Terdzo-THI-033

From Rinchen Terdzod
Jump to: navigation, search
This page is under construction. Check back later for updated content.


Terdzo-THI-033.pdf
Click the picture above to view the Shechen manuscript.
Tibetan: བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་གྱི་བྱ་བ་སྤྱི་ལ་ཉེ་བར་མཁོ་བའི་སྒྲུབ་མཆོད་སྐོང་རྫས་རྣམས་ཀྱི་གསལ་བྱེད་པདྨའི་ཆུན་པོ
Wylie: bsnyen sgrub dbang bskur dkyil 'khor gyi bya ba spyi la nye bar mkho ba'i sgrub mchod skong rdzas rnams kyi gsal byed pad+ma'i chun po
Volume: Volume 40 (ཐི) / Pages 775-812 / Folios 1a1 to 19b4
[edit]

༄༅། །བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་གྱི་བྱ་བ་སྤྱི་ལ་ཉེ་བར་མཁོ་བའི་སྒྲུབ་མཆོད་སྐོང་རྫས་རྣམས་ཀྱི་གསལ་བྱེད་པདྨའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།། ཀུན་རྫོབ་ཕྱིན་ཅི་ལོག་བློའི་གཞན་དབང་ཅན། །དེར་བརྟེན་རྟེན་འབྲེལ་གནད་ཀྱིས་དྲི་མའི་རྒྱ། །བཀྲོལ་ནས་ཚོགས་ཆེན་ལྷུན་རྫོགས་རྣམ་གྲོལ་སར། །འགོད་མཛད་རྩ་གསུམ་སྤྱི་དཔལ་བླ་མར་འདུད། །ཐོས་ཆུང་སྔགས་པ་གསར་བུ་རྣམས། །གསང་སྔགས་སྤྱོད་ལ་ཉེར་མཁོའི་ཕྱིར། །མེད་ཐབས་མེད་པའི་རྫས་འགའ་ཞིག །སྡུད་ཐབས་ལག་ལེན་གསལ་བར་འགོད། །དེའང་སྒྲུབ་ཆེན་ཐམས་ཅད་ཀྱི་སྤྱི་དོན་གནས་དུས་སྟོན་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་བསྡུས་པའི་རྫས་སམ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ཨོ་རྒྱན་རིན་པོ་ཆེས། ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསོག༔ ཅེས་དང་། སློབ་དཔོན་སངས་རྒྱས་གསང་བས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པར་བསྡུ་བྱ་སྟེ། །ཞེས་སོགས་རྒྱ་ཆེར་འབྱུང་བའི་ནང་ཚན་ཐོག་མར་མེད་དུ་མི་རུང་བའི་བསྒྲུབ་པར་འོས་པ་ནི། སློབ་དཔོན་ཆེན་པོས། མཆོད་པའི་རྫས་ཀྱིས་བདེ་གཤེགས་མཉེས༔ སྐོང་བའི་རྫས་ཀྱིས་དམ་ཅན་བསྐངས༔ སྒྲུབ་རྫས་ཚོགས་པས་བྱིན་རླབས་འབྱུང༔ ཞེས་གསུངས་པ་རྣམས་ལས་དང་པོ་སྒྲུབ་རྫས་ཚོགས་པ་གལ་ཆེ་བས། དེའང་སྐུ་རྟེན་ཐོད་པ་མཚན་ལྡན་སྐུ་བྲིས་པ་སྟེ། དེའི་མཚན་ཉིད་རྒྱས་པ་འདིར་མ་སྤྲོས་ཀྱང་། མདོར་བསྡུས་མཆོག་གི་ཕྱིར་དུ་དུམ་བུ་གཅིག་པ། ཁ་དོག་ལྷའི་རིགས་མཐུན་ནམ་དཀར་སེར། གང་ཡང་སྣུམ་ཞིང་མཐུག་ལ་ལྗིད་ཆེ་བ། དབྱིབས་ཟླུམ་པོ་སོགས་ལས་བཞི་དང་མཐུན་པ་ལ་མ་ཡོ་ཞིང་རང་ས་མཐོ་བ་དང་མཐུག་ཅིང་ཕྱི་ས་དེ་ལས་ལྡོག་པ། ནང་དུ་ཤིང་ལོ་རྒྱས་ཤིང་རྩེ་རང་སར་ཕྱོགས་པ། རྣལ་འབྱོར་སྲོག་ཀ་འདོད་འཇོའི་གཞོང་བུ་ཚངས་བུག་གླང་མཆེ་སོགས་ཡོད་ཅིང་རང་ས་དང་འབྲེལ་བ་རྣམས་ལ་སྲིན་རྗེས་དང་སྲིན་ཁུང་སོགས་ཀྱི་སྐྱོན་མེད་པ་ལ་ཕལ་ཆེར་འདུ། སྤྱིར་དབྱིབས་གྲོག་རྐེད་དང་ཟ་ལུང་མེད་པ་མཐོང་མ་ཐག་ཡིད་དུ་མི་འོང་བ་ནི་ཡོན་ཏན་བརྒྱ་སྐྱོན་གཅིག་གིས་འཇོམས་པ་ཡིན་པས་སྤང་། དབྱིབས་མུ་ཟླུམ་དང་ཟ་ལུང་མཛུབ་མོ་ཁེལ་ལ་ཡིད་དུ་འོང་བ་ནི་སྐྱོན་བརྒྱ་ཡོན་ཏན་གཅིག་གིས་སེལ་བ་ཡིན་པས་བླང་བར་བྱ། ཟས་གོས་ནོར་རྣམས་ལ་དུམ་བུ་གཉིས་པ་དང་གསུམ་པ་སོགས་བཤད་པ་ལས་གསང་དབང་ནང་མཆོད་སོགས་སྤྱི་ལ་མཁོ་བའི་ཐོད་པ་མཚན་ལྡན་རིགས་འདི་ལྟར་བརྟག་ཅིང་། དུམ་བུ་དྲུག་པ་ཕན་ཆད་ནི་མངོན་སྤྱོད་ཀྱི་སྐབས་མ་གཏོགས་སྤང་བར་བྱའོ། །གསུང་རྟེན་བནྡྷ་ཚལ་བུ་ལ་སྲོག་ཡིག་དང་སྙིང་པོ་འབྲི་བའང་ཐོད་ངན་མ་ཡིན་པ་དགོས་ཤིང་། གཞན་སྐབས་བབས་སོ་སོའི་གཞུང་ནས་བཤད་པ་ལྟར་དམིགས་སུ་ཕྱེད་པར་བྱ། ཐུགས་རྟེན་རྡོ་རྗེ་ཕུར་བུ་ཚད་ལྡན་སོགས་དང་། གཏེར་མ་བླ་སྒྲུབ་རྣམས་ལས་གསུངས་པའི་སྐུ་རྟེན་གུ་རུའི་སྐུ་འབག་འབུར་རམ་ཞལ་ཐང་ལ་བྱིན་རླབས་ཀྱི་སྔགས་ཚུལ་བཞིན་དགོད་པ་དང་། གསུང་རྟེན་སྲོག་འཁོར། ཐུགས་རྟེན་ཤེལ་རྡོ་དང་མེ་ལོང་། ཡོན་ཏན་ཀ་པཱ་ལ་མཚན་ལྡན། ཕྲིན་ལས་རྡོར་དྲིལ་དར་སྣས་མཚོན་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་བྱེ་བྲག་མང་དུ་བཤད་པ་རྣམས་ནི་འདིར་བསྡུར་མི་ལང་བས་སོ་སོར་ཤེས་པར་བྱ་དགོས། མདོར་ན་བསྐྱེད་རྫོགས་གདིང་ཁེལ་སྤྲོས་མེད་ཁོ་ནར་དྲིལ་བའི་རྣལ་འབྱོར་པ་དང་། དད་བརྩོན་ཆེའང་འབྱོར་པ་མེད་པ་མ་གཏོགས་བསྙེན་སྒྲུབ་བྱེད་པ་སྤྱི་རྣམས་ཀྱིས་རབ་རྩ་གསུམ་ཆོས་སྐྱོང་། ཐ་ན་རང་གིས་བསྒྲུབ་བྱ་གང་ཡིན་པ་དེའི་བརྟེན་སྒྲུབ་མཆོད་པའི་རྫས་གཞུང་མཐུན་བརྡ་ཙམ་ཡན་ཆད་ངེས་པར་ཚོགས་དགོས་ཏེ། སྔགས་ཀྱི་དངོས་གྲུབ་ནི་རྫས་སྔགས་ཏིང་ངེ་འཛིན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་དང་སོ་སོའི་དམ་ཚིག་ཡིན་པའི་ཕྱིར་རོ། །གཞན་ཡང་དབང་དང་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་སྒྲུབ་ཕྱིན་ཆད་དེ་ལ་མཁོ་བའི་ཡོ་བྱད་རྣམས་བརྡ་མཚོན་ཙམ་བྱས་ན་གཞུང་དང་འགལ་བས་རང་གཞུང་དང་མཐུན་པའི་ཚད་ལྡན་སྔ་ནས་ཚགས་སུ་ཚུད་པར་བྱ་དགོས་ཀྱི། མཐའ་འཁོབ་ཀྱི་སྔགས་པའི་ལག་ལེན་ངན་འབྱམས་དབང་དང་སྒྲུབ་པ་ཆེ་ཆུང་གང་ལའང་དཀྱིལ་འཁོར་མེད་པ་དང་། ཙཀ་ལི་རིགས་མཐུན་ཙམ་གྱིས་ཀུན་ལ་འགྲེ་བ་སོགས་རྒྱུད་ལུང་ལ་ཁྱད་གསོད་ནམ་ཡང་མི་བྱ་བར། རྡུལ་ཚོན་མ་གྲུབ་ཀྱང་རས་བྲིས་དཀྱིལ་འཁོར་ཚད་ལྡན་དང་ཙཀ་ལི་སོ་སོའི་གཞུང་མཐུན་ཅན་སོགས་དགོས་པའི་ཡོ་བྱད་རྩོལ་བས་བསྒྲུབས་ན། སློབ་དཔོན་གྱི་བྱ་བ་བགྱིས་པ་དེ་བྱས་ལ་མ་གསག་པའི་ལས་སུ་མི་འགྱུར་བ་དང་། རྒྱལ་བའི་བཀའ་བཞིན་བསྒྲུབས་པའི་ཕན་ཡོན་ཞར་བྱུང་དུ་ཐོབ་ལ་ཕྱིས་ནས་བསྟན་པའི་མིག་ལྟོས་བཟང་ཞིང་། གཞན་མང་པོ་ལའང་ཕན་པའི་བཙས་སུ་འགྱུར་རོ། ༈ །རྫས་རྣམས་ཀྱི་ཐོག་མ་དཀྱིལ་འཁོར་དང་མཎྜལ་གྱི་བྱ་བ་སོགས་དག་བྱེད་སྤྱིའི་རྫས་སུ་ཉེ་བར་མཁོ་བའི་བ་བྱུང་ལྔ་ནི། རྣམ་གྲངས་བྱ་རྒྱུད་ལེགས་གྲུབ་ལས། དམར་ཟལ་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་ལྕི་བ་དང་། །ཞེས་གསུངས་པ་ལྟར་ལ། ལག་ལེན་སངས་རྒྱས་གསང་བས། དང་པོ་དཀྱིལ་འཁོར་ཆེ་ཆུང་གི །བསྐུས་པས་ཡོག་པའི་མར་བཤམས་ལ། །ལྕི་བ་དངོས་པོ་ཉི་ཤུ་འགྱུར། །འོ་མ་དག་དང་ཞོ་དག་ཀྱང་། །དང་པོ་མར་གྱི་སུམ་འགྱུར་རོ། །དང་པོ་ལྕི་བ་བཙིར་བ་ཡང་། །དང་པོར་ཆུ་ཡིས་བསྣོས་ལ་བཙིར། །དེ་ནས་ཚགས་ཀྱིས་བཙགས་བྱས་ཏེ། །དེ་ནས་དེ་རྣམས་སྦྱར་བྱས་ལ། །ཞག་ནི་གཉིས་དང་གསུམ་བར་དུ། །དེ་ནི་རས་སུ་བཅུག་པ་ཡང། །ཉི་མ་གཉིས་བར་མ་ཆོད་པར། །ཉི་མ་བདུན་དུ་རིམ་གྱིས་བྱུག །ཅེས་མར་དེ་ཉིད་སྦྱར་གཞིར་བྱས་ནས་གཞན་བཞི་པོའི་སྦྱོར་སྡེ་ཚད་ཅན་དུ་གསུངས་པ་ལས་བསྐོལ་བའི་རྒྱུ་མཚན་མ་བཤད་ཀྱང་། དགྲ་ལས་རྣམ་རྒྱལ་གྱིས། །སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ། །ཚིགས་མ་བོར་ཏེ་དབུས་ཀྱི་ཆས། །ཞེས་གསུངས་པ་གང་ཡང་རུང་བར་མངོན་ནོ། །འོན་ཀྱང་ད་ལྟའི་ཕྱག་ལེན་སྔོན་གྱི་མཁས་པ་དག་གིས། དགོན་པའི་རྩྭ་ཟོས་གཙང་མ་ཡི། །བ་ཡི་མར་དང་འོ་མ་ཞོ། །བཤང་བ་གཅིན་དང་བཅས་པ་ལ། །བ་བྱུང་ལྔ་ཞེས་རྒྱལ་བས་གསུངས། །བརྔས་པའི་རྩྭ་དང་སྦང་མ་སོགས། །མི་གཙང་སྣ་ཚོགས་ཟོས་པ་ཡི། །བ་ཡི་རྣམ་ལྔས་གོ་མི་ཆོད། །དེས་ན་གཙང་མ་སྨྲོས་པ་ཡིན། །དགོས་དུས་དེ་རྣམས་རྙེད་དཀའ་བས། །རིལ་བུར་བསྒྲུབ་པའི་ཆོ་ག་བཤད། །ལྕི་བ་ས་ལ་མ་ལྷུང་བ། །ཉི་མ་ལ་བསྐམས་གྲིབ་མར་བཏགས། །དེ་ལ་གཅིན་བསྲེས་སླར་ཡང་བསྐམ། །དེ་ལྟར་ལན་གསུམ་བྱས་པ་ལ། །མར་དང་འོ་མ་ཞོ་བསྲེས་ཏེ། །བྱེ་འུའི་སྒོ་ངའི་ཚད་ཙམ་དུ། །རིལ་བུར་བྱས་ལ་གྲིབ་སྐམ་བྱ། །འདི་ནི་བླ་མའི་མན་ངག་ཡིན། ཞེས་བཤད་པ་ལྟར། བེའུ་ཐོག་མར་སྐྱེས་པའི་བ་སེར་སྐྱ་རབ། མ་རྙེད་ན་བ་གསར་དམར་ཟལ་ལྟོ་སྦྱངས་ནས་ས་གཙང་གི་རྩྭ་ཆུ་ལ་ལོངས་སྤྱད་པའི་ལྕི་བ་དང་ཆུ་ས་ལ་མ་ལྷུང་བར་སྣོད་གཙང་མར་གཟེད་པའི་ཆུ་གཙང་དུ་ལྕི་བ་བསྐོལ་བའི་ཁུ་བ་ཕོས། ཉི་མར་བསྐམས་ནས་བཏགས་པ་ལ་བ་གཅིན་བསྲེས་ནས་སྐམ་པ་སྟེ། སྐམ་བརྡུང་བསྲེ་བ་ལན་གསུམ་མཐར། བའི་མར་ལྕི་བའི་ཆ་ཉི་ཤུ །འོ་མ་དང་ཞོ་མར་གྱི་སུམ་འགྱུར་བསྲེས་པས་རིལ་བུར་བགྱིས་པ། དགོས་དུས་སུ་དྲི་བཟང་གི་ཆུར་སྦྱར་ནས་ལོངས་སྤྱད། དེའང་མཚན་ཉིད་ཚང་བའི་བ་དེ་ལ་གླང་ཆེན་རྩི་ཞེས་བྱ་བའི་སྨན་ཡོན་ཏན་ལྔ་ཚང་བ་ཞིག་ཡོད་པས། གདོན་བགེགས་ཐུབ་པ་དང་། འདུ་བའི་ནད་སེལ་བ་དང་། དྲི་ཞིམ་པ་དང་། འགྲོ་བ་དབང་དུ་འདུ་བ་དང་། ཤིན་ཏུ་གཙང་བ་རྣམས་ཡོད་པས། དེ་དང་མཐུན་པའི་ཡོན་ཏན་འབྱུང་བར་བཤད་དོ།། ༈ །།སྒྲུབ་པ་དང་དབང་བསྐུར་སོགས་ལ་དགོས་པའི་གཙོ་བོ་བུམ་པའི་རྫས་ནི། བྱ་རྒྱུད་ལ་བཅོ་ལྔར་བཤད་པས་མཚོན་དབྱེ་བསྡུ་མང་ཡང་ཡོ་ག་སྤྱི་ལ་འཇུག་པ་ཉེར་ལྔ་པོ་གྲགས་ཆེ་སྟེ། དེ་ནི་གསང་སྙིང་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་སྐམ་ལ། །ཞེས་གསུངས་པ་ལྟར་ལ། འདིའི་ངོས་འཛིན་རྒྱ་བོད་མཁས་གྲུབ་རྣམས་ཀྱི་བཞེད་སྲོལ་མི་འདྲ་བ་མང་ཡང་བོད་ཡུལ་དུ་ཕལ་པས་འབྱོར་སླ་བའི་ཕྱག་ལེན་རྣམ་པར་དག་པའི་ཕྱོགས་ལྟར་ན། འབྲུ་ལྔ་ནི། འབྲས་སོ་བ། ནས། གྲོ །ཏིལ་དཀར། མོན་སྲན་དཀར་པོའམ་མ་རྙེད་ན་སྲན་མ་དཀར་པོ་གང་རུང་ངོ་། །སྤོས་ལྔའམ་དྲི་ལྔ་ནི། ག་པུར། ལི་ཤི །ཛཱ་ཏི། གུར་གུམ། ཙནྡན་དཀར་དམར་གང་རུང་ངོ་། ཁ་ཅིག་ཏུ་གླ་རྩི། གུར་གུམ། ཛཱ་ཏི། ཙནྡན་དཀར་དམར། ཅེས་བགྲངས་པ་དང་གླ་རྩིའི་མལ་དུ་ཨ་ག་རུ་བྱེད་པའང་སྣང་ཡང་སྤྱི་ཁྱབ་སྔ་མ་ཉིད་ལེགས་སོ། །རིན་ཆེན་རབ་ལྔ་ཕལ་པས་འབྱོར་དཀའ། ཐ་མ་གསེར་དངུལ་ཟངས་ལྕགས་གཤའ་ཚེ་དཀར་པོ་སྟེ་ལྕགས་རིགས་ལྔས་འཐུས་པར་གསུངས་ཀྱང་། སྐབས་འདིར་འབྲིང་པོའི་དབང་དུ་བྱས་ཏེ། གསེར། དངུལ། བྱེ་རུ། མུ་མེན། མུ་ཏིག་གོ །འདི་ལ་དངུལ་གྱི་ཚབ་ཏུ་པདྨ་རཱ་ག་བཤད་པ་ཡོད་ཀྱང་འཛོམ་དཀའ་འོ། །སྙིང་པོ་ལྔ་ནི། སྦྲང་རྩི། བུ་རམ། མར། ལན་ཚྭ། ཀ་ར་རྣམས་སོ། །འདིར་ཀ་རའི་མལ་དུ་ཏིལ་ལ་བཤད་པ་ཡོད་པ་ཉིད་ལེགས་ཏེ། རིམ་བཞིན། མེ་ཏོག ཤིང་། རྩི་ཐོག ཆུ། ས་རྣམས་ཀྱི་སྙིང་པོའམ་བཅུད་དུ་བཤད་པའི་ཕྱིར་རོ། །སྨན་ལྔ་ནི། སྟག་ཚེར་བ། ཀཎྜ་ཀཱ་རི། ཤུ་དག་དཀར་པོ། དབང་ལག །རྒྱ་མཚོ་ལྦུ་བ་བཅས་ལ་བྱེད་པ་མང་ཞིང་། ཕྱག་ལེན་དག་པའི་ཕྱོགས་གཅིག་ལ། སེ་བ་དྲི་ལྡན་གྱི་མེ་ཏོག །ཟུར་ལུགས་ཨུཏྤལ་སྔོན་པོ། ཤུ་དག་དཀར་པོ། ཀཎྜ་ཀཱ་རི། ཅོ་ག་ཀླད་སྨན་རྣམས་སུ་བཤད། ཀུན་མཁྱེན་དྷརྨཱཀ་རས་རྒྱ་བལ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཕྱག་སྲོལ་བཞིན་འཁྲུལ་མེད་ཀྱི་ངོས་འཛིན་མཛད་པ་ལྟར་ན། འབྲུ་དྲི་སྙིང་པོ་ལྔ་རྣམས་སྔར་དང་འདྲ་བ་ལས། གུར་གུམ་ཁ་ཆེ་སྐྱེས་མ་འབྱོར་ན་བལ་གུར་དང་ཀླུ་མོ་གུར་གུམ་གཏང། རིན་པོ་ཆེ་མཆོག་དང་འབྲིང་རྣམས་ཀྱང་རྙེད་དཀའ་བས་གྲུབ་ཆེན་པདྨ་བཛྲས་བཤད་པ་ལྟར། ཤེལ་རིགས་གང་རྙེད། དུང་། བྱེ་རུ། དངུལ། མུ་ཏིག་ལྔས་ཆོག་པར་བཞེད་ཅིང་། དེ་ལ་ཤེལ་རིགས་མཆོག་ལྔ་མི་འབྱོར་བས་པད་རཱག་ཚབ་ནལ་ཙམ་དང་། མུ་ཏིག་མང་དུ་མ་འབྱོར་ཚེ་ཉ་ཕྱིས་གཏང་གསུངས། སྨན་ལྔ་ནི། བྲྀཏ་ཏཱི་དང་ཀཎྜ་ཀཱ་རི་དངོས་མ་འབྱོར་ན། ཚབ་བོད་ཀྱི་ཤིང་སྨན་ཀཎྜ་ཀཱ་རི་རིགས་གཉིས་ཀྱི་ཕྲ་བ་ལ་བྲྀཧ་ཏཱི་དང་། སྦོམ་པ་ལ་སིང་ཚེར་བྱེད། རྣམ་རྒྱལ་དཀར་པོ་སྔོ་ལྡུམ་དྲི་ཞིམ་ཅན། ས་ཧ་དེ་བ་ལྡུམ་བུ་ཆུང་ངུ་ཞིག་སྟེ་གཉིས་ཀ་བལ་པོ་སོགས་སུ་སྐྱེ་བས་དངོས་མ་འབྱོར་ན། སྔ་མ་རྣམས་ཀྱི་ཕྱག་བཞེས་ལྟར་ཤུ་དག་དཀར་པོ་དང་། ཅོ་ག་ཀླད་སྨན་གྱིས་ཚབ་བྱེད་པ་ལས་འོས་མ་མཆིས། དཎྜོཏྤ་ལ་དབྱུག་པའི་ཨུཏྤལ་དཀར་དམར་ནི་བལ་པོ་སོགས་སུ་སྐྱེ་བའི་ཤིང་ཕུང་མདའ་ཚད་ཙམ་ལ་མེ་ཏོག་ཆུ་སྐྱེས་འདྲ་བའི་དཀར་དམར་གཉིས་ཡོད་ཀྱང། མ་རྙེད་ན་ཟུར་ལུགས་ཨུཏྤལ་དང་། ཤེལ་དར་སྒེའུ་དར་གྱིས་ཚབ་རུང་བར་བཞེད་ཞིང་། དེ་དག་རྩ་བ་དགོས་པར་བཤད། འདི་རྣམས་ཀྱང་འབྱོར་པ་ཡོད་ན་རིན་པོ་ཆེ་རྣམས་མ་རྨས་པ་དང་། སྨན་སོགས་ཁྲོལ་བུར་བུམ་པའི་ནང་དུ་བླུགས་དགོས་པས་སྔོན་གྱི་ཡོ་ག་བ་རྙིང་མའི་ཕྱག་བཞེས་ལྟར། ཁ་ཅིག་བུམ་པའི་ཁ་རྒྱན་ལ་རིན་པོ་ཆེ་བཏགས་པའང་མཚོན་བྱེད་ཙམ་ཡིན་ཞིང་། རིལ་བུ་མཛད་པའང་ཡོད་མོད། ཕྱེ་མ་ཉིད་འཇུག་པ་བདེའོ། །དེའི་སྟེང་དུ་བླ་མེད་ཀྱི་རྒྱུད་ལས་བདུད་རྩི་ལྔ་དང་ཤ་ལྔ་སྟེ་དམ་རྫས་ཆེན་པོ་ལྔ་ཚན་གཉིས་བསྣན་པས་བུམ་རྫས་སོ་ལྔ་ཞེས་གསུངས་པ་ནི་བླ་མེད་ཀྱི་སྐབས་སུ་མེད་དུ་མི་རུང་བའི་ཁྱད་ཆོས་ཡིན་པས་དེ་དག་གཏེར་བྱོན་སོགས་ཁུངས་ལྡན་གྱི་ཕབས་གཏའ་འཛོམས་ན་ལེགས། ཅིས་ཀྱང་མ་འཛོམ་ན་སྐྱོབས་ཀྱི་སྨན་རྣམས་སྦྱར་རོ། །བུམ་པ་དྲིའི་ཆུས་སུམ་གཉིས་དགང་བར་བཤད་པ་ལའང་རྡོ་རྗེ་སྙིང་རྒྱན་ལས། ཙནྡན་དང་ནི་རྒྱ་སྤོས་དང་། །ག་པུར་དེ་བཞིན་གུར་གུམ་དང་། །ཨ་ག་རུ་དང་ལྷ་ཡི་ཤིང་། །ཙནྡན་དམར་པོ་ཉིད་དང་ནི། །ཞེས་གསུངས་པ་ལས་ལྷའི་ཤིང་ནི་ཤུག་པ་སྟེ། དེ་དག་ཐམས་ཅད་དམ་མ་འབྱོར་ན་གང་རུང་དང་ཆུ་གཙང་མ་སྦྱར་དགོས་སོ།། ༈ །།དབང་གི་སྐབས་སུ་ཡེ་ཤེས་པ་འབེབ་པའི་རྫས་སྦྱོར་རྒྱུད་དང་མན་ངག་རྣམས་ལས་རྒྱས་བསྡུས་ཅི་རིགས་འབྱུང་ཡང་། གསང་སྔགས་བླ་མེད་སྤྱིར་ཐུན་མོང་དུ་འཇུག་པ་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཟླ་མཚན་ཕྱིས་པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག །ཞིབ་ཏུ་བཏགས་ནས་བདུག་པར་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་བརླབ་པར་འགྱུར། །ཞེས་སོགས་གསར་རྙིང་གི་རྒྱུད་སྒྲུབ་ཐབས་དབང་ཆོག་རྣམས་ནས་རྫས་མང་ཉུང་འདྲ་མིན་མང་དུ་འབྱུང་བ་ལས། སྔོན་གྱི་ཕྱག་ལེན་ཁུངས་དག་ལྟར་ན། སྐྱེས་པ་གཙང་མའི་བྱང་སེམས་དཀར་པོ། བུད་མེད་རིགས་བཟང་གི་བྱང་སེམས་དམར་པོ། སྔགས་པ་ནུས་ལྡན་དང་དགེ་སློང་ཚད་ལྡན་ནམ་སྐྱེས་པ་གཞོན་ནུ་གཙང་མ་རྣམས་གང་བྱུང་གི་དྲི་ཆེན་དྲི་ཆུ། རིམས་ངན་གྱིས་ཤི་བ་ལྟ་བུ་མ་ཡིན་པའི་མིའི་ཀླད་པ་ནི་ཤ་ཆེན་གྱི་དྭངས་མ་སྟེ་བདུད་རྩི་ལྔ་པོ་རྩ་བའི་རྫས་ཡིན་ལ། བྱི་ལ་ནག་པོའི་བྲུན། རའི་རྐང་ལག་གི་ཉྭ་བཞིའི་ཤ །བུད་མེད་ཀྱི་འདོམས་རས་རྡུལ་གྱིས་སྦགས་པ། སྒྲུབ་པ་པོའི་སྐྲ་དང་སེན་མོ་ཅུང་ཟད་བཅས་པའི་རྫས་རྣམས་སྣེ་འཛོམས་ཙམ་བྱས། དྲིའི་ཤུགས་སྐྱེད་པའི་ཕྱིར། ག་པུར། ཛཱ་ཏི། གུར་གུམ་རྣམས་ཅུང་ཟད་རེ། ཙནྡན་དཀར་དམར། ཨ་ག་རུ། ཁྱད་པར་ཨར་ནག་དྲི་ལྡན་ན་གི་རྣམས་གང་མང་གིས་བུངས་བསྐྱེད། ཐམས་ཅད་ཀྱི་འདབ་འཕར་གུ་གུལ་ནག་པོ་སྦྱར་བ་ཕྱེ་མའམ་རིལ་བུ་གང་བྱེད་ཀྱང་བྱིན་གྱིས་བརླབས་པའི་ནང་མཆོད་དམ། བདུད་རྩི་རིལ་བུ་ཆང་དང་སྦྱར་བས་ཁ་ཕྲུ་ཅུང་ཟད་བཏབ། ཡེ་ཤེས་འབེབ་པའི་སྔགས་ཀྱིས་སྒྲུབ་པ་ཡུན་རིང་ཐུང་གང་འགྲུབ་བྱས་པ་དེ་ཉིད། བྱིན་འབེབ་ཀྱི་སྐབས་སུ་ཡི་དྭགས་ཀྱི་མེ་ལ་བསྲེག་པར་བཤད་པས་འཛོམས་ན་རོ་སོལ་གྱི་མེ་དང་། མ་འབྱོར་ན་སོལ་མེ་ལྟ་བུ་ལ་བསྲེག་པར་བྱའོ། །གཏེར་མའི་ཕྱོགས་བླ་མ་དགོངས་འདུས་སོགས་ལས་འབྱུང་བ་ནི། གུ་གུལ་ནག་པོ། ཤ་ཆེན། ཀླད་ཆེན། བདུད་རྩི་ལྔ། བྱི་ལ་ནག་པོའི་བྲུན། བུད་མེད་ཀྱི་ཟླ་མཚན་དངོས་སམ་དེས་གོས་པའི་འདོམས་དཀྲིས་སོགས། རའི་ཉྭ་བཞིའི་ཤ་རྣམས་སྦྱར་བའམ། ཡང་ན། ཤ་ཆེན། གུ་གུལ། བྱི་ལའི་བྲུན། ཨ་ཀ་རུ། ལི་ག་དུར། དུ་རུཥྐ། གུར་གུམ། ཛཱ་ཏི། རྒྱ་ཤུག་རྣམས་སྦྱར་བ་ལ། ཡེ་ཤེས་དབབ་པའི་སྔགས་ཀྱིས་བསྒྲུབ། ལས་ལ་སྦྱོར་བའི་སྐབས། སློབ་མ་སོ་སོའི་སྤྱི་བོའི་སྐྲ་དང་སྦྱར་ལ་བདུག་པར་གསུངས་སོ། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་པདྨ་དཔའ་བོའི་ལས་ཚོགས་སུ། བྱེ་བྲག་ཡེ་ཤེས་དབང་སྡུད་ནི༔ བདག་མདུན་པདྨ་དཔའ་བོར་གསལ༔ སྙིང་གའི་ས་བོན་ལས་བྱུང་བའི༔ འོད་དམར་ལྕགས་ཀྱུ་ལྟ་བུའི་རྩེར༔ དབང་མཛད་པདྨ་དྷཱ་ཀི་ནཱི༔ ལྕགས་ཀྱུ་ཐོགས་པ་དཔག་མེད་འཕྲོས༔ གང་ཞིག་བསྒྲུབ་པར་འདོད་པ་ཡི༔ ཡེ་ཤེས་ལྷ་དེའི་ཐུགས་ཀར་རེག༔ དབང་མེད་ཐུགས་རྗེའི་རྒྱུད་བསྐུལ་ཏེ༔ བདེ་བ་ཆེན་པོའི་བྱིན་རླབས་ཟིལ༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་ཆར་ལྟར་བབས༔ བདག་གནས་བསྒྲུབ་པའི་རྫས་ལ་ཐིམ༔ ལྷ་དང་སྐལ་བ་མཉམ་པ་ཡི༔ དངོས་གྲུབ་གཟི་བྱིན་རྒྱས་པར་བསམ༔ གང་ཡིན་ལྷ་དེའི་སྔགས་ཤམ་དུ༔ ཨོཾ་ཛྙཱ་ན་སརྦ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་ཨ༔ སཏྭཾ་བྷ་ཡ༔ སཏྭཾ་བྷ་ཡ༔ ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ༔ ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་བཟླས་གླ་རྩི་ཙནྡན་གཉིས༔ མི་ཡི་སྐྲ་སེན་ཉྭ་བཞིའི་ཤ༔ གོ་རོ་ཙ་ན་ཚིལ་ཆེན་དང༔ བྱང་སེམས་དཀར་དམར་བྱི་ལའི་བྲུན༔ གུ་གུལ་སྤོས་དཀར་ཤུ་དག་བཅས༔ མྱོས་བྱེད་ཉིང་ཁུས་བྲན་ལ་བཏབ༔ བསྙེན་སྒྲུབ་དུས་སུ་བདུག་པ་ཡིས༔ ཡེ་ཤེས་པ་རྣམས་དབང་མེད་འདུ༔ བྱིན་ཆེན་ཕེབ་ཅིང་ཉམས་རྟོགས་འཕེལ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར༔ གསུངས་ཏེ། འདིའི་རྫས་ཚུལ་བཞིན་སྦྱར་ནས་སྒྲུབ་པའི་སྐབས་པདྨ་དཔའ་བོའི་བསྐྱེད་བཟླས་འདི་ཉིད་ལས་འབྱུང་བ་ལྟར་རམ། མི་འགྲུབ་ན་ཐོག་མར་བླ་མ་ཞི་བའི་རིགས་ཀྱི་བསྐྱེད་བཟླས་དང་། དེ་གནས་གྱུར་ཏེ་བླ་སྒྲུབ་རྣམས་ནས་མཐུན་པར་འབྱུང་བ་ལྟར། པདྨ་དཔའ་བོ་ཡབ་ཡུམ་གྱི་སྐུར་གསལ་བའི་ཐུགས་ཀར་ཨུཏྤལ་དམར་པོའི་ལྟེ་བར་ཉི་ཟླ་ཁ་སྦྱོར་དབུས་སུ་ཧྲི་ནི་དམར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་དམར་ལྕགས་ཀྱུའི་དབྱིབས་ཅན་གྱི་སྤྲོ་བསྡུས་འཁོར་འདས་དབང་དུ་བྱས་པར་མོས་ལ། ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཧྲི་པདྨ་གིངྐ་ར་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་ཅི་འགྲུབ་བཟླ། དེ་ནས་བདག་དང་སྒྲུབ་རྫས་ལྷར་གསལ་བའི་སྔགས་བཟླས་སྤྲོ་བསྡུ་བྱས་པས་ཆོག །རྫས་འདི་ནི་དབང་བསྐུར་བའི་སྐབས་སློབ་མ་དང་། བསྙེན་སྒྲུབ་ཀྱི་སྐབས་སྤྱན་འདྲེན་དུས་སོགས་སུ་བདུག་པས་ཡེ་ཤེས་ཀྱི་བྱིན་ཆེན་འབེབ་པའི་ཟབ་ཁྱད་རྨད་དུ་བྱུང་བའོ།། ༈ །།མཆོད་པའི་རྫས་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་མཆོད་རྫས་དངོས་བཤམ་ཆུ་གཉིས་ཉེར་སྤྱོད། ཡིད་སྤྲུལ་རྫས་རྟགས་རྒྱལ་སྲིད་སོགས་སུ་བཤད་པ་ལས་སྐབས་འདིར་སྔ་མ་སྟེ། འདི་ལ་མཆོད་ཡུལ་ལྷའི་དབྱེ་བས་ཞི་དྲག་གཉིས་ལས། ཞི་བ་ནི་རྒྱུད་སྡེ་འོག་མ་རྣམས་ཀྱི་ལུགས་དང་ཐུན་མོང་དུ་བྱ་དགོས་པས། མཆོད་ཡོན་ནི། མདུན་བདར་བའི་བསུ་སྐྱེམས་ཡིན་པས། དྭངས་བསིལ་མངར་འཇམ་སོགས་ཡན་ལག་དང་ལྡན་པའི་ཆུ་གཙང་སྲོག་ཆགས་མེད་པ་རིན་པོ་ཆེའི་བྱ་མ་བུམ་ནས་སྦྲེང་བ་དང་རིན་པོ་ཆེའི་སྣོད་དུ་བཤམས་པ་སྟེ། དེའང་ཞི་བའི་ལས་ལ། ནས། འོ་མ། མེ་ཏོག་དཀར་པོ། ཀུ་ཤ །ཏིལ་དཀར། འབྲས་ཡོས། བདུད་རྩིར་བཅས་པའི་དྲི་དཀར་པོའི་ཆུ་སྟེ་རྫས་བདུན་དུ་གྲགས་པ་དང་། རྒྱས་པ་ལ། ཏིལ། ཀུ་ཤ །མེ་ཏོག་སེར་པོ། དྲི་སེར་པོའི་ཆུ་རྣམས་སྦྱར་བའོ། །དགོངས་འདུས་ལས། ཁ་དོག་ལས་བཞི་སོ་སོ་ལྟར་བསྒྱུར་བའང་གསུངས་སོ། །ཞབས་བསིལ་ནི། ཕྱག་ཞབས་བཀྲུ་བའི་ཆུ་གཙང་མ་འདམ་དང་སྲོག་ཆགས་མེད་པ་ལ་ཤིང་ཤུན་ལྔའི་ཕྱེ་མ་བཏབ་པ་དགོས་ཏེ། དེའང་བོད་དུ་ཡོད་པའི་འོ་མ་དང་བདུད་རྩི་ཅན་དུ་གྲགས་པ། བ་ལུ། འོམ་བུ། ལྕང་དཀར། ཤུག་པའམ་ཙནྡན་དཀར་པོ། ཁམ་བུ་རྣམས་ཀྱི་ཤུན་པ་ལ་བྱ་བར་བཞེད་དོ། །མེ་ཏོག་དངོས་ཐང་དང་ཆུ་ལས་སྐྱེས་ཤིང་དུག་རིགས་མ་ཡིན་པའི་ཁ་དོག་དྲི་ངད་ཕུན་སུམ་ཚོགས་པ་དང་། གཟུགས་བརྙན་གསེར་དངུལ་སོགས་རིན་པོ་ཆེ་དང་དར་གོས་སྣ་ཚོགས་ལས་སྡོང་པོ་ལོ་མ་ཟེའུ་འབྲུ་རྣམས་ཚང་བར་ཆེད་དུ་བཟོས་པའམ། ཐ་ན་གྲོ་ཤོག་ཚོན་གྱིས་བསྒྱུར་བ་ལས་དབྱིབས་ལེགས་མདངས་མཛེས་སུ་བཅོས་པ་སྟེ། འདིའང་གཏེར་རྙིང་གཞུང་ཆེན་རྣམས་ལས་བཤད་པས་གསར་མའི་ཕྱག་ལེན་དུ་འབྲུ་བཤམས་པ་ལས་མེད་ཀྱང་དམིགས་པའི་རྟེན་ཙམ་ལ་ནི་མཚུངས་ཕྱིར་བསམ་པ་དག་པས་ལེགས་པར་བསྒྲུབས་ན་དེ་ཙམ་གྱི་ཚོགས་སུ་འགྱུར་རོ། །བདུག་སྤོས་ལྷན་སྐྱེས་ཙནྡན་དང་ཨ་ག་རུ་སོགས་དྲི་ངད་བཟང་པོ་དང་ལྡན་པ་སྟེ་བོད་དུའང་ཤུག་པ་ཨར་ནག་མཁན་དཀར་སོགས་དྲི་བཟང་ཅན་རྣམས་དང་། སྦྱར་སྤོས་ཆོས་སྡེ་ཆེན་པོ་རྣམས་ཀྱི་བཟོ་ཁྱད་ལག་ལེན་མང་ཡང་ཕལ་པས་མི་འབྱོར་ཞིང་། ཡི་གེས་འཇིགས་པས་མ་སྤྲོས་ལ། གཏེར་ཆེན་ཆོས་རྗེ་གླིང་པས་གུ་རུ་སྤྱན་འདྲེན་གྱི་སྤོས་སྦྱོར་ལ་བསྔགས་པའི་དྲི་བཟང་ཕུལ་དུ་བྱུང་བ་ནི། ནཱ་གི་དུག་ཕྲལ་དུལ་མ་དང་། ཁ་ཆེ་གུར་གུམ་གཉིས་ཆ་མཉམ། དེའི་ཕྱེད་དང་གུ་གུལ་གླ་རྩི་རུ་རྟ་གསུམ་ཆ་མཉམ། གསུམ་པོའི་ཕྱེད་དང་ཙནྡན་དཀར་པོ། ཛཱ་ཏི། ཨ་གར་ནག་པོའམ་འབའ་ཞིག་ཆ་མཉམ། གསུམ་པོའི་ཕྱེད་དང་སྤོས་དཀར། ཏོང་ཀུ་དྲི་ལྡན་བཅས་ཞིབ་པར་འདམ་བཏགས་ཡུན་རིང་དུ་བྱས་ནས་གོང་བུར་བསྒྲིལ་བའམ། སྤོས་ཀྱི་རེང་བུའམ། ཕུར་མ་བྱས་ནས་བྱིན་འབེབ་སོགས་ཀྱི་སྐབས་སུ་བདུག་པས་དྲི་ཞིམ་ཕུན་སུམ་ཚོགས་པ་འབྱུང་བར་གསུངས་སོ། །བླ་མ་དགོངས་འདུས་ལས་གསུངས་པའི་ཚུལ་བཞིའི་སྦྱར་སྤོས་ནི། ཤིང་ཚྭ་ཆུའི་ཚུལ། སྤོས་དཀར་ཐལ་གྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚྭའི་ཚུལ་ཞེས་སྦྱོར་ཚད་དང་ལྡན་པ་ལ། སྦྲང་བུར་གྱི་ཁ་ཚར་དང་ཁུ་བ་ཆང་ལ་བྱས། སུག་སྨེལ་གྱི་ཕབས་བཏབ་པས་དྲི་ཞིམ་ལ་དགོས་པ་དང་ལྡན་པའི་སྤོས་བཟང་འཕྲལ་དུ་འགྲུབ། ཡང་སྤོས་སྦྱོར་བཀའ་རྒྱ་མར་གྲགས་པ། ཀླུ་མོ་སྲང༔ མཛེ་འཇོམས་རྒྱ་གར་མ༔ སྤོས་དཀར༔ འདྲེ་འཇིགས༔ ཀུ་སུ་མ༔ མ་གི་ཏ༔ ཙནྡན་དཀར་པོ༔ བཅས་རེང་བུ་བྱ་སྲོལ་མེད་པས་ལེགས་པར་བཏུལ་ལ་སྤོས་འཁོར་བྱ། དུས་འཁོར་ལུགས་སུ་གྲགས་པ་ནི། གླ་རྩི། ག་པུར། སིཧླ། ཙནྡན། ཨར་ནག་བཅས་སོ། ཁ་ཆེ་པཎ་ཆེན་ལུགས་ནི། ན་གི་ཙནྡན་ཨ་ག་རུ། །ཀ་ར་གླ་རྩི་ལྔ་སྦྱོར་བྱ། །སྔོ་སྨན་གྱི་སྤོས་སྦྱོར་ནི། གླ་རྩི། རྡོ་དྲེག ཏོང་ཀུ །བ་ལུ་བཅས་སྦྱར་རོ། །འདི་རྣམས་ལས་རྒྱུད་སྡེ་འོག་མ་དང་། ཀླུ་ཆོག་དངོས་སམ་དེ་དང་འབྲེལ་བའི་རིགས་ལ་གླ་རྩི་དང་གུ་གུལ་ནག་པོ་མ་འདྲེས་པ་དགོས་པས་ཆེན་པོ་རྣམས་ཀྱིས་སྤོས་རེང་དྲི་ཞིམ་ཡང་སྐབས་ཕྱེད་པར་དགོས། ཆོས་སྐྱོང་འབོད་ཅིང་སྐོང་སྐུལ་གྱི་སྤོས་སྦྱོར་ཡང་དཀྱུས་འགྲེས་མི་ཆོག་སྟེ། མགོན་པོ་རྣམས་ལ་གྲི་ཤ །ལྷ་མོ་ལ་ནལ་བུའིི་ཤ །རྣམ་སྲས་སོགས་ལ་སྤོས་དཀར། དམ་ཅན་ལ་ར་གསུར་སོགས་གཙོར་བྱ་ཞིང་གཟའ་ལ་སྤང་སྤོས་འཛེམས་དགོས་པའི་མཚོན་སྤང་བླང་བྱེ་བྲག་མང་བས། འཛོམས་ན་སོ་སོའི་གཞུང་ནས་བཤད་པ་ལྟར་བྱ་བ་གལ་ཆེ་ལ་མ་འཛོམ་ན་སྤོས་རེང་དཀྱུས་མའི་རིགས་དང་ཤིང་སྤོས་དྲི་ལྡན་སིཧླ་སོགས་བདུག་པ་ལེགས་སོ། །མར་མེ་ནི། ཕྱུགས་ལས་བྱུང་བའི་རྩི་མར། འབྲུ་རིགས་ལས་བྱུང་བའི་འབྲུ་མར། ཏིལ་བཙིར་བའི་མར་ཁུ་རྣམས་རབ་རིན་པོ་ཆེའི་སྣོད། ཐ་ན་ཟངས་རག་རྫ་སའི་ཀོང་བུ་ཡན་གཙང་ཞིང་དག་པར་སྦྱར། ནག་ནོག་མ་ཡིན་པར་མུན་པ་འཇོམས་ནུས་པའི་གསལ་མདངས་ཅན་བྱ། མ་འབྱོར་ན་སྒྲོན་ཤིང་ལྟ་བུ་སྦར་བས་ཀྱང་རུང་བར་གསུངས་སོ། །དྲི་ཆབ་ནི་ཚད་པ་ཆེ་བའི་སར་ལུས་བསིལ་ཞིང་དྲི་ང་བ་སེལ་བ་སྟེ། དུས་འཁོར་ལས་བསྒྲུབ་པར་བྱ་གསུངས་པས། སྒྲུབ་ཚུལ་བུ་སྟོན་གྱིས་བཀྲལ་པ་ལྟར་ན། གསེར་དངུལ་དུང་དང་ཉ་ཕྱིས་ཀྱི་སྣོད་གང་ཡང་རུང་བར། སུག་སྨེལ། ཤིང་ཚྭ། སྤང་སྤོས། བཱ་ལ་ཀ །ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས་ནས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་གསུམ་སྐམ་གྱི་བར་བསྐོལ་བའི་ལྷག་མ་དྲིའི་ཆུར་འགྱུར་བར་གསུངས་པ་ལྟར་རམ། མི་ནུས་ན་བུམ་རྫས་སྐབས་ཀྱི་དྲི་ལྔའམ། །ག་པུར། ཙནྡན། ཛཱ་ཏི། གུར་གུམ། སིཧླ་སོགས་དྲི་ཞིམ་པོའི་སྨན་དང་ཆུ་གཙང་སྦྱར་བའོ། །ཞལ་ཟས་ཀྱི་རྒྱུ་ནི། དགོངས་འདུས་ལས། ཕྱི་ཡི་དཀར་གསུམ་མར་ཁུ་འོ་མ་ཞོ༔ དེ་བཞིན་མངར་གསུམ་སྦྲང་རྩི་ཀ་ར་དང༔ མེ་ཏོག་སྣ་ཚོགས་བུ་རམ་བཅས་པ་འོ༔ ཞེས་དང་། གཏོར་མའི་རྒྱུ་དངོས་པོ་རྣམ་པར་དག་པའི་ཕུད་མ་ཉམས་པར་རོ་བཅུད་ནུས་པ་དང་ལྡན་ཞིང༔ སེར་སྣ་འཇུར་གེགས་མི་གཙང་བ་སོགས་ཀྱིས་མ་བཅིངས་པར་ཕངས་མེད་ཆགས་པ་མེད་པར་བཏང་བའོ༔ ཞེས་དང་། འབྲས་ཟན་ལ་སོགས་པ་གཙང་མའི་བཤོས་སམ༔ ཤ་ཆང་སྒོག་པ་ལྒ་གཡེར་ལ་སོགས་པའི་ཚུལ་མིན་མ་འདྲེས་པའི་སྣ་ཚོགས་གཡོས་ཀྱི་སྦྱར་བའི་ཞལ་ཟས༔ ཞེས་གསུངས་པ་ལྟར། འབྱོར་པ་དང་དཔག་པའི་ཕྱེ་གཙང་མ་ལ་དཀར་མངར་བསྲེས་པ་རང་གིས་བཟའ་ན་ཇི་ཙམ་ཡིད་དུ་འོང་བ་དེ་ཙམ་དུ་གཙང་ཞིང་དག་པར་སྦྱར་བའོ། །རྙིང་མ་པ་འགའ་ཞིག་གིས་ཞལ་ཟས་ཟླུམ་པོ་ལ་འབྲི་མོག་བྱུགས་པ་སོགས་ལག་ལེན་མ་དག་པའི་རྒྱུན་ནམ་ཡང་མི་བྱའོ། །རོལ་མོ་ནི་འབུད་བརྡུང་དཀྲོལ་བའི་རིགས་རྣམས་ཏེ་འདིའང་ཁམས་ཕྱོགས་སྔགས་པ་འགའ་རེས་མཆོད་པའི་གྲལ་དུ་རོལ་མོ་ཏིང་ཤག་སོགས་བཤམས་པར་སྣང་བ་ནི་བླུན་པའི་ལག་རྒྱུན་ཏེ། འབུད་དཀྲོལ་མ་བྱས་ན་རོལ་མོའི་མཆོད་པའི་གོ་མི་ཆོད་པས་ཌཱ་དྲིལ་ཙམ་ནི་སུས་ཀྱང་དཀྲོལ་བ་དེ་ཀ་ཡིན་པས་རོལ་མོའི་སྒྲ་བྱེད་ཚེ་བཤམས་པ་ལ་དོན་མེད་པས་སོ། །མཆོད་པའི་ཡུལ་ཡེ་ཤེས་ཀྱི་ལྷ་ལ་བཟང་ངན་གྱི་རྟོག་པ་དང་འདོད་ཡོན་ལ་ཆགས་ཞེན་མེད་ཀྱང་རང་ཉིད་ཚོགས་གསོག་པའི་ཕྱིར་ཡིན་པས། གཞན་ལས་དངོས་སུ་འཕྲོག་ཅིང་ལྐོག་ཏུ་བརྐུས་པ་སོགས་རྒྱུ་མ་དག་པ་དང་། རྙིང་ཞིང་འབག་བཙོག་གིས་གོས་པ་སོགས་དངོས་པོ་མ་དག་པ་དང་། བརྒྱ་མཆོད་ལྟ་བུ་ལ་ཆེས་སོ་མང་ངོ་སྙམ་པའི་སེར་སྣ་དང་། གཞན་ལ་ཁྱད་གསོད་དང་འགྲན་སེམས་ཀྱིས་བྱས་པ་ལྟ་བུ་བསམ་པ་མ་དག་པ་མ་ཡིན་པར་རང་གི་འབྱོར་པ་གང་ཡོད་དཔུང་བསྐྱེད་ཅིང་། སྔ་མ་ཕུལ་ཟིན་ནས་རྙིང་པ་བརྗེ་ཞིང་གསར་པ་བཤམ་དགོས་ཏེ། དགོངས་འདུས་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ ཅི་འབྱོར་གཏོར་དཔུང་ཆེ་བར་བསྐྱེད༔ མ་འབྱོར་གང་ཙམ་དམིགས་པ་བྱ༔ ཡོད་ནས་མ་བཤམས་ལྷ་ཡིས་ཁྲེལ༔ མེད་ན་ཆེད་དུ་གཉེར་ནས་ཀྱང༔ སེར་སྣ་མ་ཤོར་སྤེལ་བའི་གནད༔ མགྲོན་དགྱེས་བདག་ལ་དངོས་གྲུབ་འབྱུང༔ ཡེ་ཤེས་ལྷ་ལ་ཆེ་ཆུང་མེད༔ རང་གི་བསོད་ནམས་གསོག་པའི་ཕྱིར༔ ཞེས་གསུངས་པ་ལྟར་རོ། །དེས་ན་མེ་ཏོག་ཧ་ཅང་རྙིང་པ་དང་། ཞལ་ཟས་རྙིང་པ་མང་དུ་བཀོད་པ་སོགས་ལྷ་ལྟ་ཅི་སྨྲོས། མི་ཡི་ག་ལྡོག་པའི་ལག་ལེན་ངན་པ་ནམ་ཡང་མི་བྱའོ། ༈ །དྲག་པོའི་ཉེར་སྤྱོད་བླ་མེད་ལུགས་སུ། ཁྲག་གི་མཆོད་ཡོན་ནི་ཁྲག་ཆེན་གཙོ་བོར་གྱུར་པའི་སྙིང་དང་ལུས་ལས་བྱུང་བའི་ཁྲག་སྣ་ཇི་ལྟར་འཚོགས་པ་སྐམ་པོར་བྱས་པའི་ཕྱེ་མ་ཆུ་གཙང་ལ་བཏབ་པ་དང་། དུག་ཆུའི་ཞབས་བསིལ། བཙན་དུག །བསེ་ཞོ། ཐར་ནུ། ཐང་ཕྲོམ་པ་སོགས་གང་འཚོགས་ཀྱི་ཕྱེ་མ་ཆུ་ལ་སྦྱར། དབང་པོའི་མེ་ཏོག་ནི། ཐོད་པའི་སྣོད་དུ། སྙིང་། ལྕེ། རྣ་བ། མིག སྣ་རྣམས་ལག་ལེན་ལྟར་བཞག་པ་དོན་ལྔའི་མེ་ཏོག་ཡིན་པའི་ཕྱིར་དང་། ཚིལ་ཆེན་གྱི་སྤོས་ནི། གྲི་ཚིལ་ལམ་མི་ཚིལ་དཀྱུས་མ་དེ་ཀ་ལྟར་བསྲེགས་པའི་གསུར་བཏང་ཡང་ཆོག་ལ། གུ་གུལ་ནག་པོ། ཤུ་དག །གླ་རྩི། བཙན་དུག །ཡུངས་དཀར་སོགས་དང་སྦྱར་བའི་རེང་བུའམ་ཕྱེ་མ་སྦྱར། ཞུན་ཆེན་གྱི་མར་མེ་ནི། ཚིལ་ཆེན་བཞུས་པའམ་ཤ་ཆེན་གྱི་ཞག་ལས་བཅོས་པ་ཡིན་ཡང་མཚོན་བྱེད་ཕྱུགས་ཀྱི་ཚིལ་ལ། མི་ཚིལ་འདྲེས་པའི་མར་མེ་བྱ། མཁྲིས་པའི་དྲི་ཆབ་ནི། གི་ཝང་དངོས་མང་དུ་རྙེད་དཀའ་ཡང་ས་གི་ཝང་ལྟ་བུ་ལ་གཞི་བྱས། མཁྲིས་ཆེན་དང་དོམ་མཁྲིས་གཙོར་བྱས་མཁྲིས་སྣ་རྙེད་ཚད་བསྡུས་པའི་ཕྱེ་མ་ཆུར་སྦྱར། ཤ་ཆེན་གྱི་ཞལ་ཟས་ནི། ཤ་ཁྲག་ལས་བཅོས་པའམ་དཀྱུས་ཙམ་ལ་དམར་གཏོར་ཟུར་གསུམ་མིའི་མགོ་ལག་རྐང་གིས་བརྒྱན་ཅིང་ཁྲག་གམ་སྨུག་རྩིས་བྱུགས་པའོ། །འདི་རྣམས་ཀྱི་སྣོད་ཀྱང་ཐོད་ཚལ་ལམ་བསེ་ལྕགས་སོགས་ལས་བཅོས་པའི་གྲུ་གསུམ་འཛོམས་ན་མཆོག་གོ །དྲག་པོའི་རོལ་མོའང་དུར་ཁྲོད་ཀྱི་རྫས་ལས་བྱུང་བ་རྣམས་གཙོ་བོ་ཡིན་ལ། དཀྱུས་སུ་ཐོད་རྔ་དང་མི་རྐང་གླིང་བུ་སོགས་སོ།། ༈ །།གཉིས་པ་ནང་གི་མཆོད་རྫས་ལའང་ཡིད་སྤྲུལ་དང་དངོས་བཤམ་གཉིས་ལས། དང་པོ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་བཅས་འདོད་ཡོན་ལྔ་ཡིན་ལ། འདིའང་གཏེར་མ་འགའ་ལས་མཚོན་བྱེད་ཀྱི་བརྡ་བཤམ་པའང་གསུངས་པས། དེ་ལྟར་ན། གཟུགས་ལ་སྟེགས་བུ་ཅན་གྱི་མེ་ལོང་། སྒྲ་ཏིང་ཤག་སོགས། དྲི་སྤོས་དང་དྲི་བཟང་སྦྱར་བའི་ལྡེ་གུ། རོ་བཟའ་བཏུང་གཙང་མ་ཅི་རིགས་སམ་ཞལ་ཟས། རེག་བྱ་དར་སྣ་ཚོགས་རྣམས་བཀོད་པར་སྣང་ངོ་། ༈ །གཉིས་པ་དངོས་བཤམ་སྨན་རཀ་གཏོར་གསུམ་ཉིད་བླ་མེད་སྤྱི་ལ་གཙོར་བཤད་དེ། དེའང་བདུད་རྩི་སྨན་མཆོད་ནི། རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་གྱི་དམ་རྫས་ཚོགས་པར་དགོས་ཏེ། དེའང་བམ་བརྒྱད་ཀྱི་དགོངས་པ་ལྟར་རྩ་བ་བརྒྱད་ལ་ཕྱི་ནང་གསང་གསུམ་དབྱེ་བས་ཉེར་བཞི། དེ་རེ་རེའི་ཡན་ལག་དུ་མར་སྦྱར་བའི་ཚུལ་ལྟར་རམ། ཡང་ན། བདུད་རྩི་ཡོན་ཏན་གྱི་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ༔ ཞེས་དང་། ཉང་གཏེར་འགྲོ་འདུལ་ལས། བདུད་རྩི་ལྔ་ལ་རྩ་བ་བརྒྱད༔ སྦས་པ་ནང་གི་རྩ་བ་བཞི༔ མངོན་པ་ཕྱི་ཡི་རྩ་བ་བཞི༔ ཞེས་པ་ལྟར་དམ་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་རེ་རེ་ལ། ཕྱི་ནང་གི་རྩ་བ་བཞི་བཞི་སྦྱར་བས་བརྒྱད་དོ། །བརྒྱད་ཚན་དེ་དག་རེ་རེ་ལའང་སོ་སོའི་སྐྱོབས་དང་འཕྲད་དུ་འགྱུར་བའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་པ་རེ་སྦྱར་དུ་ཡོད་པས་ན་ཡན་ལག་སྟོང་དུ་འགྱུར་རོ། །ཚུལ་འདི་བཀའ་དགོངས་སོགས་གཏེར་མའི་སྨན་སྒྲུབ་རྣམས་ལས་གཙོ་བོར་བཤད་པར་སྣང་བས་དེ་ལྟར་སྦྱོར་ན། རྩ་བའི་བདུད་རྩི་ལྔ་གཏེར་བྱོན་གྱི་རིལ་བུའམ། རིག་འཛིན་གོང་མས་སྦྱར་བ་ལ་གཞི་བྱས་བུངས་སྐྱེད་སྐྱོབས་ཀྱི་སྨན་རྣམས་སྦྱར་ཏེ། དྲི་ཆེན་གྱི་སྐྱོབས། ཛཱ་ཏི། ཨ་རུ་ར། སུག་མེལ། ཨ་ག་རུ། །དུ་རུཥྐ། བྱང་སེམས་ཀྱི་སྐྱོབས། ཅུ་གང་། ག་པུར། ཤ་རཱི་རཾ། གངས་ཏིག །ཐལ་དཀར་རྡོ་རྗེ། ཤ་ཆེན་གྱི་སྐྱོབས། སྙིང་ཞོ། མཁལ་ཞོ། གླ་གོར་ཞོ་ཤ །ཀ་ཀོ་ལ། ཙི་ཏྲ་ཀ །རཀྟའི་སྐྱོབས། ཙནྡན་དམར་པོ། ལི་ཤི །སྐྱུ་རུ་ར། སྟར་བུ། དྲི་ཆུའི་སྐྱོབས། ཅོང་ཞི། བྲག་ཞུན། ལི་ག་དུར། གུར་གུམ། ལྕང་དཀར་སོགས་ཀྱི་ཐང་ཆུ་རྣམས་ཏེ་ནང་གི་རྩ་བ་བརྒྱད་ལས་འཕྲོས་པའོ། །ཕྱིའི་རྩ་བ་བརྒྱད་ནི། །ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཚང་བར་གསུངས་ཤིང་། དེའང་རྩ་བ་མཱུ་ལ་པ་ཏི། སྡོང་པོ་ཙན་དཀར། ཡུ་བ་ལི་ཤི །ཤུན་པ་ཤིང་ཚ། ལོ་མ་གནྡྷ་བྷ་དྲ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། སྙིང་པོ་ག་པུར་རྣམས་སུ་བཤད་པས་དེ་བརྒྱད་ལ་རྩ་བར་གཟུང་། ཡན་ལག་སྟོང་ནི། ཨ་རུ་རིགས་ལྔ། ག་པུར་རིགས་གསུམ། གི་ཝང་། བ་རུ་ར། འབྲས་གསུམ། གེ་སར་གསུམ། གུ་གུལ་དཀར་ནག་གིས་མཚོན་རྒྱ་བལ་ནས་བྱུང་བའི་རྩི་སྨན། ཨ་ག་རུ་རིགས་བཞི། ཤིང་སྨན། ཚོས་བཙོད་ཞུན་མཁན་བསེ་ཡབ་ལྟ་བུ་མོན་ཡུལ་སོགས་ནས་འབྱུང་བའི་བར་སྨན་དུ་གྲགས་པའི་རིགས། བོད་དུ་སྐྱེ་བའི་རུ་རྟ་དབང་ལག་རྩ་བ་ལྔ་སོགས་རྩ་བའི་རིགས། སྟག་ཚེར་སེང་ཚེར་སོགས་སྡོང་པོ་དང་ཤུན་པ། རྟག་ངུ་རིགས་གསུམ་ཨུཏྤལ་སྔོ་དམར་སོགས་མེ་ཏོག །གྲོ་མ་གོ་སྙོད་སོགས་འབྲས་བུ། ཏོང་ཀུ་སྲོ་ལོ་སོགས་ལོ་མ། རྒུན་འབྲུ་སྟར་ཁ་ཁམ་བུ་སོགས་ཤིང་ཏོག བྲག་ཞུན་རིགས་ལྔ། མདུང་རྩེ་སྦལ་རྒྱབ། མཚལ་བཙག་སོགས་ས་རྡོ་ལས་བྱུང་བ་སྟེ། མདོར་ན་དུག་རིགས་དང་བཤལ་སྐྱུགས་མིན་པའི་རྩི་སྔོ་ས་རྡོའི་སྨན་ཚོགས་ཚད་སྦྱར་དགོས་ལ། ཚྭ་སྣ་གཞུང་དུ་བཤད་ཀྱང་རོ་སོགས་ལ་གནོད་ཅིང་མཚུར་རིགས་ལྟ་བུ་ཁ་དོག་ལ་གནོད་པ་དང་། ཤིང་ཀུན། བཤུལ་ཆགས་ཀྱི་ཤས་མཚོན་ཁ་དོག་དྲི་རོ་ལ་གནོད་པའི་སྤྱང་ཀི་རྣམས་ཀྱང་མི་གཏོང་བར་སྣང་། གཞན་ཡང་གཞུང་ལས། དཀར་གསུམ་མངར་གསུམ། ལྔ་ཚན་ལྔ། ཕབས་ལྔ། ཆང་ལྔ། ཆུ་ལྔ། འོ་མ་ལྔ། བམ་གཙང་མའི་དོན་སྣོད་ཤ་ཁྲག་རུས་ལྤགས་སྐྲ་སེན་རྐང་ཀླད་ཚང་བ། ཤང་ཤང་སྤྲེའུ་སོགས་གདོང་པ་ཅན། རྨ་བྱ་བྱ་རྒོད་སོགས་གཤོག་པ་ཅན། སེང་གེ་སྟག་གཟིག་སོགས་གཅན་གཟན། གླང་ཆེན་བསྭེ་གཡག་སོགས་རྨིག་པ་ཁ་དབྲག །རྟ་རྐྱང་བོང་དྲེལ་སོགས་རྨིག་ཟླུམ། ཉ་སྲམ་སོགས་ཆུ་གནས། བྱི་བ་སོགས་ས་འཛུལ་རྣམས་ཀྱི་ཤ་ཁྲག །སྙིང་སྣ། དུང་། འགྲོན་བུ། འབྲུག་རུས་སོགས་རུས་པ་སྣ་ཚོགས། ནལ་ཕྲུག་སྐད་མ་འབྱིན་པའི་ལྕེ་སོགས་ལྕེ། འབྲུ་རིགས་ཚོགས་ཚད་ཀྱི་ཕྱེ་མ་སོགས་རེ་རེ་ལའང་སྟོང་སྟོང་སྦྱར་བར་བཤད་པས་སྤང་བླང་མེད་པར་ཇི་ལྟར་ཚོགས་པ་བྱ་ཆོག་ཀྱང་། དེང་སང་ཏིང་འཛིན་དགོངས་པའི་རྩལ་གྱིས་ཚུལ་བཞིན་བྱིན་གྱིས་རློབ་ནུས་པ་དཀོན་པས་མོས་སྒྲུབ་ཙམ་གྱི་སྐབས་འདིར་རྩི་སྨན་རྣམས་ལ་གཞི་བྱེད་སྔོ་སྨན་ཧ་ཅང་མི་མང་བའི་སྣེ་ཚང་དང་། ལྔ་ཚན་ལྔ། དཀར་མངར། ཤིང་ཏོག །འབྲུ་ཕྱེ། ས་རྡོའི་སྨན་སོགས་ཀུན་ལ་འོས་ཤིང་འཐད་པ་རྣམས་གཙང་དག་ཏུ་སྦྱར་ཅིང་། གཞན་རྣམས་ཕབས་རྒྱུན་གྱིས་འཐུས་པར་མཛད་པའི་ཕྱག་སྲོལ་འབྱུང་བ་ཉིད་གཉིས་རྟོག་རགས་ཤིང་ཐེ་ཚོམ་ཆེ་བའི་བློ་ངོར་སྐྱོན་མི་སྐྱེད་པའི་ཕྱིར་ལེགས་ཀྱང་། ཕྱིས་ཀྱི་ཆོས་སྨན་རྣམས་ལའང་བྱིན་རྟེན་རྙེད་ཚད་བསྲེས་ནས་རྟེན་འདུས་སུ་སྦྱར་པའང་མང་བས་དེ་འདྲ་མི་བྱ་བར། གསར་མའི་བདུད་རྩི་རིལ་བུ་དང་མཚུངས་པར་བཤད་མ་ཐག་པའི་སྨན་ཕྱེ་ཆུ་ཆང་འོ་མས་སྦོལ་བ་ལ། གཏེར་བྱོན་ཟོལ་མེད་ཀྱི་གུ་རུ་རིན་པོ་ཆེ་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་དང་། སེལ་མེད་ཀྱི་རིགས་འཛིན་བརྒྱུད་པ་གོང་མས་ཚད་ལྡན་དུ་སྦྱར་བའི་ཆོས་སྨན་ཆང་གི་ཉིང་ཁུ་ལ་སྦངས་པའི་ཁུ་བ་བསྲེས་ཏེ་འདྲེས་པར་འཕུར། གུར་གུམ་དང་ཙནྡན་དམར་པོའི་ཕྱེ་མ་སོགས་གང་འབྱོར་གྱིས་སེར་པོའམ་དམར་སྨུག་ལྟ་བུའི་ཁ་དོག་ལེགས་པའི་བསྒྱུར་ཁ་བྱས་ལ་བསྐམས་པའི་ཕྱེ་མ་བཀའ་དགོངས་སོགས་ཀྱི་སྨན་སྒྲུབ་སྐབས་སུ་བསྒྲུབ་པ་བྱུང་ན་རབ། མ་བྱུང་ན་དེ་དག་སོགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས་གཞུང་གསལ་བདུད་རྩི་བྱིན་རླབས་ཀྱི་དམིགས་གནད་རྩེ་གཅིག་གསལ་བས་སྔགས་འབུམ་ཕྲག་ལ་སོགས་པས་བསྒྲུབས་པ་དེ་ཉིད། སྨན་སྒྲུབ་བྱེད་སྐབས་ཀྱི་ཕབས་གཏའ་དང་། བདུད་རྩི་སྨན་མཆོད་ནམ་དགོས་དུས་སུ་སྨན་ཐོད་མཚན་ལྡན་དུམ་གསུམ་སོགས་སྐྱོན་མེད་པའི་ནང་ཆང་ངམ་ཆུ་གཙང་མངར་དང་སྦྱར་བ་ལ་བཏབ། སྒྲུབ་ཆེན་སོགས་ཀྱི་སྐབས་ཚོགས་བརྒྱད་དག་པའི་བརྡར་དར་བརྒྱད་བལྟབས་སམ། ཁམས་དཀར་དམར་དག་པའི་བརྡར་ཟངས་དང་གཤའ་ཚེ་བསྲེས་པ་འཁར་བའི་མེ་ལོང་གིས་བཀབ་པར་བཤད་པ་ལྟར་བྱའོ།། ༈ །།གཉིས་པ་རཀྟ་ནི། དབྱེ་བའི་རྣམ་གྲངས་གསུམ་དང་ལྔ་སོགས་གསུངས་ཤིང་སྦྱོར་ཐབས་དང་བྱིན་རླབས་རཀྟ་ཁྲག་རྒྱུད་དང་། གཏེར་མའི་གཞུང་ཆེན་རྣམས་ནས་རྒྱས་བསྡུས་ཅི་རིགས་འབྱུང་ཡང་། སྣོད་བཅུད་བཅུད་འདུས་ཀྱི་རཀྟའི་ཕབས་གཏའ་འམ་རུ་རྩི་སྦྱོར་བའི་ཚུལ་ནི། རྩ་བ་མཁའ་དབྱིངས་པདྨའི་རཀྟ་གཏེར་བྱོན་མཚོ་རྒྱལ་གྱི་རཀྟ་དངོས་སམ་ཕབས་རྒྱུན། གྲུབ་པའི་རིགས་རྒྱུད་འཁྲུལ་མེད་དམ་རིགས་བཟང་མཁའ་འགྲོའི་མཚན་རྟགས་ཅན་སྐྱེས་པའི་སྐྱོན་གྱིས་མ་གོས་པའི་པདྨ་རཀྟ། མ་རྙེད་ན་ཚབ་བམ་བུངས་སྐྱེད་དུ་གཏེར་བྱོན་གྱི་སིནྡྷུ་ར། ཙ་རི་པདྨ་བཀོད་སོགས་གནས་ཆེན་ཡོངས་གྲགས་ཀྱི་སིནྡྷུ་ར། སྲིད་པའི་རཀྟ་བྲག་ཞུན། གུ་ཧྱ་མཱུ་ལའི་རཀྟ་མི་རྒན་གྱི་སྲོག་པ་རྩ་ལ་གོས་པའི་ཁྲག་ཡིན་པར་བཤད་པ་དང་། སྐྱོབས་སུ། ཙནྡན་དམར་པོ། གུར་གུམ། ལི་ཤི །ཛཱ་ཏི། སེ་འབྲུ། སྲི་ཤིང་སྣ་མ། སྟར་བུ། སེ་བའི་མེ་ཏོག་དམར་པོ།་་་འབྲས་བུའང་། རྡོ་དྲེག་དམར་པོ། བྱིའུ་རུག་པ་དམར་པོ་བཅས། ཡན་ལག་སྲོག་མ་བཅད་པའི་རཀྟ་ཉེར་ལྔར་གྲགས་པ། རྡོའི་རཀྟ་ལྔ་ནི། མཚལ། ལྡོང་རོས། བཙག །མདུང་རྩེ་སྨུག་པོ། སྨུག་པོ་སྦལ་རྒྱབ། ཤིང་གི་རཀྟ་ལྔ་ནི། རྒྱ་སྐྱེགས། བཙོད། སེང་ལྡེང་། བཙན་དུག །ཐར་ནུ། རྩིའི་རཀྟ་ལྔ་ནི། གླ་རྩི། གོ་ཕྱེ། བུ་རམ། འབྲི་སྨུག །སྦྲང་རྩི། འབྲུའི་རཀྟ་ལྔ་ནི། རྒུན་འབྲུམ། སྐྱེར་འབྲུ། སྐྱུ་རུ་ར། ར་ཤག་དམར་པོ། ནས་ནག །མེ་ཏོག་གི་རཀྟ་ལྔ་ནི། ཨུག་ཆོས། ལུག་རུ་སྨུག་པོ། སྲན་མའི་མེ་ཏོག །ཧ་ལོ། རམ་བུ་བཅས་ཕྱེ་མར་བྱ། འཁོར་བ་རྒྱུའི་རཀྟར་གྲགས་པ་སྲོག་ཆགས་ལས་བྱུང་བའི་ཁྲག་སྣ་གཙང་མས་སྦོལ་ཏེ་རིལ་བུ་ཟུར་གསུམ་མམ་ཕྱེ་མར་སྐམ་པ་ཉིད་གོང་གསལ་སྨན་གྱིས་རིགས་འགྲེའམ། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་དམ་རྫས་རཀྟའི་སྒྲུབ་པ་ལྟར་བྱས་ལ་ཁྲག་མཆོད་ཐོད་པའི་སྣོད་དུ་ཆུ་གཙང་མའམ་ཇ་ཁུ་སོགས་ལ་བཏབ། སྒྲུབ་མཆོད་སྐབས་དར་དམར་ཟུར་གསུམ་གྱིས་བཀབ་པར་བཤད་དོ།། ༈ །།གསུམ་པ་གཏོར་མ་ལ་རྣམ་གྲངས་མང་དུ་གསུངས་པའི་ནང་ནས་འདིར་སྒྲུབ་གཏོར་དང་མཆོད་གཏོར་ལ་མཁོ་བའི་དམ་རྫས་སྟོན་ཏེ། དེའང་བཀའ་བརྒྱད་ཀྱི་མན་ངག་གཅེས་ལྡེ་ལས། ལག་ལེན་ཤེས་པ་བཞི་ལྡན་ཏེ༔ བ་ལིཾ་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་གཏོར་མ་གཅིག་ཉིད་མཆོད་པའི་སྐབས་མཆོད་རྫས། སྒྲུབ་པ་དང་དབང་དུས་ལྷར། ཟློག་པ་ལ་དམག་དཔུང་། འཕང་བ་ལ་ཟོར་དུ་ཤེས་པར་བྱ་བ་ཡིན་པས་ཐ་དད་མེད་པའི་ལུགས་དང་། ཡང་དགོངས་འདུས་སོགས་ལས་དབྱེ་སྒོ་ཐ་དད་བཤམ་ཚུལ་བཅས་འབྱུང་བ་ལྟར། ཏིང་འཛིན་གསལ་མི་གསལ། འབྱོར་སྤྲོས་ཆེ་ཆུང་། གཙོ་ཆེར་གཞུང་སོ་སོའི་དགོངས་པ་ལྟར་བྱ་དགོས་ལ། གཏོར་མའི་རྒྱུ་ནི། དགོངས་འདུས་གཏོར་མའི་དེ་ཉིད་ལས་ཕྱི་ནང་གསང་གསུམ་གྱི་དབྱེ་བས་དགུར་གསུངས་ཏེ། ཕྱི་གཏོར་རྒྱུ་གོང་དུ་་་ཞལ་ཟས་སྐབས།སྨྲོས་ཟིན། ནང་གི་དཀར་གསུམ་ཚིལ་ཞག་རུས་པ་སྟེ༔ མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ༔ དེ་དག་སྐྱོབས་ཀྱང་དྲི་ཆུ་ཨ་མྲྀ་ཏ༔ ཆང་སྦྱར་ཤ་ཆེན་ཞལ་ཟས་སྣ་ཚོགས་སོགས༔ གསང་བའི་དཀར་གསུམ་རྐང་ཀླད་བྱང་སེམས་སོགས༔ མངར་གསུམ་བུད་མེད་རྩི་ཆེན་མཚལ་ཆེན་དང༔ དྭངས་མ་དང་ནི་དེ་བཞིན་སྙིགས་མ་འོ༔ ཞེས་གསུངས་པ་ལས། །འདི་ནང་དང་གསང་གཏོར་གྱི་སྐབས་སུ་རྒྱུ་དེ་དག་ཕལ་ཆེར་འཕྲལ་འཕྲལ་མི་ཚོགས་པའི་དབང་དུ་བྱས། ལག་ལེན་དམར་ཁྲིད་ལས། སྣ་ཚོགས་སྤོད་དང་ཟས་སྣ་དང༔ སྤོད་ཀྱི་རྣམ་པ་མང་པོ་ཡང༔ སོ་སོའི་རིགས་དང་མཐུན་པ་ལ༔ གང་ལ་གང་དགོས་རིགས་པས་དཔྱད༔ ཅེས་གསུངས་པའི་སྤོད་ཀྱི་རིགས་ཀྱང་རྒྱུ་དང་ལྷན་ཅིག་སྦྱར་བས། སྤོད་བཏབ་པ་ཙམ་གྱིས་རྒྱུ་རྣམ་པར་དག་པའི་ལག་ལེན་སླ་ཐབས་རིག་འཛིན་གོང་མ་འགའ་ཞིག་གིས་མཛད་པ་ལྟར་སྦྱོར་བ་ལ། ཐུགས་སྒྲུབ་ཀྱི་རིགས་ལས་གཏོར་མའི་རྒྱུ་དང་སྤོད་དུ་བསྔགས་པའི་རྫས། གོང་སྨྲོས་རྩ་བརྒྱད་སྟོང་སྦྱར་གྱི་སྨན་ཕྱེ་དང་། སྲོག་ཆགས་གཙང་མ་ལས་བྱུང་བའི་མཁལ་མ་སྙིང་གློ་བ་མཚེར་པ་བ་སུ་ཏ་སྟེ་ནང་གྲོལ་རྣམ་པ་ལྔ། ཚིལ་རྐང་མར་ཞག་རུས་པ་གོ་རོ་ཙ་ན་ལྔ། མིག་རྣ་བ་སྣ་ལྕེ་སྙིང་སྟེ་དབང་པོ་རྣམ་པ་ལྔ། སྟར་ཁ་རྒུན་འབྲུ་ཁམ་བུ་ཨ་མྲ་སོགས་ཤིང་ཏོག་སྣ་ཚོགས། དུག་རིགས་མ་ཡིན་པའི་མེ་ཏོག །འབྲས་བུ་གསུམ། བཟང་པོ་དྲུག །ག་པུར་སོགས་སྨན་སྣ། ནས་འབྲས་གྲོ་སྲན་ཁྲེ་ཏིལ་སོ་བ་ཡུངས་དཀར་ཙི་ཙི་སོགས་འབྲུ་རིགས་ཀྱི་ཕྱེ། ཞོ་ཐུད་མར་ཕྲུམ་སྦྲང་རྩི་ཀ་ར་བུ་རམ་སོགས་དཀར་མངར་གྱི་རིགས། རྩི་བོ་ཆེ་སྒ་སྐྱ་པི་ལིང་ཕོ་རིལ་འུ་སུ་གོ་སྙོད་ལན་ཚྭ་གཡེར་མ་སོགས་སྤོད་ཀྱི་རིགས། རི་དང་ཀླུང་གི་ཤྭ་མོང་དང་སྒོག་ཙོང་གི་རིགས་རྣམས་གཙང་ཞིང་དག་པར་སྦྱར་བའི་ཕྱེ་ལ་ཆང་སྣ་དང་ཁྲག་སྣས་སྦོལ་པའི་ཕུར་མ་གོང་སྨྲོས་ཀྱི་རིགས་པས་བྱིན་བརླབས་ནས། རྩ་གསུམ་ཆོས་སྲུང་བླ་མེད་ནང་གི་རིགས་ཀྱི་སྒྲུབ་གཏོར་དང་མཆོད་གཏོར་ལ་བསྲེ་བ་དང་འཐོར་ཅིང་བླུག་པར་བྱའོ།། ༈ །།གསུམ་པ་གསང་མཆོད་ལ་ཡིད་སྤྲུལ་རིག་མ་བཅུ་དྲུག་དང་དངོས་སྦྱོར་སྒྲོལ་ཡིན་ཡང་། བོད་ཀྱི་ཕྲིན་ལས་དཀྱུས་ལ་ཐམས་ཅད་ཀྱང་ཡིད་སྤྲུལ་ལས་འོས་མ་མཆིས་ཤིང་མཚོན་བྱེད་ཀྱི་རྫས་བཤམ་པ་སོགས་མ་བཤད་དོ།། ༈ །།སྐོང་བའི་རྫས་ནི། སྤྱིར་མཆོད་རྫས་རྣམས་ཀྱང་སྐོང་རྫས་སུ་འགྱུར་རུང་། བྱེ་བྲག་བཀའ་བརྒྱད་མདངས་སྐོང་དུ། ཐུགས་དམ་སྐོང་བའི་དམ་རྫས་ནི༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ ཟ་ལེ་འབྲི་དང་ཤེལ་སྒོང་ལུག༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང༔ ཞེས་སོགས་ཀྱིས་བསྟན་པ་རྣམས་དང་། ཁྱད་པར་རྨད་དུ་བྱུང་བའི་སྐོང་རྫས་བམ་ཆེན་ཏེ། དེ་རྣམས་མ་ནོར་ཅིང་མ་ཚང་མེད་པ། མ་ཉམས་པ། མ་རྙིང་པ། རོ་དང་ལྡན་པར་བཤམས་པས་དམ་ཅན་ཐུགས་དམ་སྐོང་བ་ཡིན་ནོ། །འདི་རྣམས་ད་ལྟ་དངོས་འབྱོར་དུ་བཤམས་པའི་ལག་ལེན་དཀོན་ཡང་ཏིང་ངེ་འཛིན་ཡེངས་མེད་དུ་མ་གསལ་ན་ཁ་ཡིས་འདོན་པ་ཙམ་བྲག་ཆའམ། ནེ་ཙོའི་ཁ་ཏོན་ལྟར་དོན་མེད་པར་མ་ཟད་ལྷ་སྲུང་ཁྲོས་པའི་བཀའ་ཆད་འབྱུང་བས་གཟུགས་བརྙན་བཅའ་བའམ། སྐོང་གཏོར་ལ་སྤར་དུ་བཏབ་ནས་བཀོད་པ་ཉིད་ཤིན་ཏུ་གལ་ཆེ་བའི་ཕྱིར་ཕྱོགས་ཙམ་སྨྲོས་པའོ།། ༈ །།དེ་ནས་ཞར་བྱུང་ཉེར་མཁོའི་རྫས། རབ་གནས་ཀྱི་སྐབས་སུ་ཁྲུས་ཀྱི་ཡོ་བྱད་ལ་བཀྲུ་བའི་རྫས་འདག་ཆལ་དང་། བྱུག་པའི་རྫས་དྲི་བཟང་གཉིས། དང་པོ་ལ་རིམ་པ་ལྔར་དཀྱིལ་ཆོག་རྡོར་ཕྲེང་ལས་བཤད་དེ། ཞོ། འོ་མ། མར། སྦྲང་རྩི། བྱེ་མ་ཀ་ར་སྟེ་ཕྱིའི་བདུད་རྩི་ལྔ། འོ་མ། ཞོ། མར། ལྕི་བ། ཆུ་སྟེ་བ་བྱུང་ལྔ། ནྱ་གྲོདྷ། ཨུ་དུམ་བ་ར། པླཀྴ། པིྥྣ་ལྱ། གནྡྷ་མུཎྜ་སྟེ་འོ་མ་ཅན་གྱི་ཤིང་གི་ཤུན་པ་ལྔ། དྲི་ལྔ། སྐྱུ་རུ་ར་དང་། ཡུང་བའི་ཕྱེ་མ་རྣམས་ཀྱིས་རིམ་པར་བྱུགས་ཤིང་བཀྲུ་དགོས་པ་ལས། ཤུན་པ་ལྔའི་ཚབ་ཏུ་བ་ལུ། འོམ་བུ་སོགས་བོད་རང་དུ་གྲགས་པའི་ཤིང་འོ་མ་དང་བདུད་རྩི་ཅན་རྣམས་ཀྱིས་བྱ་བ་ལས་ཐབས་མ་མཆིས་ཤིང་། དེ་ཙམ་ཡང་མ་ལྕོགས་ན། སློབ་དཔོན་ཀུན་དགའ་སྙིང་པོས། སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་ལྔ་དང་། །དེ་ལྟར་སོ་ཕག་ལ་སོགས་པས། ཁྲུས་ནི་བྱ་བར་གསུངས་པ་སྟེ། །ཞེས་པ་ལྟར་དང་། དཱུརྦའི་པིར་ཙམ་ནི་མ་འཛོམ་ཐབས་མེད་དོ། ༈ །གཉིས་པ་བྱུག་རྫས་ནི། ཙནྡན་དཀར་དམར། གུར་གུམ། གྲནྠི་ཀ །ཨ་ག་རུ་རྣམས་སམ། གུར་གུམ། ཨ་ག་རུ། གླ་རྩི། ག་པུར་ལ་སོགས་པ་དྲིའི་རྫས་ཇི་ལྟར་རྙེད་པ་སྦྱར་བར་བཤད་དོ།། ༈ །།གཞན་ལས་ཀྱི་སྦྱོར་བའི་བྱེ་བྲག་མཆོག་གི་ལས་སྐྱེ་བདུན་མྱང་གྲོལ་དང་འཕོ་རྫས། དུག་ཁྲག་རྭ་སྲུང་དང་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོས་མཚོན་པའི་སྲུང་བ་རྣམས་དང་། ནད་ཞི་བྱེད་སྨན་སྦྱོར་དང་ལོ་གྱོན་རིལ་བུ། གདོན་ཞི་བྱེད་རྟ་ནག་སོགས་ཀྱི་རྫས་རྒོད། ཚེ་རྒྱས་བྱེད་རིལ་བུ་དང་བཅུད་ལེན། ཤེས་རབ་རྒྱས་བྱེད་འཇམ་དབྱངས་དང་དབྱངས་ཅན་རིལ་བུ། བསོད་ནམས་ལོངས་སྤྱོད་རྒྱས་བྱེད་དཔལ་ཅན་རིལ་བུ། དབང་སྡུད་རྫས་སྒྲུབ་སྤྱི་དང་བྱེ་བྲག་སོགས་མང་ཡང་འདིར་བསྡུར་མ་ལང་ལ། ༈ ལོ་ཏོག་རྒྱས་བྱེད་ཆར་འབེབ་སོགས་ལ་ཉེ་བར་མཁོ་བའི་ཀླུ་སྨན་གྱི་ལག་ལེན་མ་དག་རྒྱུན་འབྱམས་མང་ཞིང་། དེས་ཕན་པ་ལས་གནོད་པ་ཆེ་བའི་ངག་རྒྱུན་དང་མིག་མཐོང་དུ་འདུག་པས་ཡིད་བརྟོན་ཕེར་བ་འགོད་ན། སྤྱིར་རྙིང་མ་གཏེར་མའི་ཕྱོགས་རྣམས་དང་། གསར་མའི་གཞུང་ལས་འབྱུང་བ། བོན་ལུགས་སོགས་འདྲ་མིན་མང་དུ་འབྱུང་ཞིང་སོ་སོའི་རང་སྲོལ་མ་འདྲེས་པ་བྱས་ན་ཕལ་ཆེར་ཁུངས་ལྡན་དུའང་སྣང་མོད། ཁུངས་ཆེ་བ་སྤང་སྐོང་། རྒྭ་ལོའི་ཀླུ་གཏོར། བླ་མ་དགོངས་འདུས་ཆར་ཆོག་གསུམ་རྩ་བའི་སྨན་ཐམས་ཅད་གཅིག་པ་ཁོ་ནར་སྣང་ཞིང་། འདྲ་མིན་མང་ཉུང་གཅིག་གཉིས་རེ་བྱུང་ཡང་དགོས་པའི་གནད་ཀྱིས་སྐྱོན་དུ་མི་འགྱུར་བར་རྟོགས་པས་དེ་ལྟར་གུང་བསྡེབས་ཏེ་བཀོད་ན། ཐོག་མར་མེ་ཏོག་དང་སྔོ་སྨན་རིགས་ཁྱེའུ་མགོ་གཙང་གིས་ཡར་ངོར་བཏུས་ཏེ་མེ་ཉིས་མ་ཕོག་པའི་གྲིབ་སྐམ་བྱ། ལ་སྨན་ཁྲོལ་བུའི་རིགས་རྣམ་འཇོམས་ཀྱིས་བསྒྲུབས་པའི་བུམ་ཆུས་བཀྲུ་བཤལ་ཡིད་ཆེས་པ་ལན་གསུམ་དང་། བཀྲུར་མི་རུང་བ་རྣམས་དང་། ཐམས་ཅད་ལའང་སྦྱོང་ཁྲུས་རྒྱས་པར་བགྱི། ཨུཏྤལ་སྔོ་དམར་དང་། ད་ལི། སྤེན་ནེ། འོམ་བུ། སེ་བ། ཉ་སྦྲིད་རྣམས་ཀྱི་མེ་ཏོག །ཤང་དྲིལ་དཀར་དམར། སྤང་རྒྱན། ལུག་མིག །ལུག་རུ། ཧ་ལོ། རྟག་ངུ་རིགས་གསུམ། དུང་ཏིག་བཅས་དུག་རིགས་མ་ཡིན་ཞིང་འབུ་སྲིན་གྱི་རོ་སོགས་མེད་པའི་མེ་ཏོག་རྣམས་དང་། སྤང་སྤོས་ལ་གཞི་བླངས་ཏེ། སྤང་སྐོང་སྨན། སྨྱུག་ལོ། ཐང་དཀར་ལོ་མ། རྨ་བྱའི་མདོངས་ཏེ་རྩྭ་རྨ་བྱར་གྲགས་པ་བལ་པོ་ནས་འབྱུང་བ་འཁྲུལ་མེད་དངོས་སམ། ངོས་ཟིན་ན་ཁམས་ཕྱོགས་འགའ་རེར་ཕྱོགས་མཚོན་ཡོད་པ་དང་། མ་རྙེད་ན་དྲེས་མའི་མེ་ཏོག་བྱ་གྲགས་དུས་བཏུས་པས་ཚབ་བྱ། ཟི་ར་དཀར་ནག སྦྲུལ་ལྤགས་པ་དངོས་ལྷོ་མོན་ནས་འབྱུང་བ། མ་རྙེད་ན་འབྲུག་ཤིང་གི་ཤུན་པ་སྟེ་འགའ་ཞིག་གིས་སེ་རྒོད་པའི་ཤུན་པའང་གཏང་། སྔོ་ཆུ་སྲིན་སྡེར་མོ། ཛཱ་ཏི། རྒྱ་མཚོ་ལྦུ་བ་འདི་དངོས་ནི་འབྱོར་དཀའ། རྒྱ་ཡུལ་ནས་འབྱུང་བ་ཕལ་ཆེར་འབུའི་ནང་ཁྲོལ་ཡིན་པས་གཏང་མི་རུང་བས་མཚོ་ཁར་ཆགས་པའི་ཆུ་བལ་སྔོ་ལྗང་དེ་ཀ་ལེགས་གསུངས། མཚལ་དཀར། འདིའང་ཁམས་ཕྱོགས་འགའ་རེ་ནས་འབྱུང་བའི་རྡོ་མཚལ་དཀར་ལ་དྭངས་པ་དེ་ཀ་ལེགས། སྤོས་དཀར། སྙིང་ཞོ་ཤ །གླ་གོར་ཞོ་ཤ །མཁལ་མ་ཞོ་ཤ །སྤུ་ཤེལ་རྩེ། ཤཱུ་དག་དཀར་པོ་འདིའང་ཤཱུ་དག་གི་དྲི་དང་བཟི་མེད་པ་དེ་དགོས། མ་རྙེད་ན་མཚོ་ཆེན་འགའ་རེའི་ནང་དུ་འོང་བ་དེས་ཚབ་རུང་། རྡོ་རྒྱུས་བྱ་བལ་མ། པུཥྤ་གེ་སར། ནཱ་ག་གེ་སར། ག་པུར། གུར་གུམ། ཙནྡན་དཀར་དམར། ཏིལ་དཀར་ནག་རྣམས་དང་། དེ་སྟེང་དགོངས་འདུས་ནས་ལྷག་པོར་འབྱུང་བ། རྒྱ་སྤོས་སུ་གྲགས་པའི་རྩ་བ། སུག་སྨེལ། གསེར་དངུལ། དུང་སྲིན་མེད། བྱེ་རུ། ཟངས། མུ་ཏིག་རྣམས་ཁྲོལ་བརྡུངས་ཐོག་བཙོ་བཀྲུ་ལན་གསུམ་བྱས་པ་དང་། ཀླུ་གཏོར་ལས་འབྱུང་བ། གཟི། ལི་ཁྲི་སྟེ་སིནྡྷུ་ར། འགྲོན་བུ། ཆག་ཚང་ཀུ་བ། སླེ་ཏྲེས་དང་བྱི་ཏང་ག །ཨ་རུ་ར། འདམ་བུ་ཀ་ར་རྣམས་ཞིབ་པར་བཏུལ། མི་གཙང་བ་མ་འདྲེས་པའི་ཀ་ར་བུ་རམ་བལ་པོའི་ལག་ནས་བྱུང་བ་དང་། སྦྲང་དཀར་བཅས་མངར་གསུམ་གྱིས་སྦོལ། དགོངས་འདུས་ལས་བག་ཕྱེའི་རིལ་བུར་གསུངས་ཀྱང་ད་ལྟའི་ཕྱག་རྒྱུན་དུ་ཉ་ལ་གནོད་ཟེར་མི་མཛད་པས། གྲོ་ནས་འབྲས་སོགས་འབྲུ་དཀར་ཕྱོགས་བསྲེས་ཀྱི་ཕྱེ་ཞིབ་ཕྲན་བུ་སྦྱར། ལྕགས་བསྭེ་སོགས་དྲག་པོ་དང་དུག་ཅན་མ་ཡིན་པའི་སྣོད་དུ། ཀླུ་གནས་ངེས་པའི་ཆུ་སྣ་དང་། བ་དམར་སེར། ར་དཀར་མོ། འབྲི་ཟལ་མོ་གསུམ་གྱི་འོ་མས་སྦྲུ། དབང་ལག་གིས་དམ་རྒྱབ་སྟེ་རིལ་བུ་ལུག་རིལ་འབྲིང་པོ་ཙམ་དུ་བསྒྲིལ་ནས་གྲིབ་སྐམ་བྱ། སྔ་རྗེས་ཐམས་ཅད་དུ་ཤ་ཆང་སྒོག་ཙོང་ལ་སོགས་པའི་དྲི་ཙམ་ཡང་མ་ཕོག་ཅིང་། ཁྱི་དང་བུད་མེད་སོགས་ཀྱིས་མ་རེག་མ་འགོམ་པ་དང་། ཁྱད་པར་དུ་གླ་རྩི་དང་གུ་གུལ་ནག་པོ་སོགས་ཀླུས་མི་འདོད་པའི་རྫས་ཀྱི་དྲིས་མ་གོས་ལ། ལས་བྱེད་རྣམས་ཁ་ལག་དག་གཙང་ཁ་རླངས་མ་ཕོག་པ་སོགས་ཤིན་ཏུ་གཙང་སྦྲ་ཐོན་པར་བྱས་ཏེ། རས་དཀར་དྲི་མ་མེད་པའི་ཁུག་མར་བླུགས། རིན་པོ་ཆེ་དང་རྫ་ཤིང་པར་བུ་གཙང་མར་མེ་ཉི་ནམ་མཁའི་མདངས་མ་ཕོག་པར་བཞག །རྒྱལ་ཉ་མཆུ་ཉ་གཉིས་སུ་ཁྱི་སྒྲ་དང་བུད་མེད་སོགས་མེད་ཅིང་སྔར་རོ་དབྱུང་མ་མྱོང་བའི་དབེན་པར། བླ་མ་དགོངས་པ་འདུས་པ་ལས་འབྱུང་བའི་སྒྲུབ་པ་ཚད་ལྡན་བྱུང་ན་རབ། གཏེར་གཞུང་གཞན་ལས་ཀྱང་ཕྱོགས་མཚོན་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ་ལེགས་པར་ཚགས་བྱ། ཆར་སློང་གི་སྐབས་སུ་བབས་པའི་ཚེ། ལག་རྗེན་གྱིས་མ་རེག་པར་རྡོག་པོ་བདུན་ནམ་གསུམ་རེ་དར་དཀར་སྔོན་གྱི་ཁུད་དུ་བཏུམས་ནས་རྐྱ་པའི་ཉིན་ལམ་ཚུན་གྱི་ཆུ་མིག་གཉན་པོ་རྣམས་ཀྱི་ཕུག་ཏུ་བྱ་ཁྱིས་མི་མཐོང་བར་སྦ་བ་དང་། མཚོ་སོགས་གལ་ཆེ་བར་སྨྱུག་ཚིགས་ལྟ་བུར་ཆར་བསྐུལ་གྱི་སྔགས་དང་ལྷན་ཅིག་བཅུག་ལ་ཁ་བཅད་དེ་གཏིང་དུ་སྦས་པས་ཞག་གསུམ་མམ་ལྔའམ། འགྱངས་ནའང་ཞག་བདུན་ཕན་ཆད་ལ་ཆར་ཆེན་པོ་འབབ་པར་གསུངས་ཤིང་། གཞན་ཡང་ད་ལྟའི་ཕྱག་ལེན་ལྟར་བ་རའི་འོ་མར་རིལ་བུ་སྦྱངས་ཏེ་ཆུ་མིག་ཏུ་བླུགས་ན་ཀླུའི་གནོད་པ་རྣམས་ཞི་བ་དང་། ཆུ་མིག་སྐམ་པ་སོས་པ་སོགས་ཡོན་ཏན་མང་ངོ་། །སྤང་སྐོང་དུ་རས་སྐུད་དམར་པོ་གསུངས་པ་ནི་དཀྱིལ་འཁོར་དཀྲི་བའི་ཡོ་བྱད་ཀྱིས་ཆོག་པ་ཡིན་ལ། འགའ་ཞིག་གིས་འབྲི་ཏ་ས་འཛིན་གཏང་བའི་སྲོལ་འདུག་པའང་ཧ་ཅང་འགལ་བ་མེད། དགོངས་འདུས་སུ་ལེ་བརྒན་སོགས་དར་སྣ་གསུངས་པ་ནི་དེ་དག་གཙང་མར་བྱས་པ་མཆོད་རྫས་སུ་བཞག་པས་ཆོག་གོ །ཀླུ་བསང་ཤིང་སྣ་རྣམས་ནི་ཟུར་དུ་བསྡུས་པའི་ཕྱེ་བསང་རྫས་ལ་བསྲེས་ནས་དུད་པ་བྱས་ན་ལེགས་ལ། གཞུང་གཞན་ནས་བཤད་པ་རྣམས་རང་ལུགས་སོ་སོར་བསྡུ་བསྒྲུབ་བྱ་བ་ལེགས་པས་འདིར་མ་སྨྲོས་སོ།། ༈ །།བུམ་གཏེར་སྐོང་གསོལ་མདོས་རིགས་སོགས་གང་ལའང་མཁོ་བའི་སྨན་སྣ་ནི། བཟང་པོ་དྲུག །འབྲས་བུ་གསུམ། གེ་སར་གསུམ། ཞོ་ཤ་གསུམ། འབྲས་བུ་གསུམ། ག་པུར། ཙནྡན་དཀར་དམར། ཨ་གར་རིགས། གི་ཝང་། བྲག་ཞུན། སྔོ་སྨན་རྩ་བ་ལྔ། པྲི་ཡང་ཀུ །རུ་རྟ། རྟག་ངུ་། ཏིག་ཏ། ཟིལ་པའི་རིགས་བཅས། ཅོང་ཞི། ཨུཏྤལ་ད་ལི་སོགས་དུག་རིགས་མ་ཡིན་པའི་མེ་ཏོག་གིས་བུངས་བསྐྱེད། རྒྱས་པར་ན་གླ་རྩི། ཤིང་ཀུན། གུ་གུལ་སོགས་དང་བཤལ་སྐྱུགས་དུག་རིགས་བཟི་ཡོད་པའི་སྨན་མ་གཏོགས་ཚང་བར་བསྡུ་ནས་ཕྱེ་མར་བྱའོ།། ༈ །།རིན་ཆེན་ཕྱེ་མ་ནི། ཤེལ་རིགས་ཀྱི་རིན་པོ་ཆེ་མི་འབྱོར་བས་ཕ་ལམ་ཚབ་རྡོ་ཀོ་རཉྫར་གྲགས་པ་དང་། གསེར་དངུལ་སྦྲང་གཤོག་ཞིབ་མོར་གཏུབས་པ། མུ་ཏིག་སོགས་གཙོ་བོར་འཛོམ་ན་མཆོག་ཡིན་ལ། ཇི་བཞིན་མ་འབྱོར་ཚེ་གསེར་དངུལ་ཕྱེ་མ། ཉ་ཕྱིས། མུ་མེན། གཡུ། བྱེ་རུ། སྤོས་ཤེལ། ཁྱུང་སྐྱུག །རང་བྱུང་རྡོ་ཤེལ། དུང་སྲིན་མེད། ཟངས། ལྕགས་རྣམས་དང་། གཞན་ཡང་འབྱོར་ན་གཟི། མཆོང་། ནལ། གཡང་ཊིའུ་སོགས་ཚོགས་པར་བྱས་ལ་ཁྲོལ་བུར་བརྡུངས་ཆུ་ཚན་དུ་བཏབ་ནས་ཁོལ་བའི་ཆུ་ཕྱིར་ཕོ། ཆུ་འཁྱགས་ཀྱིས་བཤལ། དེ་འདྲ་ལན་གསུམ་བྱས་ལ་ཧ་ཅང་ཞིབ་པའམ་རྩིང་བ་མིན་པར་བརྡུང་ངོ་།། ༈ །།ཉང་གཏེར་དུ་གྲགས་པའི་ཡིག་རྙིང་དང་། ལས་འཕྲོ་གླིང་པའི་གཏེར་མ་བསང་གི་ལོ་རྒྱུས་ཕན་ཡོན་བསྟན་པ་སོགས་ལས་བཤད་པའི་བསང་རྫས་བརྒྱ་རྩའམ་སྤོས་སྦྱོར་རྒྱས་པ་ནི། གསེར་དངུལ། ཟངས་ལྕགས། གཡུ་བྱེར། སྦུར་ལེན། དུང་གཟི། མཆོང་། མུ་མེན། མུ་ཏིག །ཉ་ཕྱིས། ག་པུར། ན་གི །བཟང་དྲུག །ཙནྡན་གཉིས། ཨ་གར་རིགས་གསུམ། འབྲས་བུ་གསུམ། གེ་སར་གསུམ། གུ་གུལ་གཉིས། ཕུར་མོང་གཉིས། འབའ་ལ། རུ་རྟ། མ་ནུ། གླ་རྩི། སྟོད་ཀྱི་ལི་ག་དུར། སི་ལ། རྒྱ་སྤོས། སྤང་སྤོས། བྲག་སྤོས། གྲོ་ཚེ་སྤོས། མཁན་དཀར། མཁན་སྐྱ། པྲི་ཡང་ཀུ །གནྡྷ་པ་ཏྲ། གླང་སྣ། ལྷ་གླང་། ལུག་རུ་སེར་པོ། ཏོང་ཀུ །སྤྲུ་ནག །འུ་སུ། འབྲས་སྣ་གསུམ། ཆུ་ཕོའམ་དམར་རིས། རྒྱ་ཡུངས། ཤུ་གྲུ །བསེ་ཡབ། སྟར་ཁན། ཨ་ཤུ་རྒུན་འབྲུམ། སེ་འབྲུ། སྟར་བུ། ཞོ་ཤ་གསུམ། ཀུ་བ། རྡོ་རྒྱུས། ཨུཏྤལ། ཤུག་ལོ། སྟག་པ། སྨྱུག་ལོ། དེ་བ་དཱ་རུ། སེ་བའི་མེ་ཏོག །ཤིང་མངར། ལི་ཁྲི། མཚལ། སླེ་ཏྲེས། ཀཎྜ་ཀཱ་རི། དབང་པོ་ལག་པ། ཆུ་དག་དཀར་པོ། རྒྱ་མཚོ་ལྦུ་བ། ཆུ་སྲིན་སྡེར་མོ། རྡོ་དྲེག་དམར་པོ། ཟྭ་རྩྭ། འབྲས། སོ་བ། ཏིལ་དཀར་ནག །སྤྲས་གང་བ། ཟར་མ། ནས། གྲོ །སྲན་མ། ལན་ཚྭ། ཀ་ར། བུ་རམ། སྦྲང་རྩི། མར། འོ་མ། ཇ་ཆང་། དར་ཚོན་སྣ་ལྔ་སྟེ། དེ་ལྟར་རྫས་སྣ་བརྒྱ་དང་བརྒྱད་པོ་འདི་མན་ངག་ཀུན་ནས་འབྱུང་བའི་བསང་རྫས་ཀླུ་སྨན་ཐམས་ཅད་ཚང་བ་སྟེ། དེ་ཡང་ཀླུ་མཆོད་ཚེ་དུག་ཕྱུང་རྡོ་དྲེག་དམར་པོ་ཡོད་པས་ཆོག་པར་བཤད་ཀྱང་གླ་རྩི་སྤང་ན་ལེགས་པ་བཅས་ཞིབ་ཏུ་བཏགས་ལ། གསེར་སྐྱེམས་བསང་སོགས་གང་ལ་བསྲེས་ཀྱང་མགྲོན་རིགས་མཉེས་ཤིང་འགྲམ་འཁྲུགས་ཞི། ཕྲིན་ལས་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་མང་དུ་བཤད་པས་ཞར་བྱུང་དུ་སྨྲོས་པའོ། །བླ་ཆེན་གསེར་དངུལ་མཆོད་ཆ་ངོམས་པས་ཆོག །སྔགས་པ་རྔ་བརྡུང་ཕྲེང་ཟད་དོན་དུ་གཉེར། །འབྱོར་མཁོས་དམན་པའི་བློ་ལྡན་ཅི་བྱ་བྲལ། །ཐོས་ཆུང་འདི་དགོས་ཙམ་ཡང་ཚོར་མ་མྱོང་། །དེས་ན་འདི་བྲིས་གཞན་ལ་ཕན་དཀའ་ཡང་། །བསམ་པ་བཟང་པོས་གོ་གསལ་བགྱིས་འདི་ཉིད། །སྔགས་སྤྱོད་ལག་ལེན་ཚུལ་བཞིན་འབྱུང་བའི་རྒྱན། །ཡོངས་གྱུར་གསང་ཆེན་ཕྲིན་ལས་རབ་རྒྱས་ཤོག །ཅེས་པ་འདིའང་གསང་སྔགས་ཚུལ་བཞིན་སྤྱོད་པར་འདོད་པའི་དད་བརྩོན་བློ་གྲོས་ལྡན་པ་འབྱུང་སྲིད་ན། ལག་ལེན་རྣམ་པར་གསལ་བའི་ཆ་རྐྱེན་དུ་དམིགས་པའི་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).