Terdzo-YA-010



Property "author" has been marked for restricted use.








Terdzo-YA-010.pdf
Click the picture above to view the Shechen manuscript.

གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་མངོན་རྟོགས་

gnam chos rgyal ba rgya mtsho lha lnga'i mngon rtogs

by  ཀརྨ་ཆགས་མེད་ (Karma Chakme)
revealed by  སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (Mingyur Dorje)
in cycle  གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ (Gnam chos thugs kyi gter kha snyan brgyud zab mo'i skor)
Volume 24 (ཡ) / Pages 171-183 / Folios 1a1 to 7a3

[edit]

༁ྃ༔ གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་མངོན་རྟོགས་བཞུགས་སོ༔ ྈྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ རྒྱལ་བ་རྒྱ་མཚོ་བསྒྲུབ་པ་ནི༔ བསྒྲུབ་རྫས་ཅི་ཡང་མི་དགོས་སོ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྟོང་པའི་ངང་ལས་སྐད་ཅིག་རང་ཉིད་ནི༔ དབང་སྒྲུབ་དུས་སུ་རང་ཉིད་དང༔་་་བུམ་ལྷ་གཏོར་མ་མདུན་བསྐྱེད་དང་བཅས་པ༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ལ༔ ཞལ་གཅིག་ཕྱག་བཞི་དང་པོས་ཐལ་སྦྱར་ཏེ༔ འོག་མ་གཉིས་ཀྱིས་ཕྲེང་བ་པདྨ་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྤྱི་བོར་པདྨ་འབྱུང་གནས་ཨ་ཙར་སྨུག༔ ཕྱག་གཉིས་ཌཱ་རུ་བྷནྡྷ་ཞབས་ཕྱེད་སྐྱིལ༔ གཡས་སུ་རྟ་མགྲིན་དམར་པོ་ཁྲོ་ཆས་རྫོགས༔ གཡས་གཡོན་ཌཱ་རུ་དྲིལ་འཛིན་རྟ་སྐད་འཚེར༔ གཡོན་དུ་གསང་ཡེ་དམར་མོ་གྲི་ཐོད་དང༔ རལ་གྲི་ཁ་ཊྭཱཾ་ཞབས་གཉིས་གར་སྟབས་མཛད༔ འོག་ཏུ་ནག་པོ་ཆེན་པོ་ཆར་སྤྲིན་མདོག༔ གྲི་གུག་བྷན་དམར་འཛིན་ཅིང་བེར་ནག་གསོལ༔ དགྲ་བགེགས་བྱད་མ་ཞབས་ཀྱི་འོག་ཏུ་མནན༔ གཙོ་བོའི་ཐུགས་ཀར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ དེ་ཀུན་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས༔ ཆར་བཞིན་བབས་ནས་བདག་ལ་ཐིམ་གྱུར་ཏེ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར༔ ཡིག་དྲུག་གམ་ནི་ཡིག་བཅུ་བཟླས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ྈྈ ྈ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་མར་ངོའི་ཚེས་བརྒྱད་ལ་རྒྱལ་བ་རྒྱ་མཚོ་ཉིད་ཀྱིས་དངོས་སུ་གསུངས་སོ།། ༈ གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག་ཡོད་དོ། །༁ྃ༔ ཏཅཊ༔ ན་མོ་ལོ་ཀེ་ཤྭ་ར་ཡ༔ དེ་ནས་ཐུགས་རྗེ་ཆེན་པོའི་དབང་ནི༔ ལས་བྱང་དབང་སྒྲུབ་ལྟར་བྱས། དེ་ནས་ལས་བྱང་ཚར་གཅིག་བཏོན་པས་བདག་མདུན་བུམ་གསུམ་དུས་གཅིག་ལ་བསྐྱེད། བསྙེན་པ་བརྒྱ་ལས་མི་ཉུང་ཅི་མང་བཟླས། ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཟབ་མོ་ཞིག་བསྐུར་བ་ཡིན་ཏེ། དེ་ལ་སངས་རྒྱས་ཐམས་ཅད་དང་པོ་ཡང་ཐུགས་རྗེ་ཆེན་པོ་འདི་ལས་སྤྲུལ། མཐར་ཐིམ་པ་ཡང་འདི་ལ་ཐིམ་པས། དཔེར་ན་ཆུ་ཐམས་ཅད་དང་པོ་རྒྱ་མཚོ་ལས་བྱུང་མཐར་རྒྱ་མཚོ་ལ་ཐིམ་པ་དང་འདྲ་བའི་ཕྱིར། རྒྱལ་བ་རྒྱ་མཚོ་ཞེས་བྱའོ། །སྤྱན་རས་གཟིགས་ཀྱི་ཕན་ཡོན་བསྟན་པའི་མདོ་བདུན་སོགས་མདོ་རྒྱུད་ཉི་ཤུ་རྩ་གཅིག་ནས་འདིའི་ཕན་ཡོན་རྒྱ་ཆེར་གསུངས་ཤིང་། ཁྱད་པར་རྒྱུད་སྡེ་བཞིའི་ནང་ནས་བླ་མེད། བླ་མེད་ཀྱི་ནང་ནས་ཀྱང་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་པདྨ་ཟབ་པའི་རྒྱུད་དང་པདྨ་རྒྱལ་པོའི་རྒྱུད་གཉིས་ནས་གསུངས། དེ་ནས་གསུངས་པའི་རིགས་གསུམ་གྱི་ནང་ནས་འདི་ཞིང་ཁམས་ལྟར་བཀོད་པ་དེ་ཡིན། འདི་ལ་ཡང་གྲུབ་པའི་རྒྱལ་མོ་ནས་རས་ཆུང་པ་ལ་བརྒྱུད་པ་གསར་མའི་ལུགས་དང་། མངའ་བདག་ཉང་གི་གཏེར་མ་དང་། སངས་རྒྱས་གླིང་པའི་གཏེར་མ་སོགས་རྙིང་མ་དང་། གྲུབ་ཆེན་ཀརྨ་པཀྵིའི་ཞལ་གཟིགས་ལུགས་དང་། རྡོ་རྗེ་སྙིང་པོས་མཛད་པའི་རྒྱ་གཞུང་དང་། གནམ་ཆོས་ལུགས་སོགས་མང་དུ་ཡོད་དེ། ལྷ་ལྔ་འདི་ཐམས་ཅད་དོན་ལ་ཁྱད་པར་མེད། འོན་ཀྱང་ད་ལམ་དབང་འདི་རང་ནི་གནམ་ཆོས་ལུགས་ལྟར་ཡིན། གྲུབ་པའི་རྒྱལ་མོའི་ཞལ་ནས། འདི་ཉིད་སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད་པའི་ལྟས། །འཆི་ཚེ་རྟགས་དང་མཚན་མ་འཇའ་དང་ནི། །སྐུ་གདུང་རིང་བསྲེལ་ཤ་རཱི་ལ་སོགས་པ། །འབྱུང་བར་འགྱུར་ཏེ་ཐེ་ཚོམ་ཡོད་མ་ཡིན། །ཞག་བདུན་གྱིས་ཞལ་མཐོང་བ་དང་། དངོས་གྲུབ་མ་ལུས་པ་འབྱུང་བ་ཡིན་པས་ཤིན་ཏུ་གསང་བར་བྱའོ། །སློབ་དཔོན་དུ་མི་འཛིན་ཅིང་རང་གི་བརྒྱུད་པ་མིན་པ་ལ་གསང་བར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་ཧོ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས༔ ལན་གསུམ་བརྗོད། དེ་ནས་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྡིག་པ་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ དེ་ནས་ཐུགས་རྗེ་ཆེན་པོ་འདིའི་སྐུའི་དབང་ཞུ་བར་འདོད་དམ། གསུང་གི་དབང་ཞུ་བར་འདོད་དམ། ཐུགས་ཀྱི་དབང་ཞུ་བར་འདོད་དམ། ཡོན་ཏན་གྱི་དབང་ཞུ་བར་འདོད་དམ། ཕྲིན་ལས་ཀྱི་དབང་ཞུ་བར་འདོད་དམ། ཞེས་བརྗོད། སློབ་མས་ཀྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཞུ་བར་འདོད། ཅེས་བརྗོད། ད་ཁྱེད་རང་སློབ་མ་རྣམས་ལྷར་བསྐྱེད་པའི་དོན་དུ་འདི་ལྟར་དུ་སྒོམས་ཤིག །སྟོང་པའི་ངང་ལས་སློབ་མ་སྐད་ཅིག་གིས༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ལ༔ ཞལ་གཅིག་ཕྱག་བཞི་དང་པོས་ཐལ་སྦྱར་ཏེ༔ འོག་མ་གཉིས་ཀྱིས་ཕྲེང་བ་པདྨ་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྤྱི་བོར་པདྨ་འབྱུང་གནས་ཨ་ཙར་སྨུག༔ ཕྱག་གཉིས་ཌཱ་རུ་བྷནྡྷ་ཞབས་ཕྱེད་སྐྱིལ༔ གཡས་སུ་རྟ་མགྲིན་དམར་པོ་ཁྲོ་ཆས་རྫོགས༔ གཡས་གཡོན་ཌཱ་རུ་དྲིལ་འཛིན་རྟ་སྐད་འཚེར༔ གཡོན་དུ་གསང་ཡེ་དམར་མོ་གྲི་ཐོད་དང༔ རལ་གྲི་ཁ་ཊྭཱཾ་ཞབས་གཉིས་གར་སྟབས་མཛད༔ འོག་ཏུ་ནག་པོ་ཆེན་པོ་ཆར་སྤྲིན་མདོག༔ གྲི་གུག་བྷན་དམར་འཛིན་ཅིང་བེར་ནག་གསོལ༔ དགྲ་བགེགས་བྱད་མ་ཞབས་ཀྱི་འོག་ཏུ་མནན༔ གཙོ་བོའི་ཐུགས་ཀར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ དེ་ཀུན་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས༔ ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་ཐིམ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ༔ དང་པོ་སྐུའི་དབང་ཞུ་བར་འདོད་ན། སྐུ་བུམ་པའི་དབང་ཡིན་པས་ཁྱེད་རང་རྣམས་ཀྱིས་བུམ་པ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་བུམ་པ་འདིའི་ནང་དུ་གསལ་བ། དེ་ལྟ་བུ་གཅིག་སྒོམས་ལ་བུམ་པ་སྤྱི་བོར་བཞག་པའི་ཚེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག །ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་ན་ཐུགས་རྗེ་ཆེན་པོ་ཡི༔ ལྷ་ཚོགས་མ་ལུས་ལྷམ་མེར་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ༔ ལྷ་ཚོགས་སྐུ་ཡི་དབང་རྣམས་ནི༔ ལུས་པ་མེད་པར་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག །བུམ་ཆུ་བླུགས་ལ་མེ་ཏོག་འཐོར་ཞིང་། ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། ལུས་ལྷ་བསྒོམ་པར་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ། །དེ་ནས་གསུང་གི་དབང་ཞུ་བར་འདོད་ན། གསུང་དབང་ཤེལ་གྱི་ཕྲེང་བ་ཡིན་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་ལས་གྲུབ་པའི་ཕྲེང་བ་བདག་གི་ཐུགས་ཀར་ཐིམ། བདག་གི་རྣ་བ་ནས་ཐོན། ཁྱེད་རང་གི་རྣ་བར་ཐིམ། ཁྱེད་རང་གི་སྙིང་དང་གཉིས་སུ་མེད་པར་གྱུར་པས། ཐུགས་རྗེ་ཆེན་པོའི་གསུང་གི་དབང་མ་ལུས་པ་ཐོབ་པར་སྒོམས་ཤིག །ཧཱུྃ༔ ཕྲེང་བ་འདི་ནི་གསུང་གི་མཆོག༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ མ་ལུས་ལུས་པ་མེད་པ་ཡི༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨ༔ ཞེས་མགྲིན་པར་བཞག །ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་གསུང་གི་བཀྲ་ཤིས་ཤོག༔ དེས་ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ། དེ་རིང་ཕྱིན་ཆད་སྔགས་ཡི་གེ་དྲུག་པ་བཟླ་བར་དབང་། འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ། །དེ་ནས་ཐུགས་ཀྱི་དབང་ཞུ་བར་འདོད་ན། ཐུགས་རྡོ་རྗེའི་དབང་ཡིན་པས་རྡོ་རྗེ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པར་སྒོམས་ལ། སྙིང་གར་བཞག་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པ་ཐིམ་པས། ཐུགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག །ཧཱུྃ༔ རྡོ་རྗེ་འདི་ནི་ཐུགས་ཀྱི་དབང༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། སེམས་ཏིང་ངེ་འཛིན་བསྒོམ་པར་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ། །དེ་ནས་ཡོན་ཏན་གྱི་དབང་ཞུ་བར་འདོད་ན། ཡོན་ཏན་ཕྱག་མཚན་གྱི་དབང་ཡིན་པས། ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་པ་འདི་དང་པདྨ་དམར་པོ་འདི་ཉིད། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཡོན་ཏན་གྱི་དབང་ཐོབ་པའི་རྒྱུ་ཡིན་པས་ཁྱོད་ཀྱི་ལྟེ་བར་བཞག་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ་པར་སྒོམས་ཤིག །ཧཱུྃ༔ ཕྱག་མཚན་ཡོན་ཏན་དབང་གི་རྫས༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ ལུས་པ་མེད་པའི་ཡོན་ཏན་དབང༔ མ་ལུས་དུས་འདིར་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལྟེ་བར་བཞག །ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་བཀྲ་ཤིས་ཤོག༔ དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ། ཡོན་ཏན་དྲུག་ཅུ་རྩ་བཞི་ཐོབ་པའི་སྐལ་པ་དང་ལྡན་པའོ། །དེ་ནས་ཕྲིན་ལས་ཀྱི་དབང་ཞུ་བར་འདོད་ན། ཕྲེང་བ་མེ་ཏོག་ནོར་བུ་པདྨ་དམར་པོ་རལ་གྲི་རྣམས་ཀྱི་དབང་ཡིན་པས། དེ་རྣམས་ཁྱེད་རང་གི་གསང་གནས་སུ་བཞག་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུྃ༔ རྣམ་པ་འདི་ལྔ་སྤྱན་རས་གཟིགས༔ ལྷ་ཚོགས་ཕྲིན་ལས་དབང་བསྐུར་རྫོགས༔ ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནི༔ མ་ལུས་ཀུན་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་ཕུང་པོ་འདྲ༔ སེམས་ཅན་འགྲོ་ལ་ཐུགས་རྗེས་བུ་ལྟར་སྐྱོང༔ སྒྲུབ་པ་པོ་ལ་མཆོག་གི་དངོས་གྲུབ་སྟེར༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ། ཕྲིན་ལས་འགྲོ་བ་འདུལ་བའི་སྐལ་པ་དང་ལྡན་པའོ། །དེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་སོང་ཚར་ནས། དེ་ནས་ལས་བཞི་འདུས་པ་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དུ་སྒོམས་ལ། ཁྱོད་ཀྱི་སྤྱི་བོར་བཞག་པའི་ཚེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་པའི་ལས་བཞིའི་དབང་ཐོབ་པར་སྒོམས་ཤིག །གཏོར་མ་འདི་ནི་སྤྱན་རས་གཟིགས༔ ལྷ་ཚོགས་མ་ལུས་ལས་བཞིའི་དབང༔ བུ་ཁྱོད་ཀྱིས་ནི་ཐོབ་པར་ཤོག༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པ་གསར་མ་བརྒྱུད་པ་རྣམས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཉང་རལ་པ་ཅན། སྤྲུལ་སྐུ་སངས་རྒྱས་གླིང་པ་ལ་སོགས་པ་རྙིང་མ་བརྒྱུད་པ་རྣམས་དང་། བལ་པོ་མཉྫུ་ཤྲཱི། ཆོས་རྒྱལ་སྲོང་བཙན་སྒམ་པོ། གྲུབ་ཐོབ་དངོས་གྲུབ་ལ་སོགས་པ་བཀའ་འབུམ་བརྒྱུད་པ་རྣམས་དང་། གྲུབ་ཐོབ་ཀརྨ་པཀྵི། རྗེ་རང་བྱུང་རྡོ་རྗེ་ལ་སོགས་ཞལ་གཟིགས་བརྒྱུད་པ་རྣམས་དང་། མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་གནམ་ཆོས་བརྒྱུད་པ་རྣམས་དང་། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་རྒྱལ་བ་རྒྱ་མཚོ། དཔལ་རྟ་མགྲིན་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ལ་སོགས་པ་དཔའ་བོ་རྒྱ་མཚོ། གསང་བ་ཡེ་ཤེས་རིགས་བཞིའི་མཁའ་འགྲོ་ལ་སོགས་པ་དཔའ་མོ་རྒྱ་མཚོ། གུ་རུ་པདྨ་འབྱུང་གནས་ལ་སོགས་པ་གྲུབ་ཐོབ་རྒྱ་མཚོ། ཤྲཱི་མ་ཧཱ་ཀཱ་ལ་ལ་སོགས་པ་དམ་ཅན་རྒྱ་མཚོ་སྟེ། རྒྱ་མཚོ་ལྔའི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །བདུད་བཞི་ལོག་འདྲེན་གྱི་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས་ཤིག །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱ༔ ཞེས་གནས་ལྔར་བཞག་གོ །དེས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་པས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྔ་པོ་འདི། རང་ཐུགས་རྗེ་ཆེན་པོ་དང་འདྲ་བར་མ་གྱུར་གྱི་བར་དུ། ཨོ་རྒྱན་དང་ཐུགས་རྗེ་ཆེན་པོ་འདི་གཉིས་བླ་མར་བཟུང་། རྟ་མགྲིན་འདི་ཡི་དམ་དུ་བཟུང་། གསང་བ་ཡེ་ཤེས་འདི་མཁའ་འགྲོ་མར་བཟུང་། དཔལ་ལྡན་མགོན་པོ་ཆོས་སྐྱོང་དུ་བཟུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྩལ་ལྟར། དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས་བྱའོ། །ས་མ་ཡ༔ ཞེས་པ་འདི་ནིརྨ་ཀཱ་ཡ་ཏིཥྛ་བཛྲ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ནག་པ་ཟླ་བའི་མར་ངོའི་ཚེས་བཅུ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དངོས་སུ་མཇལ་ཏེ། འདི་ཀརྨ་ཆགས་མེད་ཀྱི་ཆོས་སྐལ་ཡིན་གསུངས་ནས་དངོས་སུ་གནང་བ་ཡིན་ཏེ་ཕྱིར་ནང་ཡི་གེར་བཀོད་པ་དེ་ལ་ཕྱིས་བདག་རཱ་ག་ཨ་སྱས་ལ་གནང་དུས་མཚམས་སྦྱོར་གྱིས་ཁ་བསྐངས་ནས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་སོ། །མངྒ་ལཾ།། །།

RTZ-Tsagli-CHA-06-gnam chos rgyal rgyam-01.jpg
RTZ-Tsagli-Dzongsar-YA-03-gnam chos rgyal rgyam-01.jpeg
RTZ-Tsagli-Dzongsar-YA-03-gnam chos rgyal rgyam-02.jpeg
RTZ-Tsagli-Dzongsar-YA-03-gnam chos rgyal rgyam-03.jpeg
RTZ-Tsagli-Dzongsar-YA-03-gnam chos rgyal rgyam-04.jpeg
RTZ-Tsagli-Dzongsar-YA-03-gnam chos rgyal rgyam-05.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).