Terdzo-RA-021



Property "author" has been marked for restricted use.








Terdzo-RA-021.pdf
Click the picture above to view the Shechen manuscript.

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་

pad+ma dbang chen yang gsang khros pa'i rdzogs rim ye shes gsang lam zab mo

by  བླ་ཆེན་ཆོས་དཔལ་བཟང་པོ་ (Lachen Chöpal Zangpo)
revealed by  རྐྱང་པོ་གྲགས་པ་དབང་ཕྱུག་, སུམ་པ་བྱང་ཆུབ་ཚུལ་ཁྲིམས་, འབྲེ་ཤེས་རབ་འབར་, འདར་འཕྱར་བ་རིན་ཆེན་བཟང་པོ་ (Kyangpo Drakpa WangchukSumpa Jangchub TsultrimDre Sherab BarDarcharwa Rinchen Zangpo)
in cycle  རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ (Rta mgrin pad+ma dbang chen yang gsang khros pa)
Volume 25 (ར) / Pages 433-453 / Folios 1a1 to 11a6

Tibetan Text

༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་བཞུགས་སོ། ། རྒྱ་གར་སྐད་དུ། པདྨེ་ཤྭ་ར་མ་ཧཱ་གྷུ་ཡ་ཀྲོ་ཏ་ཛྙཱ་ན་གྷུ་ཡ་ནཱ་མ། བོད་སྐད་དུ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྫོགས་རིམ་ཡེ་ཤེས་གསང་ལམ་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ཡང་གསང་ཁྲོས་པ་ཡི། །རྫོགས་རིམ་ཡེ་ཤེས་གསང་ལམ་ཟབ་མོ་བསྟན་པ་ནི། །དབང་ཐོབ་ལུང་བསྟན་མན་ངག་ཅན། །བསྐྱེད་རིམ་བསྙེན་པ་མཐར་ཕྱིན་བྱ། །རྫོགས་རིམ་གསང་བའི་ལམ་ཁྲིད་ནི། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །སྔོན་འགྲོ་རིམ་པ་རྣམ་པ་ལྔ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་། །གཉིས་པ་རྡོ་རྗེ་སེམས་དཔའ་ཡི། །སྒོམ་བཟླས་ཡིག་བརྒྱ་ཞག་བདུན་བཟླ། །ཚོགས་རྫོགས་ཕྱིར་དུ་མཎྜལ་འབུལ། །བཞི་པ་མི་རྟག་དྲན་བསྐུལ་གྱིས། །སྐྱོ་ཤས་ངེས་འབྱུང་བསྒོམ་པར་བྱ། །ལྔ་པ་བླ་མའི་རྣལ་འབྱོར་བསྒོམ། །དེ་རྣམས་གསང་སྔགས་ཀུན་དང་མཐུན། །རེ་རེ་ལ་ནི་ཞག་གསུམ་ལྔ། །བདུན་ནམ་བཅུ་བཞི་ཉེར་གཅིག་བསྒོམ། །དེ་ནས་རིགས་དྲུག་འཁྲུལ་པ་ཡི། །ལས་སྣང་སྤྱད་ལ་རུ་ཤན་དབྱེ། །རིགས་དྲུག་སེམས་ཅན་སྡུག་བསྔལ་རྣམས། །རིམ་པར་སྦྱང་ཞིང་ཉམས་དང་སྦྱར། །དམྱལ་བའི་ཚ་གྲང་སྡུག་བསྔལ་དང་། །ཡི་དྭགས་བཀྲེས་ཤིང་སྐོམ་པ་དང་། །བྱོལ་སོང་བླུན་རྨུགས་སྡུག་བསྔལ་དང་། །མི་ལ་སྐྱེ་འཆིའི་སྡུག་བསྔལ་དང། །ལྷ་མ་ཡིན་ལ་འཐབ་རྩོད་སྡུག་བསྔལ་དང་། །ལྷ་ལ་ཕམ་ལྟུང་སྡུག་བསྔལ་རྣམས། །རིམ་པར་བསམ་ཞིང་ལས་རྣམས་བཅད། །རུ་ཤན་གཅད་པར་བྱ་བར་གཅེས། །དེ་ནས་དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་ས་ཐ་མར་འགྲོ་ས་བསམ། །བྱུང་ས་མེད་ན་རྒྱུ་མེད་ཅི་ལ་སྲིད། །འགྲོ་ས་མེད་ན་བློ་གཏད་གང་ལ་བྱེད། །ངེས་པར་གོ་ན་སེམས་ཀྱི་ངོ་བོ་འདི། །དང་པོ་བྱུང་ས་མེད་དེ་ནམ་མཁའ་འདྲ། །ས་གཞི་རང་ཡང་སྟོང་པའི་ངང་ལས་གྲུབ། །སེམས་ཀྱི་གཟུགས་དང་ཁ་དོག་དབྱིབས་རྣམས་ནི། །ངོས་བཟུང་མེད་དེ་སྟོང་པའི་རང་རྟགས་ཡིན། །སྣ་ཚོགས་ཅིར་ཡང་འཆར་བ་འཁྲུལ་པའི་ལམ། །ཐ་མ་སེམས་ཀྱི་འགྲོ་ས་ག་ལ་སྲིད། །དཔེར་ན་འཇིག་རྟེན་ཐམས་ཅད་འཇིག་པའི་ཚེ། །སྟོང་པ་ཆེན་པོའི་ངང་དུ་ཐིམ། །ནམ་མཁའ་སྟོང་པ་དག་ལ་འཇིག་རྒྱུ་མེད། །དེ་བཞིན་ལུས་དང་འཛིན་པའི་ལུས་སྣང་འཇིག །སྟོང་པར་འགྲོ་སྟེ་སེམས་འདི་སྟོང་པ་མེད། །མདོར་ན་སེམས་ཀྱི་ངོ་བོ་གསལ་སྟོང་ཡིན། །རང་རིག་མ་བཅོས་སྤྲོས་བྲལ་ངོ་བོར་ལྟོས། །རིག་པ་རང་གསལ་ཆོས་ཉིད་རྣལ་མ་ཡིན། །གསལ་སྟོང་དབྱེར་མེད་རྟག་ཆད་མཐའ་དང་བྲལ། །སྣང་སྟོང་དབྱེར་མེད་ཕྱོགས་ལྷུང་གོལ་ས་ཆོད། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་སྤོར། །དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་འདྲ། ཁྲོ་རྒྱལ་རྟ་མཆོག་གསུང་དབྱངས་ཆོས་སྒྲ་སྒྲོག །སྒྲ་དབྱངས་རྒྱལ་པོས་ཡེ་ཤེས་གསང་ལམ་སྟོན། །སངས་རྒྱས་ཆོས་སྐུ་སྙིང་གི་དཀྱིལ་ན་ཡོད། །ཡེ་ཤེས་ཟང་ཐལ་བྱད་ཀྱི་དཀྱིལ་ན་ཡོད། །ལོངས་སྤྱོད་རྫོགས་སྐུ་ཀླད་པའི་དཀྱིལ་ན་ཡོད། །སྤྲུལ་པའི་སྐུ་ནི་རྒྱུངས་པའི་དཀྱིལ་ན་ཡོད། །དེ་ཡང་མེ་ལོང་མན་ཤེལ་འདྲ་འབག་དང་། །རྒྱ་དར་སྨུག་པོ་ལ་སོགས་ལེགས་པར་བསྟན། །ཕྱི་ནང་གསང་བའི་ངོ་སྤྲོད་རིམ་པ་བསྟན། །དང་པོ་ཐིག་ལེ་ཐིག་ཕྲན་ཟ་ར་ཚགས། །ལྕགས་སྒྲོག་ལྟ་བུ་ཉ་མིག་ལྟ་བུ་དང་། །འོད་རྣམས་གྱེན་འགྲེང་རྩིབས་ཤར་མདུང་ཚུགས་དང་། །སྒྲ་ཆེན་འུར་སྒྲ་དྲག་པོ་སྒྲོག་པ་དང་། །ཟེར་ལྔ་མཚོན་ཆའི་ཕུང་པོ་ལྟ་བུ་དང་། །སྒྲ་འོད་ཟེར་གསུམ་མངོན་སུམ་གསལ་བར་མཐོང་། །དེ་ལ་ཉམས་ལེན་སྒྲིལ་ནས་བལྟས་པ་ཡིས། །རྣམ་དག་དབྱིངས་ཀྱི་སྒྲོན་མ་གསལ་བར་མཐོང་། །དེ་ལ་བརྩོན་འགྲུས་བསྐྱེད་པས་ཉམས་ལེན་བྱ། །འོད་ལྔའི་ནང་ནས་ཞི་ཁྲོའི་ལྷ་རྣམས་འཆར། །དང་པོ་གཙུག་ཏོར་དེ་ནས་ཕྱེད་སྐུ་དང་། །སྐུ་རྣམས་ཡོངས་སུ་རྫོགས་པ་ཤར་བའི་དུས། །འོད་ལྔ་ཡེ་ཤེས་རྣམ་པ་ལྔ་རུ་གྲུབ། །ཟེར་ལྔ་ཐུགས་རྗེའི་སྤྲུལ་པར་ཤེས་པ་དང་། །སྒྲ་ཆེན་ཆོས་ཉིད་རང་སྒྲར་ཤེས་པ་དང། །རིག་པ་རང་གི་འོད་དང་སྐུ་ལ་ཐིམ། །འཁྲུལ་སྣང་རང་དག་ཡེ་ཤེས་ཆེན་པོར་རྒྱས། །རང་རིག་ཆོས་སྐུ་ཀ་དག་ས་ལ་གནས། །སྐུ་གསུམ་ལྷུན་གྲུབ་འབྲས་བུ་མངོན་དུ་གྱུར། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །ཕུང་པོ་འཇའ་ལུས་རྡོ་རྗེ་ལྟ་བུར་འགྱུར། །གསུང་མཆོག་ཚེ་དབང་རིག་འཛིན་ཐོབ་པར་འགྱུར། །ཀ་དག་ལྷུན་གྲུབ་དཔལ་ཆེན་གོ་འཕང་ཐོབ། །ཆོས་དབྱིངས་གསང་ཆེན་རོལ་པའི་ཕོ་བྲང་དུ། ཁྲོ་རྒྱལ་སྐུ་དང་གཉིས་མེད་ལྷུན་གྱིས་གྲུབ། །པདྨ་དབང་ཆེན་ཡེ་ཤེས་གསང་བའི་ལམ། །རྣལ་འབྱོར་མཆོག་གི་ལམ་ཆེན་ཡོངས་རྫོགས་བསྟན། །ཞེས་གསུངས་སོ། །པདྨ་དབང་ཆེན་གྱི་རྫོགས་རིམ་ཡེ་ཤེས་གསང་ལམ་ཆེན་པོ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ༈ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། ཀྱེ་ཨོ་རྒྱན་ཆེན་པོ་ལགས། དཔལ་ཆེན་ཡང་གསང་ཁྲོས་པ་ཡི། །རྫོགས་རིམ་པདྨ་གསང་ལམ་གྱི། །ཉམས་ལེན་རིམ་པ་གསུང་དུ་གསོལ། གུ་རུས་བཀའ་བསྩལ་པ། ཆོས་རྒྱལ་ཆེན་པོ་ལེགས་པར་གསོན། རང་གི་ལུས་ལ་ཡེ་ཤེས་ཆེན་པོ་གནས་པ་ནི། ཤེལ་དང་མེ་ལོང་རྒྱ་དར་སྨུག་པོ་རྣམས་ལ་བརྟེན་ནས། བླ་མས་ཕྱི་ནང་གསང་བའི་ངོ་སྤྲོད་བྱས་པས། རང་ལ་གནས་པའི་སྐུ་དང་ཡེ་ཤེས་དང་། སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་མངོན་སུམ་དུ་མཐོང་ངོ་། །རྡོ་རྗེ་སེམས་དཔའི་མེ་ལོང་ལ་བལྟས་པས། སངས་རྒྱས་སྐུ་ལྔའི་འོད་ཁྱིམ་དང་བཅས་པ་འཆར་རོ། །ཀྱེ། རྒྱལ་པོ་ཆེན་པོ་ལགས། རྣལ་འབྱོར་པ་ཕུང་པོ་ལྷག་མེད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། རང་གི་སྙིང་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་སྐུ་ཡུངས་འབྲུ་ཙམ་ལ། རྐྱེན་སྣ་ཚོགས་ཅེར་གྲོལ་དུ་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་ལ་ཟང་ཐལ་འཛིན་རྟོག་བྲལ་བའི་ཡེ་ཤེས་ཡོད། འཁྲུལ་སྣང་འགག་པའི་དུས་སུ་སྐུ་ཆེན་པོ་རི་རབ་ཙམ་ལྟ་བུའམ། ཆུང་ངུ་ཡང་འཆར་བས། དེ་ལ་མི་སྐྲག་པར་ངོ་ཤེས་པས་ཆོག་གོ །རང་གི་རིག་པ་འོད་ལྔར་འདུ་འབྲལ་མེད་པར་བཞུགས། དེ་རང་ངོ་རང་གིས་ཤེས་པས། སངས་རྒྱས་ཀྱི་སྐུ་ཐོབ་པ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པ། བདེ་བ་རྒྱུན་ཆད་མེད་པར་བཞུགས་སོ། །རང་གི་ཀླད་པའི་ནང་ན། སངས་རྒྱས་ཧེ་རུ་ཀ་ཁྲོ་བོའི་སྐུ་རིགས་ལྔ་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་བཞུགས་སོ། །རང་གི་ལུས་ལ་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པས། རང་རིག་འོད་ཀྱི་ཕུང་པོ་མེར་མེར་བ། རང་འོད་ལ་འཆར་ནུབ་མེད་པ། དུས་གསུམ་རྒྱུན་དུ་ཡོད་དོ། །རིག་པ་མིག་ནས་འཐོན་ནས། འཁྲུལ་སྣང་ཡེ་ཤེས་སུ་འཆར། རང་འོད་རང་གིས་ཤེས་ནས་འོད་ལ་ཐིམ་ན། ལས་དང་བག་ཆགས་སྦྱང་མི་དགོས་པ་ཡིན་ནོ། །ཀྱེ་རྒྱལ་པོ་ལགས། ཆོས་སྐུའི་རྟགས་ནི། རང་གི་རིག་པ་མ་འགགས་པའི་ཝལ་ལེ་བ་འདི་ཁོ་ནའོ། །ལོངས་སྐུའི་རྟགས་ནི། མེ་ལོང་ལ་བལྟས་པས་ལོངས་སྐུ་མཐོང་བ་ཡིན་ནོ། །སྤྲུལ་སྐུའི་རྟགས་ནི། རང་གི་མིག་དང་བ་སྤུའི་བུ་ག་ནས་མདངས་འཆར་བ་ཡིན་ནོ། །ཆོས་སྐུ་ཉམས་སུ་བླང་བ་ནི། ཕྱིའི་ནམ་མཁའ་བར་སྣང་སྟོང་པ་ཕྱོགས་གང་དུ་ཡང་མ་ལྷུང་བ་འདི་ཡིན་ནོ། །ནང་གི་ནམ་མཁའ་སྙིང་དང་མིག་གཉིས་འབྲེལ་བའི་དང་སང་ངེ་བ་འདི་ཡིན་ནོ། །གསང་བའི་ནམ་མཁའ་ནི་སྙིང་ནང་ན་གནས་ཏེ་ཉམས་སུ་ལེན་པའི་དུས་སུ། ཉོན་མོངས་རྣམ་རྟོག་གིས་མ་བསླད་པར་ཤེས་པ་ཧུར་རེ། རྗེན་ནེ་བ། གཟུང་འཛིན་མ་ཞུགས་པ་འདི་ཁོ་ན་ཡིན་པས། ནམ་མཁའ་གསུམ་གྱི་གདམས་པའོ། །རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད། ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་རོ། །ལོངས་སྐུའི་ཉམས་ལེན་ལ། མན་ཤེལ་གྱི་ནང་དུ་རིགས་ལྔའི་སྐུ་ལ་བལྟའོ། །སྤྲུལ་སྐུའི་ཉམས་ལེན་ནི། སྒྲ་དང་འོད་ཟེར་ལ་བལྟའོ། །སྒྲ་ནི་རྣ་བ་བཀག་ལ་བལྟའོ། །འོད་ནི་སྲིད་པའི་མེ་ལོང་ལ་བལྟའོ། །ཟེར་ནི་ཉི་མའི་སྙིང་པོ་ལ་བལྟའོ། །རྩ་ནི་རོ་མ་རྐྱང་མ་དབུ་མ་གསུམ་མོ། །དེ་ཡང་རོ་མ་ནི་སྙིང་ཡིན་ལ། གཉིད་དུ་སོང་བ་དང་། དབུགས་ཆད་ཙ་ན་དར་ཅིག་རོ་འདྲ་འཐིབས་པས་ནའོ། །རྐྱང་མ་ནི་མིག་ཡིན་ཏེ། དེ་ཡང་རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད་པའི་དུས་སུ་རྣམ་རྟོག་གིས་མི་བསྒྲིབ་པར་རྟོག་མེད་ཀྱི་རིག་པ་རྐྱང་པར་འཆར་བའོ། །ཀུན་འདར་མ་ནི། སྙིང་དང་གློ་བ་ཁ་སྣ་འབྲེལ་པ་ན། དབུགས་ཀྱི་རྟ་ལ་སེམས་ཀྱི་མིས་ཞོན་ནས། རྟོག་པ་ཀུན་ཏུ་རྒྱུ་བ་ན། རྩ་ཀུན་འདར་མ་འགྲིམ་པ་ཡིན་ནོ། །བར་དོའི་དུས་སུ་དུག་ལྔའི་ལམ་ལ་ཞག་ལྔ་འགྲིམ། དེའི་དུས་སུ་འོད་དཀར་པོ་བཀྲག་མེད་ཅིག་འཆར། དེ་ལ་ཤེས་པ་ཞུགས་པས་ལྷའོ། །འོད་སྔོན་པོ་ལྷ་མ་ཡིན་ནོ། །འོད་སེར་པོ་མིའོ། །འོད་དམར་པོ་ཡི་དྭགས། འོད་སྔོ་ནག་བྱོལ་སོང་། འོད་ནག་པོ་དམྱལ་བ་རུ་སྐྱེའོ། །འགྲོ་དྲུག་གི་འོད་ལ་ཤེས་པ་ཞུགས་པས། སྐད་ཅིག་མ་གཉིས་པ་ལ། ལས་ཀྱི་དབང་གིས་མུན་པའི་རྒྱལ་ཁམས་སུ་བསྡུའོ། །དེ་ནས་ཞག་བདུན་ནས་མུན་པ་སངས་ནས། ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེས། གཤིན་རྗེའི་གན་དུ་ཁྲིད་དེ་ལས་ཀྱི་མེ་ལོང་བསྟན་ནས། རྡེའུ་དཀར་ནག་བརྩིས་པས་དེ་དུས་སྒྲིམ་པ་གལ་ཆེའོ། །ཚེ་འདས་དེས་རང་སྣང་འོད་ལྔར་ངོ་ཤེས་ན་སངས་རྒྱས་ནས། འགྲོ་དྲུག་གི་གནས་སུ་འཁྱམས་མི་སྲིད་དོ། །སངས་རྒྱས་རང་གི་སྙིང་ནང་ན་བཞུགས་པ་ཤ་ཁྲག་གིས་བཏུམས་ཀྱང་མི་ཐུབ་པར་རང་གི་མིག་ལམ་ན་མཐོང་ཞིང་གསལ་བ་འདི་སངས་རྒྱས་ཀྱི་སྐུ་ཟང་ཐལ་དུ་བཞུགས་པ་ཡིན། རིག་པ་སྐྱེ་ཤི་དང་མདུན་རྒྱབ་མེད་པར། ཡུལ་དང་ཤེས་པ་གཉིས་སུ་མེད་པའི་ཡོན་ཏན་ནོ། །རང་གིས་མཐོང་བ་འདི་ཀ་ཆོས་སྐུ །རྣ་བས་ཐོས་པའི་སྒྲ་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། དགའ་བདེ་མྱོང་བ་ཐམས་ཅད་ཆོས་སྐུ་ཡིན་པར་ངོ་ཤེས་པར་གྱིས་ཤིག །རྣམ་པར་རྟོག་པ་ཐམས་ཅད་རང་རིག་ཏུ་རང་གིས་སྣང་། རང་གི་རིག་པ་རང་ལོག་ཏུ་རྒྱ་མཚོ་དང་ཆུ་བྲན་ལྟར་སངས་རྒྱས་པ་ཡིན་ནོ། །རང་འོད་ལྔ་པ་རང་ལ་གསལ། རང་འོད་ཀྱི་ངང་དུ་དག་ནས་མན་ཤེལ་དང་སྣང་བ་ལྟར་འཚང་རྒྱའོ། །ཚིག་ལས་འདས་ནས། རང་སྣང་གི་སྐུ་ལས་སངས་རྒྱའོ། །གཅིག་ཤེས་པས་ཡུལ་ཡེ་ཤེས་སུ་སངས་རྒྱའོ། །གཟུགས་ལས་འདས་ནས་ཆོས་སྐུ་སྟོང་པའི་ཡེ་ཤེས་སུ་གསལ། འོད་ལྔའི་ཕུང་པོར་བཞུགས་པ་ཡིན་ནོ། རིག་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ། །དོན་དེ་ལ་བསྒོམ་མི་དགོས། ཞེས་དང་པོའི་སངས་རྒྱས་པདྨ་རྒྱལ་པོས་བཀའ་བསྩལ་ཏོ། །ཞེས་གསུངས་སོ། །རྒྱལ་པོ་དགྱེས་ནས་གསེར་གྱི་པ་ཏྲ་གསུམ་ཕུལ་ལོ། །དཔལ་ཡང་གསང་ཁྲོས་པའི་རྫོགས་རིམ་རྫོགས་སོ། །སརྦ་མངྒ་ལཾ།། ༈ །།རྟ་མགྲིན་གྱི་དབང་བཞིའི་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །བློ་གྲོས་མཉམ་མེད་ཟབ་མོའི་གནས་ལུགས་རྟོགས། །ཐུགས་རྗེ་མཉམ་མེད་འགྲོ་ལ་བུ་བཞིན་བརྩེ། །ཕྲིན་ལས་མཉམ་མེད་ནམ་མཁའི་མཐའ་དང་མཉམ། །བཀའ་དྲིན་མཉམ་མེད་བླ་མའི་ཞབས་ལ་འདུད། །བླ་མའི་རྟོགས་པ་ནམ་མཁའི་དཀྱིལ་འཁོར་དུ། །ཐུགས་རྗེ་ཚད་མེད་ཆུ་འཛིན་འཁྲིགས་པ་ལས། །ཟབ་ལམ་ཆར་པའི་རྒྱུན་གྱིས་བདག་བློའི་ཞིང་། །བངས་བར་བྱས་ནས་བྱུང་བ་འདིར་བཀོད་བྱ། །པདྨ་དབང་ཆེན་གྱི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ལ། སྦྱོར་བ་དང་། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས། སྒོ་གསུམ་གཅིག་ཏུ་དྲིལ་ནས། སེམས་དང་འདྲེས་ངེས་པའི་སྐྱབས་འགྲོ་ཅི་མང་བྱས་ལ་དམིགས་སྐོར་གཅིག །དེ་ནས་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་དམིགས་སྐོར་གཅིག །དེ་ནས་འཆི་བ་མི་རྟག་པ་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་ལས་རྒྱུ་འབྲས་བསམ་པ་ལ་དམིགས་སྐོར་གཅིག །དཀར་པོ་ལ་འབད་པ་དང་། ནག་པོ་ལ་ངེས་འབྱུང་བསྒོམ་པ་ལ། འདོར་ལེན་ཕྱིན་ཅི་མ་ལོག་པར་བྱ་བ་བསམ་པ་བསྒོམ་པ་ལ་དམིགས་སྐོར་གཅིག །དེ་ནས་རང་གི་རྩ་བའི་ཕ་མའི་དྲིན་དྲན་པས་དེ་ལ་སྙིང་རྗེ་རྒྱས་པ་བློ་དང་འདྲེས་ངེས་པ་གཅིག་བསྒོམ། དེ་ལ་བཅོས་མིན་གྱི་ཤས་མི་བཟོད་པ་ལྟ་བུ་རེ་སྐྱེས་པ་དང་། མཐར་སེམས་ཅན་ཐམས་ཅད་ལ་བསྒོམ། ཐེག་ཆེན་གྱི་རྩ་བ་ཟིན་པ་ཡིན་པས་གལ་ཆེ། ལས་དང་པོ་པ་ལ་འདི་ཡན་ཆད་མྱོང་བ་ཐོན་པ་རེ་བྱེད་དགོས་པས་དམིགས་སྐོར་གཅིག་བྱེད། དེ་ནས་བདག་མེད་རྣམ་གཉིས་ཀྱི་ལྟ་བ་དྲན་པར་བྱས་ལ་དེའི་སྟེང་དུ་འཇོག་པ་ལ་དམིགས་སྐོར་གཅིག །དེ་ཡན་སྔོན་དུ་འགྲོ་བའོ། །ཡུན་བསྲིང་ངོ་། །དངོས་གཞི་ལ། སྡིག་པ་སྦྱོང་བ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ། སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་ཀའང་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེས་བརྒྱན་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ། སྤྱི་གཙུག་ཏུ་པདྨ་ལ་རྡོ་རྗེ་ཕྱེད་ནུབ་པས་མཚན་པའི་རྒྱས་གདབ་པར་བསམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྩ་བ་ནས་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པའི་ཚུལ་གྱིས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་བགྲངས་པས་ཐུགས་རྒྱུད་བསྐུལ། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སྤྱི་གཙུག་ནས་ཞུགས། ལུས་ཐམས་ཅད་གང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་འོག་སྒོ་ནས་ནག་ནུར་གྱིས་ཐུར་དུ་ཐོན་ནས་སངས་ཀྱིས་དག་པར་བསམ་མོ། །མཐར་སྣང་བ་མཐའ་ཡས་ཡབ་ཡུམ་འོད་དུ་ཞུ་བ་རང་གི་སྤྱི་གཙུག་ཏུ་ཐིམ་པས་རང་དང་དབྱེར་མེད་པར་བསམ་ལ་དེའི་ངང་དུ་བཞག་པ་དམིགས་སྐོར་གཅིག །དེ་ནས་ཚོགས་གསག་པ་ནི། རང་གི་མདུན་སྨིན་མཚམས་སུ་རཏྣའི་ཁྲིའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་རྩ་བའི་བླ་མ་བཅོམ་ལྡན་འདས་པདྨ་དབང་ཆེན་ཡབ་ཡུམ་དུ་བསམ། དེ་ལ་བརྒྱུད་པའི་བླ་མ་དང་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་བསྟིམ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་མོས་པར་བྱས་ལ་དེ་ལ་གུས་འདུད་དྲག་པོ་བྱ། མཎྜལ་རྒྱས་པ་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ། གསོལ་བ་དྲག་པོ་བློ་བཅོས་མ་མ་ཡིན་པའི་སྒོ་ནས་རྒྱས་བསྡུས་གང་རུང་གི་སྒོ་ནས་བཏབ་མཐར་བླ་མ་འོད་དུ་ཞུ། རང་གི་སྤྱི་གཙུག་ཏུ་ཐིམ་པས། བྱིན་གྱིས་བརླབས་པར་བསམ་ལ་སྤྲོས་མེད་དུ་བཞག་གོ། ལྟ་བ་གཏན་ལ་འབེབ་པ་ལ་སློབ་དཔོན་པདྨས། ཀུན་རྫོབ་སྒྲ་དབྱངས་འབྱུང་བའི་གནས་དག་ནི། །བདག་ཉིད་ལས་སྤྲུལ་རྡོ་རྗེ་ལྟ་བུའི་དབུ། །གསུངས་པ་ལ་བརྟེན་ནས། རྟ་སྐད་དེ་རང་གི་ཡ་རྐན་མ་རྐན། མགྲིན་པ་སོགས་གང་ནས་བྱུང་བ་ལྟས་ཤིང་རྩད་བཅད་པས། རང་གི་བློ་འཁྲུལ་པའི་སྣང་ངོར་འབྱུང་། དེ་ལ་བརྟེན་ནས་ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྲ་དབྱངས་དེ་བྱུང་འདུག །ཡང་བརྟགས་ཤིང་དཔྱད་པས་འཁྲུལ་གཞིའི་སེམས་མ་གྲུབ་འདུག་ན་གཞན་ལྟ་ཅི་སྨོས་སྙམ་དུ་བློ་ཐག་ཆོད་པར་རང་ངོ་སྤྲད་དོ། །སློབ་དཔོན་པདྨའི་རྟ་སྐད་ཐེངས་གཅིག་གི་དགོངས་པར། རྡོ་རྗེའི་རྟ་སྐད་དཔེ་ནི་ནམ་མཁར་བཞག །ནམ་མཁའི་རང་བཞིན་མ་སྐྱེས་མ་འགགས་པས། །སྣང་སྲིད་ཀུན་ཀྱང་མཚོན་པས་མྱ་ངན་འདས། །གསུངས་པས། དེ་ལྟར་སྒྲོ་འདོགས་ཆོད་པའི་ལྟ་བ་རྣམ་དག་དེ་མ་ཡེངས་པར་བསྐྱང་། དེའི་ངང་ནས་རྡོ་རྗེ་ཐེག་པའི་ལམ་ཐུན་མོང་མ་ཡིན་པ། བསྐྱེད་རྫོགས་ཟུང་འཇུག་ཉམས་སུ་བླང་སྙམ་པས། རང་སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་སྔགས་ཙམ་གྱིས་དབང་ཆེན་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་ལམ་གྱིས་བསྒོམ་མོ། །དེ་ནས་མདུན་དུ་ཐང་སྐུ་ལེགས་པ་ཉེ་རིང་མཐོ་དམན་རན་པར་བཀྲམ་ལ། དེ་ལ་མིག་དང་སེམས་མ་ཡེངས་པར་བལྟ། སྐུའི་ཆ་ཐམས་ཅད་གསལ་བ་དང་། ལོགས་སུ་དམིགས་པ་སྤོས་ལ་སེམས་བཟུང་། མི་གསལ་ན་ཐང་སྐུ་ལ་ཡང་དམིགས་པ་སྤོས་ཀྱིན་རེས་འཇོག་ཏུ་བྱ། མཚན་མོ་རང་དབང་ཆེན་དུ་བསྒོམས་པ་ལ་གསལ་ན་དེ་ལ་སེམས་བཟུང་། མི་གསལ་ན་སྐུའི་ཆ་རེ་རེ་ནས་གསལ་གདབ་ཀྱིན་བསྒོམས་པ་དེ་ལ་སེམས་རྩེ་གཅིག་ཏུ་མ་ཡེངས་པར་བྱེད་པ་གལ་ཆེའོ། །གསལ་བ་དང་དེ་ལ་སེམས་བཟུང་བའོ། །དེ་ལ་ཅུང་ཟད་གོམས་པ་དང་། རང་དབང་ཆེན་དུ་གསལ་བའི་སྐུ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པར་བསམ་ཞིང་སེམས་བཟུང་ཆེ་བ་ལ་སྦྱོང་བའོ། །ཕྲ་བ་ལ་སྦྱོང་བ་ནི། རང་དབང་ཆེན་གྱི་སྐུ་ཆུང་ལ་དོད་པ་མཐེ་བོང་ཙམ་མམ། ནས་རྡོག་ཡུངས་འབྲུ་ཙམ་ལ་སྦྱང་ཞིང་བསྒོམ། དངོས་པོའི་མཚན་མ་ཅན་ལ་བསླབ་པ་ནི། རང་ངམ་མདུན་དུ་དབང་ཆེན་གྱི་སྐུ་གསལ་བ་དངོས་སུ་གྲུབ་ཡོད་ཡོད་པོ་རྟག་རྟག་པོ་ཞིག་ཏུ་བསྒོམ་པ་ལ་བསླབ་བོ། །མང་པོ་སྦྱོང་བའམ། སྤྲོ་བ་ལ་སྦྱོང་བ་ནི། རང་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག །གཞལ་ཡས་ཁང་དུ་གྱུར། སེམས་ཅན་ལ་ཕོག་པས་དབང་ཆེན་དུ་གྱུར་པ་རེ་རེ་ནས་གསལ་གདབ་ཅིང་། སྣོད་བཅུད་དབང་ཆེན་གྱི་ཞིང་ཁམས་སུ་བསྒོམ། བསྡུ་བ་ནི་སྣོད་བཅུད་རིམ་པར་དབང་ཆེན་གྱི་ཐུགས་ཀར་བསྡུ། རང་ཡང་ཐུགས་ཀའི་ས་བོན་ལ་བསྡུ། དེ་ཡང་མི་དམིགས་པར་བསྒོམ། ཡང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ཆེན་པོ་གཅིག་ཏུ་བསྒོམ། དེའི་ནང་དུ་རང་དབང་ཆེན་ལྷ་སྐུར་གྱུར་པས་ཁེངས་ཤིང་གསལ་བར་བསྒོམ། ཡང་གཞལ་ཡས་ཁང་མཐེ་བོང་ཙམ་གྱི་ནང་དུ་དབང་ཆེན་སྐུ་ཆེན་པོར་བསྒོམས་ལ་གཞལ་ཡས་ཁང་ཆེན་པོར་མ་སོང་། སྐུ་ཆུང་དུ་མ་སོང་བར་ཡངས་དོག་མེད་པར་བསྒོམ། ཡང་གཞལ་ཡས་ཁང་ཆེ་ལ་སྐུ་ཆུང་བ་སྔར་བཞིན་བསྒོམ། ཡང་སྣ་རྩེར་གཞལ་ཡས་ཁང་ལྷ་དགུ་ཡུངས་འབྲུ་ཙམ་ལ་སེམས་བཟུང་ངོ་། །དེ་ནས་བསྐྱེད་པའི་རིམ་པ་སྐུ་གསུམ་དང་བསྐྱེད་རྫོགས་ཟུང་འཇུག་ལ་སོགས་པར་ངོ་སྤྲད་པ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་ཅིང་། འདུས་མ་བྱས་ནམ་མཁའ་ལྟ་བུར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཡོད་མེད་རྟག་ཆད་གང་གི་ཡང་ཕྱོགས་སུ་མ་ལྷུང་ཞིང་ཁས་ལེན་དང་བྲལ་བ་དེ་ནི་ཆོས་སྐུའོ། །དེ་ལྟ་བུའི་ངང་ལ་ཆུ་ཟླའམ། མེ་ལོང་གི་གཟུགས་བརྙན་ནམ། འཇའ་ཚོན་ལྟར་དབང་ཆེན་གྱི་སྐུར་གསལ་བ་ནི་ལོངས་སྐུའོ། །དེའི་ཐུགས་ཀ་སོགས་ཆ་གང་ནས་ཀྱང་རུང་འོད་ཟེར་རམ་སྐུ་སྤྲོ་བ་ནི་སྤྲུལ་སྐུའོ། །དབང་ཆེན་གསལ་བ་ནི་བསྐྱེད་པ། དེའི་རང་བཞིན་མེད་པར་ཤེས་པ་ནི་རྫོགས་པའོ། །དེ་གཉིས་དབྱེར་མེད་པ་ནི་ཟུང་འཇུག་གོ །ཞིབ་ཏུ་བསྐྱེད་རྫོགས་ཟུང་འཇུག་དང་ཡང་དག་པའི་ལྟ་བ་ཤོག་དྲིལ་དུ་ཤེས་པར་བྱའོ། །འདི་ཡན་བུམ་དབང་གི་ལམ་མོ། །བཟླས་པའི་རྣལ་འབྱོར་ནི། རང་དབང་ཆེན་དུ་གསལ་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་རྩ་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་ཟེར་དམར་པོ་འཕྲོས་པས། སྣ་བུག་ནས་སོར་བཞི་ཙམ་གྱི་བར་དུ་བྱུང་། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་ནང་དུ་རྔུབས། རང་གི་སྡིག་སྒྲིབ་སྦྱངས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། སྔགས་ཡིད་ཀྱིས་བགྲངས་པ་དང་། རླུང་ཕྱིར་འགྲོ་བ་ནང་དུ་རྔུབས་པ་དང་། གནས་པ་གསུམ་དུ་བསྟུན་ལ་མ་ཡེངས་པར་སེམས་གཏད་པ་ལ་སློབ་བོ། །དེ་ནས་གསང་དབང་གི་ལམ་ཙཎྜ་ལཱི་བསྒོམ་པ་ལ་བསླབ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་ནམ། མེ་ཐབ་དྲུག་འཆིང་གང་རུང་བྱ། རླུང་དྲག་ལ་རིང་བ་ལན་གསུམ་བསལ་ལོོ། །དེ་ནས་དལ་ལ་རིང་བས་ནང་དུ་རྔུབས་ལ་ལྟེ་འོག་ཏུ་མཆིལ་མ་དང་བསྟུན་ལ་མནན། འོག་རླུང་དྲངས་ཐུབ་ཚད་དུ་རླུང་སེམས་ལྟེ་འོག་སོར་བཞི་ཙམ་གྱི་ཚད་དུ་གཅིག་ཏུ་དྲིལ་ནས་བཟུང་། མི་ཐུབ་པ་དང་དལ་བུས་གཏང་ངོ་། །དེ་ནས་མེ་དམིགས་བཅོ་བརྒྱད་པ་ལས་ཐོག་མར་་་རྩ་བ་བྱིན་རླབས་ཀྱི་དྲོད་ནི། རང་དབང་ཆེན་དུ་མོས་པ་ཙམ་གྱིས་འོག་གི་གདན་སྲ་བ་མཁྲེགས་པའི་སྟེང་དུ་བཞུགས་པའི་སྤྱི་གཙུག་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་རྩ་བའི་བླ་མ་འོད་དཔག་མེད་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལྕིད་དང་ལྡན་པ་ལ་མོས་གུས་དྲག་པོ་བྱས་པས་ཇེ་ལྕི་ལ་སོང་ནས་རང་མནན་པས་དྲོད་འབར་བར་བསམ། གཉིས་པ་འབྱུང་བ་བེམ་པོའི་དྲོད་ནི།་་་གཞི་རྩ་བ་བྱིན་རླབས་ཀྱི་དྲོད། ཕྱི་འབྱུང་བ་བེམ་པོའི་དྲོད། ནང་འབྱུང་བ་སོར་བཞག་གི་དྲོད། རང་ལུས་རྫ་མ་ཆེན་པོ་ལྟོ་བ་ཁོག་ཆེ་བར་བསྒོམ། གསུམ་པ་འབྱུང་བ་སོར་བཞག་གི་དྲོད་ནི།་་་ཙཎྜཱིའི་རྩ་བའི་སྡོང་པོ་དེ་ལའང་ཕྱི། ལུས་ཀྱི་རྫ་མ་ལ་ནང་ཕྲུ་མ་ཕུས་བཏབ་པ་ལྟར་དམར་སེང་ངེ་བ། སྐམ་ཐག་གེ་བ། ཚ་ཧུ་རེ་བ་གཅིག་བསྒོམ། བཞི་པ་ཙཎྜཱི་ལ། རྩ་བའི་སྡོང་བུ་རྐང་མཐིལ་དུ་གཟབ་ཆུང་གི་རཾ་ཁ་དོག་དམར་པོ་ཚ་ཧྲིད་པ་བསྒོམ། ལྔ་པ་ནི།་་་མེ་འབར་བའི་དམིགས་པ་ནི། རཾ་མཾ་དམར་པོ་གཉིས་ལས་མེ་ལྕེ་སོར་བཞི་ཙམ་དུ་ཐོན་པར་བསྒོམ། དྲུག་པ་ནི།་་་མེ་ཆེར་འབར་བའི་དམིགས་པ་ནི། མེ་ལྕེ་ཇེ་རིང་ལ་སྒྱིད་ཁུང་དུ་སླེབ་པ་ཙམ་དུ་བསྒོམ། བདུན་པ་དམིགས་པ་ནི།་་་འདྲོས་པའི་དམིགས་པ། མེ་སུམ་མདོར་ཐི་ལི་ལི་བསྒོམ། བརྒྱད་པ་ཚ་སྐམ་ལྟ་བུའི་དམིགས་པ་ནི། བསྣོལ་མཚམས་ཁོང་དུ་སོང་བས་ཁོག་པ་ཚ་ཧུར་ཏུ་སོང་བར་བསྒོམ། ལྟེ་བར་སོར་བཞི་ཙམ་མ་སླེབ་པའོ།་་་ནང་སྲོག་ཤིང་གི་དམིགས་པ། དགུ་པ་ནི། ཚ་སྐམ་ལྟ་བུ་གཅིག་ཏུ་འདུས་པའི་རྩེ་མོ་ལ་མེ་འོད་ཀྱི་གོང་བུ་བྱ་མ་སར་གྱི་སྒོ་ང་ཙམ་གཅིག་ཧུ་རེ་བསྒོམ། བཅུ་པ་ནི། མེ་རྡོ་རྗེ་རྒྱ་གྲམ་གྱི་དམིགས་པ་ནི། ལྟེ་བར་མེའི་རྡོ་རྗེ་རྒྱ་གྲམ་རཾ་བསྒོམ་རྩེ་མོ་དྲུག་ཏུ་ཚ་ངར་དང་ལྡན་པའོ། །བཅུ་གཅིག་པ་ནི། མེ་རྡོ་རྗེ་རྒྱ་གྲམ་དེ་ལས་རྩེ་མོ་དྲུག་ཏུ་མེ་ནར་བྱུང་བར་བསམ། བཅུ་གཉིས་པ་མེ་ལྕེ་དེ་རྣམས་ལ་ལུས་ཀྱི་ཕྱི་ནང་ནས་ཐུར་དུ་ཐལ་ལུས་ལ་འཁྲིལ་ཏེ་བབས་པས་རྐང་མཐིལ་དུ་སོང་། དེ་ནས་ཡར་ལོག་མེ་ལྕེ་རྣམས་གཅིག་ཏུ་འདུས་ནས་གསང་གནས་སུ་ཐིག་ལེ་འབར་བའོ། །བཅུ་གསུམ་པ་ནི། མེ་ཚ་སྐམ་བསྣོལ་མཚམས་བྱ་མ་སར་གྱི་སྒོ་ང་ཙམ། རྡོ་རྗེ་རྒྱ་གྲམ་རྣམས་དཀྱིལ་གནས་ཕར་ཕུག་མེ་ལྕེ་ནར་སོང་། རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཚ་རིང་རིང་བ་བསྒོམ་མོ། །བཅུ་བཞི་པ་ནི།་་་འབར་བའི་དམིགས་པ། མེ་ལྕེ་ལྐོག་མར་སླེབ་ཙམ་དུ་བསྒོམ། བཅོ་ལྔ་པ་ནི།་་་རབ་ཏུ་འབར་བའི་དམིགས་པ། ཉི་མའི་དལ་གྱི་དམིགས་པ། མེ་ལྕེ་མགྲིན་པར་སླེབ་ཙམ་དུ། ཐོད་པའི་ནང་ཚ་འུ་རུ་རུ་ཡོད་པར་བསྒོམ། བཅུ་དྲུག་པ།་་་སྲོག་ཤིང་གི་དམིགས་པ། མེ་ལྕེ་ཚངས་བུག་ན་ཡར་ཡོད་པར་བསྒོམ། བཅུ་བདུན་པ་ནི།་་་རབ་ཏུ་འབར་བའི་དམིགས་པ། ཉི་མའི་དལ་གྱི་དམིགས་པ། ལུས་ཀྱི་ཕྱི་ཐམས་ཅད་ཉི་མའི་དལ་མེ་ལོང་ཙམ་གྱིས་ཁྱབ་ནས་ཡོད་པར་བསྒོམ། བཅོ་བརྒྱད་པ་ནི།་་་ཉེ་བའི་དམིགས་པ་ནི། ཁོག་པའི་སྲོག་ཤིང་ལྟ་བུ་ལས་མེ་བྱུང་འོད་ཟེར་བ་སྤུ་ལྟ་བུ་ཟི་ཐིབ་ཕྱིར་ཐལ་བྱུང་། ཕྱི་ཉི་མའི་དལ་ཀྱང་མེའི་འོད་ཟེར་བ་སྤུ་ཙམ་པ་བ། སྤུའི་གྲངས་དང་མཉམ་པ་ནང་དུ་སོང་ནས་ལུས་ཐམས་ཅད་དྲོད་དུ་འུར་རེ་ཡོད་པར་བསྒོམ། ཞིབ་ཏུ་མེ་དམིགས་བཅོ་བརྒྱད་པར་བལྟའོ། །རྟ་མཆོག་རོལ་པ་དང་། གཤིན་རྗེ་གདོང་དྲུག་དང་། ཚེ་བདག་ནས་གསུངས་པའི་ཙཎྜ་ལཱི། འཁོར་ལོ་གཉིས་ལ་བརྟེན་པ་ཉམས་སུ་བླང་བ་ནི། རང་ཡི་དམ་དུ་གསལ་བའི་ཁོག་པ་སྟོང་པ་དམར་སེང་ངེ་བ་བསྒོམ། དེའི་དབུས་སུ་རྩ་དབུ་མ་ཆོས་བཞི་ལྡན་ཕྲ་སེང་ངེ་བ་གཅིག་སྤྱི་གཙུག་ནས་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་མོ་རཀྟས་གང་བ། གཡོན་དུ་རྐྱང་མ་དཀར་མོ་ཁུ་བས་གང་བར་བསྒོམ། སྦོམ་ཕྲ་ཐེ་ཆུང་ཙམ་པ་དབུ་མ་དང་འདྲ་བར་བསྒོམ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་དམར་པོ་ལྟེ་བ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །འདབ་མ་ཕྱི་མ་ལ་ཀཱ་ལི་ཕྲག་གཉིས་ཐིག་ལེ་དམར་པོའི་རྣམ་པར་བསྒོམ། སྙིང་ཁར་ཧཱུྃ། མགྲིན་པར་ཨཱོཾ། སྤྱི་བོའི་རྩ་འདབ་སུམ་ཅུ་རྩ་གཉིས་ལ་ལྟེ་བ་ལ་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བའི་འདབ་མ་ལ་ཨཱ་ལི་ཕྲག་གཉིས་ཀྱིས་མཚན་པ།་་་རྩེ་ཐམས་ཅད་གྱེན་ལ་བལྟ་བ། ཐིག་ལེའི་རྣམ་པ་རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་གང་ཞིང་ཐུར་དུ་བལྟ་བར་བསྒོམས་ལ། རླུང་སྟེང་འོག་ཁ་སྦྱར་བས་ལྟེ་བའི་ཨ་ཤད་ལས་མེ་བྱུང་། གཡས་རོ་མ་ནས་ཡར་སོང་། ཧཱུྃ་དང་ཨོཾ་དམར་པོར་གྱུར་ཧཾ་ལ་རེག་མ་རེག་ཙམ་ལས་བྱང་ཆུབ་ཀྱི་སེམས་རྐྱང་མ་ནས་སྐྱ་ན་ར་ར་བྱུང་། ཨོཾ་དང་ཧཱུྃ་ཡང་དཀར་པོར་གྱུར། ཨ་ཤད་ལ་རེག་ཙམ་གྱིས་ཡང་མེ་འབར། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨཱོཾ་དམར་པོར་གྱུར། ཧཾ་ཞུ་བྱང་སེམས་མར་བབས་པས་མེ་དེ་ཉིད་སྙིང་གར་རཀྟའམ། མེ་སེན་མོ་ཙམ་མམ། བྱང་སེམས་ཅོག་སྒོང་ཙམ་ལ་སེམས་བཟུང་བས་བདེ་སྟོང་གི་ཉམས་སྐྱེའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དཀར་དམར་སྲན་མ་གཤག་པ་ཙམ་ཁ་སྤྲད་པ་ལ་སེམས་བཟུང་ཞིང་རླུང་ཁ་སྦྱོར། རྩ་འདབ་བཞི་ལ་སྦྱོང་བ་ནི། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་ལ་ཨ་དམར་པོ་འདབ་མ་བརྒྱད་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཕྱི་རིམ་ལ་ཀཱ་ལི་ཕྲག་གཉིས་ཐམས་ཅད་ཁ་དོག་དམར་པོ་ཡིག་མགོ་གྱེན་དུ་བསྟན་པ། སྙིང་ཁར་རྩ་འདབ་བརྒྱད་པའི་ལྟེ་བར་ཧཱུྃ་སྔོན་པོ་ཕྱོགས་བཞིར་བྷྲཱུྃ་ཨཾ་ཛྲི་ཁཾ། མཚམས་བཞིར་ལཱཾ་མཱཾ་པཱཾ་ཏཱཾ། ཐམས་ཅད་ཀྱང་ཁ་དོག་སྔོན་པོ་མགོ་ཐུར་དུ་བལྟ་བ། མགྲིན་པར་རྩ་འདབ་བཅུ་དྲུག་པའི་ལྟེ་བ་ལ་ཨཾ། འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་ཁ་དོག་དམར་པོ་ཐམས་ཅད་ཀྱང་མགོ་གྱེན་ལ་བལྟ་བ། སྤྱི་གཙུག་ཏུ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བ་ལ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། འདབ་མ་རྣམས་ཨཱ་ལི་ཕྲག་གཉིས་ཐམས་ཅད་ཀྱང་མགོ་ཐུར་དུ་ལྟ་བ། ཁ་དོག་དཀར་པོ་རྣམས་གསལ་བཏབ་ལ་རླུང་བུམ་པ་ཅན་བཟུང་བ་དེ་ཡང་སྟེང་རླུང་དལ་བུས་རྔུབས་ཏེ་ལྟེ་འོག་ཏུ་མནན། དེ་ནས་འོག་རླུང་འཐེན་པས་ལྟེ་བའི་ཨ་ཤད་ལས་མེ་བྱུང་། གཡས་རོ་མ་ནས་ཡར་སོང་སྙིང་ཁ་དང་། མགྲིན་པའི་རྩ་འདབ་རྣམས་ཀྱང་མེ་ཡི་རང་བཞིན་དུ་སོང་། སྤྱི་གཙུག་གི་ཡིག་འབྲུ་ཧཾ་དང་བཅས་པ་ལ་རེག་པས་བྱང་སེམས་ཞུ་ནས་སྐྱ་ཁྲུལ་བྱུང་། གཡོན་རྐྱང་མ་ནས་བབས། མགྲིན་པ་དང་སྙིང་ཁའི་རྩ་འདབ་རྣམས་ཀྱང་བྱང་སེམས་ཀྱིས་ཁེངས་པར་བསམ་ལ་གསལ་གདབ། ཡང་ཨ་ཤད་ལས་མེ་བྱུང་དབུ་མ་ནས་ཡར་སོང་། སྙིང་གའི་རྩ་འདབ་དང་མགྲིན་པའི་རྩ་འདབ་རྣམས་མེའི་རང་བཞིན་དུ་སོང་། སྤྱི་གཙུག་ཏུ་ཧཾ་ལ་རེག་ཙམ་ལས་བྱང་སེམས་སྔར་ལྟར་བབས་སྙིང་ག་དང་མགྲིན་པ་གང་། ལྟེ་བའི་དབུས་སུ་བྱང་སེམས་དཀར་དམར་རེག་ཙམ་ལ་སེམས་བཟུང་བ་ནི་ཙཎྜ་ལཱིའོ། །དབང་གསུམ་པའི་ལམ། རང་དབང་ཆེན་ཞལ་གཅིག་ཕྱག་གཉིས་པར་བསྒོམ། མདུན་དུ་ཡུམ་གར་གྱི་དབང་ཕྱུག་མ་གསལ་གདབ། འདུ་ཤེས་གསུམ་དང་ལྡན་པས་གཟུགས་ལ་བསླབ་པ། སྒྲ་ལ་བསླབ་པ། དྲི་ལ་བསླབ་པ། རོ་ལ་བསླབ་པ། རེག་བྱ་ལ་བསླབ་པ་སོགས་བྱ། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ལ། ཐ་མལ་པའི་ཆགས་པ་སྤངས་ལ་ལྷའི་ང་རྒྱལ་དང་ལྡན་པས་སྙོམས་པར་ཞུགས་ལ། དབབ་པ། བཟློག་པ། བཟུང་བ། བཀྲམ་པ་ལ་མཁས་པ་ཉམས་སུ་བླང་ཞིང་། མཐར་རྫོགས་པའི་ངང་ལ་བཞག་གོ །ཞིབ་ཏུ་ཞལ་ལས་དྲིས། དབང་བཞི་པའི་དོན་ལྟ་བའི་དུས་སུ་ངོ་སྤྲད་པ་ལ་ཉམས་ལེན་མཛད་དོ། །རྗེས་བསྔོ་བས་རྒྱས་བཏབ་བོ། །ཞེས་པ་འདི་སློབ་དཔོན་པདྨའི་རྟ་སྐད་ཐེངས་གཅིག་གི་དགོངས་པ་དང་། བསྐྱེད་རྫོགས་ཟུང་འཇུག་ལྟ་ཁྲིད་སེམས་བཟུང་། མེ་དམིགས་བཅོ་བརྒྱད་པ་ལ་སོགས་རྫོགས་རིམ་ཁྲིད་ཀྱི་གོ་རིམ་དུ་མཛད་དེ་གནང་བ་་་བླ་ཆེན་ཆོས་དཔལ་བཟང་པོ་་་ཁོ་བོས་ཟིན་བྲིས་སུ་བཏབ་པའོ། །ཉེས་པ་རྣམས་བླ་མ་མཁས་ལ་བཟོད་པར་མཛད་དུ་གསོལ། །ྀཨཚ། །། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).