བ་དང་ལྡན་པར་གྱུར། ཅེས་ཤིས་པ་བརྗོད། སྐུ་གསུང་ཐུགས་ཐ་མི་དད་པའི་སྙིང་པོ་དོན་གྱི་ཚིག་དབང་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་ཏིང་འཛིན་འོད་གསལ་རྫོགས་པ་ཆེན་པོ་མཆོག་གི་དགོངས་པར་བཞུགས་ནས། ཤེལ་དང་མེ་ལོང་རྨ་བྱའི་མདོངས་རྣམས་བསྟན་ལ། ཧྲཱིཿ ཆོས་སྐུ་མན་ཤེལ་དག་པ་ལ། །ལོངས་སྐུ་འགགས་མེད་མེ་ལོང་གཟུགས། །སྤྲུལ་སྐུ་རྨ་བྱའི་མདོངས་འོད་ལྟར། །གཉིས་མེད་དྭངས་པའི་རྣམ་རོལ་ཀུན། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་དཔེ། །ནམ་མཁའི་ཀློང་དུ་རོ་གཅིག་པས། །སྣང་སྲིད་དབྱིངས་རིག་དྭངས་མའི་ངང་། །སྐྱེ་འགག་བྲལ་བའི་དབང་བསྐུར་རོ། །ཞེས་སྡིགས་མཛུབ་ཕྱོགས་བཞིར་གཏད་ཕཊཿདྲག་པོ་བརྒྱབ། རོལ་མོ་སྦིར། སེམས་ཉིད་རང་ཤར་རང་གྲོལ་གྱི་རྟོག་པ་དགག་སྒྲུབ་མེད་པའི་ཐ་མལ་གྱི་ཤེས་པ་སོ་ཡག་གེ་བ་དེ་རང་བྱུང་གི་ཡེ་ཤེས་ཡིན་པར་ངོ་སྤྲད། དེས་སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་སྟེ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ། ཆོས་ཀྱི་སྐུར་སངས་རྒྱས་བྱུང་བསམ་པའི་མོས་པ་མཛོད། ཤིས་པ་བརྗོད། དེ་ནས་མེ་དབང་བསྐུར་བ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས་ནས། མར་མེ་འདི་ཉིད་ཕག་མོའི་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་ཐོབ། དེ་ཉིད་ཀྱི་ལྟེ་བའི་ཨ་ཤད་ལས་མེ་འབར། སྐུའི་གནས་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་གིས་ཡོངས་སུ་གང་། སྤྱི་བོ་ནས་མེ་ཡི་དྭངས་མ་ཨོཾ་དཀར་པོ། མགྲིན་པ་ནས་མེ་ཡི་དྭངས་མ་ཨཱཿདམར་པོ། ཐུགས་ཀ་ནས་མེ་ཡི་དྭངས་མ་ཧཱུྃ་སྔོན་པོ། ལྟེ་བ་ནས་མེ་ཡི་དྭངས་མ་རཾ་སེར་པོ། གསང་གནས་ནས་མེ་ཡི་དྭངས་མ་ས་ལྗང་ཁུ། གཞན་ཡང་སྣང་སྲིད་ཐམས་ཅད་དཔའ་བོ་མཁའ་འགྲོར་གཡོ་ཞིང་། རང་རང་གི་གནས་ལྔ་ལས་མེའི་འོད་ཟེར་འཇའ་ཕུང་ཁ་དོག་ལྔ་ལྡན་དུ་འཁྲིགས་ཤིང་འབར་བས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དངོས་པོར་འཛིན་པའི་བག་ཆགས་སྒྲིབ་གསུམ་ཕྲ་རགས་ཐམས་ཅད་མེས་ཐུལ་གྱིས་བསྲེགས་ཏེ། སྐད་ཅིག་གིས་ཡེ་ཤེས་ལྔའི་མེ་འོད་ཀྱི་དབང་རྫོགས་པར་ཐོབ། ལུས་ངག་ཡིད་གསུམ་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྲོལ་ཏེ། ངོ་བོ་ཉིད་ཀྱི་སྐུར་སངས་རྒྱས། དཔའ་བོ་དང་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཐམས་ཅད་ཀྱི་ཟས་རྒྱན་བྱུག་པ། བརྟུལ་ཞུགས་སྤྱོད་པའི་རྫས་མཆོག་ཐམས་ཅད་ཀྱིས་མངའ་གསོལ་ཞིང་དབུགས་དབྱུང་བྱུང་བསམ་པའི་མོས་པ་མ་ཡེངས་པ་མཛོད། དཔལ་འབར་ལྔ་ལ་མེ་སྦར་ལ་ལག་ཏུ་ཐོགས་ལ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་བསྐོར་ཞིང་། ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཧྲཱིཿ དུར་ཁྲོད་མེ་དཔུང་འོད་སྣང་གཞལ་ཡས་ནས། །བདེ་སྟོང་རྡོ་རྗེ་བཙུན་མོ་རིགས་ལྔའི་གཙོ། །དཔའ་བོ་ཌཱ་ཀིའི་གནས་ལྔའི་མེ་ཟེར་གྱིས། །སྐལ་ལྡན་རྣམས་ལ་དབང་སྐུར་བྱིན་ཕོབ་ཅིག །འབར་བའི་བདེ་དྲོད་འཇའ་གུར་འཁྱིལ་པ་ཡིས། །སྣང་སྲིད་ཐམས་ཅད་ཆུ་ཟླ་སྤྲུལ་པ་དང་། །ཟག་མེད་རྡོ་རྗེའི་སྒྱུ་འཕྲུལ་མཁའ་སྤྱོད་གཞིར། །དཔའ་བོའི་དབང་ཕྱུག་ཆེན་པོར་དབུགས་དབྱུང་ངོ་། །དཔའ་བོ་ཁྱོད་ཀྱིས་འདི་ཟུངས་ལ། །མ་ཚོགས་དབང་དུ་བསྡུ་བ་དང་། །ཟག་མེད་བདེ་ཆེན་རོལ་པའི་ཕྱིར། །དབང་ཕྱུག་བརྟུལ་ཞུགས་མཆོག་བརྟེན་ནས། །ཟག་མེད་རྡོ་རྗེའི་སྲོག་ལམ་ལས། །འཕོ་མེད་འོད་སྐུར་ལ་ཟློས་ཤིག །ཅེས་དམ་རྫས་བདུད་རྩི་རྐང་གླིང་ཐོད་རྔ་སོགས། དཔལ་ཆེན་ཧེ་རུ་ཀའི་རྒྱན་ཆས་མ་ལུས་པའི་དབང་བསྐུར་ཞིང་ལག་ཏུ་གཏད། རྔ་བརྡུང་རོལ་མོ་དང་བཅས་པས་བྱིན་འབེབ། ཚོགས་འཁོར་དང་བཀྲ་ཤིས་པའི་མགུར་གླུ་བྲོ་ཤོན་ལ་སོགས་པ་བྱ། འདི་ཉིད་རབ་ཚེ་བློས་བཏང་སྟེ་མི་ཚེ་རི་ལ་སྐྱེལ་བ། འབྲིང་དམ་བཅའ་ལོ་གསུམ་ཡན་གྱི་རས་རྐྱང་དང་། དབེན་པར་གནས་པ་ཐམས་ཅད་ལ་ལྷག་ཆད་མེད་པར་བསྟན་ཞིང་། གཞན་དག་ལ་རླུང་ཕྱོགས་སུ་ཡང་བརྗོད་པར་མི་བྱའོ། །བཀའ་འདི་ཡི་སྲུང་མ། མ་མོ་ཁྲག་རལ་ནག་མོ་དང་། བཤན་པ་སྤུ་གྲི་དམར་པོ་ཡིན་པས། བཟོ་བཅོས་དང་བཀའ་རྐུན་མ་བྱེད་ཅིག །ས་མ་ཡཱ། རྒྱ་རྒྱ་རྒྱ། དགེའོ། །འོད་གསལ་སྙིང་པོའི་འཕྲུལ་འཁོར། ཕྱག་རྒྱ་བརྟག་པ་འོད་གསལ་རབ་འབྱམས། དབང་སྡུད་བདེ་ཆེན་སེམས་ཀྱི་མྱུ་གུ །འཕྲུལ་འཁོར་རྡོ་རྗེའི་ཆིག་རྫོགས་རྣམས་ནི་འདི་ཡི་ཆ་ལག་ཏུ་འོས་སོ། །ཞིབ་པར་དེར་གཟིགས་པར་ཞུ། དགེ་བས་གཏུམ་མོའི་བདེ་དྲོད་འབར་གྱུར་ཅིག །བཀྲ་ཤིས་དགེའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).