Terdzo-'A-025



Property "author" has been marked for restricted use.








Terdzo-'A-025.pdf
Click the picture above to view the Shechen manuscript.

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་

thugs rje chen po 'khor ba dbyings sgrol gyi bsnyen yig rab gsal me long

by  པདྨ་ཕྲིན་ལས་ (Pema Trinle)
revealed by  ལེགས་ལྡན་བདུད་འཇོམས་རྡོ་རྗེ་ (Lekden Dudjom Dorje)
in cycle  ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་ (Thugs rje chen po 'khor ba dbyings sgrol)
Volume 23 (འ) / Pages 581-596 / Folios 1a1 to 8b5

Tibetan Text

༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་བཞུགས། ། ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་ར་ཡེ། རྒྱལ་ཀུན་མཁྱེན་བརྩེ་ནུས་པ་གཅིག་བསྡུས་པ། །རིག་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་ཞབས། །མི་ཕྱེད་དད་པས་ཕྱག་བགྱིད་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་ཕྲིན་ལས་མཛད་པའི་མགོན། །འགྲོ་ཀུན་སྲིད་མཚོར་འཁོར་བའི་སྡུག་བསྔལ་ལས། །ཐར་ལམ་དབྱིངས་སུ་སྒྲོལ་མཛད་ཐུགས་རྗེའི་ལྷ། །ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ། །མགོན་ཁྱོད་ལྷག་པའི་ལྷར་བསྟེན་བསྙེན་སྒྲུབ་ཀྱི། །ལག་ལེན་རབ་གསལ་དྭངས་མའི་ཨཱ་དརྴ། །སྐལ་ལྡན་གདུལ་བྱའི་སྣང་ངོར་ལེགས་བསྟན་གྱི། །ཆོས་སྲུང་ཚོགས་ཀྱིས་གནང་བའི་སྐབས་ཕྱེ་ཞིག །དེ་ལ་འདིར་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་གཏེར་སྟོན་ཉི་ཟླ་འོད་ཟེར་གྱིས། དཔལ་བསམ་ཡས་དབུ་རྩེའི་སྟེང་ཁང་རྣམ་སྣང་ཐུགས་ཀྱི་ཀློང་སྒྲོམ་ནས་སྤྱན་དྲངས་པ་ཟབ་ཆོས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་སྒྲུབ་ལག་ཏུ་བླང་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཐོག་མར་མཚན་ལྡན་རྡོ་རྗེའི་སློབ་དཔོན་ལས་དབང་ཆོག་བདེ་ཆེན་དབྱིངས་སྦྱོར་ལྟར་སྨིན་བྱེད་ཀྱི་དབང་བསྐུར་ལེགས་པར་ནོས་ཤིང་། རྫོགས་རིམ་འཇའ་ལུས་མཆོག་སྦྱིན་རྩ་འགྲེལ་དང་། ཁྲིད་ཡིག་རིག་འཛིན་ཞལ་ལུང་ལྟར་ཉམས་ཁྲིད་ལེགས་པར་ཐོབ་པའམ་ཡང་ན་དབང་བསྐུར་དང་སྒྲུབ་སྐོར་གྱི་ལུང་ཚང་བར་ཐོབ་པའི་གང་ཟག་གིས། རྡོ་རྗེའི་ཚིག་གི་རྩ་བ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་སོགས༔ རབ་ཏུ་དབེན་པ་བྱིན་གྱིས་བརླབས་པའི་སར༔ ཞེས་སོགས་གང་རུང་གི་གནས་སུ། ཚོགས་གཏོར་དབང་ཡོན་ཁམས་ཀྱི་འཚོ་བའི་རྟེན༔ ཡོ་བྱད་མ་ཚང་མེད་པར་སྟ་གོན་བྱ༔ ཞེས་གསུངས་པའི་ཡོ་བྱད་ཚོགས་པས་གནས་ཁང་ཕྱག་བདར་སོགས་བྱ། རྒྱས་པར་སྤྲོ་ན་རྡུལ་ཚོན་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ན་དབང་ཆོག་ལྟར་ས་ཆོག་སྟ་གོན་དང་ཐིག་ཚོན་བྱིན་རླབས་སོགས་སྤྱི་ལྟར་བྱས་ལ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ། སྤྲོས་པ་ཉེར་བསྡུར་ལྷ་གྲངས་ཀྱི་ཚོམ་བུ་དང་སྨན་གཏོར་རཀྟ་ཙམ་ལ་བརྟེན་དུ་རུང་ཞིང་། རྒྱས་བསྡུས་གང་བྱེད་ཀྱང་དཀར་དམར་གཏོར་མ་བཏང་ཞིང་གཞི་བགེགས་ལ་བཀའ་བསྒོ །སྒོ་དྲུང་དུ་མཚམས་ཐོ་དཀར་པོ་བརྩིགས། སྤྲོས་འབྱོར་ཆེ་ན་རྒྱལ་ཐོ་སྤྱི་ལྟར་འཛུགས། རང་གི་སྟན་འོག་ཏུ་ས་དཀར་གྱི་གཡུང་དྲུང་བྲི། དཀྱིལ་འཁོར་རམ་ཚོམ་བུའི་དབུས་སུ་མཉྫིའི་ཁར་དབང་དུས་བུམ་པ་དགོས་ཀྱང་བསྙེན་སྒྲུབ་ལ་བུམ་པའི་ཚབ་ཏུ་གཙོ་བོའི་སྒྲུབ་གཏོར་ཟླུམ་པོ་པད་འདབ་བཞི་པ་རྟ་མགོས་མཚན་པ་འབྲི་སྨུག་གིས་བྱུགས་ཤིང་རྒྱན་སྤྲོས་གང་མཛེས་བྱས་པ། སྐུ་རྟེན་གཙོ་བོའི་ཙཀླི་གཏོར་གདུགས་དམར་པོ་ཅན་དང་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་སྔོན་འགྲོའི་ཉེར་མཆོད་རྣམས་སྒོར་མཆོད་དམ་ཐད་མཆོད་གང་རུང་དུ་བཤམ། གཏེར་སྲུང་དྲང་སྲོང་གི་སྒོས་གཏོར་གཡས་གཅུས་མཐེབ་སྐྱུ་དང་རིལ་བུ་བརྒྱད་ཀྱིས་བསྐོར་བ་རྩེར་ལིང་ག་མགོ་མཇུག་ལྡོག་པ་བཙུག་པ་ཁྲག་བྱུགས་ཤ་དམར་གྱིས་བརྒྱན་པ་དང་། རྩ་གསུམ་གཏོར་མ། གཞན་ཡང་རང་ཉམས་ལེན་གང་བྱེད་ཀྱི་རྩ་བ་གསུམ་གྱི་བྲིས་འབུར་མཆོད་གཏོར་སོགས་གང་འོས་སུ་བཤམ། རང་གི་མདུན་དུ་རྡོར་དྲིལ་ཌཱ་རུ་ནང་མཆོད་འཐོར་ནས་གདབ་ཕུར་སྒྲོལ་གྲི་སོགས་བཤམ། གསང་སྔགས་ལས་རིམ་རྩ་བ་ལས། ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་དགོང་འཇུག༔ ཅེས་གསུངས་པ་ལྟར། གཟའ་སྐར་དང་དུས་ཚོད་བཟང་པོའི་སྔ་ཐུན་ནམ་དགོང་ཐུན་ནས་ཞུགས་ཏེ། གཉིས་པ་དངོས་གཞི་ཉམས་ལེན་གྱི་རིམ་པ་ནི། བརྒྱུད་འདེབས་ནས་བརྩམ་སྟེ། ལས་བྱང་ཡེ་ཤེས་འཁོར་ལོའི་ལས་གཞུང་གྱེར་ཞིང་། ལྷ་བསྐྱེད་སྐབས་ཡོ་ག་གསུམ་གྱི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་ཟུར་ན་བཞུགས་པ་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས་མ་ཧཱ་ཡོ་གའི་སྒོམ་རིམ། ཨོཾ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱི༔ ཞེས་པ་ནས། བསྐལ་མེ་རབ་འབར་བམ་ཆེན་སྟེང་ན་འགྱིང༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ཀྱི་བར་བླངས་ཏེ་སྤྱན་འདྲེན་ནས་ལས་གཞུང་དཀྱུས་ལ་འཇུག །བཟླས་པའི་སྐབས་ཡོ་ག་གསུམ་གའི་སྒོམ་རིམ་གསལ་འདེབས་ཤིང་ཞི་ཁྲོ་དྲིལ་བའི་བཟླས་པ་བྱ་དགོས་ཏེ། དབང་ཆོག་ལས། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལྟར་བསྙེན་སྒྲུབ་བྱ་ཞིང་མཚན་མའི་བསྙེན་པ་རྟགས་ཐོན་དུ་གྲོལ་ནས༔ ཞེས་གསུངས་པའི་ཕྱིར་རོ། །བཀའ་སྲུང་དྲང་སྲོང་དུག་གི་སྤུ་གྲིའི་གསོལ་ཀ་ཟུར་ནས་བླང་། ཚོགས་ཐོག་མཐའ་བར་གསུམ་དང་རྩ་གསུམ་སྐོང་གསོ་གཏང་ཞིང་གནམ་ཕུད་འབུལ། ལྷག་མ་བསགས་ནས་ཕྱིར་མི་གཏོང་། ཆད་ཐོས་རྒྱུན་གཏོར་འབུལ་ཞིང་བཤལ་ཆུས་བརྟན་མ་བསྐྱང་གཏོར་མནན་བྱ། དངོས་གྲུབ་བསྐུལ་བ་མི་གཏོང་ངོ་། །རྗེས་ཆོག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། ཉེར་བསྡུའི་ཚིག་འདོན་བཞག་སྟེ་རྫོགས་རིམ་གྱིས་རྟག་མཐའ་བསལ། ཆད་མཐའ་བསལ་ཕྱིར་ལྷར་ལྡང་། ལས་གཞུང་གི་བསྔོ་བ་དང་ཤིས་བརྗོད་བྱས་ཏེ། དགོང་ཐུན་ལ་ཚུགས་པ་ཡིན་ན་ཉལ་བའི་རྣལ་འབྱོར་བྱ། དེ་ལྟར་ཐུན་བཞིར་བཅད་པའི་ཐུན་རེར་ལས་བྱང་ཚོགས་དང་བཀའ་སྲུང་བཞག་པ་རེ་གཏང་། དགོང་སྲོད་གང་རིགས་ཀྱི་ཐུན་ལ་བཀའ་སྲུང་ཚོགས་མཆོད་སོགས་སྔར་ལྟར་བྱ། སྔ་ཐུན་ལ་ཕྲེང་བ་བྱིན་རླབས་དང་དབྱངས་གསལ་ཞབས་བཅད་མ་གསུམ་སྲོད་ཐུན་ལ་དབྱངས་གསལ་ཞབས་བཏགས་མ་ལན་གསུམ་བཟླ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བགྱི་བའི་བསྙེན་ཚད་གཞུང་འདིར་གསལ་བར་མ་གསུང་མོད། འོན་ཀྱང་མ་ཧཱ་ཡོ་གའི་ཕྱི་སྒྲུབ་ཀྱི་མཇུག་ཏུ། བརྒྱ་སྟོང་ཁྲི་འབུམ་ཐུན་སྦྱར་བཟླས་པ་སྟེ༔ དེ་ཡིས་དངོས་གྲུབ་ཡིད་བཞིན་འགྲུབ་པ་དང༔ ཞི་སོགས་ལས་རྣམས་ཐོགས་མེད་མཐར་ཕྱིན་འགྱུར༔ ཞེས་གསུངས་པས་དུས་གྲངས་མཚན་མའི་བསྙེན་པ་གསུམ་ལས་གྲངས་བསྙེན་འབུམ་ཕྲག་གཅིག་གམ་ཡང་ན་བཞི་འབུམ། སྤྲོ་ན་ས་ཡ་ཕྱི་བཞག་གི་བྱེ་བ་སྟེ་འབུམ་བཅུ་ཙམ་བྱས་ན་རིགས་སམ་སྙམ། དུས་བསྙེན་ནི་གྲངས་ཀྱི་ཤུགས་ལས་ཤེས་ལ། མཚན་མའི་བསྙེན་པ་ནི་གང་ཟག་གི་དབང་པོའི་ཁྱད་པར་ལས། རབ་ཏུ་སྐུ་མཐོང་བ། གསུང་ཐོས་པ། རྟོགས་པ་འཆར་བ་སོགས་ནས་ཐ་མ་ཡང་རྨི་ལམ་བཟང་བ་སོགས་ལྟས་སྣ་ཚོགས་སུ་འཆར་བ་ཉམས་མྱོང་དང་སྦྱར་རོ། །དེ་ལྟར་ཉམས་སུ་བླང་བའི་གནད་ཀྱི་གཙོ་བོ་ནི་སྤྱིར་གསར་རྙིང་གི་ལྷ་ཁྲིད་གནད་དུ་ཐེམས་པ་ཐོབ་པའམ། ཁྱད་པར་ལམ་འདིའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་ཉམས་སུ་མྱོང་བ་རྣམས་ཀྱིས་རྟོགས་པར་སླ་མོད་ཀྱང་། ཁྲིད་མ་ཐོབ་པའི་རིགས་རྣམས་གོ་ཡུལ་གྱིས་བསྐྱེད་རྫོགས་ལ་ཐོས་བསམ་གྱི་སྒྲོ་འདོགས་རགས་པ་ཆོད་ཅིང་། བྱེ་བྲག་ཏུ་ཡོ་ག་གསུམ་གྱི་སྒོམ་རིམ་ཤེས་པ་དང་། ལུགས་འདིར་བདག་མདུན་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་འཆར་བ་ལ་ངེས་ཤེས་བརྟན་པོ་ཐོབ་དགོས་ལ། དེ་ཙམ་ཡང་བློས་མ་འཆུན་ཞིང་སྒོམ་མི་བདེ་ན་རྡུལ་ཚོན་རས་བྲིས་ཚོམ་བུ་ཙམ་བསྐྱེད་གཞིར་བྱས་པའི་བདག་མདུན་མེ་རི་འདབས་འབྲེལ་ཚིག་གཅིག་གྱེར་བ་ཙམ་གྱིས་མེ་ལོང་གི་གཟུགས་བརྙན་ལྟར་སོ་སོར་འཆར་ཞིང་སྒོམ་པ་གནད་དུ་ཆེ་ལ། རྟོགས་པས་ཆུན་ན་ཞུགས་སྒྲུབ་བམ་དཀྱིལ་འཁོར་བདག་རྫོགས་གང་རིགས་ཀྱིས་རྟེན་དང་བརྟེན་པ་གཅིག་བསྒོམ་པ་ཁོ་ན་རིགས་ཤིང་འཐད། དེ་ཡང་མ་ཧཱ་ཡོ་ག་ཕྱི་དཀྱིལ་གྱི་བཟླས་དམིགས་ནི། ལས་གཞུང་གི་འཛབ་དགོངས་ལས། ཧྲཱི༔ རང་བྱུང་རྣམ་དག་གཞལ་ཡས་འདིར༔ ཆོས་སྐུ་ཐུགས་རྗེ་ཞི་ཁྲོའི་ལྷ༔ སྣ་ཚོགས་སྐུ་དང་ཆ་ལུགས་ལ༔ ཐུགས་སྲོག་འཛབ་ཀྱི་རང་སྒྲ་སྒྲོག༔ མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས༔ ཚུར་འདུས་དངོས་གྲུབ་བཅུད་དུ་སྡུད༔ རྟགས་མཐོང་བར་དུ་རྒྱུན་མི་བཅད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཞེས་བྱ་ཞི་ཁྲོའི་ཐུགས་སྲོག་སྔགས༔ འཛབ་དགོངས་འཛབ་དབྱངས་གྲངས་ལྡན་བསྒྲུབ༔ ཅེས་དང་། མ་ཧཱའི་སྒོམ་རིམ་ལས། དེ་ལྟར་མ་ཧཱ་ཕྱི་སྒྲུབ་བཟླས་པའི་ཚེ༔ བདག་ཉིད་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར༔ དེ་མཐར་སྔགས་བསྐོར་འོད་ཟེར་འཕྲོས་པ་ལས༔ རྒྱལ་བ་རྒྱ་མཚོའི་བྱིན་རླབས་འོད་དུ་བསྡུས༔ བདག་ཉིད་ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དབང་ཐོབ་མོས༔ བདག་གི་རིགས་འགྲེས་ལྷ་རྣམས་ཀུན་ལ་སྦྱར༔ ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང༔ ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ ཞེས་གསུངས་པའི་གསལ་བྱེད་དུ་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོའི་རྡོ་རྗེའི་གསུང་ཁྲིད་ཡིག་རིག་འཛིན་ཞལ་ལུང་ལས། བཟླས་པའི་ཚེ་རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཞེས་སོགས་ནས། ཞི་སོགས་ཀྱི་ལས་རྣམས་ཐོགས་པ་མེད་པར་བྱིན་ནོ། །ཞེས་གསུངས་པའི་བར་ལྟར་བྱ་བ་ལས་གཞན་པའི་རྒྱས་བཤད་མ་དགོས། འོན་ཀྱང་དེར་མི་གསལ་བའི་སྔགས་ཕྲེང་ནི་རང་ཐུགས་རྗེ་ཆེན་པོ་ཞི་བའི་གཙོ་བོའི་ཐུགས་སྲོག་ཧྲཱིཿདམར་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཡིག་འབྲུ་དྲུག་དམར་པོའི་ཕྲེང་བས་བསྐོར་བ་དང་། དེ་བཞིན་དུ་ཤར་གྱི་མི་བསྐྱོད་ཐུགས་རྗེ་ཆེན་པོ་སོགས་རིགས་བཞི་པོའི་ཐུགས་སྲོག་ཧྲཱིཿདཀར་སེར་དམར་ལྗང་ལ་ཡིག་དྲུག་གི་ཕྲེང་བ་དཀར་སེར་དམར་ལྗང་གིས་བསྐོར་བ། གཙོ་བོ་ཡུམ་དང་ཕྱོགས་བཞིའི་ཡུམ་ལ་ཐུགས་སྲོག་གོང་གིས་རིགས་འགྲེ་ཞིང་སྔགས་ཕྲེང་མ་བསྐོར་ཡང་འཐུས། སྤྲོ་ན་དབང་ཆོག་གི་ལྷ་དབང་རྒྱབ་བྱང་ལྟར། ག་ག་ཤྭ་རི། མཱ་མ་ཀཱི །བུདྡྷ་ལོ་ཙ་ནི། ཙཎྜ་རི། བཛྲ་ཏཱ་རེ་ལྔ་ལ་ཐོག་མཐར་ཨོཾ་ཧཱུྃ་སྦྱར་བས་ཁ་དོག་རིགས་འགྲེ །གཙོ་བོའི་སྐུ་རྒྱབ་ཁྲོ་བོ་དབང་ཆེན་སོགས་དབང་ཆེན་རིགས་ལྔ་ཡབ་ཡུམ་ཡང་ཐུགས་སྲོག་ཞི་བ་དང་འདྲའོ། །སྔགས་ཕྲེང་གཙོ་བོ་ལ་ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ དེ་བཞིན་དུ་ཕྱོགས་བཞིར་ཨོཾ་བཛྲ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ ཨོཾ་རཏྣ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་པདྨ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་ཀརྨ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཞེས་དང་། ཡུམ་ལྔར། ཨོཾ་བུདྡྷ་ཝཱ་ར་ཧཱི་ཧཱུྃ༔ བཛྲ་ཝཱ་ར་ཧཱི། རཏྣ་ཝཱ་ར་ཧཱི། པདྨ་ཝཱ་ར་ཧཱི། ཀརྨ་ཝཱ་ར་ཧཱི། ཐོག་མཐའ་ཨོཾ་ཧཱུྃ་སྦྱར། སྒོ་བ་ཡབ་ཡུམ་རྣམས་ལ་ཐུགས་སྲོག་ཛ་ཧཱུྃ་བཾ་ཧོ༔ དཀར་སེར་དམར་ལྗང་དང་། ཡབ་གིང་ཆེན་བཞིའི་སྔགས་ཕྲེང་ཨོཾ་བཛྲ་གིང་ཀ་ར་ཧཱུྃ། རཏྣ་གིང་ཀ་ར། པདྨ་གིང་ཀ་ར། ཀརྨ་གིང་ཀ་ར་སོགས། ཡུམ་མཁའ་འགྲོ་བཞིར། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཐོག་མཐར་ཨོཾ་ཧཱུྃ་སྦྱར་བ་སོགས་འགྲེ །རིགས་བདག་འོད་དཔག་མེད་ལ་ཐུགས་སྲོག་ཧྲཱིཿདམར་དང་སྔགས་ཕྲེང་ཨོཾ་ཨ་མི་ཏཱ་བྷ་ཝ་ཧཱུྃ་ཞེས་སོགས་དང་། འཕྲོ་འདུ་ནི་དཀྱུས་ལྟར་ལ། ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང༔ ཞེས་པའི་སྐབས་ཞི་ཁྲོའི་གཙོ་བོ་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཕགས་ཚོགས་མཆོད། རྣམ་སྣང་རིགས་ཀྱི་སངས་རྒྱས་རྣམས་ཀྱི་བྱིན་རླབས་འོད་ཟེར་དམར་པོ་ཤས་ཆེ་བའི་རྣམ་པས་བསྡུས་ཤིང་རང་ལ་ཐིམ་པས་རང་རྒྱུད་ཀྱི་ཉོན་མོངས་པ་གཏི་མུག་གི་རྟོག་ཚོགས་སྦྱངས། གཟུགས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར། དེ་བཞིན་དུ་ཤར་གྱི་མི་བསྐྱོད་ཐུགས་རྗེ་ཡབ་ཡུམ་དང་བཛྲ་ཁྲག་འཐུང་ཡབ་ཡུམ་གྱི་འཕྲོ་འདུས་རྡོ་རྗེའི་རིགས་ཀྱི་སངས་རྒྱས་རྣམས་ཀྱི་བྱིན་རླབས་རྣམས་འོད་ཟེར་དཀར་པོ་ཤས་ཆེ་བས་བསྡུས་ཐིམ། ཞེ་སྡང་སྦྱངས། རྣམ་ཤེས་ཕུང་པོ་སྟོང་ཉིད་ཡེ་ཤེས་སུ་གནས་གྱུར། རིན་འབྱུང་ཐུགས་རྗེ་ཡབ་ཡུམ་དང་རིན་ཆེན་ཁྲག་འཐུང་ཡབ་ཡུམ་གྱི་འཕྲོ་འདུས་རིན་ཆེན་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་སེར་པོ་ཤས་ཆེ་བར་བསྡུས་ཐིམ། ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར། སྣང་མཐའ་ཐུགས་རྗེ་དང་པདྨ་དབང་ཆེན་ཡབ་ཡུམ་གྱི་འཕྲོ་འདུས་པདྨའི་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་དམར་པོ་ཤས་ཆེ་རུ་བསྡུས་ཐིམ། འདོད་ཆགས་སྦྱངས། འདུ་ཤེས་ཕུང་པོ་སོར་རྟོག་ཡེ་ཤེས་སུ་གནས་གྱུར། དོན་གྲུབ་ཐུགས་རྗེ་དང་ཀརྨ་དབང་ཆེན་ཡབ་ཡུམ་གྱི་འཕྲོ་འདུས་ལས་ཀྱི་རིགས་ཀྱི་སངས་རྒྱས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་ཤས་ཆེར་བསྡུས་ཐིམ། ཕྲག་དོག་སྦྱངས། འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར་པའི་འཕྲོ་འདུ་དང་། ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ ཞེས་པའི་སྐབས། ཞི་ཁྲོའི་ལྷའི་སྔགས་ཕྲེང་གི་འོད་ཟེར་དཀར་པོ་ཤར་སྒོའི་ཡབ་ཡུམ་ལ་ཕོག །དེ་ལས་ཀྱང་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱོང་བ་དང་། དེའི་རིགས་འགྲེས་སྦྱར་ཏེ་ལྷོ་སྒོའི་ཡབ་ཡུམ་གྱི་འོད་ཟེར་སེར་པོའི་འཕྲོ་འདུས་འཁོར་འདས་ཀྱི་ཚེ་བཅུད་བསྡུས། བདག་གཞན་གྱི་འབྱོར་དྲུག་རྒྱས་པ་དང་། ནུབ་སྒོའི་ཡབ་ཡུམ་གྱི་འོད་ཟེར་དམར་པོའི་འཕྲོ་འདུས་འཁོར་འདས་རང་སྣང་གཞན་སྣང་ཐམས་ཅད་དབང་དུ་བསྡུ་བ་དང་། བྱང་སྒོའི་ཡབ་ཡུམ་གྱི་འོད་ཟེར་ལྗང་གུའི་འཕྲོ་འདུས་དགྲ་བགེགས་ཚར་གཅོད་པ་སོགས་རིགས་པས་སྤྲོས་ཏེ་རྒྱ་ཆེར་ཤེས་པར་བྱའོ། །དེ་ལྟར་མ་ཧཱ་ཡོ་གའི་དམིགས་སྐོར་འདི་རྣམས་གཙོ་ཆེ་བར་བྱེད་དགོས་ལ། ནང་སྒྲུབ་ཨ་ནུ་ཡོ་གའི་རྣལ་འབྱོར་ཇི་ལྟར་བྱ་བ་ནི། རྩ་སྒྲུབ་ལས། གསང་ཆེན་ཨ་ནུ་ཡོ་གའི་ལུང༔ ལུས་དཀྱིལ་ནང་གི་སྒྲུབ་པ་བསྟན༔ དེ་བཞིན་ཀུན་སྣང་རྒྱུ་དག་ལས༔ སྲུང་འཁོར་དབུས་སུ་བདག་ཉིད་ནི༔ འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་སྐུ༔ ཞེས་པ་ནས། འབྲས་བུ་སྐུ་དང་ཡེ་ཤེས་རྣམས༔ དག་པ་ཡབ་ཡུམ་ལུས་དཀྱིལ་ཡིན༔ ཞེས་པའི་བར་གྱི་གསལ་བྱེད་རིག་འཛིན་ཞལ་ལུང་ལྟར། དོན་བསྡུར་གཙོ་བོ་ཡབ་ཡུམ་གཉིས་ཀའི་དབུ་མ་ལ་བརྟེན་པའི་སྙིང་ག་དང་སྤྱི་བོ་གཉིས་སུ་རྩ་འཁོར་འདབ་བརྒྱད་གདུགས་རྩིབས་ལྟར་གསལ་བའི་གཙོ་བོ་ཡབ་ཀྱི་སྙིང་གའི་འཁོར་ལོའི་དབུ་མའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཞི་བ་ཡབ་ཡུམ་གྱི་སྤྱི་བོར་རིགས་བདག་དང་བཅས་པ། ཕྱོགས་བཞིར་ཞི་བ་རིགས་བཞི་ཡབ་ཡུམ། དེ་བཞིའི་རྒྱབ་ཏུ་སྒོ་མ་བཞི། མཚམས་བཞིའི་རྩ་ནང་ཡེ་ཤེས་ལྔའི་འོད་ཟེར་གྱི་དྲ་བས་འབྲེལ་བ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ཐུགས་སྲོག་ལས་འོད་ཟེར་དམར་པོ་དབུ་མའི་ལམ་བརྒྱུད་ཀླད་པ་དུང་ཁང་གི་འཁོར་ལོའི་ནང་དུ་དབང་དྲག་ཟླ་གམ་དམར་པོ་པད་ཉི་བདུད་བཞིའི་སྟེང་དུ་རྟ་མགྲིན་ཡབ་ཡུམ། ཕྱོགས་བཞིའི་རྩ་ནང་དུ་དབང་ཆེན་རིགས་བཞི་ཡབ་ཡུམ། དེའི་རྒྱབ་ཏུ་སྒོ་བ་ཁྲོ་བོ་གིང་ཆེན་བཞི། རང་གི་གཙོ་ཡུམ་གྱི་སྐུ་ནང་སྟོང་སང་དབུ་མ་འཁོར་ལོ་གཉིས་དང་བཅས་པ་རྩ་དབྱིབས་མ་ཡིན་པ་འཇའ་ཚོན་གྱི་རྣམ་པར་སྒོམ་པའོ། །འཕྲོ་འདུ་ནི། སྙིང་དབུས་བཅོམ་ལྡན་ཐུགས་སྲོག་ཧྲཱི༔ འོད་ཟེར་དམར་པོ་དབུ་མར་བརྒྱུད༔ རྟ་མགྲིན་ཐུགས་དམ་རྒྱུད་བསྐུལ་ནས༔ ཞེས་སོགས་ཀྱི་དོན། ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་དམར་པོ་དབུ་མའི་ནང་བརྒྱུད་དུང་ཁང་གི་རྟ་མགྲིན་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས། རང་ཉིད་ཕྱི་དཀྱིལ་གྱི་གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཐུགས་ཀར་ཐིམ། ཧྲཱིཿལས་བདུད་རྩིའི་རྒྱུན་བབས། རྡོ་རྗེའི་ལམ་ནས་ཡེ་ཤེས་སེམས་དཔའི་ཡུམ་མཁར་འཕྲོས། ཡུམ་གྱི་སྐུ་གང་ཞལ་ནས་ལུད་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་ཐིམ། རཾ་ལས་འོད་ཟེར་འཕྲོས་ལུས་དཀྱིལ་ཡབ་བཞིའི་ཞལ་དུ་ཞུགས་སོ་སོའི་ཐུགས་སྲོག་ལས་བདུད་རྩི་བབས་གསང་རྡོར་བརྒྱུད་སོ་སོའི་ཡུམ་མཁར་བབས་སྐུ་གང་ཞལ་ནས་ཞལ་དུ་བརྒྱུད་ཐུགས་ཀར་ཐིམ། དེ་ལས་འོད་འཕྲོས་རྒྱབ་ཀྱི་སྒོ་མ་བཞིའི་ཞལ་དུ་ཞུགས་ཐུགས་ཀར་ཐིམ། མཁའ་གསང་ནས་འཕྲོས་མཚམས་བཞིའི་རྩ་འདབ་གང་། སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་དབུ་མའི་ལམ་བརྒྱུད་དུང་ཁང་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། ཐུགས་སྲོག་གི་བདུད་རྩི་བབས་མཁའ་གསང་བརྒྱུད་ཞལ་ནས་ཞལ་དུ་བརྒྱུད་པ་སོགས་གཙོ་འཁོར་ཀུན་ལ་འཕྲོ་འདུ་སྙིང་གའི་ཞི་བ་ལྟར་སྦྱོར། དེ་ལྟར་ལུས་དཀྱིལ་གྱི་དོ་ལིའི་འོད་ཟེར་སྤྲོ་བསྡུ་ཚར་ནས། ཕྱི་དཀྱིལ་གཙོ་བོ་ཡབ་ཀྱི་སྐུ་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང་བ་གསང་བའི་ནོར་བུ་ནས་གཙོ་ཡུམ་གྱི་མཁའ་གསང་དུ་འཕྲོས་ཏེ་སྐུ་ལུས་དབུ་མ་འཁོར་ལོ་གཉིས་དང་བཅས་པ་གང་སྟེ་ཡུམ་བཀྲག་དང་ལྡན་པར་བསམ། ཡུམ་གྱི་ཞལ་ནས་རླུང་དང་བདུད་རྩི་ཨོཾ་ཡིག་གི་རྣམ་པས་ཐོན་གཙོ་བོ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཨཱཿའི་རྣམ་པར་གནས། གསང་རྡོར་ནས་ཧཱུྃ་གི་རྣམ་པས་ཐོན་ཏེ་ཡུམ་གྱི་པདྨར་ཞུགས་པ་སོགས་རླུང་འགྲོ་འོང་དང་བསྟུན་པའི་རྡོར་བཟླས་སམ་དོ་ལིའི་བཟླས་པ་སྟེ་འདི་ལྟར་ཉམས་སུ་བླངས་པས་རྩ་ཁམས་བྱིན་གྱིས་བརླབས། བདེ་སྟོང་གི་ཡེ་ཤེས་སྐྱེས། རླུང་སེམས་དབུ་མར་འཇུག་པ་སོགས་མཆོག་ཐུན་དངོས་གྲུབ་ཐོབ་བོ། །གསང་སྒྲུབ་ཨ་ཏི་ཡོ་གའི་རྣལ་འབྱོར་སྒོམ་རིམ་ནི། རྩ་སྒྲུབ་ལས། གསང་ཆེན་སྒྲུབ་པ་དོན་གྱི་ཆོས༔ ཨ་ཏི་སེམས་ཀྱི་དཀྱིལ་འཁོར་བསྟན༔ རང་སེམས་སྐྱེ་མེད་དེ་བཞིན་ཉིད༔ ཅེས་པ་ནས། སེམས་ཉིད་ཐེག་པ་ཨ་ཏིའི་དོན༔ རྫོགས་ཆེན་ལྷུན་གྲུབ་སྒྲུབ་པ་འོ༔ ཞེས་པའི་བར་གྱི་དོན་རིག་འཛིན་ཞལ་ལུང་དུ་བཀྲལ་བ་ལྟར། རང་སེམས་སྐྱེ་འགག་གནས་གསུམ་སྐུ་གསུམ་ལྷུན་གྲུབ་ཟུང་འཇུག་གི་རིག་པ་ཡོན་ཏན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་། རིག་པ་རང་བྱུང་ཞི་བའི་ལྷ། རིག་རྩལ་ཁྲོ་བོའི་ལྷ། གྲགས་སྟོང་བཟླས་པ། འཁོར་འདས་ཐམས་ཅད་སེམས་སུ་རྫོགས་ཤིང་སེམས་ཉིད་ལྷ་དང་གཞལ་ཡས་སུ་སྣང་བ་ཤར་གྲོལ་བདེ་ཆེན་ལྷུན་གྱིས་གྲུབ་པའི་ངང་དུ་འཇོག་པ་ནི་ཨ་ཏིའི་རྣལ་འབྱོར་སོགས་དངོས་གཞི་ཡོ་ག་གསུམ་གྱི་རྣལ་འབྱོར་ཡང་དག་པའོ། ཁ་སྐོང་སྦྱིན་སྲེག་བྱ་བར་འདོད་ན་གཞུང་འདིར་དམིགས་བསལ་མེད་ཀྱང་བྱང་གཏེར་དང་སྦྱར་བའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་དྲི་མེད་ཟླ་ཤེལ་ཁོ་བོས་ལོགས་སུ་བྲིས་ཡོད་པ་ལྟར་ཤེས་དགོས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། བསྙེན་སྒྲུབ་ཐོན་ཁར་ཕྱེ་མར་མངར་གསུམ་དང་སྤོད་ཀྱིས་བརྒྱན་པ་ཆང་གིས་སྦྲུས་པའི་དཔལ་བཤོས་ཚེ་རིལ་ལས་བཞིའི་དབྱིབས་སོགས་བཟོས་པ་དང་། ཤ་མར་ཐུད་ཕྲུམ་ཁུར་བ་ཤིང་འབྲས། ཛ་གད་ཆོས་སྨན་གྱིས་བྲན་པ་སོགས་བཟའ་བཅའ་བཏུང་བའི་རིམ་པ་དངོས་གྲུབ་ཀྱི་རྫས་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམས་ལ། བཟླས་པའི་སྐབས་འོད་ཟེར་འཕྲོ་འདུས་བརྟན་གཡོའི་ལེགས་ཚོགས་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་བསྡུ་ཞིང་བསྟིམ་པའི་དམིགས་པ་བྱ། ཚོགས་ལྷག་ཀྱང་བཏང་། ཆད་ཐོས་ཆོས་སྲུང་གི་གཏོར་མ་རྣམས་ཕུལ། བརྟན་སྐྱོང་གཏོར་མནན་གྱི་མཐར། ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཐུགས་རྗེ་འགག་མེད་ཞི་ཁྲོའི་ལྷ༔ མཉམ་ཉིད་དབྱིངས་ནས་སྐུར་བཞེངས་ལ༔ སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སིདྡྷི་ཧཱུྃ༔ ཞེས་ལས་གཞུང་ལྟར་དངོས་གྲུབ་བསྐུལ། གཏོར་མ་ལྷར་གསལ་བར་དབང་བཞི་བླང་བའི་དམིགས་པ་དང་བཅས་སྤྱི་མགྲིན་སྙིང་ལྟེར་གཏུགས། གཏོར་མའི་དམ་ཡེ་ཕྲལ། དམ་ཚིག་པ་བདུད་རྩིར་ཞུ་བ་དངོས་གྲུབ་ཀྱི་རྫས་རྣམས་རོལ། རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ་དང་། རས་བྲིས་ཡིན་ན་བརྟན་བཞུགས། རྡུལ་ཚོན་དང་ཚོམ་བུ་ལ་གཤེགས་གསོལ་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་རིམ་པ་རྒྱས་པར་བྱ་ཞིང་རྒྱལ་ཐོ་ཡོད་ན་བསྡུ། མེད་ན་མཚམས་ཐོ་བསྡུས་ཏེ་རིམ་བཞིན་མཚམས་གྲོལ་ལོ། །དེ་ལྟར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྙེན་ཡིག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ཡང་རྣམ་པར་རྒྱལ་བའི་ཕན་བདེ་གླིང་པའི་འདུས་གྲྭ་ནས་ལྷོ་བྲག་པ་དགེ་བཤེས་བློ་བཟང་རབ་རྒྱས་ཀྱིས་གསུང་གིས་བསྐུལ་བ་ལྟར། བླ་མ་ཐམས་ཅད་མཁྱེན་པ་ལྔ་པའི་ཞབས་རྡུལ་ལ་རེག་སྟེ་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་བྱས་པ། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྨྲ་བ་དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཉེར་གསུམ་རིག་འཛིན་རྗེའི་དུས་མཆོད་ཉིན་བྲིས་པའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་སོ། །འདི་དགེས་བདག་གཞན་འགྲོ་བ་མ་ལུས་པ། །བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་ལྷས། །རྗེས་བཟུང་རྡོ་རྗེ་ཐེག་པའི་མྱུར་ལམ་ལ། །རབ་བརྟེན་གདོད་མའི་གཞི་དབྱིངས་འཚང་རྒྱ་ཤོག །བཀྲ་ཤིས།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).