Terdzo-KI-014-1: Difference between revisions

From Rinchen Terdzö
(XML import Fill pdflink fields in text pages)
No edit summary
Line 1: Line 1:
{{UnderConstruction
{{UnderConstruction
}}
}}
{{RTZ Metadata
 
|classification=Tibetan Publications
|subclass=Tibetan Texts
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|totalvolumes=70
|compilertib=འཇམ་མགོན་ཀོང་སྤྲུལ་
|compiler='jam mgon kong sprul
|tibgenre=Revelations - gter ma
|terma=Yes
|language=Tibetan
|pagestatus=Temporary stub only
|volumenumber=31
|textnuminvol=14
|pdflink=File:Terdzo-KI-014-1.pdf
}}
{{Header
{{Header
}}
}}
Line 32: Line 17:
==Other Information==
==Other Information==
{{Footer
{{Footer
}}
{{RTZ Metadata
|classification=Tibetan Publications
|subclass=Tibetan Texts
|pagename=Terdzo-KI-014-1
|fulltitletib=དཔལ་རྡོ་རྗེ་ཕུར་བུའི་དམར་ཆེན་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ
|fulltitle=dpal rdo rje phur bu'i dmar chen gtor zlog gi las rim bdud 'joms rnam rol
|citation=[[gter bdag gling pa ‘gyur med rdo rje]] dpal rdo rje phur bu'i dmar chen gtor zlog gi las rim bdud 'joms rnam rol. In Rin chen gter mdzod chen mo pod so gcig pa (The Great Treasury of Rediscovered Teachings Volume 31) by 'jam mgon kong sprul, 361-395. New Delhi: Shechen Publications, 2007-2016.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|author=Gter bdag gling pa 'gyur med rdo rje;
|sourcerevealer=Gu ru chos kyi dbang phyug;
|compiler='jam mgon kong sprul
|authortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ
|sourcerevealertib=གུ་རུ་ཆོས་ཀྱི་དབང་ཕྱུག
|compilertib=འཇམ་མགོན་ཀོང་སྤྲུལ་
|tiblittype=Buddhist
|tibgenre=Revelations - gter ma, Torma-offering Rituals - gtor chog
|terma=Yes
|rtzcategory=Mahayoga
|deity=rdo rje phur pa;
|cycle=phur pa yang gsang spu gri
|cycletib=ཕུར་པ་ཡང་གསང་སྤུ་གྲི
|language=Tibetan
|volumenumber=31
|volnumtib=༣༡
|volyigtib=ཀི
|totalvolumes=70
|textnuminvol=14
|pagenumbers=361-395
|totalpages=35
|beginfolioline=1a1
|endfolioline=18a4
|totalfolios=18
|multivolumework=Yes
|rectonotes=gtor zlog
|versonotes=gter mdzod chos dbang phur pa yang gsang spu gri
|colophontib=དཔལ་རྡོ་རྗེ་ཕུར་བུའི་དམར་ཆེན་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ་ཞེས་པ་འདི་ནི་སློབ་དཔོན་རྣམ་གསུམ་རྗེས་འབྲང་དང་བཅས་པའི་མན་ངག །བཀའ་གཏེར་ཀྱི་གཞུང་འཁྲུལ་མེད་རྣམས་ཀྱི་དགོངས་པ་ཅུང་ཟད་རིག་པའི་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་དམར་སེར་གྱི་ལོ་ཁྲུམས་ཀྱིས་ཉ་བའི་དུས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་སྦྱར་བ་བདེ་ལེགས་སུ་གྱུར་ཅིག
|colophonwylie=dpal rdo rje phur bu'i dmar chen gtor zlog gi las rim bdud 'joms rnam rol zhes pa 'di ni slob dpon rnam gsum rjes 'brang dang bcas pa'i man ngag_/bka' gter kyi gzhung 'khrul med rnams kyi dgongs pa cung zad rig pa'i rgyal khams pa 'gyur med rdo rjes dmar ser gyi lo khrums kyis nya ba'i dus dge bar 'og min o rgyan smin grol gling nges pa don gyi dga' ba'i tshal chen por sbyar ba bde legs su gyur cig
|pdflink=File:Terdzo-KI-014-1.pdf
|pagestatus=Phase I Complete
|pagecreationdate=2/8/2016
}}
}}

Revision as of 22:27, 9 February 2016

This page is under construction. Check back later for updated content.

དཔལ་རྡོ་རྗེ་ཕུར་བུའི་དམར་ཆེན་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ་

dpal rdo rje phur bu'i dmar chen gtor zlog gi las rim bdud 'joms rnam rol

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཕུར་པ་ཡང་གསང་སྤུ་གྲི་ (Phur pa yang gsang spu gri)
Volume 31 (ཀི) / Pages 361-395 / Folios 1a1 to 18a4

[edit]

༄༅། །དཔལ་རྡོ་རྗེ་ཕུར་བུའི་དམར་ཆེན་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། དཔལ་རྡོ་རྗེ་ཕུར་བུའི་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ །འཇིགས་གཟུགས་མེ་ལྟར་འབར་བའི་འོད་ཟེར་གྱིས། །མ་ལུས་བདུད་སྡེའི་དཀྱིལ་འཁོར་སྲེག་མཛད་པའི། ཁྲག་འཐུང་དཔའ་བོ་དེ་ལ་ཕྱག་འཚལ་ལོ། །དཔལ་ཆེན་ཕུར་བུའི་ལས་རིམ་རྡོ་རྗེའི་ཐོག །རྣོ་མྱུར་ཤུགས་དྲག་སྤུ་གྲི་འབར་བའི་སོས། །ཕས་རྒོལ་གཅད་སྲེག་ཐལ་བར་འཐག་བྱེད་པའི། །ཕྲིན་ལས་རྡོ་རྗེའི་དབྱངས་སུ་ལེན་ལ་སྤྲོ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་བསྙེན་པ་སོགས་མཐར་ཕྱིན་པའི་སྔགས་པས་སྲུང་ཟློག་གི་ལས་ལ་ཆེད་དུ་བསྔགས་པའི་དབང་དུ་བྱས་ནས་དྲག་པོའི་ཕྲིན་ལས་དང་འབྲེལ་བའི་གཏོར་ཟློག་གི་ལས་རིམ་བསྒྲུབ་པ་ལ། སྔོན་དུ་ཡོ་བྱད་བཅའ་ཚུལ་དང་། ཆོ་གའི་རིམ་པ་དངོས། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ཡོ་བྱད་བཅའ་ཚུལ་ནི། ལས་དང་མཐུན་པའི་གནས་སམ་སྒྲུབ་པའི་ཁང་པ་ལ་སོགས་པར་དུས་ཁྱད་པར་ཅན་ནམ་གློ་བུར་གྱི་ཚེ་ཡང་རུང་སྟེ། གནས་དེར་དཔལ་ཆེན་པོ་དམ་ཅན་དང་བཅས་པའི་སྐུའི་རྟེན་དགྲམ། ཡོལ་བ་བླ་བྲེ་རྒྱལ་མཚན་འཕན་གདུགས་ལྡ་ལྡི་གོ་མཚོན་སོགས་སྤྱན་གྱི་གཟིགས་མོ་ངོ་མཚར་བའི་རྒྱན་གྱི་ཁྱད་པར་ཇི་སྙེད་པས་མཛེས་པར་བསྟར། སྟེགས་བུ་མཐོ་བ་ལ་བླ་མ་ཡི་དམ་ནས་གཞི་བདག་གཏོར་མའི་བར་མཆོད་པ་དང་བཅས་པ་སྤྱི་ལྟར་བཤམ། ལས་དཀྱིལ་གྱི་གཞི་དེར་དུག་ཁྲག་གིས་ཆག་ཆག་གདབ། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་རྗེས་ཁྲུ་གང་ལས་མི་ཆུང་བ་ཟླུམ་པོར་བསྐོར་ལ། སྐོར་ཐིག་དང་ཤར་གྱི་ཚངས་ཐིག་འཕྲད་མཚམས་ནས་བཟུང་སྟེ་ནུབ་བྱང་གི་ཟུར་ཐིག་དང་བྱང་གི་རྩ་ཐིག་བར་གྱི་ཟླུམ་ཐིག་ཆ་གསུམ་དུ་བསྒོས་པའི་ཆ་གཉིས་བྱང་དང་ཆ་གཅིག་ནུབ་ཏུ་བོར་བའི་འཕྲད་མཚམས་ནས་ཆོས་འབྱུང་གི་གཡོན་གྱི་ལོགས་ཐིག་བཏབ། དེ་བཞིན་དུ་ལྷོ་དང་ལྷོ་ནུབ་ཀྱི་བར་ལ་གཡས་དང་དེ་གཉིས་རྩེ་སྦྲེལ་བས་རྒྱབ་ཀྱི་ལོགས་ཐིག་འབྱུང་ངོ་། །ཟུར་གསུམ་དུ་སོར་གཉིས་རེ་བསྣན་པའི་རྩེ་རྣམས་སྦྲེལ་ཏེ་མུ་རན་དང་། དེའི་ཕྱིར་མེའི་ར་བ་གྲུ་གསུམ་ཆེ་ཆུང་ཇི་ལྟར་འོས་པ། ཆོས་འབྱུང་གི་ནང་གི་གྲྭ་གསུམ་ནས་ཟླུམ་ཐིག་བཞི་བསྐོར་བ་ལ། མུ་ཁྱུད། རྩིབས་བརྒྱད། ཐོད་པ། ལྟེ་བ་དང་། དབུས་སུ་ཆོས་འབྱུང་གི་གྲྭ་མདུན་བསྟན་མུ་རན་དང་བཅས་པའི་ཐིག་བཏབ། རྒྱས་པ་ལ་དགའ་ན་ཆོས་འབྱུང་གི་ཕྱིར་རྡོར་ར་མེ་རིས་ཀྱང་བསྐོར། རྡུལ་ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་ནག་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་སྐམ། རྩིབས་བརྒྱད་སེར་པོ། རྩིབས་མཆན་ཁྲག་མཚོ། མུ་ཁྱུད་ཕྱི་མ་དམར་སེར། ཆོས་འབྱུང་དང་མུ་རན་སྔར་བཞིན། མེ་རི་དམར་སེར་འབར་བ། རྡོར་ར་སོགས་ཡོད་ན་སྤྱི་མཐུན། ཆོས་འབྱུང་གི་ལྟེ་བར་ཉི་གདན་ལ་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པ། ལྷ་གནས་གཞན་དུ་ས་བོན་ནམ་མེ་ཏོག་ནག་པོའི་ཚོམ་བུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་འཁོར་བཅུས་བསྐོར་བའི་རྩེ་མོར་སྐུ་རྟེན་དང་བ་དན་ནག་པོ་མེ་ལོང་བཙུག་པ། ཁྲག་ཀོང་མཚེ་ཡུངས། རྩང་དམར། ཁྲམ་བྱང་། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་པོའི་རྒྱན་ལྡན་བཞག །འབྱོར་ན་ཁྲོ་བཅུའི་གཏོར་མ་རྩིབས་སོ་སོར་དང་སྟེང་འོག་གི་ཁྲོ་བོ་ནི། ཤར་ནུབ་ཀྱི་ཐོད་རའི་ཁར་བཀོད། ཆོས་འབྱུང་ཕྱི་མའི་ཟུར་མདུན་མར་ཤྭ་ན་མ་བཞི། གཡས་ཟུར་དུ་བདག་ཉིད་མ་བཞི། གཡོན་ཟུར་དུ་ས་བདག་མ་བཞི་རྣམས་ཀྱི་བཤོས་བུ་སོ་སོའི་མཐུན་རྫས་ཀྱིས་གཏམས་པ་མདའ་དར་སོགས་རྒྱན་གྱིས་བརྒྱན་པ་བཤམ། མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་བསྐོར་དང་། སྒྲུབ་པའི་དཀྱིལ་འཁོར་དེའི་དབང་ལྡན་གྱི་ཕྱོགས་སུ་དངོས་སམ་བྲིས་པའི་བྲུབ་ཁུང་མཐའ་མ་རྩང་ཕུར་གྱིས་བསྐོར་བའི་ནང་དུ། དུར་ཁྲོད་ཀྱི་འཇག་མ། གྲོག་མཁར་གྱི་ས། དགྲའི་ཁང་ས་དང་དྲི་མ་རྣམས་སྦྱར་བའི་ལིང་ག་དབང་པོ་དོད་པ་ཞིག་བྱས་ལ་དེའི་སྙིང་གར་རོ་རས་ལ་དགྲ་སྲོག་སྤུ་གྲིའི་འཁོར་ལོ་བྲིས་པ་བསླན། ཡན་ལག་བྱད་ཐག་སྔོ་དམར་གྱིས་བཅིངས་པའི་སྣེ་མོ་ཐུན་ཕུར་ལ་བཏགས་པ་དང་། དེའི་ཉེ་ལོགས་སུ་བྱ་རོག་དང་འུག་པའི་དང་རུ། གུ་གུལ། ཡུངས་དཀར། ཤི་སྐྲའི་བྱད་ཐག །མྱོས་བྱེད་ཀྱི་རཀྟ། གཙོ་ཕུར། ཁྲོ་བཅུ་དམ་ཅན་དང་བཅས་པའི་ཕུར་བུ། རལ་གྲི། ཐོ་བ། ཧོམ་གཟར་དང་བཅས་པ་བཤམ། སྒྲུབ་དཀྱིལ་གྱི་མེ་མཚམས་སུ་ཟོར་གདན་གཡང་གཞིར་རོ་སོལ་གྱིས་ཆོས་འབྱུང་རྒྱར་སོར་ཉི་ཤུ་དཔངས་སོར་གསུམ་པ་འཁོར་ལོ་རྩིབས་བརྒྱད་དང་བཅས་པ་བྲིས་པའི་ལྟེ་བར་མཉྫིའི་ཁར་སྲས་མཆོག་གི་གཏོར་ཟོར་རཀྟས་བྱུགས་ཤིང་ཡུངས་དཀར་གྱི་གོང་བུ་བཙུག་པ། ལྷོ་ནས་བརྩམ་སྟེ་ཕྱོགས་བཞིའི་རྩིབས་ལ་སྐྱེར་མདའ་དུག་ཤིང་གི་མདེའུ་ཕུར་གཟུགས་ཚོན་དོ་པ་ཅན་བཞི་རིམ་པ་བཞིན་འུག་པ། ཁྲ། སྲིན་བྱ། བྱ་རོག་རྣམས་ཀྱི་སྒྲོས་བསྒྲོན་པ། དུག་དང་ཁྲག་གུ་གུལ་ཚིལ་ཆེན་གྱིས་སོ་སོར་བྱུགས་པ་བཞག་ལ་གཤིན་རྗེ་ལ་སོགས་པ་ཕྱོགས་ཀྱི་ཁྲོ་བོ་བཞིར་བསྐྱེད། ཤར་ལྷོར་རབས་ཆད་ནག་པོའི་ཐོད་པའམ་གཡག་རྒོད་ཀྱི་རྭ་གཡས་པར་མི་ཁྱི་རའི་ཁྲག་དང་དམེ་ཁྲག་སོགས་སྦྱར་བའི་ཁ་རོ་རས་ཀྱིས་བཀབ་པ། ལྷོ་ནུབ་ཏུ་དུར་ཁྲོད་ཀྱི་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པའི་རྡོ་ཐུན་སྒུལ་ཐོག་དང་བཅས་པ། ནུབ་བྱང་དུ་ཚུལ་བཞིན་བསྒྲུབས་པ་འམ་མ་གྲུབ་ན་སྡོང་པོ་རྐང་གཅིག་གདོན་ཤུལ་གྱི་ས་ལ་རྔ་མོང་ཁྱི་ཕག་སྤྱང་ཀིའི་བྲུན་དང་དུག་ཁྲག་གིས་སྦྲུས་པའི་ཀོང་བུར་ཡུངས་དཀར་གྱི་གོང་བུ་བཙུག་པ། བྱང་ཤར་དུ་ཐོད་ནག་གླིང་དྲུག་པའམ་ཀོང་བུར་བོང་ང་སྤྱང་ཚེར་རེ་ལྕགས་སྤྱང་དུག་ཐར་ནུ་དྷ་དུ་ར་སོགས་དུག་སྣ་མྱོས་བྱེད་ཀྱིས་སྦྱར་བའི་དུག་ཐུན་རྣམས་ལག་ལེན་བཞིན་བཤམ། གཞན་ཡང་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ལོངས་སྤྱོད། གཡབ་དར། རྡོར་དྲིལ། ཌཱ་མ་རུ། ཐོད་པ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །འདི་དག་གི་རྒྱུ་མཚན་ནི་གཞན་དུ་འཆད་པར་འདོད་དོ། །གཉིས་པ་ཆོ་ག་དངོས་ཀྱི་རིམ་པ་ལ། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང་། དྲག་པོའི་ལས་ཀྱིས་གཡུལ་འགྱེད་པ་གཉིས་ལས། སྔ་མ་ལ་རྣལ་འབྱོར་སྒྲུབ་པ། སྲུང་གཏོར་བསྔོ་བ། ཚོགས་མཆོད་དང་གསུམ་གྱི་དང་པོ་ནི། སྐྱབས་སེམས་ཚོགས་གསག་ནས་བཟུང་སྔོན་འགྲོའི་ལས་བདུན་རྫོགས་པའི་མཇུག་ཏུ། བསྙེན་ཕུར་བྱིན་བརླབ་ནི། གུ་གུལ་གྱིས་བདུགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཨ་དྷིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟས་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྱུགས་བདུག་བྲབ་གསུམ་སྔོན་དུ་འགྲོ་བས་སམ། བསྡུ་བ་ན་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕུར་བུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པའི་སྐུར་གྱུར། སྙིང་པོ་ལན་བདུན་བཟླས། དེ་ཞུ་བ་ལས་བྱུང་བའི་ཕུར་བུར་གྱུར་པའི་རྩེ་མོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ཁྲོ་བཅུ། འཆང་བཟུང་ཟ་གསོད་ཉི་ཤུ། རྒྱ་མདུད་འོག་མ་སྒོ་སྲུང་། དབལ་གསུམ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་དུ་གྱུར་པར་བསམ་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་ལན་བདུན་བཟླ། འདིར་བསྙེན་ཕུར་དང་སྲས་མཆོག་ཐ་དད་དུ་བྱེད་པའི་དབང་དུ་བྱས་ཀྱི། དངོས་གཞི་དཀྱིལ་འཁོར་བསྐྱེད་པའི་ཚེ་བདག་དང་དབྱེར་མེད་དུ་དམིགས་པ་ཡིན་ལ། དེ་ལྟར་ན་བསྙེན་ཕུར་ཐུགས་རྗེས་རྗེས་འཛིན་གྱི་སྐབས་མིན་པ་བསྒྲལ་ལས་ལ་མི་འཇུག་གོ །དངོས་གཞི་ལ། རྒྱུ་ཏིང་ངེ་འཛིན་གསུམ་ལས་འབྲས་བུ་དཀྱིལ་འཁོར་གསུམ་དུ་བསྐྱེད་ཚིག་དཀྱུས་བཞིན་ལ། དམིགས་པའི་ཁྱད་པར་ནི་དཔེར་ན་བཞིན་གཅིག་ལ་མེ་ལོང་གཉིས་སུ་གཟུགས་བརྙན་སོ་སོར་འཆར་བ་བཞིན་བདག་མདུན་ཅིག་ཅར་དུ་གསལ་བཏབ་རྗེས། དགོངས་གསོལ་ནས་བསྟོད་པའི་བར་དཀྱུས་བཞིན་ལས། བཟླས་པའི་ཚེ་སྐུ་གསུང་ཐུགས་ལ་དམིགས་པའི་ཛཔ྄་དགོངས་གཞུང་བཞིན་བྱ། ཁྱད་པར་སྲུང་ཟློག་གི་བཟླས་པ་དམིགས་ཕྱེད་པ་སོ་སོར་བྱ་ན་མན་ངག་བཞིན་དང་། ཕྲིན་ལས་ལ་དམིགས་པ་དྲག་པོའི་བཟླས་པ་བྱེ་བྲག་ཏུ་བྱ་བ་ནི། རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། སྟོང་གསུམ་ཐམས་ཅད་གང་། དངོས་སྣང་སྐུ །སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་དཀྱིལ་འཁོར་གསུམ་སོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐངས། སྲུང་མ་དམ་ཅན་ཐམས་ཅད་ཀྱི་སྲོག་བཅུད་ལ་ཕབ་ནས་སྒྲོལ་བའི་ལས་ལ་བཙུད། རྣལ་འབྱོར་པ་ཐམས་ཅད་ཀྱི་གཡར་དམ་སོར་བསྩལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། བླ་ན་མེད་པའི་གནས་སུ་བསྒྲལ། གཟས་པོའི་གནས་སུ་འཕྲོས་པས་གང་ལ་བྱ་བ་དེ་དག་བཀུག་ནས་ལིང་ག་ལ་བསྟིམས་པས་དངོས་སུ་གྱུར་ནས་འཁུ་མི་ནུས་པར་འབྲུབ་ཁུང་དུ་གསལ། འོད་ཟེར་སླར་འདུས་ནས་བདག་དང་ཕུར་བུ་རྣམས་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་མེད་དུ་གྱུར། འཕྲོས་པའི་ཁྲོ་བོ་ཕུར་བུའི་གཟུགས་ཅན་རྣམས་བསྒྲལ་བྱའི་ཞིང་རྣམས་ལ་བཏབ་པས་སྤྱི་གཙུག་ནས་རྐང་མཐིལ་དུ་ཕྱུང་ལུས་བསྒྲལ། ལྕེ་སྟེང་ནས་ལྐོག་མར་ཕྱུང་ངག་བསྒྲལ། སྙིང་གར་ཐོག་ལྟ་བུར་ལྷུང་བས་སྲོག་རྩ་ཐལ་བར་བྱས། སེམས་ཀྱི་བག་ཆགས་བསྒྲལ། མདོར་ན་ཕུར་བུའི་ཆར་རྒྱུན་མ་ཆད་པར་ལྷུང་བས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕྱེ་མར་བརླག་པར་བསམ་ལ་དྲག་ཏུ་བཟླའོ།། སྔགས་ལ་སྤེལ་ཚིག་གཞུག་ཚུལ་ནི་གཙོ་བོ་ལ་སྔར་བཞིན་དང་། ཁྲོ་བོ་བཅུ་ལ་རྩ་བའི་སྔགས་སོ་སོ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་དགྲ་བགེགས་གནོད་བྱེད་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་དགྲ་བགེགས་གནོད་བྱེད་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་དགྲ་བགེགས་གནོད་བྱེད་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་དགྲ་བགེགས་གནོད་བྱེད་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་དགྲ་བགེགས་གནོད་བྱེད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་དགྲ་བགེགས་གནོད་བྱེད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་དགྲ་བགེགས་གནོད་བྱེད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་དགྲ་བགེགས་གནོད་བྱེད་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་དགྲ་བགེགས་གནོད་བྱེད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་དགྲ་བགེགས་གནོད་བྱེད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་མཐར་མཚུངས་པར་སྦྱར། སྲས་མཆོག་ལ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དང་། སྒོ་མ་སྲུང་མ་རྣམས་དྲིལ་བ་ལ། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དང་། དྲག་སྔགས་འདུས་པ་ལ་མ་རག་མོ་ཡག་མོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ ཌཱ་ཀི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྦྱར་རོ། །གཉིས་པ་དམ་ཅན་གྱི་གཏོར་མ་བསྔོ་བ་ནི། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མའི་ཆོ་ག་སོ་སོར་གསལ་བ་བཞིན་དང་། ཁྱད་པར་ཕུར་སྲུང་དམ་ཅན་བཅུ་གཉིས་ལ་འབུལ་བ་ནི། །བསང་སྦྱང་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲང་བར་བསམ་ལ་རྐང་གླིང་དང་བཤུག་པས་དྲང་བའི་རོལ་མོའི་སྒྲ་དང་བཅས་པས། བྷྱོ། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པ། །ཤྭ་ན་བདག་ཉིད་ས་བདག་བསེ་མོ་བཞི། །གྱད་ཆེན་གིང་བཞི་མ་སྲིང་འབར་མ་སོགས། །དཔལ་གྱི་ཕོ་ཉ་གྲངས་མེད་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཉེར་སྤྱོད་སྨན་ཕུད་རཀྟར་བཅས་པས་མཆོད་ཅིང་། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཀཱི་ལ་ཡའི། །བཀའ་ཉན་སྲུང་མ་དམ་ཚིག་ཅན། །ཤྭ་ན་བདག་ཉིད་ས་བདག་མ། །གིང་ཆེན་མ་སྲིང་ཕོ་ཉར་བཅས། །རྔམ་བརྗིད་དུར་ཁྲོད་རྒྱན་ཆ་ཅན། །ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །གྲངས་མེད་འཁོར་དང་བཅས་ལ་བསྟོད། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཅེས་པ་ཙམ་མམ། རྒྱས་པར་ན་སྔོན་ཚེ་སྒྲུབ་གནས་མ་སོགས་བསྐུལ་གྱི་སྐབས་བཞིན་བསྟོད། གཞི་བདག་གཏོར་མ་སོགས་ནི་སྐབས་གཞན་བཞིན་སྦྱར་རོ། །གསུམ་པ་ཚོགས་ཀྱི་མཆོད་པ་ནི། ཚོགས་བྱིན་རླབས་ནས་བར་པ་བཤགས་པ་ཡན་ཚར་བའི་རྗེས་དེ་ཉིད་དུ་བསྐང་བ་བྱ་བ་ནི། བདུད་རྩི། གཏོར་མ། རཀྟ། མར་མེ། ཛ་གད། མཱཾ་ས། ཚེ། ཟླ་རྒྱས། བཾ་གཙང་མ། གསུར་ཆེན། བཟའ་བཅའ་སྣ་ཚོགས་དང་བཅས་པ་བཤམས་ཤིང་ཐོགས་ཏེ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །མི་དགེ་བཅུ་པོ་ཚར་གཅོད་ཕྱིར། ཁྲོ་རྒྱལ་ཡབ་བཅུའི་ཐུགསྎ དགེ་བཅུ་དང་དུ་བླང་བའི་ཕྱིར། ཁྲོ་མོ་བཅུ་ཡི་ཐུགསྎ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། ཁྲ་ཐབས་ཉི་ཤུའི་ཐུགསྎ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར། །སྲས་མཆོག་ཉེར་གཅིག་ཐུགསྎ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར། །ཕྲིན་ལས་བཞི་ཡི་ཐུགསྎ སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར། །ཤྭ་ན་མཆེད་བཞིའི་ཐུགསྎ བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར། །རེ་ཏི་མཆེད་བཞིའི་ཐུགསྎ རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་ཕྱིར། །བསེ་མོ་བཞི་ཡི་ཐུགསྎ མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར། །བསེ་ལྕགས་དུང་གསུམ་ཐུགསྎ འགུགས་འདྲེན་འཆིང་སྡོམ་མྱོས་བྱའི་ཕྱིར། །སྒོ་མ་བཞི་ཡི་ཐུགསྎ རུ་དྲ་སྡེ་གསུམ་འདུལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད་ཐུགསྎ ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར། །མ་བདུན་སྲིང་བཞིའི་ཐུགསྎ ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །ཞེས་དང་གཞན་ཡང། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགསྎ བ་ལིཾ་གཏོར་མས་ཐུགསྎ རཀྟ་དམར་གྱིས་ཐུགསྎ ཞལ་ཟས་ཚོགས་ཀྱིས་ཐུགསྎ དཀྱིལ་འཁོར་ཞལ་གྱིས་ཐུགསྎ ཛ་གད་ཕུད་ཀྱིས་ཐུགསྎ ཞུན་ཆེན་མར་མེས་ཐུགསྎ སྲོག་དབུགས་མདངས་ཀྱིས་ཐུགསྎ གསུར་ཆེན་དྲི་ཡིས་ཐུགསྎ རོལ་མོ་སྒྲ་ཡིས་ཐུགསྎ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གཡར་དམ་གཉན་པོ་སོར་སྩོལ་ཅིག །དེ་ནས་རྫས་རྣམས་བཞག་སྟེ་བསྐོར་བ་ཕྱིར་ཟློག་ཏུ་ཐལ་མོ་གདབ་ཅིང་། དེ་ལྟར་བསྐང་བས་བསྐངས་གསོས་ནས། །འདི་ལྟར་བཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱི་བདུད་གཡོས་ཕྱིར་ལ་ཟློག །མས་ཀྱི་སྲི་ལངས་ཕྱིརྎ ཉེ་བའི་བྱོལ་པོ་ཕྱིརྎ ཡུལ་པའི་འགྲིམ་ཆགས་ཕྱིརྎ ཕ་ཚན་རྒྱབ་འདྲེ་ཕྱིརྎ མ་བུའི་བྱུར་འདྲེ་ཕྱིརྎ གཤིན་རྗེའི་འཕྲུལ་འཁོར་ཕྱིརྎ མ་མོའི་ཁྲག་ཟོར་ཕྱིརྎ བདུད་ཀྱི་ཁྲམ་ཁ་ཕྱིར་ལྎ བཙན་གྱི་གཟེར་ཁ་ཕྱིརྎ ས་བདག་གདུག་བྱེད་ཕྱིརྎ རྒྱལ་པོའི་སྨྱོ་འབོག་ཕྱིརྎ གཟའ་ཡི་ཀིང་ཀང་ཕྱིརྎ མུ་སྟེགས་ངན་སྔགས་ཕྱིརྎ ཐེའུ་བྲང་སྲིས་རྐུནྎ ནད་ཁ་རིམས་ཁ་ཕྱིརྎ སྔགས་པའི་ཕུར་ཁ་ཕྱིརྎ བོན་གྱི་བོན་ཟོར་ཕྱིརྎ སུམ་པའི་གླང་ཟོར་ཕྱིརྎ མེ་ཉག་འབོལ་ལེ་ཕྱིརྎ ལོ་ཟླ་ཞག་ཀེག་ཕྱིརྎ མོ་ངན་རྨི་ངནྎ ལྟས་ངན་མཚན་ངན་ཕྱིར་ལྎ ཕོ་བརྒྱས་མདའ་བདར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་ཟས་ཁ་ཟློག །མི་ནག་སྐྱེ་བོའི་ཡ་ག་ཟློག །བྲན་ཁོལ་ངན་པའི་དམོད་མཆུ་ཟློག །དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ། །བགེགས་ལ་བྷྱོ་ལ་རྡུལ་དུ་རློགས། །ཞེས་བསྐང་ཟློག་དྲག་ཏུ་བྱ་སྟེ། འདི་ནི་ཚོགས་མཆོད་ཀྱི་ལེ་ལག་ཡིན་ནོ། །གཉིས་པ་དྲག་པོའི་ལས་ཀྱིས་གཡུལ་འགྱེད་པ་ལ། སྔོན་དུ་བྱ་བ་གཉིས། བར་དུ་བྱ་བ་བཞི། རྗེས་སུ་བྱ་བ་དྲུག་གི །སྔ་མར་ཐུགས་དམ་བསྐུལ་བ་དང་མཁྱེན་གསོལ་གཉིས་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། རང་ཉིད་ལྷའི་ང་རྒྱལ་དྲག་པོ་བསྐྱེད། བླ་མ་རིག་འཛིན་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བཞེངས་ཤིང་སྤྲུལ་པའི་ཕོ་ཉ་ནམ་མཁའ་གང་བ་ཙམ་སྤྲོ་བར་དམིགས་ལ་རིག་འཛིན་བསྐུལ་པ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙན་དན་ནགས་ཚལ་ལ། །ཇི་ལྟར་རྟགས་བརྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །གངྒཱ་ལྷ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མནྡྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །དགུང་གི་ཕོ་རོག་ནག་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་རིག་འཛིན་ཆེན་པོ་ཡིས། །གནམ་ལྕགས་འབར་བའི་བྲག་ལོགས་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་རིག་འཛིན་བརྒྱུད་པའི་ཚོགས། །ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མ་གཡེལ་མ་གཡེལ་རིག་འཛིན་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མཐུ་རྩལ་ནུས་པའི་དཔུང་སྐྱེད་ཅིང་། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དཀྱིལ་འཁོར་རྩ་བའི་ལྷ་རྣམས་བསྐུལ་བ་ནི། ཧཱུྃ། གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །མི་གནས་དཔལ་ཆེན་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། །ཤིན་ཏུ་མི་བཟད་འཇིགས་པའི་སྐུ །མཐིང་ནག་གཅེར་བུ་རལ་པ་ཅན། །ཞིང་ཆེན་ཀོ་རློན་གོས་སུ་གྱོན། །སྟག་ལྤགས་གྲོལ་བའི་ཤམ་ཐབས་ཅན། །རྡོ་རྗེ་མེ་དཔུང་འཁྲུགས་པའི་ཚུལ། ཁྲག་དང་ཞག་གི་ཚོམ་བུ་སོགས། །དུར་ཁྲོད་འཇིགས་པའི་རྒྱན་ཆ་ཅན། །དེ་དང་གཉིས་མེད་སྦྱོར་བའི་ཡུམ། །བདེ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་ཐབས་ཤེས་རོལ་པ་ལས། །སྤྲུལ་པ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་གསོད་ཕོ་ཉའི་དམག་ཚོགས་དང་། །འཁོར་གྱི་མ་མོ་དམ་ཅན་རྣམས། །རེ་བ་ཐམས་ཅད་བསྐང་བའི་ཕྱིར། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །དམ་ཚིག་བཞིན་དུ་གཤེགས་ནས་ཀྱང། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །དམ་ཚིག་གཉན་པོ་འདྲལ་བྱེད་དང་། །རྡོ་རྗེའི་མཆེད་ལ་འཁུ་བྱེད་དང་། །མི་བྱམས་སྡང་ལ་ཉེ་རིང་མེད། །དམ་ལས་འདའ་ན་མཆེད་ཀྱང་རུང་། །གནོད་པར་བྱེད་ན་ལྷ་ཡང་རུང་། །ཡས་ཀྱི་བདུད་དང་མས་ཀྱི་སྲི། །རྣོ་བའི་མཚོན་དང་སྦྱོར་བའི་དུག །སྔ་དགྲ་ལག་བདར་ཕྱི་དགྲ་སེམས། །ད་དགྲ་བསམ་ངན་སྦྱོར་རྩུབ་པ། །དཀོན་མཆོག་དབུ་འཕང་དམོད་པ་དང་། །བསྟན་པ་གཉན་པོ་འཇིག་པ་རྣམས། །ལོ་ཡི་དུས་ལས་འདས་ཏ་རེ། །ཟླ་བའི་མལ་ནས་ཡོལ་ཏ་རེ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །ཐམས་ཅད་མ་ལུས་མྱུར་དུ་ཁུག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས། །ཞགས་པ་ཅན་གྱིས་རྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས། །དྲིལ་བུ་ཅན་གྱིས་རྣམ་ཤེས་སྒྱུར། །རྡོ་རྗེ་ཅན་གྱིས་རྒྱབ་ནས་ཕུལ། །མཆེ་བ་ཅན་གྱིས་སྤྱི་ནས་ཆོམས། །ལྕགས་མཆུ་ཅན་གྱིས་སྙིང་ནས་གཞིབས། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །ནུ་མ་ཅན་གྱིས་སྡེབས་ཤིང་གཞིབས། །གན་བུབ་ནག་པོ་བསྲེས་ལ་ཤོག །ལས་ཀྱི་རླུང་གིས་གཤམ་ནས་འདེགས། །འཇིགས་པའི་མུན་པས་མདུན་ནས་སུས། །ལྟག་པའི་བདུད་སྒོ་ཕྱེས་ལ་ཤོག །དཔྲལ་བའི་མིག་ཕྱུངས་ཁོང་སྙིང་ཐོན། །རང་དབང་མེད་པར་དྲོངས་ཤིག་ཁུག །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ཤིགས། །རྣམ་ཤེས་ཚངས་པའི་ལམ་ནས་སྤོར། །མ་གཡེལ་བཅོལ་པའི་ཕྲིན་ལས་རྣམས། །དམ་ཚིག་ཚུལ་བཞིན་གྲུབ་པར་མཛོད། །ཅེས་བསྐུལ། དམ་ཅན་རྣམས་བསྐུལ་བ་ནི། ཧཱུྃ་བྷྱོ། སྔོན་ཚེ་སྒྲུབ་པའི་གནས་མཆོག་ནས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །བསེ་ཡི་འཕར་བ་ལྕེ་བརྒྱད་མ། །གཡུ་ཡི་ཁྱི་མོ་རལ་པ་ཅན། །ང་རོ་འབྲུག་ཏུ་ལྡིར་ཞིང་ཟུག །ཁ་རླངས་སྤྲིན་དུ་འཁྱིལ་ཞིང་འཐིབས། །མིག་ནི་ཉི་མའི་ཟེར་བཞིན་འབར། །བང་ནི་གློག་གིས་འགྲན་མི་ནུས། །སྤུ་ནི་མཚོན་ཆའི་སོ་ལྟར་རྣོ། །དེ་འདྲའི་འཆིབ་ཀྱི་བརྗིད་ཚུལ་ལ། །འཇིགས་པའི་མི་མོ་བཟང་མོ་ཞོན། །མི་བསྲུན་གདུག་པའི་བུད་མེད་བཞི། །གཡས་པ་རྡོ་རྗེ་ཐོད་ཕྲེང་འདྲེན། །གཡོན་པ་རིན་ཆེན་ཕུར་བུ་སྒྲིལ། །མུ་ཁ་མཆེད་བཞིའི་དུས་ལ་བབ། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་བྷྱོ། བྱིང་བྱེད་མཚོ་ལ་གནས་བཅས་ཤིང་། །རླུང་ནག་འཚུབས་མའི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་མདོག་མཐིང་ནག་འབར་བ་ལ། །མི་ལྤགས་རློན་པ་སྐུ་ལ་གསོལ། །ཕྱག་ན་སྤུ་གྲི་རྣོན་པོ་བསྣམས། །ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། བར་སྣང་ཁམས་སུ་རྟེན་བཅས་ཤིང། །འབྲུག་དང་གློག་གི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཏྲི། །སྐུ་མདོག་དམར་ནག་འབར་བ་ལ། །བཙོས་དམར་ལ་འུ་སྐུ་ལ་གསོལ། ཁྲག་སྐམ་ལྕགས་ཀྱུ་ཕྱག་ན་བསྣམས། །ཆུ་གླང་སྔོན་པོ་ཆིབས་སུ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། རི་རབ་རྩེ་ལ་རྟེན་བཅས་ཤིང་། །སད་དང་སེར་བའི་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཛ། །སྐུ་མདོག་སེར་ནག་འབར་བ་ལ། །བྱ་ཡི་ཐུལ་པ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །ཆིབས་སུ་ཤ་བ་ཡུ་མོ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། ས་ཡི་གླིང་དུ་རྟེན་བཅས་ཤིང་། ཁ་བ་བུ་ཡུག་སྣ་འདྲེན་མ། །དཔལ་ལྡན་ནག་མོ་རེ་མ་ཛུ། །སྐུ་མདོག་ལྗང་ནག་འབར་བ་ལ། །ཆུ་དར་ཐུལ་པ་སྐུ་ལ་གསོལ། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །རྔ་མོ་སྔོ་ནག་ཆིབས་སུ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་མ་མ་པ་ཤཱཾ་ཀུ་རུ་མ་ཏཾ་ཉྱ་ཀ་ར་ཨི་དནྡྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་བྷྱོ། བལ་ཡུལ་ཡ་བྱིན་ཡུལ་ལ་བརྟེན། །མར་ཁུའི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །མཐིང་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་ན་བདུད་ཞགས་ལྕགས་ཀྱུ་བསྣམས། །བདུད་རྟ་ནག་པོ་ཆིབས་སུ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། རོང་གི་དེ་བྱིན་ཡུལ་ལ་བརྟེན། །ཞག་གི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །བེར་ཆེན་སེར་ནག་སྐུ་ལ་གསོལ། །གསེར་ཞགས་གསེར་ཕུར་ཕྱག་ན་བསྣམས། །ཆིབས་སུ་གཟའ་རྟ་སེར་པོ་འཆིབ། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། མང་ཡུལ་བསེ་བྱིན་ཡུལ་ལ་བརྟེན། ཁྲག་གི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །བེར་ཆེན་དམར་ནག་སྐུ་ལ་གསོལ། །བཙན་ཞགས་སེང་ལྡེང་ཕུར་བུ་བསྣམས། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྙེ་ནམ་ཕག་བྱིན་ཡུལ་ལ་བརྟེན། །འོ་མའི་མཚོ་ལ་མངའ་ཡང་མཛད། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །སྐུ་མདོག་སྔོ་ནག་འབར་བ་ལ། །བེར་ཆེན་སྔོ་ནག་སྐུ་ལ་གསོལ། །གཡུ་ཞགས་མཆོང་ཕུར་ཕྱག་ན་བསྣམས། །གཡུ་རྟ་སྔོན་པོ་ཆིབས་སུ་བཅིབས། །འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད། །ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡྷ་ནི། དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དང་། བསྐུལ་མཚམས་སོ་སོར། དམ་རྫས་མཆོད་པ་འདི་བཞེས་ལ། །སྲིད་པའི་ཕུར་བུ་བདག་སྒྲུབ་པས། །བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་སྦྱར་ཞིང་། སྨན་རག་གཏོར་མར་སྦྲེང་ཞིང་བསྐུལ་ལོ། །གཉིས་པ་མཁྱེན་པར་གསོལ་བ་ནི། ཛ་གད་གསེར་དང་སྦྱར་བའི་སྨན་ཕུད་ཕྱོགས་བཅུར་འཐོར་ཞིང་། ཧཱུྃ། བདག་ནི་མ་ཉེས་མ་ཡོ་འོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་མི་འགུགས་སོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འོག་གི་ཀླུ་ཡང་མི་འགུགས་སོ། །འོག་ན་གནས་པའི་ཀླུ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །བན་གྱི་སྲུང་མ་མི་འགུགས་སོ། །བན་གྱི་སྲུང་མ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །བོན་གྱི་ལྷ་གསས་མི་འགུགས་སོ། །བོན་གྱི་ལྷ་གསས་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འགོ་བའི་ལྷ་ལྔ་མི་འགུགས་སོ། །འགོ་བའི་ལྷ་ལྔ་ཐམས་ཅད་ཀྱང། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །ཡུལ་གྱི་ལྷ་ཡང་མི་འགུགས་སོ། །ཡུལ་ལྷ་གཉན་པོ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །སྣང་སྲིད་ལྷ་འདྲེ་མི་འགུགས་སོ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །དུས་གསུམ་རྒྱལ་བའི་བཀའ་བྱུང་བས། །ལུས་ངན་འདི་ལ་མ་ཆགས་པར། །བག་ཟོན་བྱོས་ལ་རང་སར་དེངས། །དམ་ཉམས་འདིས་ཉེས་ང་མ་ལེན། །མ་ཉེས་མ་ཡོ་ཡེ་ཤེས་ལྷ། །དམ་ཅན་རྒྱ་མཚོ་ར་མདའ་རློག །སྲིད་པའི་ལྷ་འདྲེ་གྲོགས་ལ་བྱོན། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །ལེགས་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད། །བདག་དང་འགྲས་པའི་དགྲ་བོ་འདི། །བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ། །ཉམས་པ་བདུན་དང་སྐུ་དགྲ་ལྔ། །ཀུན་ལ་འདི་གཏོགས་ཆད་པ་ཆོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །དྲིན་ལན་གཏང་རག་ཁྱེད་ལ་གཏོང་། །བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་གསོལ་བས་རང་ལ་གནང་བ་བསྩལ་ཅིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་པར་བསམ་མོ། །བར་དུ་བྱ་བའི་ལས་ལ་དམིགས་བྱ་བསྐྱེད་དགུག །སྒྲོལ་ཆོག་དངོས། ཐུགས་དམ་བསྐུལ་བ། ཟློག་ལས་འཆོལ་བ་བཞིའི། དང་པོ་དམིགས་བྱ་བསྐྱེད་ཅིང་དགུག་གཞུག་བྱ་བ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ་སོགས་ཀྱིས་བསྐྱེད་ཅིང་། བདེན་བདར་སྔོན་དུ་འགྲོ་བའི་དགུག་གཞུག་དྲག་པོ་གསུམ་མམ་བདུན་སོགས་ཀྱིས་དགུག་འདྲེན་ནན་ཏན་དུ་བྱ། ཕོ་ཉ་བཞི་བསྐུལ་ཏེ་དགུག་འཆིང་སྡོམ་པ་དང་། མྱོས་སུ་གཞུག་གོ །གཉིས་པ་སྒྲོལ་ཆོག་དངོས་ལ་ཐུན་མོང་དང་ཁྱད་པར་གྱི་མན་ངག་གཉིས་ཡོད་པ་སྐབས་བབ་ཀྱི་དགོས་པ་དང་སྦྱར་ནས་འདིར་སྒྲུབ་ཅིང་། དེའི་ལས་རིམ་སྔ་མ་ནི་ལས་བྱང་དང། ཕྱི་མ་ནི་སྨད་ལས་རྡོ་རྗེའི་མེ་ཆར་དུ་བཤད་པ་ལས་ཤེས་པ་ཉིད་དོ། །གང་ལྟར་ཡང་དམིགས་བྱ་བསྒྲལ་པའི་ཤ་རུས་རྣམས་ཆ་གཅིག་གཏོར་མར་སྦྲེངས་ནས་བསྟབ་པ་བྱ། ཆ་གཅིག་ཁྲག་སྐྱེམས་དང་སྦྱར་ནས་ཟློག་བསྐུལ་གྱི་ཚེ་འབུལ་རྒྱུར་འཇོག །ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་རྒྱུའོ། །སྐབས་འདིར་ཚོགས་གཏོར་ལ་རོལ་པ་ལྷག་མ་སྦྱིན་པའི་བར་ལས་བྱང་བཞིན་བྱའོ། །གསུམ་པ་སླར་ཡང་བསྐུལ་བ་ནི། ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བདུད་འདུལ་ཁྲོ་བོ་ཆེན་པོའི་སྐུར་སྟོན་པ། །བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཡབ་ཡུམ་གཉིས་སུ་མེད་པའི་དཀྱིལ་འཁོར་ནས། །བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅི་བགྱིའི་ལས་ལ་འདུ་བའི་དཀྱིལ་འཁོར་ནས། །ཟ་གསོད་མགོ་བརྙན་ཚོགས་རྣམས་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཡེ་ཤེས་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས། །ཡང་སྤྲུལ་སུམ་སྤྲུལ་མང་པོ་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཚད་མེད་བཞི་ལྡན་དཀྱིལ་འཁོར་སྒོ་བཞི་ནས། །རྟ་གདོང་སྒོ་སྐྱོང་རྣམ་བཞི་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་སེམས་ཅན། །བསྟན་སྐྱོང་ཤྭ་ན་མཆེད་བཞི་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །སྤྲུལ་པ་མང་པོ་འབྱུང་བའི་དཀྱིལ་འཁོར་ནས། །བདག་ཉིད་ཆེན་མོ་འཁོར་བཅས་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །མཚོ་བཞི་ཕོ་བྲང་གཏམས་པའི་དཀྱིལ་འཁོར་ནས། །དམ་ཅན་བསེ་ཡི་ལྷ་མོ་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཙིཏྟ་སྒོང་ལྟར་འདྲིལ་བའི་དཀྱིལ་འཁོར་ནས། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །རཀྟ་མཚོ་ལྟར་བསྐྱིལ་བའི་དཀྱིལ་འཁོར་ནས། །མ་བདུན་སྲིང་བཞིའི་ཚོགས་རྣམས་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །གངྒཱའི་རྡུལ་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །དབང་ཕྱུག་རྩ་བརྒྱད་ལ་སོགས་ལྷག་མའི་གནས། །ལངྐ་དུར་ཁྲོད་མཁའ་འགྲོ་སུམ་ཅུ་གཉིས། །འབུམ་ཕྲག་ཡངས་པའི་ཚོགས་རྣམས་སྐུ་བཞེངས་ཤིག །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ཞིང་ཚིག་མཚམས་སོ་སོར་གོང་དུ་བསྡོགས་པའི་ལིང་རོོ་སྦྱར་བའི་ཁྲག་སྐྱེམས་གཏོར་མ་རྣམས་ལ་དམིགས་ཕྱེད་པར་བསྟབ་བོ། །བཞི་པ་ཟློག་པའི་ཕྲིན་ལས་གསོལ་བ་ནི། ཧཱུྃ། ཆོས་དབྱིངས་ངང་ལས་སྙིང་རྗེ་ཡི། །རྩལ་སྣང་དུར་ཁྲོད་གཞལ་ཡས་ཁང་། །རབ་འབར་འཁོར་ལོ་རྩིབས་བཅུའི་དབུས། །ལྷ་ཆེན་ཕོ་མོའི་གདན་སྟེང་ན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །སྲས་མཆོག་ཉེར་གཅིག་འཁོར་གྱིས་བསྐོར། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འགྱེད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དབུས་ཀྱི་ཕྱོགས་ནས་བདུད་གཡོས་པ། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་རོ་དམར་ཆེན་གཏོར་མས་སྒྱུར། །ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །ཡབ་ཡུམ་ཐབས་ཤེས་རོལ་པ་ལས། ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི། །སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཚངས་པ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨྲིག་བུའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །སྟེང་ཕྱོགས་ཚངས་པའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །སྤྲོས་པ་ལ་དགའ་ན་ཁྲོ་བཅུ་ཐམས་ཅད་ཀྱི་གོང་དུ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །སོགས་ཀྱི་ཤྭ་ལོ་ཀ་གཅིག་པོ་སྦྱར་ཞིང་། མི་སྤྲོ་ན། ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །དྲི་ཟ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མར་བཅས། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ཕྱོགས་དྲི་ཟའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ།། མེ་ལྷ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ལྷོ་མེ་ལྷའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གཤིན་རྗེ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ལྷོ་ཕྱོགས་གཤིན་རྗེའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །སྲིན་པོ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ལྷོ་ནུབ་སྲིན་པོའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཀླུ་དབང་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ནུབ་ཕྱོགས་ཀླུ་དབང་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །རླུང་ལྷ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ནུབ་བྱང་རླུང་ལྷའི་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གནོད་སྦྱིན་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེངྒེ་ཕ་ཝང་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །བྱང་ཕྱོགས་གནོད་སྦྱིན་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དབང་ལྡན་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ། །སྤྲུལ་པ་དོམ་དང་སྲེ་མོང་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །བྱང་ཤར་དབང་ལྡན་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཧཱུྃ། འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ས་བདག་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ། །སྤྲུལ་པ་དྲེད་དང་བྱི་བའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །འོག་ཕྱོགས་ས་བདག་གདོན་དང་བགེགས། །ཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག །སྒྱུར་ཅིག་ངན་སྡིག་དགྲ་ལ་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད། །ཅེས་དང་། གཞན་ཡང་། བྷྱོ། ཟློག་སྒྱུར་ལས་ལ་ཁྱེད་རང་མཁས། །ལྕི་ཡང་རི་བོ་པང་དུ་ལོངས། །དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབས། །ཡས་ཀྱི་བདུད་གཡོས་ཁྱེད་ཀྱིས་ཟློག །མས་ཀྱི་སྲི་ལངས་ཁྱེད་ཀྱིས་ཟློག །ཉེ་བའི་བྱོལ་པོ་ཁྱེད་ཀྱིསྎ ཕ་ཚན་རྒྱ་འདྲེ་ཁྱེདྎ མ་བུའི་བྱུར་འདྲེ་ཁྱེདྎ གཤིན་རྗེའི་འཕྲུལ་འཁོརྎ མ་མོའི་ཁྲག་ཟོརྎ བདུད་ཀྱི་ཁྲམ་ཁྎ བཙན་གྱི་གཟེར་ཁྎ ས་བདག་བྱད་ཁྎ རྒྱལ་པོའི་སྨྱོ་འབོགྎ གཟའ་ཡི་ཀིཾ་ཀངྎ མུ་སྟེགས་ངན་སྔགསྎ ཐེའུ་བྲང་སྲིས་རྐུནྎ ནད་ཁ་རིམས་ཁྎ སྔགས་པའི་ཕུར་ཁྎ བོན་པོའི་བོན་ཟོརྎ སུམ་པའི་གླང་ཟོརྎ མེ་ཉག་འབོལ་ལེྎ ལོ་ཟླ་ཞག་ཀེགྎ མོ་ངན་རྩིས་ངནྎ ལྟས་ངན་མཚན་ངནྎ ཕོ་བརྒྱས་མདའ་བདར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་ཟས་ཁ་ཟློག །མི་ནག་སྐྱེ་བོའི་ཡ་ག་ཟློག །བྲན་འཁོར་ངན་པའི་དམོད་མཆུ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གདོན་རིགས་ཉིས་ཁྲི་ཆིག་སྟོང་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །གློ་བུར་དགུ་བཅུ་རྩ་གཅིག་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །དུས་མིན་འཆི་དང་འཇིགས་བརྒྱད་ཟློག །མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག །བྷྱོ། ང་ནི་འཁོར་འདས་ཀུན་གྱི་བདག །དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ། །སྐུ་ཆེན་ང་ཡིས་སྒྱུར་ཙ་ན། །གཟུགས་ཁམས་མི་འགྱུར་གང་ཡང་མེད། །གསུང་ཆེན་ང་ཡིས་སྒྱུར་ཙ་ན། །སྒྲ་སྐད་མི་འགྱུར་གང་ཡང་མེད། །ཐུགས་ཆེན་ང་ཡིས་སྒྱུར་ཙ་ན། །སེམས་ཁམས་མི་འགྱུར་གང་ཡང་མེད། །དེ་ཕྱིར་ཕས་རྒོལ་མི་མཐུན་པའི། །འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །ཟློག་གོ་དམར་ཆེན་གཏོར་མས་ཟློག །སྒྱུར་རོ་དཔལ་ཆེན་མཐུ་ཡིས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་ཟློག་པའི་ཕྲིན་ལས་བསྐུལ་ལོ། །རྗེས་སུ་བྱ་བའི་ལས་ལ། ཡེ་ཤེས་གཤེགས་ཤིང་ཟོར་བསྒྲུབ་པ། ཟོར་ལམ་བསལ་བ། མཐུ་དཔུང་བསྐྱེད་པ། ཟོར་བསྐུལ་བ། ཟོར་འཕང་བ། ཟོར་རྗེས་གཅོད་པ་དང་དྲུག་ལས། ཡེ་ཤེས་པ་གཤེགས་ཤིང་ཟོར་རྫས་བསྒྲུབ་པ་ནི། གཏོར་མའི་ལྷ་ཚོགས་རྣམས་ལ་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པར་གསོལ། སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་འདི་ལྟར་བསྒྲུབ་སྟེ། གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་བསམ་ལ་གཙོ་འཁོར་ཐམས་ཅད་ཀྱི་རྩ་སྔགས་སྤེལ་ཚིག་ཅན་དང་། ཁྱད་པར་དྲག་སྔགས་འདུས་པ་ཡང་དྲིལ་ཅོག་བརྡུང་སྤེལ་ཚིག་ཅན་ཅི་ནུས་དྲག་པོར་བཟླས་ལ་ཟོར་རྫས་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་བཅས་པར་དམིགས་བྱ་འགུག་འདྲེན་དང་ཞལ་སྟོབ་ཀྱི་དམིགས་པ་དྲག་པོ་དང་བཅས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་ཆེན་དུ་ཕུལ་ལ། ཧཱུྃ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་ཞི་ཁྲོ་རབ་འབྱམས་དང་། ཁྱད་པར་ཕུར་བུའི་ལྷ་ཚོགས་རྣམས། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །དཔལ་ཆེན་མགོན་པོ་ལྕམ་དྲལ་དང། །ཤྭ་ན་བདག་ཉིད་ས་བདག་སོགས། །དཔལ་ཆེན་བཀའ་ཡི་སྲུང་མ་རྣམས། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། ཟོར་ཆེན་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་རྒྱུད་མོ་རྒྱུད་དྲེགས་པའི་ཚོགས། །བསྟན་ལ་མངོན་པར་དགའ་བ་རྣམས། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དེ་ལྟར་འདོད་དོན་གསོལ་བས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཀྱིས་ཟོར་ཆེན་དཔུང་བསྐྱེད་པའི་ཕྲིན་ལས་མཛད། སྤྲུལ་པ་ཟོར་རྫས་ཕོ་ཉར་བཅས་པ་དཔའ་བོ་གཡུལ་དུ་ཞུགས་པ་ལྟར་ཟ་ཟ་རྔམས་རྔམས་སུ་བསྐྱོད་པར་བསམ་མོ། །གཉིས་པ་ཟོར་ལམ་བསལ་བ་ནི། ཕུད་འཐོར་ཞིང་བདེན་པའི་ཡུས་ཀྱིས། ཧཱུྃ། བདག་ནི་མ་ཉེས་མ་ཡོ་འོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་སྐུ་ཟུར་ཅིག །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །འོག་གི་ཀླུ་ཡང་སྐུ་ཟུར་ཅིག །འོག་ན་གནས་པའི་ཀླུ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །བན་གྱི་སྲུང་མ་སྐུ་ཟུར་ཅིག །བན་གྱི་སྲུང་མ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །བོན་གྱི་ལྷ་གསས་སྐུ་ཟུར་ཅིག །བོན་གྱི་ལྷ་གསས་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །འགོ་བའི་ལྷ་ལྔ་སྐུ་ཟུར་ཅིག །འགོ་བའི་ལྷ་ལྔ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཡུལ་གྱི་ལྷ་ཡང་སྐུ་ཟུར་ཅིག །ཡུལ་ལྷ་གཉན་པོ་ཐམས་ཅད་ཀྱང། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །སྣང་སྲིད་ལྷ་འདྲེ་སྐུ་ཟུར་ཅིག །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཞེས་པས་ཟོར་ལམ་བསལ་ལ། ༼ཕྱག་བཞེད་དུ་བསྐུལ་དང་ཆད་ཐོ་འདིར་བྱ། མཆན།༽ཕུད་དང་རུ་མཚོན་གྱིས་སྣ་དྲངས་པའི་ཕྱི་བཞིན་དུ་ཟོར་གྱི་རྫས་རྣམས། དེ་རྗེས་དམ་ཅན་གྱི་གཏོར་མ་དང་དཔལ་གྱི་གཏོར་ཆེན་རྣམས་རིམ་པ་བཞིན་ཁྱེར་ལ། སྒྲུབ་པ་པོས་དེ་དག་གི་ཕྱི་བཞིན་རོལ་མོ་དང་བཅས་པས་བསྐྱོད་ལ་དྲང་སྲོང་གི་རྒྱུ་ཕྱོགས་དང་བསྟུན་པའི་སར་འགྲོ །གཏོར་སྐྱེལ་ཞུབ་ཅན་དུ་བྱེད་པ་འགྲུབ་ན་བྱ། མཐའ་གཅིག་ཏུ་མ་ངེས་སོ། །གསུམ་པ་ཟོར་གྱི་དཔུང་བསྐྱེད་པ་ནི། ཕུད་ཕྱོགས་བཅུར་འཐོར་ཞིང་། ཧཱུྃ་བྷྱོ། བླ་མ་ཡི་དམ་ལྷ་ཚོགས་དང་། ཁྱད་པར་ཕུར་བུའི་ལྷ་ཚོགས་ཀྱིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཤྭ་ན་བདག་ཉིད་ས་བདག་སོགས། །དམ་ཅན་ཆོས་སྐྱོང་སྲུང་མ་ཡིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་གཉན་པོ་ཡིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཅེས་དང་བདེན་སྟོབས་ཀྱིས་དཔུང་བསྐྱེད་པ་ནི། ཧཱུྃ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་གྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །དགྲ་བགེགས་རྣམས་ནི་ཕམ་པར་མཛོད། །རིག་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་རིག་པ་ངར་དང་ལྡན་པས་བརྗོད་དོ། །བཞི་པ་ཟོར་བསྐུལ་བ་ནི། ཧཱུྃ། དགྲ་བོའི་ཡུལ་དུ་དམག་འདྲེན་ནོ། །དམག་དཔོན་རྡོ་རྗེ་གཞོན་ནུས་མཛོད། །དམག་སྣ་ཁྲོ་བཅུས་ཕྱོགས་བཅུར་དྲོངས། །སྒོ་བཞི་མ་མོས་དམག་དཔུང་སྡུས། །གིང་ཆེན་ཇག་པ་ཕྱོགས་བཅུར་ཁྱེས། །གནོད་བྱེད་དགྲ་བགེགས་བླ་ཁུག་ལ། །སྲས་མཆོག་ཉེར་གཅིག་གཏོར་ཟོར་རྒྱོབ། ཁྲག་ཟོར་ཕུར་ཟོར་རྡོ་ཟོར་དང་། །མདའ་ཟོར་ཐུན་ཟོར་དུག་ཟོར་རྒྱོབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་རག་མོ་ཡག་མོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ ཌཱ་ཀི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་ཧཱུྃ་ཕཊ༔ རྗེས་ལ། དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོ། ཞེས་བསྐུལ། ལྔ་པ་ཟོར་འཕང་བ་ནི། བྷྱོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །དམར་ཆེན་དྲག་པོ་གཏོར་མའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །དྲག་སྔགས་བརྗོད་བཞིན་པར་བརྡེག །དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཁྱད་པར་གཏོར་ཟོར་གྱི་ཚབ་ཏུ། རྦ་ཀློང་འཁྲུག་པ་ཁྲག་གི་ཟོར། །རི་བོ་སྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་གཟིངས་པ་ཡུངས་དཀར་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །ཞེས་བསྒྱུར་ལ་ཐམས་ཅད་ཀྱི་མཐར་དྲག་སྔགས་བརྗོད་བཞིན་པས་འཕང་། དེ་ནས། ཧཱུྃ། དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་དྲག་སྔགས་ཟློག་ཤམ་ཅན་དྲག་པོར་བཟླ་བཞིན་པར་དམ་ཅན་གྱི་གཏོར་མ་ནས་བཟུང་གཙོ་གཏོར་གྱི་བར་བརྡེག་ཅིང་། དགྲ་བོའི་གཟུགས་ཕུང་བཤིག །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམ་ལ་དྲག་སྔགས་དམོད་མོར་བཅས་པས་ཐལ་མོ་དང་དུལ་མོ་བརྡེབ་བོ། །རྗེས་འབྲེལ་དུ་མནན་སྲེག་གི་ལས་སྦྱོར་སྦྲེལ་བར་སྤྲོ་ན་མན་ངག་གཞན་དུ་བལྟའོ། །དྲུག་པ་ཟོར་རྗེས་གཅོད་པ་ནི། སྲུང་འཁོར་གྱི་ར་བས་མཚམས་གཅད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོག་ལ་སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་བྲོ་ལས་གཞུང་བཞིན་ནམ། རྒྱས་པར་ལས་བཞིའི་བྲོ་བརྡུང་སྒྲུབ་ཁོག་ཆེན་མོ་ལས་འབྱུང་བ་བཞིན་བརྡུང་ངོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོ། བྱིན་གྱིས་བརླབས་ཏེ་ཕུལ་ནས་བསྟོད་པ་བྱ། སྨོན་ལམ་གདབ་ཅིང་ནོངས་པ་བཟོད་པར་གསོལ། ནམ་མཁར་བཞུགས་པའི་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སོགས་ཀྱིས་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རྣལ་འབྱོར་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྣང་སྲིད་འོད་དུ་ཞུ་བ་སོགས་ནས་རྒྱུན་གྱི་སྤྱོད་ལམ་གྱི་བར་ལས་བྱང་བཞིན་ནོ། །བཀྲ་ཤིས་བརྗོད་པ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །འཁོར་ལོ་རྒྱས་འདེབས་ཡུམ་གྱི་བཀྲ་ཤིས་ཤོག །སྤྲུལ་པའི་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །ཤེས་རབ་ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག །ཡང་སྤྲུལ་ཕྱག་བརྙན་ཚོགས་ཀྱི་བཀྲ་ཤིས་ཤོག །སྲས་མཆོག་ཕུར་བུའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་སྒོ་སྐྱོང་བཞི་ཡི་བཀྲ་ཤིས་ཤོག །དམ་ཅན་བཀའ་སྡོད་སྲུང་མའི་བཀྲ་ཤིས་ཤོག །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །འདིས་ནི་ཕས་ཀྱི་རྒོལ་བ་བདུད་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་མཐའ་དག་གི་མཐུ་བྱད་རྦོད་གཏོང་ངན་སྡིག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་ཅིང་གནས་སྐབས་དང་མཐར་ཐུག་ཏུ་དགེ་བའི་འབྲས་བུ་སྟེར་བ་ལ་གདོན་མི་འཚལ་བ་ཡིན་ནོ། །དུས་མཐའི་སྤྲིན་མཚུངས་ཉི་མ་འབུམ་གྱི་གཟིས། །བདུད་དགྲའི་མུན་པ་མཐར་བྱེད་དཔལ་ཆེན་པོའི། །མན་ངག་ཟབ་དྲིལ་པདྨའི་ཞལ་ལུང་བཞིན། །བརྗོད་པ་གང་འདི་ཐུབ་བསྟན་བཙས་སུ་ཤོག །དཔལ་རྡོ་རྗེ་ཕུར་བུའི་དམར་ཆེན་གཏོར་ཟློག་གི་ལས་རིམ་བདུད་འཇོམས་རྣམ་རོལ་ཞེས་པ་འདི་ནི་སློབ་དཔོན་རྣམ་གསུམ་རྗེས་འབྲང་དང་བཅས་པའི་མན་ངག །བཀའ་གཏེར་ཀྱི་གཞུང་འཁྲུལ་མེད་རྣམས་ཀྱི་དགོངས་པ་ཅུང་ཟད་རིག་པའི་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་དམར་སེར་གྱི་ལོ་ཁྲུམས་ཀྱིས་ཉ་བའི་དུས་དགེ་བར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་སྦྱར་བ་བདེ་ལེགས་སུ་གྱུར་ཅིག། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).