Terdzo-ZHA-030



Property "author" has been marked for restricted use.








Terdzo-ZHA-030.pdf
Click the picture above to view the Shechen manuscript.

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ཀྱི་སྐོར་ལས་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ཁོལ་དབྱུང་བཀླག་ཆོག་ཏུ་བཀོད་པ་འདོད་འབྱུང་དབང་གི་རྒྱལ་པོ་

chos rgyal srong btsan sgam po'i bka' 'bum zhal gdams kyi skor las sgrub khog chen mo'i phrin las khol dbyung bklag chog tu bkod pa 'dod 'byung dbang gi rgyal po

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  གྲུབ་ཐོབ་དངོས་གྲུབ་ (Druptop Ngödrup)
in cycle  ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ (Thugs rje chen po rgyal po lugs)
Volume 21 (ཞ) / Pages 417-441 / Folios 1a1 to 13a6

Tibetan Text

༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ཞལ་གདམས་ཀྱི་སྐོར་ལས་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ཁོལ་དབྱུང་བཀླག་ཆོག་ཏུ་བཀོད་པ་འདོད་འབྱུང་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས། །དེ་ཉིད་གངས་ཅན་མགོན་སྤྲུལ་སྲོང་བཙན་སྒམ། །སྙིགས་དུས་འགྲོ་སྐྱོབ་དཔལ་ལྡན་བླ་མའི་ཞབས། །སྙིང་དབུས་དད་པའི་པད་མཚོར་རོལ་པར་མཛོད། །གངས་རིའི་ལྗོངས་འདིར་བསྐྱེད་རྫོགས་སྒྲུབ་པའི་ཐབས། །ཀུན་གྱི་ཐོག་མ་ངོ་མཚར་ཤིང་རྟའི་སྲོལ། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཡིད་བཞིན་ནོར། །སྤྲུལ་པའི་རྒྱལ་པོའི་དགོངས་མཚོར་སྐྱེས་འདི་འོ། །ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་གང་གི་བཀའ་འབུམ་སྐོར་ཚོ་གསུམ་དུ་གྲགས་པ་ལས་མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་ཞལ་གདམས་ཆེ་ཚོའི་སྐོར་ལས་བྱུང་བའི་བསྙེན་སྒྲུབ་ཀྱི་ཁོག་པ་ཆེན་མོའི་ཕྲིན་ལས་རང་གཞན་གཉིས་དོན་དུ་བགྱི་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལམ་རིམ་མོ། །དང་པོ་ལ་གཉིས། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། གཞན་དོན་དབང་བསྐུར་དང་གཉིས་དོན་རིལ་བུ་སྒྲུབ་པ་སོགས་ཀྱི་བཅས་བཤམ་དེ་དང་དེར་ཤེས་པར་བྱ། བསྙེན་པ་ཚོགས་མཆོད་གནས་ལུང་ལྟ་བུའི་སྐབས་སུ། ཐོག་མར་དཀར་གཏོར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་རྒུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ས་མཱ་ཛཿ ཞེས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ། ཞེས་གཏོར་མ་དོར། ཐིག་ཚོན་བྱིན་རླབས་ནི་དཀྱུས་ལ་མི་དགོས་ཤིང་སྒྲུབ་མཆོད་དབང་སྐུར་སོགས་ཀྱི་སྐབས་ཇི་ལྟར་བྱ་བའི་ཚུལ་དབང་ཆོག་ལས་ཤེས་པར་བྱ། དཀྱིལ་འཁོར་རས་བྲིས་ཡོད་ན་བཏིང་ཞིང་འཕགས་པའི་སྐུ །ཡིག་དྲུག །ཆོས་དབྱུག་སོགས་སྐུ་གསུང་ཐུགས་རྟེན་དང་མཆོད་གཏོར་བཤམ། མ་འབྱོར་ན་འཕགས་པའི་རྟེན་བཀྲམ་པའི་སྤྱན་སྔར་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མདུན་དུ་གཙང་ཞིང་དག་པའི་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པ་གཅིག་གམ་གསུམ། ཆུ་གཉིས་ཉེར་སྤྱོད། དཀར་མངར་གྱི་ཚོགས་རྫས། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་འདུ་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་བདུན་གྱི། ཐོག་མར་བརྒྱུད་པའི་གསོལ་འདེབས། རང་བཞིན་གདོད་དག་དང་། ཆོས་དབྱིངས་སྤྲོས་བྲལ་མ་གང་རུང་ངམ། ཡང་ན། ཆོས་སྐུ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ། །སྐུ་གསུམ་གཅིག་བསྡུས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །གྲུབ་ཐོབ་དངོས་གྲུབ་མངའ་བདག་ཉང་རལ་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀྱ་བཟང་། །ལྷ་རྗེ་དགེ་འབུམ་ཡེ་ཤེས་མཆོག་ལྕམ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བྱང་སེམས་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །མཁས་མཆོག་བསོད་སེང་གྲུབ་མཆོག་བཀྲས་རྒྱན་པ། །བློ་གྲོས་རྒྱལ་མཚན་དབུ་ཐུམ་འདུལ་བ་པར། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །དཔལ་ལྡན་གཞོན་ནུ་དཀོན་སྐྱབས་པདྨ་དབང་། །ལེགས་ལྡན་གནམ་ལྕགས་མེ་འབར་རིན་ཆེན་དཔལ། །སངས་རིན་རྣམ་འཇོམས་ཆོས་ཀྱི་གྲགས་པ་སོགས། །སྨིན་བྱེད་དབང་བསྐུར་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །མཐའ་བཞི་འཇམ་དབྱངས་ཚུལ་ཆེན་བཀྲས་རྒྱན་པ། །སྐུ་འབུམ་པ་དང་ནོར་བཟང་བཟང་པོའི་མཚན། །དཔལ་ལྡན་སངས་རྒྱས་ངག་དབང་གྲགས་པ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ཤེས་རབ་དཔལ་འབྱོར་ཀུན་དགའ་གྲོལ་མཆོག་ཞབས། །སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་དཔལ། །མདོ་སྔགས་བསྟན་འཛིན་དམ་ཆོས་བཟང་པོ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ཕྲིན་ལས་ལྷུན་གྲུབ་ཆོས་རྒྱལ་གཏེར་བདག་གླིང་། །ལོ་ཆེན་ཆོས་དཔལ་རིན་ཆེན་རྣམ་པར་རྒྱལ། །འགྱུར་མེད་དོན་ལྡན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །སྙིང་པོའི་དོན་གཟིགས་ཕྲིན་ལས་ཆོས་ཀྱི་སྒྲོན། །རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ཆོས་ཀྱི་དབང་། །གྲོལ་བྱེད་ཁྲིད་བརྒྱུད་གཙོ་བོར་གྱུར་པ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བློ་གྲོས་རྒྱལ་མཚན་མ་ཎི་བྷ་དྲ་ནས། །ཤེས་བྱ་ཀུན་གཟིགས་འཇམ་དབྱངས་དགྱེས་བློའི་བར། །གདམས་སྲོལ་ཆུ་བོ་ཀུན་འདུས་མཆོག་རྣམས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །རྒྱལ་ཀུན་སྤྱི་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །ཡེ་ཤེས་མཁའ་འགྲོ་དམ་ཅན་སྲུང་མ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །འཕགས་པའི་ཐུགས་རྗེ་རྩོལ་མེད་རྒྱུད་ལ་ཞུགས། །དབང་གིས་རྒྱུད་སྨིན་གསག་སྦྱོང་མཐའ་རུ་ཕྱིན། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་ཐེབས། །སྐུ་གསུམ་སྙིང་པོའི་དོན་མཆོག་མྱུར་རྟོགས་ཤོག །གཉིས་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་མདུན་གྱི་ནམ་མཁར་གསལ་གདབ་ལ། སངས་རྒྱས་ཆོས་ཚོགས་སོགས་སམ། སྤྲོ་ན། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་ཆོས། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆི་འོ། །བརྒྱུད་པའི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བྱིན་རླབས་ཀྱི་རྩ་བ་མཁའ་འགྲོ་སྟེ་རྩ་བ་དམ་པ་གསུམ་ལ་སྐྱབས་སུ་མཆི་འོ། །ལྟ་བ་བླ་མེད་ཕྱོགས་མེད་མཐའ་བྲལ། སྒོམ་པ་བླ་མེད་གསལ་སྟོང་འཛིན་མེད། སྤྱོད་པ་བླ་མེད་རང་ཤར་རང་གྲོལ་ཏེ་བླ་མེད་ལྟ་སྒོམ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆི་འོ། །ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བདག་དུས་འདི་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་ཐབས་ཤེས་རབ་གཉིས་ཀྱིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱི་འོ། །ལན་གསུམ། བཞི་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། རང་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་རྡོ་རྗེའི་བེ་ཅོན་དང་གཡོན་རྡོ་རྗེའི་ཐོ་བ་བསྣམས་ཤིང་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན། གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། སྔོན་འགྲོའི་གཏོར་མ་བསང་ཆུས་བྲན་ཏེ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལྔ་པ་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །ང་ནི་འཇིགས་བྱེད་དབང་གི་སྐུ །གལ་ཏེ་བཀའ་ལས་འདས་པ་ན། ཁྱོད་ཀྱི་ལུས་ངག་རྡུལ་ཕྲན་བཞིན། །བརླག་པར་འགྱུར་གྱིས་གཞན་དུ་མིན། །དེ་བས་རང་གི་གནས་སུ་དེངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། གུ་གུལ་ཡུངས་ཐུན་ཚམ་རྔམ་དྲག་པོས་བསྐྲད་དོ། །དྲུག་པ་མཚམས་བཅད་པ་ནི། ཧྲཱིཿཧཱུྃ། ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །རྟ་སྐད་རྔམ་སྒྲོག་བར་ཆད་སེལ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །མེ་རི་འབར་བས་ཕྱོགས་མཚམས་གཅོད། །མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །རྣམ་རྟོག་མ་རིག་བག་ཆགས་ཀྱིས། །ལྷ་དང་འདྲེ་བགེགས་གཉིས་སྣང་ཡང། །རྣམ་པར་རྟོག་པ་བགེགས་ཡིན་ཕྱིར། །འདྲེ་བགེགས་རང་གི་སེམས་ལས་བྱུང་། །སེམས་ཉིད་ཡེ་ནས་ཆོས་སྐུ་ལ། །བགེགས་དང་བར་ཆོད་ག་ལ་ཡོད། །ཐམས་ཅད་རང་གྲོལ་ཆོས་སྐུའི་མཚམས། །འདི་ལས་སུ་ཡང་འདའ་མ་བྱེད། །ཧྲཱིཿཧཱུྃ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། བདུན་པ་མཆོད་པ་བྱིན་རླབས་ནི། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་གིས་བསང་། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོ་སོར་རང་རང་གི་མིང་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་ཨཱཿཧཱུྃ་བར་བརྗོད་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ་གསུམ། བསོད་ནམས་ཀྱི་ཚོགས་གསག་པ། ཡེ་ཤེས་ཀྱི་ཚོགས་གསག་པ། ཟུང་འབྲེལ་དུ་སྦྱོང་བའོ། །དང་པོ་ནི། རང་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་ནས་པད་ཟླའི་གདན་ལ་བཞུགས་པར་གྱུར། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་ཡན་ལག་བཅུ་པས་ཚོགས་བསགས། ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་བར་བྱ། བདེ་བ་དང་ཕྲད་པར་བྱ། ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་ཚད་མེད་པ་བཞི་བསྒོམ་མོ། །གཉིས་པ་ཡེ་ཤེས་ཚོགས་གསག་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཅེས་སྤྲོས་བྲལ་འོད་གསལ་ཆེན་པོའི་དོན་ལ་ཅི་གནས་སུ་མཉམ་པར་བཞག །གསུམ་པ་ཟུང་འབྲེལ་དུ་སྦྱོང་བ་ལ་གསུམ། དཀྱིལ་འཁོར་བསྒོམ་པ། དེ་རྫོགས་བྱེད་ཡན་ལག་གྱི་བྱ་བ། སྔགས་བཟླ་བའོ། །དང་པོ་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། སྟེང་རྡོ་རྗེའི་གུར། ལོགས་རྡོ་རྗེའི་རྩིག་པ། ཕྱི་རོལ་ཐམས་ཅད་རྡོ་རྗེའི་ར་བར་གྱུར་པའི་སྲུང་འཁོར་གྱི་ནང་དུ། བྷྲཱུྃ་སེར་པོ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་ནས་འོད་ཟེར་གྱིས་གཞལ་མེད་ཁང་གི་བཅུད་བསྡུས། ཚུར་འདུས་པ་ལས་གཞལ་ཡས་ཁང་གྲུ་བཞི་གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྩིག་པ་བྱས་པ། རཏྣའི་ཕ་གུ་དང་། དྲྭ་བ་དྲྭ་ཕྱེད་དང་ད་རུ་ཀ་ལ་སོགས་པ་འཕྱང་བ། སྒོ་བཞི་ལ་རྟ་བབས་རིམ་པ་བཞིའི་སྟེང་ན་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་རི་དྭགས་ལ་སོགས་པའི་རྒྱན་དུ་མས་མཛེས་ཤིང་ཕྱི་ནང་ཀུན་ཏུ་གསལ་བར་གྱུར་པའི་སྟེང་འཁོར་ལོ་རྩིབས་སྟོང་ལ། འོག་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་པདྨ་འདབ་མ་བཞི་དང་། དེའི་ཕྱི་རིམ་ལ་པདྨ་འདབ་མ་བཅུ་གཉིས་པ། དེ་རྣམས་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། བར་ཁྱམས་དང་སྒོ་བཞིར་པདྨ་རྐྱང་པའི་གདན་རྣམས་སུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པས། དབུས་ཀྱི་གདན་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ་འོད་དུ་ཞུ་བ་ལས་པདྨ་དཀར་པོར་གྱུར། དེ་ལས་འོད་འཕྲོས་ཚུར་འདུས་པ་ལས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་ཤེལ་ལྟར་འཚེར་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ན་ཤེལ་ཕྲེང་དང་། གཡོན་འོག་མ་ན་པདྨ་དཀར་པོ་འཛིན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཞལ་འཛུམ་པའི་མདངས་དང་ལྡན་ཞིང་། སྤྱན་ཞི་བའི་ཉམས་དང་ལྡན་པས་འགྲོ་དྲུག་ལ་ཐུགས་རྗེས་གཟིགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། སྐེ་རགས། ཕྱག་གདུབ། ཞབས་གདུབ། མགུར་ཆུ། དོ་ཤལ། སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་སྤྲས་པ། མཚན་དང་དཔེ་བྱད་དུ་མ་དང་ལྡན་པའོ། །དེའི་མདུན་དུ་ཧྲཱིཿལས་ལྷ་མོ་ཡི་གེ་དྲུག་མ་སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་དང་འདྲ་བ། གཡས་ཀྱི་པདྨའི་སྟེང་དུ་སྲས་ནོར་བུ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ན་རིན་པོ་ཆེ་དང་གཡོན་ན་ཕྲེང་བ་འཛིན་པ། གཡོན་གྱི་པདྨའི་སྟེང་དུ་སྲས་མོ་རིག་སྔགས་འཛིན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཤེལ་ཕྲེང་དང་གཡོན་པདྨ་འཛིན་པ། གསུམ་ཀའང་གཙོ་བོ་ལ་འདུད་པའི་ཚུལ་ཅན། རྒྱབ་ཀྱི་པདྨ་ལ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེའི་ཕྱི་རིམ་པདྨ་འདབ་མ་བཅུ་གཉིས་ཀྱི་སྟེང་དུ་རིམ་པ་བཞིན་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས་པ། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་བསྣམས་པ། རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་བསྣམས་པ། སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས་པ། དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས་པ། ཐུགས་རྗེ་ཆེན་པོ་དཀར་པོ་པདྨ་བསྣམས་པ། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། ཀུན་ཏུ་བཟང་མོ་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམས་ནི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་རང་རང་གི་ཡབ་དང་མཐུན་པ་སྟེ། རིགས་ཀྱི་ཡབ་ཡུམ་དྲུག་ཟུང་འབྲེལ་དུ་བཞུགས་ཤིང་། གཡས་ཐམས་ཅད་རང་རྟགས་ཐུགས་ཀར་བསྣམས་པ། ཡབ་རྣམས་ཀྱི་ཕྱག་གཡོན་གདན་ལ་བརྟེན་ཅིང་ཡུམ་རྣམས་མཆོག་སྦྱིན་མཛད་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པའོ། །སྒོ་བཞི་ལ་ཤར་སྒོར་བརྒྱ་བྱིན་དཀར་པོ་ཕྱག་ན་པི་ཝཾ་འཛིན་པ། ཐགས་བཟང་རིས་སྔོན་པོ་གོ་ཆ་འཛིན་པ། ལྷོ་སྒོར་ཤཱཀྱ་ཐུབ་པ་སེར་པོ་གསེག་ཤང་འཛིན་པ། ནུབ་སྒོར་ཤཱཀྱ་སེང་གེ་ནག་པོ་པོ་ཏི་འཛིན་པ། ནམ་མཁའ་མཛོད་དམར་པོ་སྒྲོམ་བུ་འཛིན་པ། བྱང་སྒོར་ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པའོ། ཁྱམས་ལ་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པར་གྱུར། ཅེས་དམ་ཚིག་གི་འཁོར་ལོ་བསྐྱེད་དོ། །གཉིས་པ་དེ་རྫོགས་བྱེད་ཡན་ལག་ལ་གསུམ། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ། བསྟོད་པ་འབུལ་བའོ། །དང་པོ་ནི། གཙོ་བོའི་ཐུགས་ཀར་པདྨའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཿགནས་པ་ལས་འོད་དཀར་པོ་རང་བཞིན་གྱི་གནས་སུ་འཕྲོས་པས། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿཞེས་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བྱོན་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས། །འགྲོ་བ་སེམས་ཅན་མ་ལུས་དོན་མཛད་ཕྱིར། །བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ། །ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། མདུན་གྱི་ནམ་མཁར་བཞུགས་པ་ལ་དམ་ཡེ་ཕར་ཚུར་ཕྱག་དང་ལེན་སྟོབ་པར་བསམ་ལ། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །འགྲོ་བའི་དོན་མཛད་ལོངས་སྤྱོད་རྫོགས་སྐུར་བསྟན། །ཐུགས་རྗེས་ཅིར་ཡང་སྤྲུལ་སྐུས་འགྲོ་དོན་མཛད། །སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཕྱི་ཉེར་སྤྱོད་དང་ནང་འདོད་ཡོན་ལྷ་མོས་ཡེ་ཤེས་པ་ལ་མཆོད་པར་མོས་ལ། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར། །པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་པཱུ་ཛ་མེ་གྷ་ཧཱུྃ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང་། །སྣང་གསལ་དྲི་མཆོག་བཟའ་བཏུང་སྒྲ་སྙན་སོགས། །ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ། །ཨརྒྷཾ་ པཱ་དྱཾ་ པུཥྤཾ་ དྷཱུ་པཾ་ དཱི་པཾ་ གནྡྷཾ་ ནཻ་ཝིདྱཾ་ ཤབྡ་ སརྦ་པཱུ་ཛ་མེ་གྷ་ཧཱུྃ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པ་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ལཱ་སྱ། བཛྲ་ཤབྡ། བཛྲ་དྷུ་པེ། བཛྲ་ནཻ་བིདྱ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། སརྦ་པཱུ་ཛ་ས་མ་ཡ་མཎྜལ་ཨ་ལ་ལ་ཧོ། ཡེ་ཤེས་པའི་སྐུ་གསུང་ཐུགས་མཉེས། ལྷ་མོ་རྣམས་ཚུར་འདུས་ཏེ་བདེ་སྟོང་སྐྱེས་པས་བདག་ཉིད་མཆོད་པར་བསམ། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང་། །འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། དམ་ཡེ་གཉིས་མེད་དུ་ཐིམ་ནས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ་མོ། །གཉིས་པ་དབང་བསྐུར་བྱིན་བརླབ་ནི། ཧྲཱིཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས། །རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས། །རིགས་ཀྱི་བདག་པོས་དབང་བསྐུར་བྱིན་གྱིས་རློབས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཨཱཿ ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར། དབང་རྟགས་སུ་འོད་དཔག་མེད་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །བྱིན་བརླབས་དབང་བསྐུར་རྒྱས་གདབ་བོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། གསུམ་པ་བསྟོད་འབུལ་ནི། རྒྱས་པར་སྤྲོ་ན་སྐུ་གསུང་ཐུགས་བསྟོད་བྱ། དཀྱུས་ཙམ་དུ། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ། །ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ། །རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ། །ཡེ་ནས་མ་བསྒྲུབས་རང་དང་གཉིས་མེད་ལྷ། །ཡེ་ཤེས་ལྷ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་ལ་གཟིགས། །རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ངང་། །མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་ངང་། །རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ངང་། །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ངང་། །དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཏེ། །སྐུ་ལྔ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་མ་ཆོས་སྐུ་དབྱིངས་ཀྱི་ངང་། །སངས་རྒྱས་སྤྱན་མ་བསམ་གཏན་ཕ་རོལ་ཕྱིན། །ཀུན་ཏུ་བཟང་མོ་བརྩོན་འགྲུས་ཕ་རོལ་ཕྱིན། །ན་བཟའ་དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན། །མཱ་མ་ཀཱི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དམ་ཚིག་སྒྲོལ་མ་བཟོད་པའི་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་དྲུག་ཡུམ་གྱི་སྐུ་ལ་བསྟོད། །དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་དང་གཉིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བ་འདུལ། །བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐུབ་ཆེན་བརྒྱ་བྱིན་ལྷ་རྣམས་འདུལ། །ལྷ་མིན་ཐུབ་པ་ཐགས་བཟང་ལྷ་མིན་འདུལ། །མི་ཡི་ཐུབ་པ་ཆེན་པོས་མི་རྣམས་འདུལ། །ཤཱཀྱ་སེང་གེ་ཐུབ་པས་དུད་འགྲོ་འདུལ། །ཐུབ་ཆེན་ནམ་མཁའ་མཛོད་ཀྱིས་ཡི་དྭགས་འདུལ། །ཐུབ་པ་ཆོས་ཀྱི་རྒྱལ་པོས་དམྱལ་བ་འདུལ། །འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག །སོ་སོའི་སྡུག་བསྔལ་སེལ་མཛད་སྐྱེ་སྒོ་གཅོད། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་བྱའོ། །གསུམ་པ་སྔགས་བཟླ་བ་ནི། རང་གི་ཐུགས་ཀའི་ཧྲཱིཿལ་ཡི་གེ་དྲུག་མས་བསྐོར་བ་དེ་ལས་འོད་འཕྲོས་ནས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སྟོང་གསུམ་གྱི་འཇིག་རྟེན་ཀྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། དེ་དག་ཐམས་ཅད་དང་དཀྱིལ་འཁོར་པ་གཙོ་འཁོར་ཐམས་ཅད་ཀྱིས་ཡི་གེ་དྲུག་མའི་བཟླས་པ་མགྲིན་གཅིག་ཏུ་བྱེད་པར་མོས་ལ། ཡིག་དྲུག་ཁོ་ན་བཟླ་ཞིང་། ཐུན་མཐར་མཆོད་བསྟོད་ཀྱང་བྱའོ། །གཏོར་མ་འབུལ་ན། རྒྱས་པར་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་དང་། ཡིག་དྲུག་ལན་གསུམ་གྱིས་བྱིན་བརླབ། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། གཏོར་མ་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་མོས་འདུན་བདེན་པའི་ཚིག་གིས་བསྔོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་སརྦ་བཛྲ་ཨ་ཙརྻ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་བླ་མ། དེ་བཞིན་དུ་ཡིག་དྲུག་དང་། ས་པ་རི་སོགས་གཏོར་སྔགས་འགྲེས་ཏེ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རས་ཡི་དམ། ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱིས་མཁའ་འགྲོ །ཨོཾ་སརྦ་དྷརྨ་པཱ་ལས་ཆོས་སྐྱོང་སྟེ་ཐམས་ཅད་ལན་གསུམ་གསུམ་གྱིས་འབུལ། གཏོར་མའི་ལྷག་མ་རིགས་དྲུག་བགེགས་རིགས་ལ་ཡིག་དྲུག་ལན་གསུམ་གྱིས་བསྔོས་ལ་མཐར། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལོངས་སྤྱོད་ལྡན་ཅིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་ལ་མི་དམིགས་པར་བཞག་གོ །གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། ཚོགས་མཆོད་དང་འབྲེལ་བའི་དངོས་གྲུབ་བླང་བ། མཇུག་ཆོག་རྣམ་པ་ལྔའོ། །དང་པོ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་འཐོར་ཏེ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་སྣོད་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་བཅུད་ཨོཾ་ཨཱཿཧཱུྃ་ལས་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་སིདྡྷི་ཧཱུྃ་ཞེས་བརྗོད་པས། བདག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལས་འོད་ཟེར་འཕྲོས་པས། ས་སྟེང་ལྷ། ས་འོག་ཀླུ །བར་མིའི་བདུད་རྩི། འཇིག་རྟེན་གྱི་འབྱུང་བ་ལྔ་རྩི་ཤིང་ནགས་ཚལ་སྨན་བཅུད་ཟས་བཅུད་ཐམས་ཅད་བསྡུས་ནས་ཚོགས་ཀྱི་རྫས་ལ་ཐིམ་པས། ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིའི་རྒྱ་མཚོར་གྱུར། འབྲུ་གསུམ་ལན་གསུམ་བརྗོད། བྱིན་དབབ་པ་ནི། ཧྲཱིཿ རང་བཞིན་དབྱིངས་ཀྱི་ཞིང་ཁམས་ནས། །རྩ་བརྒྱུད་བླ་མ་དམ་པ་དང་། །འཕགས་མཆོག་སྤྱན་རས་གཟིགས་དབང་པོ། །ཡབ་ཡུམ་སྲས་དང་སྲས་མོར་བཅས། །མགོན་པོ་འོད་དཔག་མེད་པ་དང་། །སེམས་དཔའ་དྲུག་དང་སེམས་མ་དྲུག །བསྐལ་བཟང་བྱང་སེམས་སྟོང་རྩ་གཉིས། །སྤྲུལ་སྐུ་ཐུབ་པ་དྲུག་དང་བཅས། །མ་དང་མཁའ་འགྲོ་ཤུགས་འགྲོ་དང་། །ཆོས་སྐྱོང་དམ་ཅན་གཏེར་གྱི་བདག །མ་ལུས་གནས་འདིར་ཚོགས་མགྲོན་དུ། །གུས་པས་སྤྱན་འདྲེན་མཆོད་བགྱིད་ན། །ཐུགས་རྗེས་མ་ཐོགས་མྱུར་དུ་གཤེགས། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །གནས་ཁང་འདི་ལ་བྱིན་རླབས་སྩོལ། །དཀྱིལ་འཁོར་གཉིས་ལ་བརྟན་པར་བཞུགས། །སྒྲུབ་རྫས་ཚོགས་མཆོད་བྱིན་རློབས་ལ། །ཟག་མེད་བདུད་རྩིའི་བཅུད་དུ་སྒྱུར། ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ ཚོགས་ཕུད་སྤྲོས་ལ། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། ཚོགས་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་དང་སྔགས་མཆོད་རྣམས་གོང་སྨོས་གཏོར་འབུལ་སྐབས་ལྟར་ལ། སྔགས་མཇུག་ས་པ་རི་བཱ་ར་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྦྱར་བ་དང་། སམྦྷཱ་རའི་སྔགས་ལན་བདུན་གྱིས་འབུལ། མཐར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཡི་དམ་འཕགས་པའི་ཚོགས་ལ་འབུལ། །བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །མ་དང་མཁའ་འགྲོའི་ཚོགས་ལ་འབུལ། །ཕྲིན་ལས་སྒྲུབས་ལ་བར་གཅོད་སོལ། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི། །ཆོས་སྐྱོང་དམ་ཅན་ཚོགས་ལ་འབུལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་འདོད་དོན་གསོལ་ལ། དངོས་གྲུབ་བླང་བ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས། །བདེ་གཤེགས་རིགས་ལྔ་ཕ་རོལ་ཕྱིན་དྲུག་ཡུམ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཏིང་འཛིན་སྤྱོད། །སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་ཐབས་ཀྱིས་འདུལ། །འགྲོ་བ་འདུལ་ཕྱིར་ཐུགས་རྗེས་སྐུ་སྐྱོད་ལ། །གྲུབ་པ་རྟགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླས་ལ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྐུ་མི་འགྱུར་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ། གསུང་མི་འགྱུར་བ་འགག་མེད་སྙིང་པོ་ལུང་གི་དངོས་གྲུབ། ཐུགས་མི་འགྱུར་བ་སྤྲོས་བྲལ་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་ཐོབ་པར་མོས། སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་བས་ནང་གི་ཚོགས་འཁོར་ཚུལ་དུ་ལོངས་སྤྱད། ལྷག་མ་བསྡུས་ལ་སློབ་དཔོན་གྱི་ཁ་ཆུས་བྲན་ཏེ། ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བྱིན་བརླབ། ཧྲཱིཿ ཚོགས་ཀྱི་འཁོར་ལོའི་ལྷག་མའི་བདག །འཕགས་པའི་དཀྱིལ་འཁོར་གཉན་སྲུང་བའི། །རིགས་ལྔའི་གིང་དང་ལངྐ་དང་། །འབར་མ་སྤོར་མ་ཕོ་ཉ་མོ། །ཤུགས་འགྲོ་དྲེགས་པའི་ཚོགས་དང་བཅས། །འཕགས་པའི་ཕ་འབབ་ལོངས་སྤྱོད་ནི། །བཟའ་བཅའ་བཏུང་བའི་ཚོགས་དང་བཅས། །དགའ་བས་ཁྱེར་ལ་ཚིམས་པར་ཟོ། །རངས་པར་མཛོད་ལ་ཕྲིན་ལས་སྒྲུབས། །ཨོཾ་ཨུཙྪིཥྚ་པ་ཏི་སརྦ་བྷཀྵ་བྷཀྵ་ཀུ་རུ་མི། ཞེས་གཙང་སར་འབུལ་ལོ། །ཕྲིན་ལས་དཀྱུས་ཀྱི་ཚོགས་མཆོད་ཀྱི་སྐབས་སུའང་དངོས་གྲུབ་ལེན་པ་དང་འབྲེལ་བ་འདི་ལྟར་བྱ་ཆོག་ཅིང་། བསྙེན་སྒྲུབ་མཇུག་གི་དངོས་གྲུབ་ལེན་པའི་ཆོ་གའང་འདི་ཁོ་ན་ལྟར་བྱའོ། གཉིས་པ་མཇུག་གི་ཆོ་ག་ལྔའི་དང་པོ་གཏང་རག་མཆོད་བསྟོད་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར། །པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་པཱུ་ཛ་མེ་གྷ་ཧཱུྃ། ཞེས་མཆོད། སྐྱོན་གྱིས་མ་གོས་སོགས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། ཡིག་བརྒྱ་ལན་གསུམ་བཟླ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ། གསུམ་པ་བསྡུ་ལྡང་ནི། མདུན་བསྐྱེད་ཚོགས་ཀྱི་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ་ཞིང་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བདག་བསྐྱེད་དམ་ཚིག་གི་འཁོར་ལོ་རྣམས་བདག་ཉིད་ལ་ཐིམ། རང་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ཡང་རིམ་པས་ཇེ་ཆུང་དུ་བསྡུས་ཏེ་ཐིག་ལེ་འོད་འབར་བར་གྱུར། དེའང་ཆོས་ཉིད་དག་པའི་དབྱིངས་སུ་འཇའ་ལྟར་ཡལ་ནས་མི་དམིགས་པར་གྱུར། ཅེས་ཆོས་ཉིད་སྐྱེ་འགག་གནས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག །སླར་རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་མོས་ལ་ཁྱེར་སོ་གསུམ་གྱི་ཏིང་ངེ་འཛིན་ལམ་དུ་ཁྱེར་རོ། །བཞི་པ་བསྔོ་སྨོན་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཐུགས་རྗེས་གཟིགས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་བགྱིས་པ་ཐམས་ཅད་དང་། ཅི་ཡོད་པ་ཐམས་ཅད་དང་། ད་ལྟར་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་འདིས། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་ལྟ་བུ་མ་ཐོབ་ཀྱི་བར་དུ་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་མི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་གྱུར་ཅིག །འཕྲད་ནས་ཀྱང་ཤེས་རབ་རྣམ་པ་གསུམ་ལ་གོང་ནས་གོང་དུ་བློ་སྦྱོང་བར་གྱུར་ཅིག །སྦྱངས་ནས་ཀྱང་འཇིག་རྟེན་གྱི་ཆོས་ཅི་ལ་ཡང་མ་ཆགས་པར་སྒྲུབ་པ་ལ་གཙོ་བོར་བྱེད་པར་གྱུར་ཅིག །ཚེ་འདི་ལ་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །འཆི་ཁར་ཡང་ཆགས་པ་མེད་པས་གནད་གཅོད་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག །བར་དོར་ཡང་དོན་གཉིས་སུ་མེད་པའི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག །འདུས་པ་མེད་པས་འབྲལ་བ་མེད་པའི་གྲོགས་ཐོབ་པར་གྱུར་ཅིག །འཁོར་བ་མེད་པས་ནོར་བ་མེད་པའི་ལམ་ཐོབ་པར་གྱུར་ཅིག །སྐྱེ་བ་མེད་པས་འཆི་བ་མེད་པའི་ཚེ་ཐོབ་པར་འགྱུར་ཅིག །བསགས་པ་མེད་པས་ཟད་པ་མེད་པའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཆོས་སྐུ་ནམ་མཁའ་ལྟ་བུ་ཐོབ་པར་གྱུར་ཅིག །ལོངས་སྐུ་ཉི་མ་ཤར་བ་ལྟ་བུ་ཐོབ་པར་གྱུར་ཅིག །སྤྲུལ་སྐུ་ཉི་ཟེར་ལྟ་བུ་ཐུགས་རྗེ་རྒྱུན་ཆད་མེད་པ་ཐོབ་པར་གྱུར་ཅིག །ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཐོབ་པར་གྱུར་ཅིག །དེ་ཁོ་ན་ཉིད་དུ་ཐོབ་པར་གྱུར་ཅིག །ཅེས་སོགས་བརྗོད། ལྔ་པ་བཀྲ་ཤིས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱམས་དང་ཐུགས་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པའི། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨཱེ་ཧཱུྃ། ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་དབྱིངས་ལས་ཡེ་ཤེས་ཤར། །རིག་སྔགས་འཛིན་མ་ཆོས་དབྱིངས་མཉམ་པའི་ངང་། །ཐུགས་རྗེ་ཆེན་པོ་འཁོར་བཅས་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བདེ་གཤེགས་རིགས་དྲུག་སྐུ་དྲུག་ཡེ་ཤེས་དྲུག །ཕ་རོལ་ཕྱིན་དྲུག་འཁོར་བའི་ཕ་རོལ་སོན། །ཐུགས་དྲུག་སྤྲུལ་སྐུ་འགྲོ་དྲུག་སྡུག་བསྔལ་སྦྱོང་། །འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་ན་གནས། །ད་ལྟའི་སངས་རྒྱས་སེམས་ཅན་འགྲོ་དོན་མཛད། །མ་འོངས་སངས་རྒྱས་འགྲོ་ཀུན་དོན་ལ་དགོངས། །དུས་གསུམ་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཡི་གེ་དྲུག་པ་ཐུགས་རྗེ་སྤྲུལ་པའི་སྐུ །འགྲོ་དྲུག་སྒྲིབ་སྦྱོང་འཁོར་བའི་གཡང་ས་གཅོད། །བྱང་ཆུབ་ལམ་འདྲེན་སྐུ་གསུམ་ས་ལ་འགོད། །སྙིང་པོ་ཡི་གེ་དྲུག་པའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། སྤྱན་རས་གཟིགས་དབང་འགྲོ་དྲུག་ཡོངས་ལ་གཟིགས། །ཐུགས་རྗེ་ཆེན་པོའི་སྙིང་རྗེ་རྒྱུན་མི་ཆད། །འཇིག་རྟེན་དབང་ཕྱུག་འགྲོ་བ་ཡོངས་ཀྱི་མགོན། །འགྲོ་བའི་སྐྱབས་གནས་མཆོག་གི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང། །ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས། །བརྒྱུད་འཛིན་བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་གོ །འདིར་སྔོན་འགྲོའི་ཆོས་རྣམས་ནི་དོན་གྱིས་ཐོབ་པ་དང་དཀྱིལ་འཁོར་སྒྲུབ་པའི་སྐབས་བགེགས་བསྐྲད་སྲུང་འཁོར་དགོས་པ་གཞུང་ལས་དངོས་སུ་བསྟན་པས་སྔ་འགྱུར་གྱི་ཕྲིན་ལས་སྤྱི་དང་མཐུན་པར་རང་གཞུང་དང་གཏེར་ཁ་གཞན་ལས་བསབ་པ་ཡིན་ཅིང་། བསོད་ནམས་ཀྱི་ཚོགས་གསག་པ་ཕྱིན་ཆད་ནི་བཀའ་འབུམ་རང་གཞུང་གཙང་མ་ལ་ཁ་སྐོང་དུ་འོས་པ་བླ་མ་གོང་མའི་གསུང་ལྷན་ཐབས་སུ་བསྡེབས་པའོ། །ཡང་ལུགས་འདིར་ནམ་མཁའ་རྒྱལ་པོའི་ཕྲིན་ལས་བྱ་བར་འདོད་ནའང་། གཙོ་བོ་འགྲོ་འདུལ་ཕྱག་བཞི་པའི་མལ་དུ་ཕྱག་སྟོང་སྤྱན་སྟོང་འཛུད་པ་དང་། བཟླས་པའི་སྐབས་གཟུངས་རིང་གཙོ་བོར་བྱེད་པ་ཙམ་ལས། གཞན་ཐམས་ཅད་ཆོ་ག་འདི་ཉིད་ཁོ་ནས་གྲུབ་པ་ཡིན་ནོ། །གངས་ཅན་མགོན་པོ་སྒྲུབ་པའི་ཐབས། །བྱེ་བ་ཕྲག་བརྒྱའི་མཆོག་གྱུར་པ། །བོད་ཀྱི་ཡབ་ཆོས་བྱིན་རླབས་ཅན། །རང་གཞུང་བཞིན་དུ་གསལ་བཀོད་པས། །ལུགས་འདིའི་ཕྲིན་ལས་མི་ནུབ་པར། །ཡིག་དྲུག་ཆོས་ཀྱི་སྒྲས་ཁེངས་པས། །ལྗོངས་འདིའི་ལུས་ཅན་ཇི་སྙེད་ཀུན།།འཕགས་པའི་རྣམ་ཐར་མཆོག་འགྲུབ་ཤོག །ཅེས་པའང་ལྷ་གཅིག་འདིའི་རིག་སྔགས་འཆང་བའི་ད་རི་དྲཱ་བློ་གྲོས་མཐའ་ཡས་སམ་པདྨ་གར་གྱི་དབང་ཕྱུག་གིས་དཔལ་སྤུངས་ཡང་ཁྲོད་འཕགས་མཆོག་འཇིག་རྟེན་མགོན་པོའི་ཕོ་བྲང་དཀར་པོའི་མགུལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).