Terdzo-OM-010








Terdzo-OM-010.pdf
Click the picture above to view the Shechen manuscript.

དྲག་དམར་བཀའ་མ་འོ་བྲན་ལུགས་སྒྲུབ་ཐབས་དང་དབང་ཆོག་

drag dmar bka' ma 'o bran lugs sgrub thabs dang dbang chog

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  སྔ་འགྱུར་བཀའ་མ (Snga 'gyur bka' ma)
parent cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 115-127 / Folios 1a1 to 7a3

[edit]

ཨཱོྃ་སྭསྟི། ཆོས་ཉིད་ཞི་ལས་གཡོ་མེད་ཀྱང་། །གདུག་གཏུམ་དྲེགས་པའི་གཉེན་པོ་རུ། །ཆེར་ཁྲོས་དབང་དྲག་ལྷག་པའི་ལྷར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་དྲག་དམར་འོ་བྲན་ལུགས་སུ་གྲགས་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་སྤྱི་མཐུན་གྱི་ལྟེ་བར་ཆོས་འབྱུང་ཟླ་གམ་གསུམ་ལྡན་རྩིབས་བརྒྱད་ཐོད་རས་བསྐོར་བ་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་བཀྲམ། དེའི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་བདུད་རྩིས་གང་བ། མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་དང་སྔགས་བྲིས་པས་བཀབ། སྟེང་ནས་དར་དམར་པོའི་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ། ལྷོར་ཐོད་པ་བདུད་རྩི་ཅན། ནུབ་ཏུ་དྲིལ་བུ། བྱང་དུ་སེང་ཕུར། དབུས་སམ་ཤར་དུ་རྡོ་རྗེ་དང་ལྕགས་སྡིག་གི་གཟུགས་རྣམས་བཞག །མདུན་དུ་སྨན་རཀ་གཏོར་གསུམ་དང་། མཐའ་མཆོད་པས་བསྐོར། གཞན་ཡང་ལས་བུམ། མིག་དར་མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལ། སྔོན་འགྲོ་ནི་བགེགས་བསྐྲད་ལ་མཚམས་བཅད། ཧོཿ སྐུ་གསུམ་ལྷ་ཚོགས་ནམ་མཁའ་ཁྱབ་པ་ལ། །ཕྱག་འཚལ་གུས་མཆོད་སྡིག་བཤགས་ཡི་རང་འབུལ། །ཀ་དག་ཆོས་དབྱིངས་ཀློང་དུ་སྐྱབས་སུ་མཆི། །འགྲོ་ཀུན་སྒྲོལ་ཕྱིར་རྡོ་རྗེའི་སེམས་བསྐྱེད་དོ། །ཞེས་ལན་གསུམ། དངོས་གཞི་ནི། ཧཱུྃ། རྡོ་རྗེའི་ས་གཞི་ར་གུར་བླ་རེ་འཁྲིགས། །ཡེ་ཤེས་མེ་རི་ཁ་དོག་རྣམ་ལྔ་འབར། །ཕྱི་རོལ་གསེར་འཁོར་མེ་འཁོར་རྩིབས་སྟོང་འབར། །རྩིབས་སྟེང་སྤྲུལ་པའི་ཕོ་ཉ་ལྕགས་སྡིག་འགྱེད། །དབུས་སུ་འབྱུང་བཞི་རི་རབ་པདྨའི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་དྲག་པོའི་རྒྱན་གྱིས་སྤྲས། །རྩིབས་བརྒྱད་འཁོར་ལོའི་ལྟེ་བར་ཆོས་འབྱུང་དབུས། །རྡོ་རྗེ་ཧཱུྃ་ཡིག་འབར་བའི་འཕྲོ་འདུ་ལས། ཁྲོ་རྒྱལ་པདྨ་དྲག་པོ་ཧེ་རུ་ཀཿ མེ་ཕུང་ལྟར་དམར་ཁྲོས་འཁྲུགས་རྔམ་པའི་གཟུགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར། །ཕྱག་གཡོན་ཐུགས་སྤྲུལ་ལྕགས་སྡིག་ནག་པོ་ནི། །མིག་དགུ་བགྲད་ཅིང་ཁ་དགུས་དགྲ་བགེགས་ཟ། །བཅོ་བརྒྱད་རྭ་ཡིས་གདོན་བགེགས་སྙིང་ནས་འཛིན། །ཡང་སྤྲུལ་ཉིང་སྤྲུལ་སྟོང་གསུམ་འགེངས་པ་འཛིན། །ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་འཕྱང་། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ཟླུམ་བགྲད། །དབུ་སྐྲ་སྨ་ར་སྨིན་མ་མེ་བཞིན་འབར། །དཔལ་གྱི་ཆས་བརྒྱད་གར་གྱི་ཉམས་དགུར་ལྡན། །པང་ན་ཡུམ་ཆེན་རྡོ་རྗེ་མཁའ་འགྲོ་སྔོ། །གྲི་ཐོད་འཛིན་པས་འཁྱུད་ཅིང་གཉིས་མེད་སྦྱོར། །ཐུགས་ཀར་ཕྱག་ན་རྡོ་རྗེ་མཐོན་མཐིང་མདོག །ཕྱག་གཡས་རྡོ་རྗེ་གཡོན་པ་སྡིགས་མཛུབ་མཛད། །གསེར་གྱི་མཆོད་རྟེན་བུམ་པར་སྐུ་བརྟེན་བཞུགས། །གཙོ་བོའི་སྤྱི་བོར་པདྨ་སཾ་བྷ་ཝ། །མཐིང་ག་རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས། །འཛུམ་ཞལ་མཛེས་ལྡན་ཟ་འོག་བེར་ཆེན་གསོལ། །ཤེ་འུའི་སྙན་ཞུ་རྒོད་ལྡེམ་རྩེ་སྒྲོས་བརྒྱན། །སྤྱི་བོའི་གཙུག་ན་སྤྲུལ་པའི་མཁའ་ལྡིང་ནི། །སྤུ་གྲིའི་མེ་གཤོག་འབར་བ་གཡོབ་ཅིང་རྡེབ། །ཕྱོགས་བཞིའི་རྩིབས་ལ་རིགས་བཞིའི་མཁའ་འགྲོ་ནི། །དཀར་སེར་དམར་ལྗང་གྲི་ཐོད་ཁ་ཊྭཱཾ་འཛིན། །གར་སྟབས་ཀྱིས་འགྱིང་བདེ་བའི་རོ་ཡིས་གང་། །མཚམས་བཞིར་བཅུད་ལྡན་རིན་ཆེན་བུམ་པས་བརྒྱན། །ཤར་སྒོར་གསང་བདག་ཕྱག་རྡོར་སྔོན་པོ་ནི། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་དྲག་པོར་སྒྲེང་། །ལྷོ་སྒོར་འཇམ་དཔལ་གཤིན་རྗེ་སྐུ་མདོག་སེར། །གཡས་པ་རལ་གྲི་གཡོན་པ་སྡིགས་མཛུབ་ཅན། །ནུབ་སྒོར་རྟ་མགྲིན་དམར་པོ་རྟ་སྐད་འཚེར། །དབྱུག་ཐོ་ཕྱར་ཞིང་སྡིགས་མཛུབ་མེ་ཆེན་འབར། །བྱང་སྒོར་ཡཀྴ་མེ་དབལ་མཐིང་ནག་བརྗིད། །ཐོ་ཆེན་ཕྱར་ཞིང་ལྕགས་ཀྱུ་མེ་འབར་གདེངས། །ཀུན་ཀྱང་རྔམས་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་བསྐལ་པའི་མེ་དཔུང་སྐུ་ལས་འབར། །ལྷ་ཚོགས་ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ། །རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། །ཅེས་པས་གསལ་བཏབ་ལ། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ། རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །ཟངས་མདོག་དཔལ་གྱི་རི་བོ་ནས། །པདྨ་དྲག་པོ་འཁོར་བཅས་རྣམས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཞེས་དང་ཚིག་བདུན་གསོལ་འདེབས་ཀྱང་བརྗོད་པའི་མཐར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ་ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིང་མཉེས་བྱས་ཏེ་དམ་ཡེ་དབྱེར་མེད་དུ་བསམ་མོ། །ཧོཿ རྒྱལ་བ་རིགས་ལྔའི་ལྷ་ཚོགས་ཀྱིས། །ཕྱི་ནང་གསང་བའི་དབང་བསྐུར་པས། །ཡོན་ཏན་ཀུན་རྫོགས་འོད་དཔག་མེད། །འཁོར་ལོའི་གཙོ་བོས་རྒྱས་བཏབ་བོ། །ཞེས་པས་དབང་བསྐུར། ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ། ཧོཿ མེ་ཏོག་ལ་སོགས་ཕྱི་མཆོད་རྫས། །འདོད་ཡོན་ལྔ་པོ་ནང་གི་རྫས། །གཉིས་མེད་འཁྲིལ་སྦྱོར་གསང་བའི་རྫས། །བདུད་རྩི་ལྔ་པོ་དམ་ཚིག་རྫས། །ཤ་ལྔ་ལ་སོགས་གཏོར་མའི་རྫས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །འདོད་ཆགས་དག་པ་རཀྟའི་མཚོ། །སྤྲོས་བྲལ་ཀ་དག་དོན་དམ་སྟེ། །མཆོད་སྤྲིན་རབ་འབྱམས་གཅིག་བསྡུས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད། །ཨརྒྷཾ་ནས། ཤབྡའི་བར་དང་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི་ཞེས་པས་མཆོད། རྒྱལ་བ་ཀུན་གྱི་དྲག་པོའི་སྐུ། །ནུས་པ་ཐོགས་མེད་ལོག་འདྲེན་འཇོམས། །ཐུགས་རྗེ་རྨད་བྱུང་དཀྱིལ་འཁོར་གཙོ། །པདྨ་ཐོད་ཕྲེང་དྲག་པོར་འདུད། །ཅེས་པ་ཙམ་མམ་སྤྲོ་ན་བསྟོད་པ་གཞན་ཡང་བྱ། ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་སྟོང་གསུམ་གང་། །བགེགས་བཅོམ་རྒྱལ་བའི་བྱིན་རླབས་བསྡུས། །རིགས་འདུས་རྒྱལ་བའི་བདག་ཉིད་ངའོ། །ཨཱོྃ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ། སྙིང་པོ་འོ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བཛྲ་ག་རུ་ཌཿཧཱུྃ་ཕཊ། རཱ་ཛ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ། གཙོ་བོའི་འོ། །ཨཱོྃ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ། དེ་བཞིན་དུ། བུདྡྷ། རཏྣ། པདྨ། ཀརྨ། མཁའ་འགྲོ་ལྔའི་འོ། །ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ། ཨཱོྃ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨཱོྃ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཨཱོྃ་བཛྲ་ཡཀྴ་ཧཱུྃ་ཕཊ། འཁོར་སྔགས་སོ། །གཙོ་བོའི་ཐུགས་ཀའི་ཕྱག་རྡོར་གྱི། །ཐུགས་སྲོག་ཧཱུྃ་ཡིག་རབ་ཏུ་འབར། །ཧཱུྃ་གི་འབྲུག་སྒྲ་ཆེར་སྒྲོག་པའི། །ཧཱུྃ་གི་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ཧཱུྃ་ཧཱུྃ་ཞེས་པ་ཧཱུྃ་སྒྲུབ་སྟེ་རིམ་པ་བཞིན་ཅི་ནུས་བཟླས་པའི་མཐར་མཆོད་ཅིང་བསྟོད་ནས་སྤྱི་ལྟར་འདོད་དོན་གསོལ་བ་གདབ་བོ། །ཚོགས་མཆོད་དང་མགྲོན་གཞན་གྱི་གཏོར་མ་བསྔོ་བ་སོགས་བྱེད་ན་སྐབས་འདིར་བྱ་ཞིང་། མཐར་ཧཱུྃ་ཧཱུྃ་ཞེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་འོད་གསལ་དུ་བསྡུ། ཕཊ་ཕཊ་དེ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ནས་སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། དཀྱིལ་འཁོར་སྒྲུབ་མཆོད་བདག་མདུན་དབྱེར་མེད་ཉིད་ལས། ཁྱད་པར་བུམ་པ་ལ་དམིགས་ནས་བཟླས་པ་ཅི་རིགས་པ་དང་ཏིང་ངེ་འཛིན་གྱིས་དབང་ལེན་པ་རྣམས་བྱའོ། །སློབ་མའི་བྱ་བ་ཁྲུས་བྱ། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ནས། སྔོན་འགྲོའི་ཆོས་བཤད་ཅི་རིགས་པ་ལས། ཁྱད་པར་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་ཕྱིར་བླ་མ་དྲག་པོའི་སྒྲུབ་ཐབས་དང་ལས་རབ་འབྱམས་ཟབ་འདྲིལ་ཁྱད་པར་ཅན་མང་དུ་གསུངས་པ་ལས། མཆོག་ཏུ་གྱུར་པའི་སྒྲུབ་ཐབས་འདི་ཉིད་ཨོ་རྒྱན་ཆེན་པོས་འོ་བྲན་དཔལ་གྱི་འབྱུང་གནས་ལ་གནང་། དེ་སྲས་དཔལ་གྱི་དབང་ཕྱུག་སོགས་བདུན་བརྒྱུད་ཟམ་མ་ཆད་པར་བརྒྱུད་པ་ལས་བྱུང་བའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཞེས་མཚམས་སྦྱར། མཎྜལ་ཕུལ། མིག་དར་བཅིངས། མེ་ཏོག་གཏད། གསོལ་བ་གདབ་པ་ནི། དུས་གསུམ་སངས་རྒྱས་འདུས་པའི་སྐུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །བདག་ནི་འཁོར་བའི་དུཿཁ་ལས། །བསྒྲལ་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ། བླ་མས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲི། སློབ་མས། བདག་ནི་སྐལ་བཟང་སྣོད་ལྡན་རིགས། །ལུས་ངག་ཡིད་གསུམ་བྲན་དུ་འབུལ། །གསང་སྔགས་བླ་མེད་དཀྱིལ་འཁོར་དུ། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ཞེས་གསོལ། སླར་ཡང་བླ་མས། གསང་སྔགས་བླ་མེད་དཀྱིལ་འཁོར་འདིར། །འཇུག་པ་རབ་ཏུ་དཀའ་བ་ཡིན། ཁེ་དང་དམ་འདོར་དམ་ཉམས་དང་། །ཕ་མས་མ་གནང་མ་ཡིན་ནམ། །ཞེས་དྲི། ལན་དུ། ཁེ་དང་གྲགས་འདོད་དམ་ཉམས་མིན། །རྒྱལ་པོ་ལ་སོགས་མ་གནང་མིན། །འཁོར་བ་དུཿཁའི་རྒྱ་མཚོ་ལས། །བླ་མ་དམ་པས་བསྒྲལ་དུ་གསོལ། །ཞེས་གསོལ། སྐབས་འདིར་སྐྱབས་སེམས་ཡན་ལག་བདུན་པ་གང་འོས་ཤིག་བྱ། དེ་ནས་བླ་མས་ལྷ་ལ་གསོལ་བ་གདབ་པ་ནི། ཧོཿ མི་གནས་ཡེ་ཤེས་འགྲོ་བའི་མགོན། །པདྨ་ཐོད་ཕྲེང་དགོངས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །སློབ་མ་རྣམས་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་ཡོལ་བ་བསལ་ཏེ་རྡོ་རྗེས་ཁྲིད་ནས་ནང་དུ་བཅུག །འདི་ནི་དམ་ཚིག་ཆུ་ཡིན་ཏེ། །དེ་རིང་ཁྱོད་ཀྱི་སྙིང་ལ་བསྟིམ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །བཀའ་ལས་མ་འདའ་དམ་ཚིག་སྲུངས། །ས་མ་ཡ་ཨི་དཾ་ན་ར་ཀན། ཞེས་དམ་ཆུ་བླུད། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །གསང་ཆེན་རྡོ་རྗེ་འདི་ཡིན་པས། །ང་ལ་བརྙས་པར་མ་བྱེད་ཅིག །བརྙས་ན་རྡོ་རྗེའི་དམྱལ་བར་ལྟུང་། །ཞེས་རྡོ་རྗེ་སྤྱི་བོར་བཞག་སྟེ་དམ་ལ་བཞག །དཀྱིལ་འཁོར་གྱི་ཤར་སྒོ་ནས། བླ་མ་ཡི་དམ་དབྱེར་མེད་དགོངས། །བྱང་ཆུབ་སྙིང་པོར་འདྲེན་བགྱིད་ཅིང་། །འཁོར་བའི་སྡུག་བསྔལ་ཟློག་པའི་ཐབས། །ལམ་མཆོག་བདག་ལ་བསྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། ཡེ་ཤེས་དབབ་པ་ནི། སློབ་མ་སྐད་ཅིག་གིས་དབང་དྲག་འབར་བའི་སྐུར་བསྐྱེད། སྙིང་གར་གཡུང་དྲུང་དམར་པོ་གཡོན་སྐོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་གསལ་བཏབ། གཡུང་དྲུང་གཡོན་དུ་འཁོར་བས་མཁའ་འགྲོ་རྣམས་བདེ་བའི་གར་བྱེད་པ་ལ་སེམས་གཟུང་། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་བསམ་ལ། རྩ་སྔགས་ལ་ཨཱ་བེ་ཤ་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། ཡེ་ཤེས་ཕེབས་ནས་ཏིཥྛ་བཛྲས་བརྟན་པར་བྱ། ཧོཿ རིན་ཆེན་རྫས་ཀྱི་མེ་ཏོག་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི། །ཡི་དམ་དེ་ལ་འབབ་པར་ཤོག །ཨཱོྃ་པྲ་ཏི་གྲྀཧྞ་ཧཱུྃ་ཞེས་དོར། ཆེ་མཆོག་དྲག་པོ་རྩལ་ལྟ་བུ་རིགས་དང་མཐུན་པའི་མིང་བཏགས། མེ་ཏོག་མགོ་བོར་བཅིངས་ཏེ། པྲ་ཏི་ས་མ་ཡ་སཏྭཾ། བོ་དྷི་ཙིཏྟ་པུཥྤེ་ཧོཿ ཞེས་བརྗོད། བླ་མ་རྡོ་རྗེ་འཛིན་པ་ཡིས། །བུ་ཁྱོད་མིག་འབྱེད་བརྩོན་པར་མཛད། །དེ་ཕྱིར་མ་རིག་ལིང་ཐོག་ནི། །དེ་རིང་བདག་གིས་བསལ་བར་བགྱི། །བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཞེས་མིག་དབྱེ། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །པདྨ་རྒྱལ་པོའི་རིགས་སུ་འཁྲུངས། །དངོས་གྲུབ་ཐམས་ཅད་དེ་རིང་ཐོབ། །ཅེས་དཀྱིལ་འཁོར་དང་ལྷའི་རྣམ་པ་བསྟན། དེ་ནས་དབང་དངོས་གཞིའི་དོན་དུ། དུས་གསུམ་རྒྱལ་བ་འདུས་པའི་སྐུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །ཕྱི་ནང་གསང་བའི་དབང་མཆོག་རྣམས། །སྐལ་ལྡན་བདག་ལ་བསྩལ་དུ་གསོལ། །བདག་གི་ལུས་ངག་ཡིད་གསུམ་རྣམས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་འདི་ཡིན་པས། །ཕྱི་ནང་གསང་བའི་དབང་མཆོག་རྣམས། །སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱའོ། །ཞེས་གནང་བ་སྦྱིན། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། བཀྲ་ཤིས་རྒྱལ་བྱེད་བུམ་པའི་ཕོ་བྲང་ནས། །བླ་མ་རིགས་ལྔའི་ལྷ་ཚོགས་འོད་དུ་ཞུ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ། །སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ནས། །ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་སྟེ། །བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །ཨཱོྃ་བུདྡྷ་གུ་རུ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ་བཛྲ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ་རཏྣ་གུ་རུ་ཨ་བྷི་ཥིཉྩ་སྭཱ། ཧྲཱིཿཔདྨ་གུ་རུ་ཨ་བྷི་ཥིཉྩ་ཧྲཱིཿ ཧཱ་ཀརྨ་གུ་རུ་ཨ་བྷི་ཥིཉྩ་ཧཱ། ཞེས་དབང་བསྐུར་ཞིང་བུམ་ཆུ་བླུད། དབང་དོན་ངོ་སྤྲད་བུམ་དབང་ངོ་། །ཐོད་པ་མགྲིན་པར་བཞག །ཧཱུྃ། བཀྲ་ཤིས་མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །བདུད་རྩི་འཆི་མེད་ཡེ་ཤེས་ལྔ་ཡི་རྫས། །མ་བཅོས་བདེ་ཆེན་གཉིས་མེད་བྱང་ཆུབ་སེམས། །ཡབ་ཡུམ་གཉིས་མེད་སྦྱར་པའི་བདུད་རྩི་འདིས། །སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས། །བདེ་ཆེན་ཡེ་ཤེས་གསང་བའི་དབང་ཐོབ་ཤོག །ཞེས་བདུད་རྩི་བླུད་གསང་དབང་ངོ་། །མེ་ལོང་སྙིང་གར་བཞག་ལ། ཧཱུྃ། མེ་ལོང་ཟླུམ་པོ་ཆོས་དབྱིངས་ཡེ་ཤེས་ངང་། །དག་ཅིང་གསལ་ལ་དྲི་མ་མེད་པ་འདི། །གསལ་ལ་ངོས་གཟུང་མེད་པ་རང་གི་སེམས། །སེམས་ཉིད་ཀ་དག་ཡེ་ནས་ལྷུན་རྫོགས་དོན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་བསྟན་པས། །ཤེས་རབ་ཡེ་ཤེས་དབང་དང་ལྡན་པར་ཤོག །གུ་རུ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སིནྡྷུ་ར་སྙིང་གར་བྱུག་གསུམ་པའོ། །གུ་རུ་ཞི་བའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས་སྐུར་ཤར། །བདུད་འདུལ་སྤྲུལ་སྐུ་པདྨ་འབྱུང་གནས་སྐུ། །སྐུ་ཡི་འོད་ཟེར་ཉི་མ་སྤྲིན་བྲལ་ལྟར། །གདུལ་བྱའི་བློ་ཡི་རྨོངས་འཐིབས་མ་ལུས་འཇོམས། །ཆོས་སྐུའི་ཞིང་ཁམས་ནམ་མཁའི་མཐའ་མཉམ་གྱི། །གདུལ་བྱ་དཔག་མེད་དབྱིངས་སུ་འདུལ་མཛད་པ། །ཆོས་སྐུ་ཉི་མ་འོད་ཟེར་ཞེས་གྲགས་པ། །དམིགས་མེད་མཁའ་ལྟར་ཁྱབ་ལ་ཕྱག་འཚལ་བསྟོད། །སྐུ་ཡི་དབང་མཆོག་དུས་འདིར་བསྐུར་དུ་གསོལ། །ཨཱོྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ།་་་་འོག་ཏུ་གསལ་བ་ལྟར་སྐུ་སྟིམ་ཞིང་དབྱེར་མེད་དུ་བྱ་བ་རེ་རེ་བཞིན་དགོས།མཆན། མགྲིན་པར་བཞག །ཨཱཿ ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་ལྡན། །ཚངས་དབྱངས་ཀ་ལ་པིངྐའི་སྒྲ། །སྟོང་གསུམ་མི་མཇེད་བྱེ་བ་བརྒྱའི། །དཔག་མེད་སེམས་ཅན་ཐམས་ཅད་ཀུན། །དྲི་མེད་གསུང་གིས་རྣམ་གནོན་པ། །སེང་གེ་སྒྲ་སྒྲོག་པདྨའི་གསུང་། །འགག་མེད་གསུང་གི་རྡོ་རྗེར་བསྟོད། །གསུང་གི་དབང་མཆོག་དུས་འདིར་སྩོལ། །སྔགས་གོང་ལྟར་ལ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ་་་སྟིམ་ཞིང་དབྱེར་མེད་བྱ།མཆན། སྙིང་གར་བཞག །ཧཱུྃ། མངལ་སྐྱོན་མ་གོས་སྤྲུལ་པའི་སྐུ། །གླིང་བཞི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་དཔག་མེད་སོ་སོར་འགྱེད། །སྣ་ཚོགས་ཐབས་ཀྱིས་འགྲོ་ཀུན་འདྲེན། །མཚན་ལྡན་རིན་ཆེན་ལྟར་མི་ངོམས། །ཤཱཀྱ་སེང་གེའི་སྐུ་ལ་བསྟོད། །ཐུགས་ཀྱི་དབང་མཆོག་དུས་འདིར་སྩོལ། །སྔགས་གོང་ལྟར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ།་་་་སྟིམ་ཞིང་དབྱེར་མེད་བྱ།མཆན། སླར་ཡང་སྤྱི་བོར་བཞག་ལ། ཆོས་སྐུ་འགྱུར་མེད་པད་འབྱུང་སྐུ། །ལོངས་སྐུ་གསལ་རྫོགས་ཐོད་ཕྲེང་རྩལ། །སྤྲུལ་སྐུ་རྡོ་རྗེ་གྲོ་ལོད་ཆེ། །ཀུན་རྫོགས་པདྨ་སཾ་བྷ་ཝ། །སྔོན་ནས་ཁྱོད་དང་སྨོན་ལམ་གཅིག །ད་ལྟ་སློབ་མའི་ལྷར་འཛིན་གྱིས། །སྐུ་བཞི་ཡོངས་རྫོགས་དབང་ཐོབ་ཤོག །ཞི་དྲག་གི་སྙིང་པོའི་མཐར། ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་དག་རེ་རེའི་མཐར་སྐུ་སློབ་མ་ལ་ཐིམ། སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་མོ། །སྔགས་ཀྱི་བཟླས་ལུང་སྔ་མ་རྣམས་ལྟར་བྱ་བཞི་པའོ། །མེ་ཏོག་གི་ཕྲེང་བ་མགོར་བཞག །ཧཱུྃ། དབང་དྲག་པདྨ་ཐོད་ཕྲེང་རྩལ། །ཚེ་ལ་དབང་མཛད་འོད་དཔག་མེད། །རིན་ཆེན་མེ་ཏོག་དབང་བསྐུར་བས། །ཚེ་ཡི་དབང་བསྐུར་ཐོབ་པར་ཤོག །ཨཱོྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཤར་གྱི་རྡོ་རྗེ་མགོ་བོར་བཞག་སྟེ། ཐུགས་སྤྲུལ་གསང་བདག་རྡོ་རྗེ་འཛིན། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ཉོན་མོངས་ནད་གདོན་རྣམ་རྟོག་བཅོམ། །ཐུགས་མཆོག་ཡེ་ཤེས་དབང་རྫོགས་ཤོག །བཛྲ་པཱ་ཎི་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ ལྷོའི་བདུད་རྩི་མགོར་བཞག །སྐུ་སྤྲུལ་འཕགས་པ་འཇམ་དཔལ་ཏེ། །གདུང་སེལ་བདུད་རྩིའི་དབང་བསྐུར་བས། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྐུ་མཆོག་ལྷུན་གྲུབ་དབང་ཐོབ་ཤོག །མཉྫུ་ཤྲཱི་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ ནུབ་ཀྱི་དྲིལ་བུ་མགོར་བཞག །གསུང་སྤྲུལ་རྟ་མགྲིན་རྒྱལ་པོ་སྟེ། །གསུང་དབྱངས་དྲིལ་བུའི་དབང་བསྐུར་བས། །མོས་པ་རྣམ་བཞིས་དབང་བསྡུས་ནས། །གསུང་དབྱངས་རྣམ་དག་དབང་ཐོབ་ཤོག །ཧྱ་གྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ བྱང་གི་ཕུར་པ་མགོར་བཞག །ཕྲིན་ལས་སྤྲུལ་པ་ཡཀྴ་མེ་དབལ་གྱིས། །ཡེ་ཤེས་རྡོ་རྗེ་ཕུར་པའི་དབང་བསྐུར་བས། །དགྲ་བགེགས་འབྱུང་པོ་མ་ལུས་ཚར་བཅད་ནས། །ཕྲིན་ལས་ལྷུན་གྱིས་འགྲུབ་པའི་དབང་ཐོབ་ཤོག །ཨཱོྃ་བཛྲ་ཀྲོ་ཏ་ཡཀྴ་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ ཁྱུང་མགོར་བཞག །ཡོན་ཏན་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་སྟེ། །མཁའ་ལྡིང་རྡོ་རྗེ་འཇིགས་བྱེད་དབང་བསྐུར་བས། །གདུག་པའི་ས་བདག་ཀླུ་གཉན་འཇོམས་པ་དང་། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག །ག་རུ་ཌཿཧཱུྃ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེ་ལག་གཡས་སུ་གཏད། རྡོ་རྗེ་རྩེ་དགུས་ས་དགུ་གནོན། །ཧཱུྃ་དགུ་རཾ་དགུས་རབ་ཏུ་བརྒྱན། །ཐོད་ཕྲེང་པདྨ་རྒྱལ་པོ་ཡི། །ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན། །བཛྲ་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ ལྕགས་སྡིག་གཡོན་དུ་གཏད་ལ། ཐུགས་སྤྲུལ་ལྕགས་སྡིག་ནག་པོ་ནི། །མགོ་དགུ་ཁ་དགུ་མིག་དགུ་བགྲད། །རྭ་ཆེན་བཅོ་བརྒྱད་བགེགས་ལ་གཟིར། །ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་ཀྱི། །ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུས། །ཀྲོ་དྷ་ཡཀྴ་ཨ་བྷི་ཥིཉྩ་ཨཱཿ གཏོར་དབང་བསྐུར་ལ། བླ་མ་ཡི་དམ་དབྱེར་མེད་པའི། །དམ་རྫས་གཏོར་མས་དབང་བསྐུར་བས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །གསུང་གི་བྱིན་རླབས་ངག་ལ་ཕོབ། །ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྩ་སྔགས་ཀྱི་མཐར་བ་ལིནྟ་ཀཱ་ཡ་ཝཱཀྩིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ནས་གཏོར་མའི་ལྷ་སློབ་མ་ལ་བསྟིམས་ནས་སེམས་སྤྲོས་བྲལ་དུ་བཞག །དམ་རྫས་དངོས་གྲུབ་ཏུ་སྦྱིན། རྗེས་དམ་ཚིག་ཁས་བླང་བ་དང་མཎྜལ་སོགས་བྱ་ཞིང་། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །རྣམ་འ༵གྱུར་ཁྲོ་གཏུམ་དམིགས་མེ༵ད་ཐུགས། །སྤྲོས་བྲལ་རྡོ༵་རྗེ༵་དྲག་པོ་ཡི། །སྒྲུབ་ཐབས་བཀའ་མ་འོ་བྲན་གྱི། །གདམས་པའི་རྒྱ་མཚོ་བཅུད་དུ་དྲིལ། །དྲག་དམར་བཀའ་མ་འོ་བྲན་ལུགས་སུ་གྲགས་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།

RTZ-Tsagli-Dzongsar-OM-07-drag dmar 'o bran-01.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-02.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-03.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-04.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-05.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-06.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-07.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-08.jpeg
RTZ-Tsagli-Dzongsar-OM-07-drag dmar 'o bran-09.jpeg
RTZ-Tsagli-drag dmar 'o bran lugs-01.jpg
RTZ-Tsagli-drag dmar 'o bran lugs-02.jpg
RTZ-Tsagli-drag dmar 'o bran lugs-03.jpg
RTZ-Tsagli-drag dmar 'o bran lugs-04.jpg
RTZ-Tsagli-drag dmar 'o bran lugs-05.jpg
RTZ-Tsagli-drag dmar 'o bran lugs-06.jpg
RTZ-Mandala-'dod bum-31-drag dmar o' bran lugs.jpeg
RTZ-Mandala-Dzongsar-07-604-drag dmar 'o bran.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).