Terdzo-ZHA-037



Property "author" has been marked for restricted use.








Terdzo-ZHA-037.pdf
Click the picture above to view the Shechen manuscript.

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་

thugs rje chen po rgyal po lugs kyi sku gsum snying po'i don khrid kyi zin bris nyung gsal snying por dril ba

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གྲུབ་ཐོབ་དངོས་གྲུབ་ (Druptop Ngödrup)
in cycle  ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ (Thugs rje chen po rgyal po lugs)
Volume 21 (ཞ) / Pages 661-671 / Folios 1a1 to 6a6

Tibetan Text

༄༅། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས་སོ། ། ཨོཾ་སྭསྟི། མི་འ༵གྱུར་བདེ་ཆེན་དབྱིངས་ལས་ཐུགས་རྗེའི་འཕྲུལ། །འཇིག་རྟེན་དབང་ཕྱུག་སྲོང་བཙན་པདྨ་འབྱུང་། །རྣམ་གསུམ་དབྱེར་མེ༵ད་རྡོ༵་རྗེ༵་སློབ་དཔོན་ལ། །ཕྱག་བྱས་སྐུ་གསུམ་སྙིང་པོའི་དོན་ཁྲིད་བརྩམ། །འདིར་གངས་ཅན་གྱི་ལྷ་གཅིག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་འབྱུང་བའི་སྐུ་གསུང་ཐུགས་བསྐྱེད་བཟླས་འོད་གསལ་དང་འབྲེལ་བའི་ཁྲིད་ལ་དོན་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། ཐུན་མོང་མ་ཡིན་པ་དངོས་གཞི་དང་འབྲེལ་བར་འབྱུང་བས། འདིར་ཐུན་མོང་པ་སྟེ། ཁྲིད་གསར་པ་ཡིན་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་བསམ་པ་རྣམས་རྒྱུད་ལ་སྐྱེས་སྐྱེས་སུ་བསྒོམ་དུ་འཇུག་དགོས་མོད། འདིར་བློ་ཅུང་ཟད་འབྱོངས་ཟིན་པའི་དབང་དུ་བྱས་ནས། དམིགས་རྐང་བཞི་པོ་དེ་གསལ་འདེབས་ཀྱི་ཆེད་གཅིག་ཏུ་དྲིལ་ན། བདག་གིས་ད་རེས་རྙེད་དཀའ་ལ་དོན་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་ལྟར། དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་གཤའ་མ་ཞིག་བྱེད་དགོས་པར་འདུག །དེ་ཡང་ནམ་འཆི་ཆ་མེད་པས་ཕྱི་བཤོལ་དུ་མ་ལུས་པར་ཕྲལ་རང་དུ་བྱེད། འཆི་བའི་ཚེ་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་བས་ཚེ་འདིར་ལྟོས་ཀྱི་བཙན་ཕྱུག་ལོངས་སྤྱོད་སོགས་གང་ལའང་སྙིང་པོ་སྤུ་ཙམ་ཡང་མེད། དགེ་སྡིག་གཉིས་པོ་ནི་ཤི་ནས་ཀྱང་ངེས་པར་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་རྒྱལ་པོའི་བཙོན་དོང་དུ་ཆུད་པ་ལྟར་སྡུག་བསྔལ་འབའ་ཞིག་མ་གཏོགས་སྐྱིད་མེད། ཁྱད་པར་ངན་སོང་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདིང་ནི་མེད། མཐོ་རིས་སུ་སྐྱེས་ཀྱང་སྤྲིན་བར་གྱི་ཉི་མ་འདྲ་སྟེ་འགྱུར་ཞིང་འགྲོ་བའི་ཕྱིར་སྙིང་པོ་མེད་པས། དེང་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ནན་ཏན་དུ་བསྒྲུབ་པར་བྱ་སྙམ་ཞེ་དམ་དྲག་པོ་བྱ། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོར་ཤེས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་འབྱོར་ཡང་གྲོག་མའི་ཚང་དང་འདྲ་བར་མཐོང་ནས། འཁོར་བའི་བྱ་བ་ལ་སྐྱུག་ཤ་མར་ལོག་པ་གཅིག་བྱུང་ན་སྔོན་འགྲོ་གནད་དུ་ཐེབས་པ་ཡིན་ནོ། །དེ་ལྟར་རྒྱུད་འབྱོངས་ནས་སྐྱབས་འགྲོ་ལམ་དུ་བཏང་སྟེ། འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་བླ་མ་དཀོན་མཆོག་མ་གཏོགས་གཞན་མེད་པས། དེ་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་བསམ་ནས། རང་གི་མདུན་གྱི་ནམ་མཁར་འཇའ་ཚོན་ཁ་དོག་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པའི་སྤྱན་སྔར། དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་གྱིས་ས་ཆེན་པོའི་དྲེག་པ་ལྟར་གང་བའི་བྱང་རང་གིས་དྲངས་ཏེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་གྱིས། བླ་མ་བདེ་གཤེགས་འདུས་པའི་སྐུ །ཞེས་སོགས་ལྟ་བུའི་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ཀྱི་ཚེ་རབས་ཀྱི་ཕ་མ་ཡིན། འདི་ཐམས་ཅད་སྡུག་བསྔལ་གྱིས་མནར། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ་པས་སྨྱོན་པ་དང་འདྲ། འདི་རྣམས་སྡུག་བསྔལ་ལས་དྲངས་ཏེ་བདེ་བ་བླ་ན་མེད་པའི་བྱང་ཆུབ་ལ་འགོད། དེའི་ཆེད་དུ་ལམ་ཟབ་མོ་བསྒོམ་པར་བྱའོ་སྙམ་པས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཞེས་སོགས་ཀྱིས་སེམས་བསྐྱེད་ནས། མཐར་སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་འུར་དིང་གིས་སོང་བར་མོས་ལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བལྟས་ལ་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། སྐུ་བསྐྱེད་རིམ་གྱི་ཁྲིད། གསུང་བཟླས་པའི་ཁྲིད། ཐུགས་འོད་གསལ་གྱི་ཁྲིད་དོ། །དང་པོ་ལ་གསུམ། སྐུ་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་སྣང་སྟོང་སྐུའི་ཁྲིད། མཐར་སྐུ་ཡུངས་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། སྐུ་རྡོ་རྗེ་ལ་སྒྲིབ་པར་བྱེད་པ་ལུས་ཀྱི་མི་དགེ་བའི་ལས་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྔར་བྱས་ལ་འགྱོད་པ་དྲག་པོས་བཤགས་ཤིང་ཕྱིན་ཆད་མི་བྱ་བར་བསྡམ། བླང་བྱ་སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚུལ་ཁྲིམས་ལ་གནས་པ་སྟེ་ལུས་ཀྱི་དགེ་བ་གསུམ་ལ་བསླབ་པའོ། །གཉིས་པ་སྣང་སྟོང་སྐུའི་ཁྲིད་ནི། ལུས་གནད་ཆོས་བདུན་བཅས་ལ། རང་ལུས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ལྷའི་སྐུ་ཡིན་པ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་ཡིན་པར་ངེས་པའི་བློ་སད་པར་བྱས་ཏེ། སྟོང་པའི་ངང་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཤེལ་ཕྲེང་དང་། གཡོན་འོག་མ་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། སྐུ་ལས་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་ཞིག་རིམ་གྱིས་གསལ་གདབ། ཡིད་ཡུལ་དུ་ལེགས་པར་གསལ་བ་དང་། བསྐྱེད་རིམ་བསྒོམ་ན་བར་སྣང་འཇའ་ལ་ལྟོས། ཞེས་གསུངས་པ་ལྟར། ལྷ་སྐུའི་རྣམ་པ་དེ་ཡང་སྣང་བའི་གཟུགས་སུ་གྲུབ་ལ། འཛིན་པའི་གཟུགས་སུ་མ་གྲུབ་པ། བར་སྣང་གི་འཇའ་ཚོན་ནམ་མེ་ལོང་གི་གཟུགས་བརྙན་གྱི་དཔེ་དང་བསྲེ་ཞིང་བསྒོམས་པས་གསལ་སྟོང་ཞེན་བྲལ་གྱི་ཉམས་བཟང་པོ་འཆར་རོ། །གསུམ་པ་ཡུངས་འབྲུའི་ཚུལ་དུ་འཕོ་བ་ནི། རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་ཡར་སྣ་ཚངས་བུག་ཏུ་ཧ་རེ་ཡོད་པ། སྙིང་གི་ཐད་ཀྱི་དབུ་མའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་འོད་ཀྱི་གོང་བུ་ཅན། སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་བླ་མའི་ངོ་བོ་འོད་དཔག་མེད་ལྷའི་བུ་དང་བུ་མོའི་ཚོགས་ཀྱིས་བསྐོར་བ་གསལ་བཏབ་པ་ལ་མོས་གུས་དུང་བ་བྱས་པས་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་། ཡེ་ཤེས་སེམས་དཔའ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་ཡེ་ཤེས་སེམས་དཔའ་དེ་དབུ་མའི་ལམ་བརྒྱུད། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ། བླ་མ་འོད་དཔག་མེད་ཀྱི་ཐུགས་ཁར་སིབ་ཀྱིས་ཐིམ། འོད་དཔག་མེད་ཀྱང་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ལྷ་སྐུའི་སྣང་ཆ་ཡང་མི་དམིགས་པའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་རང་ཉིད་ཇོ་བོའི་སྐུར་ལྷག་གིས་ལངས་ལ་བསྔོ་བ་བྱའོ། །གཉིས་པ་གསུང་བཟླས་པའི་ཁྲིད་ལའང་། གསུང་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང། དངོས་གཞི་གྲགས་སྟོང་གསུང་གི་ཁྲིད། མཐར་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། གསུང་རྡོ་རྗེ་ལ་སྒྲིབ་བྱེད་ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལ་བཤགས་སྡོམ་བྱ། བླང་བྱ་བདེན་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ། ཞི་ཞིང་དེས་པར་སྨྲ་བ་ལ་བསླབ་བོ། །གཉིས་པ་གྲགས་སྟོང་གསུང་གི་ཁྲིད་ནི། རང་ཇོ་བོའི་སྐུར་གསལ་བས། ངག་གདོད་ནས་གྲགས་སྟོང་འགག་མེད་ལྷའི་གསུང་ཡིན་པ་ལ་ཡིན་པར་ངེས་པའི་བློས། བུང་བའི་ཚང་བཤིག་པའི་སྒྲ་ལྟར་རྩི་ཤིང་རི་བྲག་ས་རྡོ་འཐབ་པ་སོགས་བརྟན་གཡོ་སྣོད་བཅུད་ཀྱི་སྒྲར་གྲགས་ཚད་ཡིག་དྲུག་གི་སྒྲར་གྲགས་པར་མོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བར་མ་ཆད་པ་བྲག་ཅའི་སྒྲའི་དཔེ་དང་བསྲེས་ཤིང་བཟླས་པས་སྒྲ་ཐམས་ཅད་གྲགས་སྟོང་དུ་འཆར་བའི་ཉམས་བཟང་པོ་འབྱུང་ངོ་། །གསུམ་པ་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་ཧྲཱིཿཡིག་དཀར་པོ་སྲན་རྡོག་ཙམ་ཞིག་དང་། སྤྱི་བོའི་མཁའ་ལ་བླ་མ་འོད་དཔག་མེད་སྔར་ལྟར་བསྒོམས་ལ་དེའི་ཐུགས་ཀའི་ཟེར་ཐིག་གིས་ལྟེ་བའི་ཧྲཱིཿཡིག་དབུ་མའི་ལམ་ནས་དྲངས། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ། བླ་མ་འོད་ཀྱི་འཇའ་ལམ་ལས་བདེ་བ་ཅན་དུ་གཤེགས་པར་བསམས་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ཐུགས་འོད་གསལ་གྱི་ཁྲིད་ལའང་། ཐུགས་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་རིག་སྟོང་ཐུགས་ཀྱི་ཁྲིད། མཐར་ཐུག་འོད་གསལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། ཐུགས་རྡོ་རྗེ་ལ་སྒྲིབ་བྱེད་ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ལ་བཤགས་སྡོམ་དང་། བླང་བྱ་ནོར་ལ་ཆོག་ཤེས་པ། བྱམས་པ་བསྒོམ་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པར་བྱའོ། །གཉིས་པ་རིག་སྟོང་ཐུགས་ཀྱི་ཁྲིད་ནི། སེམས་ཉིད་གདོད་ནས་ཆོས་ཀྱི་སྐུར་བཞུགས་པ་ལ་ཡིད་ཆེས་བསྐྱེད་དེ། ལུས་གནད་ཆོས་བདུན་བཅའ་ཞིང་མིག་ཧད་དེ་བཞག །ངག་རླུང་རང་སོར་གློད། སེམས་གནད་ལྷ་སྔགས་ཀྱིས་མཚོན་སྣང་བ་ཐམས་ཅད་རང་སེམས་སུ་ཐག་བཅད། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགག་གནས་གསུམ་དབྱིབས་དང་ཁ་དོག་ལ་སོགས་པའི་ངོ་བོ་གང་དུའང་མ་གྲུབ་པར་ཝལ་པོ་རྗེས་མེད་དུ་ཡལ་བའི་ངང་ལ་ཆེད་འཛིན་མི་བྱ་བར། གསལ་ལ་ཡེངས་པ་མེད་པ། ཐིམ་ལ་མ་རྨུགས་པ། གྲིམ་ལ་གཉེན་པོས་མ་བསླད་པ། རིག་ལ་རྟོག་པར་མ་འགྱུས་པར་སྟོང་གསལ་ཡུལ་མེད་དུ་ལྷོད་དེ་ཤིག་གེར་མཉམ་པར་འཇོག །དེས་གང་ཤར་རང་གྲོལ་དུ་གྱུར་ནས་རྣམ་རྟོག་སྒོམ་གྱི་གྲོགས་སུ་འཆར། གལ་ཏེ་རྣམ་རྟོག་གིས་གནོད་ན་རྟོག་པ་དེ་ཉིད་ལ་མ་ཡེངས་པར་ཅེར་ཅེར་ལྟོས། དེས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །གསུམ་པ་ཐུགས་འོད་གསལ་དུ་འཕོ་བ་ནི། འཕོ་བྱ་མ་དམིགས་ཏེ། རང་རིག་འོད་གསལ་དྲི་མ་དང་བྲལ་བའོ། །འཕོ་ཡུལ་མ་དམིགས་ཏེ། ཡུལ་བཟང་ངན་གྱི་བློ་ལས་འདས་པའོ། །འཕོ་བྱེད་མ་དམིགས་ཏེ། རྩོལ་རྟོག་གི་བློས་མ་བསླད་པའོ། །དེ་ལྟར་ཉམས་སུ་བླངས་པས་འོད་གསལ་མ་བུ་འཕྲོད་དེ་འཚང་རྒྱ་བའོ། །གསུམ་པ་རྗེས་གནས་སྐབས་ཀྱི་ཉམས་ལེན་ལ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ཀྱི་ཉིན་མོའི་རྣལ་འབྱོར་ཁྱེར་སོ་གསུམ་ལས། དང་པོ་སྐུའི་ཁྱེར་སོ་ལ་ཡར་སྣང་བ་ལམ་དུ་ཁྱེར་བ་དང་། མར་དག་པའི་སྣང་བ་སྦྱང་བའོ། །དང་པོ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཇོ་བོའི་སྐུ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་འཆར་བར་མོས་ལ་ལམ་དུ་ཁྱེར་རོ། །གཉིས་པ་མར་དག་སྣང་སྦྱང་བ་ནི། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་རྗེ་ཆེན་པོ་ཡིན་སྙམ་དུ་སྦྱོང་ངོ་། །གཉིས་པ་གསུང་གི་ཁྱེར་སོ་ལའང་གཉིས་ཏེ། སྒྲ་སྐད་ཐམས་ཅད་ཡིག་དྲུག་གི་སྒྲ་གྲགས་སྟོང་ལམ་དུ་ཁྱེར་བ་དང་། སྒྲ་གྲགས་ཐམས་ཅད་ཡེ་ནས་གྲགས་སྟོང་གཞོམ་མེད་འཕགས་པའི་གསུང་དུ་དག་གོ་སྙམ་དུ་སྦྱོང་ངོ་། །གསུམ་པ་ཐུགས་ཀྱི་ཁྱེར་སོ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་མཐོང་ན་དད་པ། དམན་པ་མཐོང་ན་སྙིང་རྗེ། ཐད་སོར་གནས་ན་རང་ངོ་ལ་བལྟ་ཞིང་གཞི་མེད་རྩ་བྲལ་གྱི་ངང་བསྐྱང་ངོ་། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས་ལས། རྨི་ལམ་ལྷར་སྦྱོང་བ་ནི། གཉིད་དུ་འགྲོ་ཁར་རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་སྙིང་ཁར་བླ་མ་འཕགས་པའི་རྣམ་པར་གསལ་ལ་ས་ལེར་མཉམ་པར་བཞག་ནས། གཉིད་དང་རྨི་ལམ་གྱི་བར་རྟོག་པས་མ་ཆོད་པར་འདུན་པ་དུང་ངེ་བའི་ངང་ལ་ཉལ་བས་རྨི་ལམ་རང་ཤུགས་ལ་ཟིན་ནས་ལྷའི་སྐུར་འཆར་བར་འགྱུར་རོ། །འོད་གསལ་ནི། ཉལ་བའི་ཚེ་སྣོད་བཅུད་འོད་དུ་ཞུ་ནས་མེ་ལོང་གི་རླངས་པ་ཡལ་བ་ལྟར་བསྡུས་པའི་ངང་ལ་སེམས་གཏད་མེད་དུ་ཆད་དེ་མཉམ་པར་བཞག་པས་གཉིད་འོད་གསལ་དུ་འཆར་རོ། །གཞན་ཡང་བཟའ་བཏུང་དང་གོས་དང་གནས་ཁང་སོགས་གང་ལ་ལོངས་སྤྱོད་ཀྱང་རང་རང་ཇོ་བོའི་སྐུར་བསྒོམས་ནས། སྤྱད་བྱ་རྣམས་ལྷའི་གོས་དང་དག་པའི་ཞིང་བཟང་པོར་བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་ཅིང་། གནས་སྐབས་ཐམས་ཅད་དུ་ཚོགས་དྲུག་གི་ཡུལ་གང་སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ་ལམ་དུ་ཁྱེར་བས་ཀུན་ཏུ་དོན་ཡོད་པ་ལ་བསླབ་པར་བྱའོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི། ཁྱེར་སོ་གསུམ་གྱི་ཉམས་སུ་ལེན་པའི་ཐབས། །ཉུང་གསལ་སྙིང་པོར་དྲིལ་ལས་འགྲོ་ཀུན་གྱིས། །སངས་རྒྱས་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ཡང་རྒྱལ་མེ་ཏོག་ཐང་གི་མཁན་པོ་ཀུན་སྤངས་པ་བཤེས་གཉེན་ངག་དབང་དཔལ་མགོན་གྱིས་གསུང་ངོར་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུ་སྤེལ་བའོ། །དགེའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).