Terdzo-PHA-011



Property "author" has been marked for restricted use.








Terdzo-PHA-011.pdf
Click the picture above to view the Shechen manuscript.

གུ་རུ་རྡོ་རྗེ་གྲོ་ལོད་ཧཱུྃ་གི་སྒྲུབ་ཐབས་གདུག་པ་ཀུན་འདུལ་གྱི་སྨིན་དབང་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིག་

gu ru rdo rje gro lod hU~M gi sgrub thabs gdug pa kun 'dul gyi smin dbang mtshams sbyor gyis brgyan pa rdo rje'i zhun thig

by  མཁའ་ཁྱབ་རྡོ་རྗེ་ (Fifteenth Karmapa Khakhyab Dorje)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
in cycle  གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་ (Gro lod gsang sgrub gdug pa kun 'dul)
Volume 14 (ཕ) / Pages 177-197 / Folios 1a1 to 11a4

[edit]

༄༅། །གུ་རུ་རྡོ་རྗེ་གྲོ་ལོད་ཧཱུྃ་གི་སྒྲུབ་ཐབས་གདུག་པ་ཀུན་འདུལ་གྱི་སྨིན་དབང་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིག་ཅེས་བྱ་བ་བཞུགས་སོ། ། བཛྲ་གུ་རུ་ཀྲོ་དྷ་ལོ་ཀོཏྟ་ར་ཡེ་ན་མོ། ཆོས་དབྱིངས་ཞི་བའི་ཐིག་ལེ་ཆེ། །འཆོལ་བའི་ཁྲོ་རྒྱལ་འབར་བར་བཞེངས། །སྲིད་པ་ཐལ་འབྱིན་ཧེ་རུ་ཀ །དབྱེར་མེད་བླ་མའི་ཞབས་ལ་འདུད། །འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོར་བཀའ་བབ་པའི་ཟབ་རྒྱའི་གཏེར་མཛོད་ལས་བྱོན་པ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་གདུག་པ་ཀུན་འདུལ་གྱི་སྨིན་དབང་མཚམས་སྦྱོར་གྱིས་བརྒྱན་ཏེ་ཁྱེར་བདེར་བཀོད་པ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། དང་པོ་ནི། བྱིན་ཆགས་དབེན་པའི་གནས་སུ་སྟེགས་གཙང་མར་མཎྜལ་ཆོས་འབྱུང་དམར་པོ་མེ་རིས་བསྐོར་བའི་ལེབ་མདུན་བསྟན་གྱི་ལྟེ་བར་པད་ཉི་ལ་ཧཱུྃ་ཡིག་དམར་སྨུག་བྲིས་པ་བཀྲམ་པའམ། མ་འབྱོར་ན་མེ་ཏོག་གི་ཚོམ་བུས་ཀྱང་རུང་། དེའི་དབུས་སུ་འཕྲུལ་སྟེགས་ཀྱི་ཁར་ཞུན་ཆེན་ཀྱི་མར་མེ་འབྲི་སྨུག་གི་ཚོས་ཀྱིས་བསྒྱུར་བ་བཞུགས། གཡས་གཡོན་དུ་རྣམ་བུཾ་དང་དཔལ་གཏོར་སྐུ་རྟེན་དར་གདུགས་ཅན། མདུན་དུ་གུ་རུ་ཞི་དྲག་གི་སྐུ་ཙག །ཧཱུྃ་དམར་དང་། རཀྴའི་ཕྲེང་བ། དུར་ཁྲོད་ཆས་བརྒྱད་དང་ཟབ་བེར་གསང་གོས་ཆོས་གོས་རྣམ་གསུམ། རྡོ་རྗེ་རྩེ་དགུ་དང་། ཕུར་པ། ལྕགས་སྡིག་བཅས་དངོས་སམ་རི་མོར་བྲིས་པ་བཀོད། །གཞན་ཡང་སྨན་རཀ །ཉེར་མཆོད། །མཎྜལ་མེ་ཏོག་བཅས་དང་། སློབ་དཔོན་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་གསག་གོ །གཉིས་པ་ལའང་། བདག་ཉིད་ནུས་ལྡན་དུ་སྒྲུབ་པ་དང་། གཞན་དོན་དབང་བསྐུར། རྗེས་རིམ་སྟེ་གསུམ་དུ་ཡོད་པའི་དང་པོ་ནི། འདིར་མཆོག་གསང་ཨ་ཏིའི་རྣལ་འབྱོར་གྱི་ལམ་དང་འབྲེལ་བས་མཚན་མའི་བསྐྱེད་བཟླས་ལ་ལྟོས་པ་མ་ཡིན་ཡང་། དོན་དམ་གཤིས་ཀྱི་དགོངས་པ་ཟང་ཐལ་ལྷུན་གྲུབ་རིག་རྩལ་མཁའ་ཁྱབ་ཀྱི་དགོངས་ཉམས་ཆོས་དབྱིངས་ཁྱབ་པར་སྦར་སྟེ། བདག་མདུན་བུམ་གཏོར་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པའི་ལྟ་གདིངས་ལ་གནས་པས། ཟབ་མོ་ཧཱུྃ་གི་ཕྲིན་ལས་ཉིད་མཐར་ཆགས་སུ་གཏང་། བསྙེན་སྒྲུབ་ལས་སྦྱོར་གྱི་ཧཱུྃ་བཟླས་ཅི་འགྲུབ་དང་། ལས་བུམ་དུ་ལས་ལྷ་གང་འོས་བསྐྱེད་བཟླས་འོད་ཞུ་བཅས་བྱའོ། །གཉིས་པ་ནི། སྣོད་ལྡན་གྱི་སློབ་མ་གསུམ་ལས་མི་མང་བ་རྣམས་ཁྲུས་ནས་དབྱུང་། དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བགེགས་བསྐྲད། སྲུང་བའི་འཁོར་ལོ་དྲག་ཏུ་བསྒོམ། ལས་རྡོར་པས་མེ་ཏོག་བཀྱེ་བསྡུ་ཟིན་ནས། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། དེའང་ཕྱོགས་བཅུར་བཞུགས་ཤིང་དུས་གསུམ་དུ་གཤེགས་པའི་རྒྱལ་བ་མ་ལུས་པའི་མི་ཟད་རྒྱན་འཁོར་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་རང་གཟུགས་སུ་བྱོན་པ་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་གང་ཉིད། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་རབ་འབྱམས་མུ་མེད་པའི་ཁྱོན་ཀུན་ན། མཚན་དང་སྐུའི་རྣམ་འགྱུར་མཐའ་ཡས་པས་འཁོར་བ་མ་སྟོང་གི་བར་དུ་དུས་གསུམ་རྒྱུན་གྱིས་རྟག་པའི་ཕྲིན་ལས་ཀྱི་འགྲོ་བ་འདུལ་བའི་མཛད་པ་སྟོན་བཞིན་པ་ལས། ཞིང་འདིར་མཛད་པའི་གཙོ་བོ་གུ་རུ་མཚན་བརྒྱད་ལས་ཀྲོ་དྷ་ལོ་ཀོཏྟ་ར་ཏེ་ཁྲོ་བོ་འཇིག་རྟེན་མཆོག་ཅེས་མཚན་དུ་གྲགས་པ་དེ་ཉིད་ཟུར་ཆག་གི་སྐད་དུ་གྲོ་བོ་ལོད་ཅེས་བྱ་བའི། བདུད་འདུལ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་འདི་ཉིད་ཀྱི་རོལ་པར་བཞེངས་ནས་ཛམ་གླིང་ཀུན་ཏུ་གདུལ་དཀའ་འདུལ་བའི་ཕྲིན་ལས་ཕལ་མོ་ཆེ་མཛད་པ་ཡིན་ལ། ཁྱད་པར་བོད་ཡུལ་དབུས་འགྱུར་རྡོ་རྗེ་གདན་དཔལ་བསམ་ཡས་ཀྱི་ཆོས་འཁོར་བཞེངས་པའི་ས་འདུལ་གྱི་སྐབས་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་རྣམས་དབང་དུ་བསྡུས་པ་དང་། བདུད་བློན་རྣམས་ཀྱི་སྐུ་ལ་ཐོ་བརྩམ་པའི་དུས་སུ་གདུག་པ་ཅན་རྣམས་དྲག་པོ་འཆོལ་བའི་ཏིང་ངེ་འཛིན་གྱིས་སྲོག་གི་ལྷག་མར་མཛད་ཅིང་ཟིལ་གྱིས་མནན་པ་དང་། མཐར་མོན་གྱི་སྟག་ཚང་སེང་ཕུག་དང་། ཁམས་ཀྱི་རོང་མེ་དཀར་མོ་སྟག་ཚང་སོགས་ཁམས་བོད་ཀྱི་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་གྱི་སྐུར་བཞེངས་ནས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་བསམ་པའི་ཡུལ་ལས་བརྒལ་བ་མཛད། བོད་ཡུལ་གངས་བྲག་མཚོ་དང་ལྗོངས་ལུང་སྦས་གནས་རྣམས་སུ་ཟབ་མོའི་གཏེར་ཁ་སྦ་བའི་བཅའ་གཞི་བསྒྲིགས་ཤིང་། གཏེར་དུ་སྦ་བ་ཡང་ཕལ་ཆེར་སྐུའི་བཀོད་པ་འདི་ཉིད་ལ་བརྟེན་ནས་མཛད་པ་ཡིན་ལ། དེ་ཉིད་ཀྱི་སྒྲུབ་ཐབས་གདམས་ངག་རྒྱས་བསྡུས་དུ་མ་ཞིག་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་ཅིང་ཕྱི་རབས་ཀྱི་འགྲོ་བའི་དོན་དུ་ཟབ་མོའི་གཏེར་རིགས་དུ་མར་རྒྱས་བཏབ་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་ལས། ནམ་ཞིག་རང་བྱུང་པདྨ་བདག༔ སྲིན་པོའི་གདུལ་བྱ་འདུལ་བའི་ཕྱིར༔ ཆོ་འཕྲུལ་ཆེན་པོས་གཤེགས་ནས་ཀྱང༔ ལོ་སྐོར་གཅིག་གི་མཐར་སོན་ཚེ༔ བདག་ཉིད་ཀུན་བཟང་ཐོད་ཕྲེང་གི༔ ཚོགས་བརྒྱད་དག་པའི་རང་གདངས་ལས༔ ཡེ་ཤེས་རྣམ་པ་བརྒྱད་ཀྱི་སྐུ༔ སྤྲུལ་པའི་མཚན་མཆོག་རྣམ་བརྒྱད་ལས༔ མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱིས༔ དམ་སྲི་གདུག་པ་འདུལ་བའི་ཕྱིར༔ རོལ་པའི་ཆོ་འཕྲུལ་བསྟན་པའི་གནས༔ སྟག་ཚང་མིང་ཅན་བཅུ་གསུམ་ལས༔ ཤར་ཕྱོགས་མདོ་ཁམས་ཡུལ་གྱི་དབུས༔ འབྲི་རྫ་ཟལ་མོ་སྒང་གི་རྒྱུད༔ སྦས་ཡུལ་གངས་རིས་བསྐོར་བའི་འདབས༔ རང་བྱུང་ཤེལ་གྱི་ཕུག་པའི་བྱང༔ བོད་ཁམས་བཀྲ་ཤིས་འབྱུང་བའི་གནས༔ རིན་ཆེན་ཆུ་མིག་དཀར་མོའི་མགོ༔ རྨུ་སྟག་མི་ཟན་བཏུལ་པའི་འགྲམ༔ སེང་གེ་དྲེགས་པས་འགྱིངས་པའི་སྤོ༔ བསམ་འགྲུབ་བྲག་གི་ཀེའུ་ཚང་ནི༔ རྣམ་ཐར་སྒོ་གསུམ་གཞལ་མེད་ཁང༔ ཞི་ཁྲོའི་ལྷ་ཚོགས་ཕྱག་རྒྱ་དང༔ རྒྱ་བོད་ཡི་གེ་དབྱངས་གསལ་ཕྲེང༔ དྷཱ་ཀི་གསང་བའི་རི་མོ་སོགས༔ རྣམ་པ་དུ་མས་མཚན་པ་དེར༔ ཨོ་རྒྱན་བདག་གིས་ཟླ་བ་གཅིག༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་བསྒོམས༔ བར་ཆད་འབྱུང་པོ་ཚར་བཅད་ནས༔ བོད་ཡུལ་བཀྲ་ཤིས་འབྱུང་བར་བྱས༔ དེ་ལྟ་བུ་ཡི་གནས་ཀྱི་མཆོག༔ ཐོས་པས་ལས་ཀྱི་སྡིག་པ་འདག༔ མཐོང་བས་ཉོན་མོངས་སྒྲིབ་པ་ཞི༔ ཕྱག་བསྐོར་མཆོད་པ་བྱས་པ་ཡིས༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ རྩེ་གཅིག་བསྒོམ་དང་བསྒྲུབ་པ་ཡིས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ༔ འབྲེལ་ཚད་དོན་དང་ལྡན་པ་སྟེ༔ ཡོན་ཏན་བསྔགས་པ་བརྗོད་མི་ལངས༔ ཞེས་བསྔགས་པར་མཛད་ཅིང་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་གནས་མཆོག་སྟག་ཚང་དེ་ཉིད་དུ། བོད་འབངས་ཡོངས་ཀྱི་མ་གཅིག་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་དང་། ཉིད་དང་དགོངས་མཉམ་རྣམ་སྣང་ལོ་ཙཱ་བ་ཟུང་ལ་སྒྲུབ་ཐབས་འདི་ཉིད་ཀྱི་གདམས་སྐོར་ཁྱད་པར་ཅན་རྣམས་བསྩལ་ཅིང་མ་འོངས་ཉི་ཤུ་ཁ་རལ་གྱི་དུས་སུ་ནག་ཕྱོགས་བདུད་སྡེའི་གཉེན་པོར་དགོངས་ཏེ། ལོ་ཙཱ་ཆེན་པོར་གཉེར་དུ་གཏད།གསང་འཛིན་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མས་ཟབ་མོའི་གཏེར་དུ་རྒྱས་བཏབས་པ་ཉིད། སླར་འགྲོ་དོན་དུས་སུ་སོན་པ་ན། པདྨ་གླིང་པའི་ལུང་བྱང་ལས། ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་བབས་པའི་འགྲམ་དུ་འབྱུང༔ ཞེས་དང་། གུ་རུའི་ཞལ་གདམས་ཡིད་བཞིན་ནོར་བུ་ལས༔ བཻ་རོའི་སྤྲུལ་པ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབ་འབྱུང༔ ཞེས་དང་། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆོས་སྡེ་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡང་གཏེར་དུ་བྱོན་པ་ལས། ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ ཅེས་སོགས་རྡོ་རྗེའི་གསུང་གིས་བསྔགས་པའི་དྲིལ་ཆེན་ལན་གཅིག་མ་ཡིན་པར་བསྒྲགས་པ་ཉིད་དོན་དང་མཐུན་པར་ཨོ་རྒྱན་བླ་མ་དངོས་བྱོན་རྫོགས་པའི་སངས་རྒྱས་འཇམ་མགོན་ཆོས་ཀྱི་རྒྱལ་པོས་རོང་མེ་དཀར་མོ་སྟག་ཚང་ནས་གསང་གཏེར་དུ་སྤྱན་འདྲེན་པར་མཛད་པའི་ཆོས་སྡེ་ལས། གསང་བའི་མཐར་ཐུག་ཧཱུྃ་གི་སྒྲུབ་པ་ཟབ་གཉན་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་སྟེ། འདི་ཉིད་ཀྱི་གཏེར་གཞུང་རྡོ་རྗེའི་གསུངས་ལས། རྣལ་འབྱོར་སྒྲུབ་པོའི་སྲོག་གི་གོ༔ བར་ཆད་ལོག་འདྲེན་སྐྱོབ་པའི་རྫོང༔ སྙིགས་དུས་དམ་འགོང་གདུག་པ་ཅན༔ འདུལ་བའི་གཉེན་པོ་བླ་མེད་པ༔ དྲག་པོ་འཆོལ་བའི་གསང་སྒྲུབ་བསྟན༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་དུ༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་དང་། བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱིས༔ རང་གི་སྒྲུབ་ཐབས་གྲངས་མེད་བརྩམས༔ ཀུན་གྱི་ཡང་ཟབ་སྙིང་ཁྲག་ཐིག༔ བརྩེ་བས་བཻ་རོ་ཉིད་ལ་གདམས༔ གསང་འཛིན་མཁའ་འགྲོས་གཏེར་དུ་སྦོས༔ མ་འོངས་དྲག་སྤྱོད་རྩུབ་འགྱུར་དུས༔ ལྷ་མིན་ཀླ་ཀློ་འཇུག་པའི་ལྟས༔ ནགས་ཕྱོགས་བདུད་རིགས་ཤུགས་བརྡོལ་ཚེ༔ འཕྲད་ཆོག་གཉན་པོ་བླ་ན་མེད༔ རྡོ་རྗེ་ཕ་ལམ་གོ་དང་མཚུངས༔ ལོ་ཙཱ་ཆེན་པོའི་སྨོན་ལམ་མཐུས༔ སྤྲུལ་པ་ཞིག་གིས་སྣང་བར་བྱེད༔ རང་གཞན་མང་པོའི་དོན་དུ་འགྱུར༔ ཞེས་ཆེ་ཐང་དུ་བསྔགས་པར་མཛད་པ་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་སོགས་བརྡའ་སྦྱར་ནས་མཎྜལ་འབུལ་དུ་བཅུག །གསོལ་བ་འདེབས་པ་ནི། བླ་མ་རྩ་གསུམ་ཡོངས་འདུས་རྡོ་རྗེ་གྲོ་ལོད་དང་རྣམ་དབྱེར་མེད་པ་ལ་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ བླ་མ་རྡོ་རྗེ་གྲོ་ལོད་དགོངས༔ གསང་ཆེན་འབར་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ། སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། དབང་གི་སྣོད་རུང་དུ་བསྒྲུབ་པའི་སླད། མདུན་གྱི་ནམ་མཁར་འཇའ་ཟེར་ཐིག་ལེ་འཁྲིགས་པའི་ཀློང་དུ་སྐྱབས་ཀུན་འདུས་ཞལ་གུ་རུ་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་གྱི་འཁོར་ལོ་མངོན་གསུམ་དུ་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ ཕྱོགས་དུས་རྒྱལ་བ་འདུས་པའི་སྐུ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ལ༔ གུས་པས་སྐྱབས་མཆི་གསོལ་བ་འདེབས༔ བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ༔ ཞེས་ལན་གསུམ། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི། མར་གྱུར་འགྲོ་བ་རྣམས་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་གཟུང་འཛིན་གྱི་བདུད་སྡེ་ཚར་གཅོད་པའི་ཕྱིར། འཆོལ་བའི་ཁྲོ་རྒྱལ་ཆེན་པོ་བསྒྲུབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། གཟུང་འཛིན་བདུད་བགེགས་ཚར་གཅོད་ཕྱིར༔ ཁྲག་འཐུང་ཁྲོ་རྒྱལ་མཆོག་བསྒྲུབས་ནས༔ འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་ན༔ ལམ་མཆོག་བགྲོད་པར་བྱིན་གྱིས་རློབས༔ ཞེས་ལན་གསུམ། རྒྱུད་སྦྱོང་བའི་ཕྱིར་ཚོགས་གསག་པ་ནི། ཚོགས་གསག་པའི་སླད་དུ་དོན་དམ་མཉམ་པ་ཉིད་གཉིས་རྟོག་གི་མ་བསླད་པའི་ཡེ་ཤར་ཡེ་གྲོལ་ཆེན་པོའི་དགོངས་རྩལ་གྱི་ངང་སྐྱོང་ཞིང་། ཀུན་རྫོབ་སྒྱུ་མ་ཙམ་དུ་ཚོགས་གསོག་པའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པའི་ཧེ་རུ་ཀ༔ འཁོར་འདས་དབྱེར་མེད་འཆོལ་བ་ཆེ༔ མ་འཁྲུལ་གདོད་མའི་དབྱིངས་ནས་གཤེགས༔ ལྷ་སྐུ་ཐིག་ལེའི་ཕྱག་རྒྱར་བཞེངས༔ ཆོས་ཉིད་རང་སྒྲ་ཧཱུྃ་དབྱངས་སྒྲོགས༔ དབྱིངས་རིགས་འདུ་འབྲལ་མེད་པར་བཞུགས༔ ཡིད་དཔྱོད་བྲལ་བར་མངོན་སུམ་འདུད༔ འདོད་ཡོན་མ་སྤངས་ཆོས་ཉིད་རྒྱན༔ འོད་ལྔར་ལྷུན་གྱིས་གྲུབ་པས་མཆོད༔ དབྱིབས་དང་རྒྱན་བཀོད་ཚད་བཟུང་མེད༔ གཏིང་གསལ་ལྷུན་རྫོགས་ཆེན་པོར་བསྟོད༔ འཁྲུལ་རྟོག་མ་བྱུང་མ་སྐྱེས་པས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བར་བཤགས༔ རིག་རྩལ་ཐོག་འབེབ་ཐུགས་དམ་སྐུལ༔ འཁོར་བའི་འཁྲུལ་འཁོར་གཏིང་ནས་ཟློག༔ གཞི་སྣང་འཁྲུལ་པ་རྩད་ནས་ཆོད༔ ཡེ་ཤེས་རང་ས་ཟིན་པར་མཛོད༔ ཞེས་ལན་གསུམ། དམ་ལ་བཞག་པ་ནི། བླ་མེད་གསང་མཆོག་གཉེན་པོའི་དཀྱིལ་འཁོར་འདིར་འཇུག་པ་ན། འདའ་དཀའ་རྡོ་རྗེའི་དམ་ཚིག་རྣམས་སྲོག་བཞིན་སྲུང་དགོས་པས་དེ་དག་གི་རིམ་པ་ལས་མི་འདའ་བའི་ཆེད་དམ་ཚིག་རྡོ་རྗེའི་མནའ་ཆུ་བྱིན་པ་འདི་ཉིད་སྙིང་དབུས་ཡེ་ཤེས་སེམས་དཔར་གྱུར་ནས་ཁེ་ཉེན་གྱི་དཔང་པོར་བཞུགས་པར་མོས་ཤིག །ཧཱུྃ༔ འདའ་དཀའ་རྡོ་རྗེའི་སྲོག་གི་ཆུ༔ འདི་ཐུངས་དམ་ཚིག་གཉན་པོ་སྲུངས༔ སྲོག་ལ་བབས་ཀྱང་མི་འདའ་བར༔ རྩ་བ་ཡན་ལག་བརྟུལ་ཞུགས་ཟུངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ དུད་རྩི་ལྕེ་ལ་བླུད། རྡོ་རྗེ་མགོ་བོར་བཞག །ཇི་ལྟར་བསྒོས་པའི་གཡར་དམ་ཚུལ་བཞིན་བཟུང་བའི་བློས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དུ་གཞུག །ཡེ་ཤེས་ཀྱི་བྱིན་ཆེན་དབབ་པ་ནི། གསང་བ་གཉན་པོའི་དཀྱིལ་འཁོར་དུ་འཇུག་པ་ལ། སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་བསྒྲུབ་ནས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་དབབ་པའི་སླད་དུ། སྣང་སྲིད་བླ་མའི་དཀྱིལ་འཁོར་ཆེན་པོར་གདོད་ནས་ལྷུན་གྲུབ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བརྟན་པོས་འདི་ལྟར་གསལ་འདེབས་པར་ཞུ། ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་སྣང་ཆོས་རྣམས་སོགས་སྒྲུབ་ཐབས་ལྟར། འགྲན་ཟླ་བྲལ་བར་གྱུར༔ བར་བརྗོད། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བཟླས་པ་ཡིས། །ཐུགས་དམ་བསྐུལ་བས་ཕྱོགས་བཅུ་དང༔ པདྨ་འོད་ནས་རྩ་བ་གསུམ༔ ཐམས་ཅད་གྲོ་ལོད་སྐུ་དང་སྔགས༔ ཕྱག་མཚན་རྣམ་པར་ཆར་ལྟར་བབས༔ སྒོ་གསུམ་ལ་ཐིམ་སྒྲིབ་པ་སྦྱངས༔ དབང་བཞིས་རྒྱུད་སྨིན་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ཆེ་དངོས་གྲུབ་པར་གྱུར༔ ཞེས་དང་། ཧཱུྃ་ཧཱུྃ་ཧཱུྃ༔ བདག་གི་བླ་མ་བདུད་འདུལ་དྲག་པོ་རྩལ༔ ད་ལྟ་སོགས་ནས། མཆོག་ཐུན་དངོས་གྲུབ་འགྲུབ་པའི་བྱིན་ཕོབ་ཅིག༔ ཅེས་ཐོད་རྔ་འཁྲོལ་ཞིང་དབྱངས་དང་བཅས་བརྗོད་མཐར་ཧཱུྃ་དབྱངས་གསུམ་ལྔ་བདུན་སྦྲེལ་རྣམས་བཟླ་ཞིང་བྱིན་དབབ། ཕེབས་པའི་རྟགས་བྱུང་ན། ཡེ་ཤེས་དབབས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་ཀྱི་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག །དེས་འཇུག་པའི་རིམ་པ་རྣམས་གྲུབ་ནས་དབང་དངོས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། ཡོངས་རྫོགས་གཏོར་དབང་། ཁྱད་པར་གྱི་བྱིན་རླབས་རིམ་པར་འབྱུང་བ་ལས། དང་པོ་སྐུ་ཡི་དབང་བསྐུར་སྦྱིན་པའི་སླད་དུ། བདག་སློབ་དཔོན་གྱི་ཐུགས་ཀ་ནས་ཆོས་དབྱིངས་ཁྱབ་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པར་མོས་མཛོད། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཁྲོ་བོའི་རྒྱལ༔ བུམ་པའི་བདུད་རྩིར་འོད་དུ་འཁྱིལ༔ དབང་བསྐུར་རྟོག་སྒྲིབ་བག་ཆགས་སྦྱངས༔ ལྷ་དང་དབྱེར་མེད་སྨིན་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བུམ་ཆུ་སྦྱིན། སྐུ་ཙཀ་ཐོགས་ལ། སླར་ཡང་མདུན་བསྐྱེད་བླ་མ་ཆེ་མཆོག་དྲག་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་དཔག་ཏུ་མེད་པ་ཆར་ལྟར་བབས། ཁྱེད་རང་རྣམས་ལ་ཐིམ་པས་དངོས་འཛིན་གདོས་བཅས་ཀྱི་ཕུང་པོ་སྦྱངས་ནས་བླ་མ་དྲག་པོའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ལམ་གྱིས་གྱུར་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ སྟོབས་བཅུའི་རྩལ་འཆང་བདུད་ལས་རྒྱལ༔ འབར་བ་ཆེན་པོ་སྐུ་ཡི་དབང༔ སྐལ་ལྡན་ལུས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་དབང་བསྐུར། ཧཱུྃ་ཡིག་དང་བགྲང་ཕྲེང་ཐོགས་ལ། གཉིས་པ་གསུང་གི་དབང་བསྐུར་སྦྱིན་པའི་སླད་དུ། བདུད་འདུལ་གུ་རུ་དྲག་པོའི་གསུང་གི་བྱིན་རླབས་འདུས་པའི་རང་བཞིན་ཧཱུྃ་ཡིག་དམར་པོ་མེ་ལྕེ་འབར་བའི་ཚོགས་སྟོང་གསུམ་གང་བ་བྱོན། ཁྱེད་རང་གི་མགྲིན་པར་ཐིམ་པས་རླུང་སྔགས་ཡེ་ཤེས་སུ་དག །མི་ཤིགས་རྡོ་རྗེའི་ཆོས་དབྱངས་འཁོར་བའི་རྩ་བ་གཅོད་པའི་མཚོན་ཆ། ཧཱུྃ་གི་སྒྲ་གདངས་གྲགས་སྟོང་ཆུ་བོའི་རྒྱུན་བཞིན་སྒྲོག་པར་དབང་ཐོབ་པའི་མོས་པ་མཛོད། །ཧཱུྃ༔ རྡོ་རྗེའི་གསུང་མཆོག་དཔལ་དང་ལྡན༔ མཚོན་ཆ་ཆེན་པོ་སྡུག་བསྔལ་གཅོད༔ ཆོས་ཉིད་རང་སྒྲ་གསུང་གི་དབང༔ སྐལ་ལྡན་ངག་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག གུ་རུ་ཞི་བའི་སྐུ་ཐོགས་ལ། གསུམ་པ་ཐུགས་ཀྱི་དབང་བསྐུར་བའི་སླད་དུ། བླ་མ་རྡོ་རྗེ་གྲོ་ལོད་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་ཚོན་གང་བ་ཞིག་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་རྟོག་འཕོ་བཅས་ཀྱི་དྲི་མ་དག །འོད་གསལ་ཁྱབ་བརྡལ་བདེ་ཆེན་རྡོ་རྗེའི་ཐུགས་ཟབ་གསལ་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་མཛོད། ཧཱུྃ༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ འོད་ལྔའི་མདངས་ལྡན་སྙིང་ལ་ཐིམ༔ བདེ་ཆེན་འོད་གསལ་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཡེ་ཤེས་སེམས་པའི་སྐུ་སྙིང་གར་བཞག །དཔལ་ཆས་ཐོགས་ལ། བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། བདུད་འདུལ་ཁྲོ་རྒྱལ་ཆེན་པོའི་ཡོན་ཏན་གྱི་ཕུང་པོ་རྒྱན་གྱི་རྣམ་པར་ཤར་བ་དུར་ཁྲོད་ཀྱི་རྒྱན་དང་། ཐེག་དགུའི་དབང་རྟགས་ཀྱི་ཆས་རྣམས་བྱིན་པས་རྒྱལ་བའི་ཡོན་ཏན་ནམ་མཁའི་མཛོད་ལ་དབང་ཐོབ། དཔལ་ཆེན་པོའི་གར་གྱི་ཉམས་རྣམས་རྒྱུད་ལ་འཕོས་པས་གང་འདུལ་གྱི་རྣམ་འཕྲུལ་རྒྱ་མཚོས་འགྲོ་བའི་རེ་བ་སྐོང་ནུས་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ ཚོགས་བརྒྱད་རྣམ་དག་དུར་ཁྲོད་ཆས༔ ཐེག་དགུའི་རྩལ་རྫོགས་གར་གྱི་ཉམས༔ གང་འདུལ་དེར་སྟོན་ཡོན་ཏན་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཞེས་ཆས་གོས་རྣམས་ཀྱིས་བརྒྱན་ཚུལ་བྱ། ཕྱག་མཚན་ཐོགས་ལ། ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོའི་ཕྲིན་ལས་ཀྱི་རང་མདངས་ཕྱག་མཚན་རྣམས་ཕྱག་ཏུ་གཏད་པས། ཡེ་ཤེས་ཀྱི་རྡོ་རྗེས་ས་དགུའི་རྟོག་པ་བཅོམ། མཚོན་ཆེན་ཕུར་བུས་སྲིད་གསུམ་ཐལ་བར་བརླགས། ལྕགས་སྡིག་འབར་བས་བདུད་བགེགས་ཆེམ་ཆེམ་དུ་རོལ་ཏེ་དྲག་གཏུམ་འབར་བའི་སྟོབས་ཀྱིས་ཚར་བཅད། ཐུགས་རྗེའི་དཔྱང་ཐག་གིས་དྲངས་ནས་བླ་མེད་ཀྱི་གནས་སུ་སྒྲོལ་བའི་ཕྲིན་ལས་ཐོགས་མེད་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པར་མོས་མཛོད། ཧཱུྃ༔ ཡེ་ཤེས་རྡོ་རྗེ་རྩེ་དགུ་འབར༔ ཕུར་བུས་སྲིད་གསུམ་ཐལ་བར་འབྱིན༔ བགེགས་འདུལ་ལྕགས་སྡིག་ཕྲིན་ལས་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ཕྱག་མཚན་སོ་སོར་སྦྱིན། དཔལ་གཏོར་ཐོགས་ལ། དྲུག་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་དུར་ཁྲོད་གསང་བ་མཆོག་གི་གཞལ་ཡས་ཁང་དུ། གཏོར་མ་བདུད་འདུལ་ཁྲོ་བོའི་རྗེ་བཙན་རྡོ་རྗེ་གྲོ་བོ་ལོད་རྩ་གསུམ་རྒྱ་མཚོའི་འདུ་འཕྲོ་འགྱེད་པའི་དབང་བསྐུར་བས། གཟུང་འཛིན་གཉིས་སྣང་གི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཆེན་ཡོངས་རྫོགས་ཐོབ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་མཛོད། ཧཱུྃ༔ དུར་ཁྲོད་འབར་བའི་ཕོ་བྲང་དུ༔ དཔལ་ཆེན་ཁྲོ་བོའི་ཕྱག་རྒྱ་རྫོགས༔ ཡེ་ཤེས་གཟི་བརྗིད་འཁོར་འདས་ཁྱབ༔ སྤྲུལ་པའི་ཆོ་འཕྲུལ་གནམ་ས་གང༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་དབང༔ ལུས་ངག་ཡིད་ལ་བསྐུར་བ་ཡིས༔ སྡིག་སྒྲིབ་ནད་གདོན་ཀུན་ཞི་ཞིང༔ རྡོ་རྗེ་གསུམ་དང་དབྱེར་མེད་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་གཏོར་མ་གནས་བཞིར་བཞག །དཀྱིལ་འཁོར་དབུས་ཀྱི་མར་མེ་སྦར་བ་བཏེགས་ལ། བདུན་པ་མཆོག་ཏུ་གསང་བའི་བྱིན་རླབས་བགྱིད་པ་ལ་ཐུགས་འདུན་འདི་ལྟར་མཛད་པར་ཞུ། ཞུན་ཆེན་རབ་འབར་ཕུང་པོ་ཉིད༔ སྐད་ཅིག་གཏུམ་ཆེན་ཁྲོ་བོའི་རྒྱལ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ༔ རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཁྲིགས༔ དམ་ཅན་ཆོས་སྐྱོང་ཐོག་སེར་འབེབ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ནམ་མཁའ་གང་བའི་ཆོ་འཕྲུལ་བཅས༔ བསྒྲུབ་བྱའི་སྤྱི་བོའི་གཙུག་ཏུ་བྱོན༔ མེ་ལྔ་འབར་བ་གནས་ལྔར་ཞུགས༔ རྒྱུ་འབྲས་དུག་ལྔའི་བག་ཆགས་བསྲེགས༔ སྐུ་ལྔ་ཡེ་ཤེས་རྩལ་རྫོགས་བསམ༔ མར་མེ་གདེངས་ཤིང་བསྐོར་ལ་དགོངས་པའི་གདེངས་བསྐྱེད་ཅིང་དབྱངས་དང་བཅས་པས། ཧཱུྃ་ཧཱུྃ་ཧཱུྃ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ ཆོས་སྐུ་མཐའ་ཡས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་བསྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔ ལོངས་སྐུ་གར་དབང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ སྤྲུལ་སྐུ་ཐོད་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ རྡོ་རྗེ་གྲོ་ལོད་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་མེ་ལྕེ་འོད་རབ་གསལ༔ དམར་ནག་མེ་ཕྲེང་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ རྩ་གསུམ་ལྷ་ཚོགས་གནས་འདིར་བྱོན༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ལངྐ་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཕུང་འཁྱིལ་བ་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་བཞེངས༔ བདུད་འདུལ་འཁོར་ཚོགས་བཅས་ཏེ་གཤེགས༔ གདུང་བས་བསྐུལ་ལོ་ཐུགས་རྗེ་སྐྱེད༔ དད་པས་འབོད་དོ་མྱུར་དུ་བྱོན༔ བརྩེ་བས་དགོངས་ཤིག་དྲག་པོ་རྩལ༔ ཐུགས་དམ་མ་བསྙེལ་གྲོ་བོ་ལོད༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ རྟོག་སྒྲིབ་ཡེ་ཤེས་མེ་ཡིས་སྲེགས༔ ནད་གདོན་ཐུགས་རྗེའི་རླུང་གིས་གཏོར༔ བར་ཆད་འབྱུང་པོ་ཐལ་བར་རློགས༔ ཉོན་མོངས་དུག་ལྔ་དབྱིངས་སུ་སྟིམས༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ཕུང་ལྔའི་སྒྲིབ་བྲལ་ལྷ་རུ་སྨིན༔ སྐུ་ལྔ་ལྷུན་གྱིས་འགྲུབ་པར་མཛོད༔ ཅེས་བརྗོད་ཅིང་མར་མེ་སྤྱི་བོར་བཞག༔ ཧཱུྃ་སྒྲ་གསུམ་ལྔ་བདུན་སྦྲེལ་དབྱངས༔ འདེགས་འཇོག་ཕྲ་སྦོམ་རྔམ་གཏུམ་སྦྱར༔ མཐར་ལྷ་ཚོགས་འོད་དུ་ཞུ་བ་ཁྱེད་རང་རྣམས་ལ་ཐིམ་པའི་རྐྱེན་གྱིས་མ་ཧཱ་གུ་རུའི་དགོངས་པའི་ཡེ་ཤེས་རྒྱུད་ལ་འཕོས། སྣང་གྲགས་སུ་འཆར་བ་མ་དག་པའི་རྟོག་འཛིན་ལྷ་སྔགས་ཆོས་སྐུའི་རང་བཞིན་ཡེ་མཉམ་ཡེ་སྟོང་འོད་གསལ་ཆེན་པོར་ཤེས་པས་ལྷ་བདག་གཉིས་སུ་འཛིན་པ་ཟད། འཁོར་འདས་ཀྱི་སྣང་ཆ་འདི་དག་རིག་རྩལ་གྱི་རོལ་པ་སྐྱེ་འགག་དང་བྲལ་བའི་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་རྫོགས། ཡིད་སྤྱོད་ལས་འདས་པའི་ཀ་དག་གདོད་མའི་གཞི་དབྱིངས་བློ་འདས་འོད་གསལ་གྱི་སྦུབས་སུ་འུབ་ཆུབ། ལྷུན་གྲུབ་རང་སྣང་རིས་མེད་ཕྱོགས་བྲལ་ཐིག་ལེ་ཉག་གཅིག་གི་དབྱིངས་སུ་ལ་ཟློ་བའི་མཐར་ཐུག་དོན་གྱི་དབང་ཆེན། བསྐུར་ཐོབ་ལས་འདས་པ་ཐོབ་པའི་ངེས་ཤེས་བསྐྱེད་དེ་བརྗོད་ཚིག་དང་མཐུན་པར་དོན་གྱི་དགོངས་པ་གསལ་འདེབས་ཤིང་མཉམ་པར་འཇོག་འཚལ། ཞེས་བརྡའ་སྦྱར་ནས། སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཐམས་ཅད་ཀྱང༔ ཀུན་བཟང་དགོངས་པའི་ངང་དུ་གཅིག༔ ཡེ་སྟོང་འོད་གསལ་ཆེན་པོར་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཐམས་ཅད་རིག་པའི་རྩལ༔ རང་རིག་དུས་གསུམ་འགྱུར་བ་མེད༔ མ་བྱས་མ་བཅོས་བབས་ལས་བྱུང༔ སངས་རྒྱས་སྐུ་གསུམ་གཤིས་ལ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་གྲོལ་དབྱིངས་སུ་བསྐྱར་གཞི་མེད༔ ཅོག་གཞག་ཆེན་པོ་བློ་དང་བྲལ༔ གཏད་མེད་ངང་དུ་བྱར་མེད་པ༔ ཟང་ཐལ་རྗེན་པར་འུབ་ཆུབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་ཀུན་གཞི་སྤྲོས་ལས་འདས༔ མངོན་གསུམ་ལམ་བྱེད་ཐེག་པའི་རྩེ༔ འབྲས་བུ་གཞི་ལ་རྫོགས་པ་ཡི༔ ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དལ་ཞིང་སྐབས་ཕྱེད་པར་བཀླགས་མཐར་ཉམས་བསྐྱང་དུ་བཅུག །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཤིས་པར་བྱ་བའི་སླད་དུ་ནམ་མཁའ་གང་བའི་དབང་ལྷ་རྒྱལ་བ་རབ་འབྱམས་རྣམས་དང་། བདག་རྡོ་རྗེ་སློབ་དཔོན་མགྲིན་གཅིག་པས་ཤིས་པ་བརྗོད་པའི་རྡོ་རྗེའི་གླུ་དབྱངས་ལྡིར་ཞིང་། དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་གནས་པ་དེ་ཉིད་མི་འགྱུར་བར་བརྟན་ཅིང་གོང་དུ་འཕེལ་བར་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་མཛོད། མེ་ཏོག་འཐོར་ཞིང་རོལ་མོ་དང་བཅས་པས། རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་མཛད། །གུ་རུ་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག །མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས། །སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ། །གསང་སྔགས་ཕྱི་ནང་ཐུགས་ཀྱི་ཀློང་ན་གསལ། །གུ་རུ་རྡོ་རྗེ་གྲོ་ལོད་བཀྲ་ཤིས་ཤོག །བོད་ཡུལ་དབུས་བྱོན་སྟག་ཚང་སེང་ཕུག་བཞུགས། །སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོན། །མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་དུ་ཁྲིད། །གུ་རུ་བདེ་བའི་དངོས་གྲུབ་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་ཤིས་པའི་ཚིག་ཕྲེང་རྒྱ་ཆེར་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་དགེ་ལེགས་སུ་བྱའོ། །དེ་རྣམས་ཀྱི་སྒོ་ནས་སྙིགས་དུས་ཀྱི་ཆོས་མཛད་རྣམས་བར་ཆད་གདུག་པའི་གཡུལ་ལས་རྒྱལ་ཞིང་། མཆོག་ཐུན་དངོས་གྲུབ་ལོ་ཟླ་ལས་མི་འགྱངས་པར་སྩོལ་བ་ཟབ་མོའི་སྒྲུབ་ཐབས་འདིའི་དབང་བསྐུར་ཐོབ་པའི་ཕན་ཡོན་ཡང་། གཞུང་ལས། སྨིན་བྱེད་ཀུན་གྱི་ཡང་ཟབ་གནད༔ འབྲེལ་ཚད་རྐྱེན་ངན་བར་ཆད་ཞི༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ མཐར་ཐུག་གུ་རུས་རྗེས་འཛིན་འགྱུར༔ ཞེས་བསྔགས་པར་མཛད་པ་ཡིན་ལ། དེ་ལྟ་བུའི་དབང་བསྐུར་ཐོབ་པ་ཉིད་མི་ཉམས་པར་འཛིན་པ་དམ་ཚིག་ལ་རག་ལས་པ་ཡིན་པས། རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་རྣམས་ལས་མི་འདའ་བར་ཚུལ་བཞིན་བསྲུང་བའི་གཡར་དམ་བཞེས་པའི་འདུན་པ་དང་བཅས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་སླར་ཡང་བྱིན་རླབས་ཁ་གསོ་བའི་ཕྱིར་ཧཱུྃ་སྒྲུབ་ཉིད་དབུ་ནས་ལན་གཅིག་སྐྱར། རྗེས་རིམ་ནི། སྣང་བ་ལྷ་ལ་གྲགས་པ་སྔགས༔ སོགས་བརྗོད་པས་དོན་གྱི་དགོངས་པར་ལ་བཟླ། ཧོ༔ བསྐྱེད་པའི་ལུས་སྣང་སོགས་ཀྱི་ལམ་ཁྱེར་དང་། ཧོ༔ རྩ་བརྒྱུད་བླ་མས་སོགས་བཀྲ་ཤིས་བརྗོད་ཅིང་དགེ་ལེགས་རྒྱ་ཆེར་སྤེལ་བས་འགྲུབ། དམིགས་བསལ་ཚོགས་མཆོད་སྤྲོ་ན་མཆོད་གཏོར་སྤྱི་ཁྱབ་བཞིན་བཤམས། བགེགས་གཏོར་བསྔོ་བ། བྱིན་འབེབ་དང་། མཆོད་པ་བྱིན་རླབས་སོགས་འདོད་ན་སྐྱབས་སེམས་གྲུབ་པའི་མཚམས་དེར་གཏང་། དངོས་གཞི་བཟླས་པ་དང་། དོན་གྱི་དགོངས་པ་གསལ་འདེབས་བྱས་མཐར། ཚོགས་མཆོད་བྱིན་རླབས་ནས། རྟ་བྲོའི་བར་བཏང། ཚོགས་མགྲོན་རྣམས་ལ་མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས། བརྟན་བཞུགས། གཤེགས་གསོལ་རྣམས་སྐབས་སྦྱར་མཐར་འདི་ཉིད་ཀྱི་རྗེས་རིམ་ལ་འཇུག །མཐར་དགེ་བསྔོ་བཀྲ་ཤིས་བཅས་བྱ་ཞིང་། ཚོགས་མཆོད་ཀྱི་འདོན་ཆའང་ཚིག་བདུན་བླ་སྒྲུབ་དང་། གསང་ཐིག་བླ་སྒྲུབ་གང་རུང་ནས་བླང་བ་ཉིད་འབྲེལ་ཆགས་པ་ཡིན་ལ། ཆོ་གའི་ལས་རིམ་གཞན་འདིར་རྫོགས་ཆེན་ཨ་ཏིའི་དགོངས་པ་ཉིད་གཙོ་ཆེར་མཛད་པའི་དབང་གིས་མ་ཧཱ་སྤྱི་དང་བསྟུན་དགོས་པ་མ་ཡིན་ནོ། ཁྲོ་རྒྱལ་མཐུ་སྟོབས་དུས་མཐའི་ཞུགས་ལྕེ་ཡིས། །བར་ཆད་བདུད་སྡེའི་ཚང་ཚིང་ཐལ་བར་བྱས། །གྲུབ་པ་གཉིས་ཀྱི་སྣང་བ་འོད་པོ་ཆེ། །སྐལ་ལྡན་སྙིང་ལ་མཆོག་དགའ་སྦྱིན་གྱུར་ཅིག །བདག་ནི་སྐྱེ་ཀུན་ཨོ་རྒྱན་རྡོ་རྗེ་འཆང་། །པདྨ་གར་དབང་གཙུག་ན་རབ་བསྟེན་ནས། །མཉེས་པ་གསུམ་གྱི་ཞབས་ཏོག་ཕུལ་དུ་ཕྱིན། །སྐུ་གསུང་ཐུགས་ཀྱི་གསང་མཛོད་འཛིན་བྱེད་ཤོག །ཅེས་པའང་ཉེར་མཁོའི་ཞབས་ཏོག་ཏུ་དམིགས་པ་དང་། རྡོ་རྗེའི་མཆེད་པོ་ཁྱུང་སྤྲུལ་པདྨ་དབང་ཆེན་གྱི་གསུང་བསྐུལ་བཞིན། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ་པ་དུས་ཞབས་ཀྱི་སྔགས་བན་མཁའ་ཁྱབ་རྡོ་རྗེའམ། མིང་གཞན་རང་བྱུང་ལྷན་སྐྱེས་རྡོ་རྗེར་འབོད་པས་ཆུ་བྱི་སྤྲེལ་ཟླའི་ཤར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་སྦྱར་བ་ཤུ་བྷཾ། སརྦ་མངྒ་ལཾ། །བཀྲིས།། །།

RTZ-Tsagli-Dzongsar-PHA-04-'jam mgon gro lod-01.jpeg
RTZ-Tsagli-Dzongsar-PHA-04-'jam mgon gro lod-02.JPG
RTZ-Tsagli-Dzongsar-PHA-04-'jam mgon gro lod-03.JPG
RTZ-Tsagli-Dzongsar-PHA-04-'jam mgon gro lod-04.JPG
RTZ-Tsagli-Dzongsar-PHA-04-'jam mgon gro lod-05.JPG
RTZ-Tsagli-Dzongsar-PHA-04-'jam mgon gro lod-06.jpeg
RTZ-Tsagli-Dzongsar-PHA-04-'jam mgon gro lod-07.JPG
RTZ-Mandala-Dzongsar-02-163-'jam mgon gro lod.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).