Terdzo-DA-022

Terdzo-DA-022.pdf
Click the picture above to view the Shechen manuscript.

ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པའི༔ ༔ལས་སྦྱོར་པདྨའི་དགའ་ཚལ་

tshig bdun sgrub thabs sna tshogs pa'i:_:las sbyor pad+ma'i dga' tshal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
in cycle  བླ་སྒྲུབ་རྩ་བ་ཚིག་བདུན་པ (Bla sgrub rtsa ba tshig bdun pa)
Volume 11 (ད) / Pages 565-580 / Folios 1a1 to 8b6

Tibetan Text

༁ྃ༔ ཚིག་བདུན་སྒྲུབ་ཐབས་སྣ་ཚོགས་པའི༔ ༔ལས་སྦྱོར་པདྨའི་དགའ་ཚལ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རྡོ་རྗེའི་ཚིག་རྐང་བདུན་པོ་ཡིས༔ རྩ་གསུམ་བྱིན་རླབས་བསྐུལ་བ་ཉིད༔ རྩ་བར་བྱས་ཏེ་དབྱིངས་གཅིག་ལས༔ རྣམ་འགྱུར་ཐ་དད་སྒྲུབ་པའི་ཐབས༔ གདུལ་བྱའི་ཁམས་དབང་མོས་པ་དང༔ འཚམ་པར་ཤར་བའི་བྱེ་བྲག་གི༔ ཁ་བསྒྱུར་ལས་ཀྱི་རིམ་པ་ཡང༔ མདོར་བསྡུས་སྙིང་པོའི་བཅུད་དྲིལ་ནས༔ སྐལ་ལྡན་གདུལ་བྱའི་དཔལ་དུ་བསྟན༔ ས་མ་ཡ༔ བླ་མ་ཆོས་སྐུའི་ལས་སྦྱོར་ནི༔ རྡོ་རྗེའི་ཡེ་ཤེས་འབེབ་པ་སྟེ༔ གསང་སྔགས་བླ་མའི་ལམ་ལ་བསྟེན༔ སྨིན་གྲོལ་ལམ་གྱི་སྲོག་རྩ་ཡིན༔ བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་སེམས་ཅན་གང་ཡིན་ཡང༔ ཆོས་སྐུ་དངོས་སུ་ཐག་བཅད་དེ༔ ཐ་མལ་སྐད་ཅིག་བསམ་མི་བྱ༔ རང་ཉིད་འཁོར་བའི་འདམ་ནས་བཏོན༔ ཐར་པའི་ལམ་དུ་ཁྲིད་པ་ཡི༔ བཀའ་དྲིན་བསམ་མི་ཁྱབ་པ་དྲན༔ མོས་གུས་དྲག་པོའི་ངར་བཏགས་ཏེ༔ པདྨ་ཀུན་ཏུ་འཆང་བ་དང༔ དབྱེར་མེད་སྙིང་གི་དཀྱིལ་དུ་བསྒོམ༔ ཀྱཻ༔ རྗེ་བཙུན་བླ་མ་ཀུན་ཏུ་འཆང༔ དུས་གསུམ་སངས་རྒྱས་མ་ལུས་པ༔ ཐམས་ཅད་འདུས་པ་རིན་པོ་ཆེ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཕོབས༔ རྟོགས་པས་བདག་རྒྱུད་གྲོལ་བ་དང༔ ཐུགས་རྗེས་གཞན་རྒྱུད་སྨིན་པར་མཛོད༔ ཅེས་པས་གསོལ་གདབ་ཐུགས་ཡིད་བསྲེ༔ ལན་རེ་མདུན་གྱི་མཁའ་ལ་བསྒོམ༔ ཧྲཱི༔ རང་རིག་གདོད་མའི་སངས་རྒྱས་པདྨ་འབྱུང༔ འཁོར་འདས་ཀུན་གྱི་ཁྱབ་བདག་ཀུན་ཏུ་འཆང༔ དཔལ་ལྡན་རྩ་བའི་བླ་མར་གསོལ་བ་འདེབས༔ དབང་བསྐུར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡང་ཡང་གསོལ་འདེབས་དབང་བཞི་བླང༔ སྐབས་སུ་སྤྱི་བོའི་གཙུག་ཏུ་བསྒོམ༔ ཧྲཱི༔ དཔལ་ལྡན་བླ་མ་བདེ་ཆེན་རྡོ་རྗེ་སེམས༔ སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་མོའི་དབང་གི་ཆུ་རྒྱུན་བསྩལ་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བདག་སྒྲུབས་ཤིག༔ གསོལ་གདབ་གསང་བའི་དབང་བཞི་ཞུ༔ རྣམ་ཀུན་བླ་མའི་སྣང་བ་དང༔ འབྲལ་མེད་བཅོས་མིན་མོས་གུས་ཀྱིས༔ འོ་དོད་འབོད་ཅིང་གསོལ་བ་གདབ༔ སྣང་བ་བཙན་ཐབས་འགྱུར་བ་ན༔ ངེས་པར་བྱིན་རླབས་རྒྱུད་ལ་ཞུགས༔ དེ་ཚེ་གང་ཤར་ཤེས་པ་ཉིད༔ དགག་བསྒྲུབ་མི་བྱ་ལྷུག་པར་བསྐྱང༔ བླ་མ་ཆོས་སྐུའི་རང་ཞལ་མཇལ༔ ཕྱི་ནང་དངོས་དང་དངོས་མེད་པ༔ ཅིར་སྣང་བླ་མའི་རོལ་པར་བསྒོམ༔ ཕན་འདོགས་དགྱེས་པའི་བྱིན་རླབས་ཏེ༔ གནོད་འཚེ་དགེ་ལ་སྐུལ་མ་མཛད༔ ལུས་སེམས་བདེ་བ་ཐུགས་རྗེའི་མཐུ༔ ན་ཚ་སྡུག་བསྔལ་སྒྲིབ་སྦྱོང་གྲོགས༔ གང་ཡང་བླང་དོར་བྱར་མེད་པ༔ མོས་གུས་ལམ་དུ་ལོངས་པར་བྱ༔ འདི་ནི་ལས་སྦྱོར་ཐམས་ཅད་ཀྱི༔ རྩ་བ་སྙིང་ངམ་སྲོག་དང་མཚུངས༔ གཞན་ཡང་བླ་མའི་སྐུ་འབག་དང༔ ཕྱག་ཞབས་རྗེས་སོགས་བཀྲམ་པ་འམ༔ དབུ་ལོ་ན་བཟའ་རིང་བསྲེལ་རིགས༔ རཏྣའི་ཟ་མ་ཏོག་ཏུ་བཅུག༔ མདུན་བཤམ་བླ་མ་དངོས་སུ་བསམ༔ རང་བྱུང་གསེར་གྱི་ཐིགས་པོ་འམ༔ མ་འབྱོར་རིན་ཆེན་འབྲུ་སྣ་ལ༔ ཆོས་སྐུའི་སྔགས་ཀྱི་ཤམ་བུ་རུ༔ ན་མོ་གུ་རུ་བཱི་ར་ཧྲིཾ་སྭཱ་ཧཱ༔ བཏགས་པ་མང་བཏབ་མཎྜལ་བཀོད༔ ཨོཾ་ཨཱཿཧཱུྃ༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ རྒྱུན་མི་འཆད་པ་སྤྲུལ་ཏེ་འབུལ༔ དགྱེས་བཞེས་བྱིན་གྱིས་བརླབ་ཏུ་གསོལ༔ སྔགས་བཅས་མང་དུ་ཕུལ་བ་ཡིས༔ མཉེས་ནས་ཐུགས་རྗེས་བཟུང་བར་བསམ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ རྗེས་འཛིན་རྟེན་འབྲེལ་འགྲིགས་པར་འགྱུར༔ ཁྱད་པར་བཤད་སྒྲུབ་གང་བྱེད་ཀྱང༔ ཕྱག་མཆོད་འབུལ་ལ་གསོལ་བ་གདབ༔ ཨོཾ་ན་མོ་གུ་རུ་རཏྣ་སརྦ་སིདྡྷིརྨ་སྥོ་ཊ་བརྡྷ་ནཾ་བིསྟཱ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་རྟེན་སྙིང་བརྒྱ་རྩ་བཟླ༔ བླ་མའི་སྐུ་ལས་བྱིན་རླབས་བཅུད༔ བདུད་རྩི་དམར་སེར་བདེ་བའི་རྒྱུན༔ ཚངས་བུག་ནས་བབས་སྙིང་ནང་གང༔ བདེ་བས་ལུས་ཀུན་ཁྱབ་པར་དམིགས༔ རྟེན་ཉིད་བླངས་ལ་སྤྱི་བོར་བཞག༔ བུམ་ཅན་རླུང་གིས་བརྟན་པར་བྱ༔ བཤད་ན་གཞན་ལ་ཕན་པ་ཐོགས༔ བསྒོམ་ན་ཏིང་འཛིན་འཕེལ་བར་འགྱུར༔ ས་མ་ཡ༔ བླ་མ་ལོངས་སྐུ་ལ་བསྟེན་ནས༔ འཆི་མེད་ཚེ་རྟེན་བཅའ་བ་ནི༔ ཚེ་རིང་དགེ་བའི་ལག་བརྒྱུད་པའི༔ རས་ལ་སྐུ་གཟུགས་སོར་བཞི་པ༔ ཆགས་ཚད་ལྡན་པའི་གནས་གསུམ་དུ༔ འབྲུ་གསུམ་ཐུགས་ཀར་ས་བོན་སྔགས༔ རྒྱབ་ཏུ་འདོད་གསོལ་དང་བཅས་པ༔ གསེར་གྱིས་བྲིས་ལ་རབ་ཏུ་གནས༔ དར་དམར་གྲོ་ཤོག་གང་རུང་ལ༔ རྒྱ་གྲམ་ལྟོ་བ་ཡངས་པའི་ནང༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཚེ་བུམ་རྒྱན་ལྡན་ལྟོར༔ ཧྲཱིཿཡིག་ཁོག་པར་ནྲྀ་ཡི་ཡིག༔ ཨས་མཚན་བུམ་པའི་མཐའ་སྐོར་དུ༔ འཆང་བ་པོ་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པའི་སྐྱེ་འཆི་གཞོམ་གཞིག་བྲལ་བ་རྡོ་རྗེའི་ཚེ་ཐོབ་པར་གྱུར་ཅིག༔ གོང་རས་ལོངས་སྐུའི་སྙིང་པོའི་མཐར༔ འཆང་བ་པོ་ལ་འཆི་མེད་རྡོ་རྗེའི་ཚེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ༔ དེ་རྒྱབ་རྩིབ་བརྒྱད་རེ་རེ་བཞིན༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་བསོད་རྒྱས་པའི་སྤེལ་ཚིག་སྦྱར༔ དེ་རྒྱབ་མཚན་བརྒྱ་རྩ་བརྒྱད་གཟུངས༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་རྣམས༔ ཡིག་མགོ་ཕྱིར་བསྟན་གཡས་སྐོར་བྲི༔ དེ་རྒྱབ་རྡོར་རྭ་འོད་ཕྲེང་བསྐོར༔ མཚམས་ཀྱི་རྒྱ་གྲམ་རྭ་བཞིར་བྷྲཱུྃ༔ དེ་འོག་ཤར་ལྷོ་ནས་རིམ་བཞིན༔ སྲོག་འཆི་མེད་དུ་བརྟན་པར་གྱུར་ཅིག༔ ལུས་རྒུད་མེད་དུ་བརྟན་པར་གྱུར་ཅིག༔ དབང་ཐང་གོང་འཕེལ་དུ་གྱུར་ཅིག༔ ཀླུང་རྟ་དར་རྒྱས་སུ་གྱུར་ཅིག༔ ཅེས་པ་ཚན་བཞི་ལ་བརྩེགས་མར་བྲི༔ ཤར་དུ་རྡོ་རྗེ་ལྷོར་རྒྱལ་མཚན༔ ནུབ་ཏུ་གཡུང་དྲུང་བྱང་མདའ་དར༔ ལྟེ་བ་སོགས་ལ་རིམ་བཞིན་དུ༔ སྲོག་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག༔ བླ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག༔ བསོད་ནམས་དཔག་བསམ་ཤིང་ལྟར་རྒྱས་པར་གྱུར་ཅིག༔ ཕྲེད་དམ་བརྩེགས་མ་ཅི་བདེར་བཀོད༔ སེལ་མེད་ཚེ་ཡི་སྒྲུབ་རྫས་དང༔ དྲི་བཟང་སྨན་གྱི་ཁུ་བས་བྱུགས༔ དུང་ཆུང་བྱེ་རུ་གཡུ་གསེར་ཐིག༔ མུ་མེན་ཁྲབ་བྱང་མིག་དགུ་པ༔ ཕ་ལམ་དར་སྣ་ལྔ་དང་བཅས༔ ལྷ་བསྐྱེད་ཡེ་ཤེས་བཀུག་ལ་བསྟིམས༔ མཆོད་ཅིང་བསྟོད་ནས་བཟླས་པ་བྱ༔ བྱིན་རླབས་ཚེ་བཅུད་ཡང་ཡང་བསྡུ༔ འོད་ཞུ་ཙཀྲའི་རྣམ་པར་བསམ༔ བརྟན་བཞུགས་ཤིས་བརྗོད་མེ་ཏོག་འཐོར༔ སྐུ་རྟེན་ས་བོན་ཞལ་སྦྱར་ལ༔ ལྟེ་བ་མ་ཉམས་གྲུ་བཞིར་བལྟེབ༔ སྐུ་ཚེ་རིང་བཞུགས་དབུ་སྐྲ་སོགས༔ གོང་གི་རྫས་དང་ལྷན་ཅིག་ཏུ༔ མི་འབྲལ་མགུལ་དུ་བཅང་བ་ཡིས༔ ཚེ་ཡི་བར་ཆད་མཐའ་དག་ཞི༔ གནས་སྐབས་རིང་དུ་འཚོ་བ་དང༔ མཐར་ཐུག་འཆི་མེད་མགོན་འགྲུབ་འགྱུར༔ རྒྱ་ཤོག་ངོས་སུ་རྒྱ་མཚལ་གྱིས༔ དག་པར་བྲིས་ལ་ཚེ་རྫས་བྱུག༔ ལྷ་ཡི་ངོ་བོར་རབ་ཏུ་གནས༔ སྲོག་གཟའ་དར་བའི་ཉི་ཤར་ལ༔ མགོ་བརྩམ་ནངས་རེ་བཞིན་ཟོས་པས༔ ཚེ་བསོད་འཕེལ་རྒྱས་བརྟན་པར་འགྱུར༔ མི་འགྱུར་ཚེ་ཡི་རྟེན་འབྲེལ་དུ༔ ལྕགས་ཀྱི་རྡོ་རྗེའི་ལྟེ་བ་རུ༔ དར་ལ་ཧྲཱི་ནྲྀ་ཨ་གསུམ་བྲི༔ གཡུ་དང་རྡོ་རྗེ་ཕ་ལམ་དྲིལ༔ དེ་རྒྱབ་སྙིང་པོའི་སྔགས་ཀྱི་མཐར༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཞེས་དང་སུ་པྲ་ཏིཥྛའི་སྔགས༔ སྤེལ་ཚིག་བྲིས་པས་བཏུམས་ལ་བཅུག༔ མ་འགྲུབ་རིས་སུ་བྲིས་ཀྱང་རུང༔ སྒོམ་བཟླས་རབ་ཏུ་གནས་པ་དེ༔ མགུལ་དུ་དྲོད་མ་བྲལ་བར་བཅངས༔ ཚེ་སྲོག་རྡོ་རྗེ་ལྟར་བརྟན་འགྱུར༔ དར་དམར་རྡོ་རྗེའི་མདུད་པ་ཅན༔ སྙིང་པོ་གོང་སྔགས་བཏབ་པ་ཡང༔ བཏགས་པས་ཚེ་ཡི་བར་ཆད་སྲུང༔ ཁྱད་པར་ཤར་སོགས་ཕྱོགས་བཞི་ནས༔ རང་མདོག་ཅན་གྱི་ས་གཙང་བླངས༔ ཡང་ན་སྲོག་སྐྱོབ་ཤིས་པ་ནས༔ ས་བླངས་རིན་ཆེན་སྨན་ཕྱེ་སྦྱར༔ བྱིན་རླབས་བསྒྲུབས་པའི་བུམ་ཆུས་སྦྲུ༔ སཱཙྪ་བདུན་ནམ་ལོ་གྲངས་སམ༔ བརྒྱ་རྩ་བརྒྱད་སོགས་ཅི་འགྲུབ་པ༔ སྙིང་པོ་ལ་སོགས་འདོན་ཅིང་གདབ༔ དཀར་སེར་དམར་ལྗང་ཚོན་གྱིས་བསྒྱུར༔ རྒྱ་ཤོག་མཚལ་དང་དྲི་བཟང་གིས༔ སྙིང་པོའི་སྔགས་ཀྱི་ཤམ་བུ་རུ༔ བསྒྲུབ་བྱའི་ཚེ་སྲོག་བསོད་ནམས་ལ་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲིས་ལས་མཐུན་སྲོག་ཤིང་ལ༔ དྲིལ་ཏེ་སཱཙྪ་དཀར་པོར་བཅུག༔ དེ་བཞིན་སེར་པོ་ལ་སོགས་པར༔ སྒྲུབ་བྱའི་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ བསྒྲུབ་བྱའི་འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོ༔ བསྒྲུབ་བྱའི་ཚེ་བསོད་ལ་གནོད་པར་བྱེད་པའི་བདུད་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་པའི་ནང་གཞུག་སོ་སོར་བཅུག༔ རང་རང་ཁ་དོག་དང་མཚུངས་པའི༔ གདུགས་སྦྱར་མེ་ཏོག་དག་ཀྱང་གསག༔ སྟེགས་བུར་མཆོད་པ་དང་བཅས་བསྒྲིག༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ མཚན་རྫོགས་མཆོད་རྟེན་བུམ་པ་རུ༔ ཚེ་དཔག་མེད་མགོན་ཡབ་ཡུམ་བཅས༔ ལས་བཞི་སོ་སོའི་སྐུ་མདོག་ཅན༔ རྒྱལ་བ་སྲས་དང་བཅས་པར་གསལ༔ ཕྲིན་ལས་གཞུང་བསྲང་བཟླས་པ་བྱ༔ ལས་སྒྲུབ་དམིགས་པའི་འཕྲོ་འདུ་དང༔ སྤེལ་ཚིག་སྦྱར་ལ་གསོལ་བ་གདབ༔ ཨོཾ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བདག་སོགས་ཚེ་ལ་བར་གཅོད་པའི༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ བླ་སྲོག་རྡོ་རྗེ་ལྟར་བརྟན་ཅིང༔ ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད༔ འཁོར་འདས་བརྟན་གཡོའི་དྭངས་མ་དང༔ ཚེ་བཅུད་དབང་དུ་འདུ་བར་མཛོད༔ འཆི་བདག་ལ་སོགས་བདུད་དང་བགེགས༔ ཚེ་ལ་གནོད་བྱེད་བརླག་པར་མཛོད༔ མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་དང༔ བདག་གི་བསོད་ནམས་འདི་ཡི་མཐུས༔ བླ་མའི་སྐུ་ཚེ་བརྟན་པ་དང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས༔ འགྲོ་དྲུག་སེམས་ཅན་སྒྲིབ་པ་བྱང༔ ཀུན་ཀྱང་ཚེ་དཔག་མེད་ཐོབ་ཤོག༔ དེང་ནས་ཚེ་རབས་ཐམས་ཅད་དུ༔ སྐྱེ་འཆིའི་འཇིགས་པ་ལས་གྲོལ་ཏེ༔ བླ་མ་ཚེ་མཐའ་ཡས་པ་དང༔ དབྱེར་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཅེས་པའི་གསོལ་བྱང་ཚང་བ་འམ༔ ལས་བཞི་ཕྱེ་ན་གང་འདོད་སྦྱར༔ མེ་ཏོག་ལས་མཐུན་མདོག་ཏུ་འབུལ༔ མཆོད་བསྟོད་བརྟན་བཞུགས་ཤིས་པ་བརྗོད༔ ཕྱོགས་བཞིར་ཆུད་མི་ཟ་བར་བཞག༔ འདི་ཡི་ཕན་ཡོན་བསམ་ལས་འདས༔ འཆི་བ་བསླུ་ཞིང་ཚོགས་ཆེན་རྫོགས༔ ཚེ་ཡི་དངོས་གྲུབ་འགྲུབ་པར་འགྱུར༔ གཞན་ཡང་རང་ཉིད་སྲོག་གཅོད་སྤང༔ གཞན་དག་གསོད་པ་ལས་ལྡོག་ནས༔ སྲོག་ཆགས་ཚེ་ཡི་འཇིགས་ལས་བསྐྱབ༔ བསྒྲུབ་བྱའི་བློ་དང་མཐུན་པ་འམ༔ གང་ཡང་རུང་བའི་སྲོག་ཆགས་ཀྱི༔ དཔྲལ་བར་ཉི་ཟླའི་མཚན་མ་གདབ༔ ཅོད་པན་ལ་སོགས་དར་གྱིས་བརྒྱན༔ མདུན་གྱི་ནམ་མཁར་ཚེ་དཔག་མེད༔ སྲས་བཅས་རྒྱལ་བས་བསྐོར་བ་གསལ༔ སྟོང་པའི་ངང་ལས་ཏི་ཡིག་ལས༔ རིན་ཆེན་ལས་གྲུབ་སྲོག་ཆགས་ནི༔ ཁམས་ལྔ་ཡུམ་གྱི་རང་བཞིན་ལ༔ གླིང་བཞི་རི་རབ་བཀོད་པ་རྫོགས༔ མིག་གཉིས་ཉི་ཟླ་ནང་ཁྲོལ་སོགས༔ ལྷ་མིའི་དཔལ་འབྱོར་ལྷུན་གྱིས་གྲུབ༔ སྤུ་ལས་མཆོད་པའི་སྤྲིན་ཕུང་འཕྲོ༔ གཅིག་ལས་བྱེ་བ་བརྒྱ་སྟོང་སྤྲུལ༔ བླ་མ་བཅོམ་ལྡན་ཚེ་དཔག་མེད༔ རབ་འབྱམས་རྒྱལ་བ་སྲས་བཅས་ལ༔ གུས་པས་འབུལ་ལོ་དགྱེས་བཞེས་ཏེ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མགོན་པོ་ཁྱོད་ནི་འགྲོ་ལ་བྱམས༔ སྲོག་སྐྱོབ་མཆོད་པས་ཤིན་ཏུ་མཉེས༔ དེ་ཕྱིར་བདག་ལ་བརྩེ་བས་དགོངས༔ འཆི་བདག་འཇིགས་ལས་སྐྱོབ་པ་དང༔ འཆི་མེད་ཚེ་དབང་ཐོབ་པར་མཛོད༔ ལས་ཀྱི་འབྲེལ་བའི་འགྲོ་འདི་ཡང༔ གནས་སྐབས་ངན་སོང་སྡུག་བསྔལ་སྤང༔ མཐར་ཐུག་བདེ་ཅན་ཞིང་ཁམས་སུ༔ སྐྱེས་ནས་དོན་གཉིས་འགྲུབ་པར་མཛོད༔ ཅེས་དང་ནམ་མཁའ་མཛོད་ཀྱིས་འབུལ༔ སྙིང་པོ་བགྲང་ཞིང་གཟུངས་སྔགས་བཟླ༔ སྐུ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྲོག་ཆགས་སྒྲིབ་སྦྱངས་བསྲུང་བྱའི་ཚེ༔ ལོ་བརྒྱ་ཐུབ་པར་བྱིན་བརླབས་བསམ༔ དམིགས་མེད་ངང་བཞག་བསྔོ་སྨོན་བྱ༔ རྟེན་དེ་ལས་ཀྱིས་ཤི་བའི་བར༔ ནམ་ཡང་མི་བཀོལ་ཅི་བདེར་བསྐྱང༔ རྒྱུ་འབྲས་རྟེན་འབྲེལ་ཁྱད་པར་གྱིས༔ ཀུན་ལ་ཟབ་པའི་ཚེ་སྒྲུབ་བོ༔ མངོན་སུམ་གནད་ལ་གཟིར་བའི་ཚེ༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི༔ སྐྱོན་མེད་གསལ་བར་བྱེད་པའི་ཐབས༔ དུས་གཉན་རྣམས་སུ་མིག་ལ་ཟན༔ དྲུད་པའི་གླུད་གཏོར་བརྒྱ་རྩ་བཏབ༔ ཨོཾ་ཨཱཿརུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཆུ་བསྔགས་མིག་བཀྲུ་ནད་སྐྱོན་སེལ༔ ཨོཾ་ཀྵི་ཀྵི་ས་མ་ཀྵི་ཡེ་སྭཱ་ཧཱ༔ མང་བཟླས་སྣ་བུག་ཕུ་ཡིས་བཏབ༔ པུ་ཛཿཧཱུྃ༔ ཟླ་མཐོང་ངོ་བཞིན་སུམ་སྟོང་རེ༔ བཟླས་པས་མིག་འགྲིབ་འབྱུང་མི་སྲིད༔ ཡེ་ཤེས་སྤྱན་འབྱེད་གདམས་པ་འོ༔ ས་མ་ཡ༔ བླ་མ་སྤྲུལ་སྐུ་ལ་བསྟེན་པའི༔ ཕྱི་ནང་གསང་བའི་བཅུད་ལེན་ནི༔ ཕྱི་ལ་འབྱུང་བཞི་རྩི་སྨན་དང༔ སྦྱར་བའི་གདམས་པ་གྲངས་མང་ཡང༔ ཟབ་ཅིང་ལག་ཏུ་བླང་བདེ་བ༔ ཅོང་ཞི་བྲག་ཞུན་བསླད་མེད་པ༔ བྲེ་གང་ཕུལ་གང་གཞི་བྱས་ལ༔ རྩི་མར་སྲང་ནི་སུམ་ཅུ་དང༔ སྦྲང་རྩི་བྲེ་གང་བུ་རམ་གསུམ༔ ཤུག་པ་བ་ལུ་མཁན་པ་འཚེ༔ ལོ་མ་མེ་ཏོག་བཅུད་དུ་གསག༔ སྨན་མར་ལག་ལེན་བཞིན་དུ་སྦྱར༔ ཁ་ཚར་གང་དགོས་རིག་པས་དཔྱད༔ གཙང་མའི་སྣོད་དུ་བཞག་ནས་ཀྱང༔ བགེགས་བསྐྲད་ཁྲུས་ཀྱིས་དག་པར་སྦྱངས༔ སྟེང་དུ་བླ་མ་སྤྲུལ་སྐུ་བསྐྱེད༔ མཆོད་བསྟོད་ཛཔ྄་ཀྱི་ཤམ་བུ་རུ༔ མ་ཧཱ་ཨ་མྲིཏ་ར་ས་ཡ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་བཟླས་པས་རྒྱུད་བསྐུལ་བས༔ ཐུགས་ལས་འོད་འཕྲོས་འཁོར་འདས་ཀྱི༔ དྭངས་བཅུད་བསྡུས་ཏེ་ཐིམ་པ་ཡིས༔ སྐུ་ལས་བདུད་རྩིའི་རྒྱུན་ཆེན་བབས༔ རྫས་ལ་ཐིམ་པས་འཆི་མེད་ཀྱི༔ བཅུད་ལེན་ཆེན་པོར་གྲུབ་པར་བསམ༔ ལྷ་ཡང་འོད་ཞུ་རྫས་ལ་བསྟིམ༔ དགོང་དང་ཐོ་རངས་ཆགས་མེད་བརྟེན༔ རྒྱུ་གཉིས་སྨན་གྱི་ཤ་རུས་རྒྱས༔ རྐྱེན་གསུམ་སྟོབས་བཅུད་བཀྲག་མདངས་རྒྱས༔ རྩི་བཞིས་ཚེ་རིང་འབྱུང་བ་སྙོམས༔ ཡོན་ཏན་བརྗོད་ལས་འདས་པ་སྐྱེད༔ ཡང་ན་ཅོང་ཞི་ཕྲམ་ཕྲུམ་བརྡུང༔ གངས་ཆུས་བཤལ་ལ་རྡོ་དུག་བསལ༔ ཨོཾ་ཐུད་དེ་ཐུད་དེ་མ་ཧཱ་ཐུད་དེ་ཕཊ༔ སྟོང་ཕྲག་བཏབ་པ་སྲང་གང་ལ༔ འབྲི་འོ་ཕུལ་དགུས་འདམ་འཐག་བྱ༔ རྟག་ངུ་རིག་གསུམ་དབང་པོ་ལག༔ ཤིང་ཚ་པི་ལིང་ཨ་རུ་ར༔ སྙིང་པོ་ལྔ་རྣམས་ཅོང་ཞིའི་ཕྱེད༔ སྦྱར་ལ་ཤ་བའི་རིལ་མ་ཙམ༔ དྲིལ་ཏེ་མཚན་ལྡན་ཐོད་པར་བླུགས༔ རླུང་མེའི་སྟེང་དུ་ཀ་པཱ་ལར༔ དམ་ཡེ་གཉིས་མེད་བདུད་རྩིའི་མཚོ༔ འཁྱིལ་དབུས་བསྐྱེད་བཟླས་གོང་བཞིན་བསྒྲུབ༔ དངོས་ཉམས་དགེ་བའི་ལྟས་བྱུང་ན༔ ཁ་ཟས་སྤངས་ལ་ཉིན་བཞིན་བརྟེན༔ ལྷ་ཡི་རྣལ་འབྱོར་རླུང་སྦྱོར་སྦྲགས༔ རབ་ཀྱི་ཚུལ་ཏེ་མཆོག་དངོས་འགྲུབ༔ གནོད་པའི་ཟས་སྤངས་བརྟེན་པ་ནི༔ འབྲིང་སྟེ་ཚེ་དང་ཡེ་ཤེས་འགྲུབ༔ ཐོ་རངས་རིལ་བུ་རེ་རེ་བཟའ༔ ཐ་མའང་རྒས་སྲ་ཚེ་རིང་འགྱུར༔ ནང་ལྟར་པདྨ་བཅུད་སྡུད་ནི༔ རང་ཉིད་མཚོ་སྐྱེས་རྡོ་རྗེར་གསལ༔ མཛེས་ལྡན་ཡིད་དུ་འོང་བ་ཡི༔ བུ་མོ་མདུན་དུ་འཁོད་པར་བསམ༔ སྤྱི་བོར་བླ་མ་ཡབ་ཡུམ་ནི༔ འདོད་ཆགས་རྡོ་རྗེའི་རྣམ་པར་བསྒོམ༔ ཀྱཻ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྗེ་བཙུན་གུ་རུ་བདེ་བ་ཆེན་པོ་ལ༔ སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཟབ་མོའི་ལམ་ལ་བར་ཆད་མེད་པ་དང༔ བརྟན་གཡོའི་བཅུད་ཀྱིས་རགས་ལུས་དྭངས་མར་སྨིན༔ འཆི་མེད་འོད་སྐུར་འགྲུབ་པར་མཛད་དུ་གསོལ༔ མོས་གུས་གདུང་བས་གསོལ་བཏབ་པས༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་མཚམས་སྲུང་བའི་གུར་གྱིས་བཅིངས༔ བདག་དང་གནས་གྲོགས་བྱིན་རླབས་བསམ༔ འགྲོ་ཀུན་འཆི་མེད་རྡོ་རྗེའི་སར༔ འགོད་ཕྱིར་བཅུད་སྡུད་སེམས་བསྐྱེད་ལ༔ ལྟ་དགོད་ལག་བཅང་འོ་བྱེད་སོགས༔ འདོད་ཆགས་སྒྱུ་རྩལ་སྦྱོང་བར་མོས༔ བུ་མོ་ཡེ་ཤེས་མཁའ་འགྲོ་མ༔ དཀར་དམར་མདངས་ལྡན་བརྐྱངས་ཏེ་འཁོད༔ རང་དང་རིག་མའི་གནས་གསུམ་དུ༔ ཡིག་འབྲུ་གསུམ་མཚན་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཡབ་རྣམས་ཡབ་དང་ཡུམ་ཐམས་ཅད༔ ཡེ་ཤེས་མཁའ་འགྲོའི་རྣམ་པར་བྱོན༔ སོ་སོར་ཐིམ་ནས་དབྱེར་མེད་བསམ༔ རང་གི་ལུས་ནང་རྩ་དབུ་མ༔ ཤེལ་སྦུབས་ལྟ་བུའི་ཡར་རྩེ་རུ༔ ཨོཾ་ཡིག་དཀར་པོ་འོད་ཟེར་འབར༔ ཧཱུྃ་ལས་བྱུང་བའི་རྡོ་རྗེའི་རྩེར༔ ཧཱུྃ་སྔོན་གྱེན་བསྟན་ཕྱག་རྒྱའི་མཁའ༔ ཨཱཿལས་པདྨར་ཨཱཿདམར་པོ༔ རྒྱལ་ཀུན་རྡོ་རྗེ་གསུམ་དངོས་བསམ༔ རླུང་རོ་བསལ་ཅིང་རྔུབ་པའི་ཚེ༔ ཧཱུྃ་ཡིག་ཕྱིར་སོང་ཨཱཿདང་འཕྲད༔ རིག་མ་འདོད་ཆགས་རྒྱས་པའི་འོད༔ འཁོར་འདས་བརྟན་གཡོ་ཀུན་ལ་ཕོག༔ དྭངས་བཅུད་འོད་ལྔའི་རྣམ་པར་བསྡུས༔ ལུས་ཐིམ་ཨཱཿཡིག་དཀར་པོས་གང༔ དམར་ཆའི་བཅུད་དང་དབྱེར་མེད་པར༔ ཨཱཿདམར་ལ་འཁྲིལ་ཧཱུྃ་ཡིག་གི༔ ཞབས་ཀྱུས་ཨཱཿདཀར་འུབ་བསྡུས་དྲངས༔ འོག་རླུང་འཐེན་པས་ཧཱུྃ་ཡིག་ཉིད༔ ཚུར་ལོག་ཨ་དཀར་ཕྲེང་བ་བཅས༔ ཤུགས་དྲག་རྡོ་རྗེའི་དབུ་མར་བརྒྱུད༔ སྤྱི་བོའི་ཨོཾ་ལ་སིབ་སིབ་ཐིམ༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་བསམ༔ ཡང་ཡང་བསྐྱར་ནས་འབྱོངས་པའི་ཚེ༔ ཤེས་རབ་ཆགས་པ་རིམ་གྱིས་རྒྱས༔ འོད་ཀྱིས་འཁོར་འདས་གཡོ་བ་དང༔ རིམ་པར་འོད་དུ་ཞུ་ནས་བསྡུ༔ ཐུན་མཐར་པདྨའི་ཨཱཿདམར་ཡང༔ ཧྲིལ་གྱིས་དྲངས་ནས་ལྟེ་བར་གནས༔ ཕྱག་རྒྱ་ཤིན་ཏུ་ཆགས་པ་སྐྱེས༔ རང་ལ་ཁྲིལ་གྱིས་འཁྱུད་པ་ལས༔ བདེ་བའི་སྒྲ་དང་མདངས་འོད་ཀྱིས༔ སྤྱི་བོའི་བླ་མ་ཡབ་ཡུམ་བསྐུལ༔ འདོད་ཆགས་ཆེན་པོས་སྦྱོར་བ་མཛད༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ སྒྲིབ་དག་དབང་དང་བྱིན་རླབས་ཐོབ༔ ཨོཾ་ལས་ཐིག་ལེ་ཡུངས་འབྲུ་ཙམ༔ བརྒྱད་སྤྲོས་ཡུམ་གྱི་མཁའ་ལ་ཞུགས༔ དཀར་དམར་འདྲེས་པའི་བདེ་ཆེན་གྱིས༔ ལུས་ཀྱི་ལྷ་རྣམས་ཤིན་ཏུ་མཉེས༔ རིག་མ་ཆགས་པས་འོད་དུ་ཞུ༔ རྡོ་རྗེའི་སྦུབས་ནས་ལྟེ་བར་ཞུགས༔ ཨཱཿབཅས་སྤྱི་བོའི་ཨོཾ་ལ་ཐིམ༔ དེ་ལས་བདེ་བའི་འོད་ཟེར་གྱིས༔ རང་ལུས་འོད་ཞུ་ཨོཾ་དང་བཅས༔ ཐིག་ལེ་དཀར་ལ་འཚེར་བར་གྱུར༔ བླ་མ་ཡབ་ཡུམ་མཁའ་གསང་ནས༔ ཐུགས་ཀར་ཐིམ་པས་ཡབ་ཡུམ་གཉིས༔ དགྱེས་སྦྱོར་བྱང་ཆུབ་སེམས་སུ་ཞུ༔ དབྱིངས་རིག་དབྱེར་མེད་ཆེན་པོར་འདྲེས༔ ཡེ་ཤེས་སྐུ་དངོས་འགྲུབ་པར་བསམ༔ གོམས་ནས་པད་ཅན་ལ་སོགས་པ༔ མཚན་ལྡན་བཙལ་ནས་རྒྱུད་སྦྱངས་ཏེ༔ ཡིད་རིག་བཞིན་དུ་མཐར་ཕྱིན་སྦྱང༔ འཁོར་ལོའི་དབུས་སུ་དྭངས་མ་སྨིན༔ ཕུང་པོ་ཟག་མེད་གྲོལ་བར་འགྱུར༔ གཞན་ཡང་མཚན་ལྡན་མཐོང་བའི་ཚེ༔ ཡིད་ཀྱིས་སྦྱོར་བས་བཅུད་བསྡུས་པས༔ ཚེ་ཡི་བར་ཆད་སེལ་བ་དང༔ ལུས་སེམས་དྭངས་བཅུད་འཕེལ་བར་འགྱུར༔ གསང་བ་རླུང་སེམས་དབྱེར་མེད་ཀྱི༔ བཅུད་ལེན་རྡོ་རྗེའི་སྲོག་སྒྲུབ་ནི༔ ར་བ་བཞི་ཡི་ཚེས་གཅིག་གི༔ ནམ་ལངས་ཤར་ཐག་རིང་བའི་སར༔ ལུས་གནད་བཅས་ལ་རླུང་རོ་བསལ༔ རང་ཉིད་མཚོ་སྐྱེས་རྡོ་རྗེ་ཡི༔ ལུས་ནང་དབུ་མ་ཧྲཱིཿབཅས་བསམ༔ བཟླས་པ་བྱས་པས་ཐུགས་སྲོག་ལས༔ འོད་འཕྲོས་འཁོར་འདས་ཀུན་ལ་ཁྱབ༔ འོད་ཟེར་སྔོན་པོའི་རྣམ་པར་ཞུ༔ འུབ་བསྡུས་མདུན་གྱི་ནམ་མཁར་འདྲེས༔ བདུད་རྩི་འོད་སྔོན་འཁྱིལ་བའི་རྒྱུན༔ ཁ་གདངས་ཧུབ་ཧུབ་ཅེས་རྔུབས་པས༔ སིབ་སིབ་ཁར་ཞུགས་དབུ་མའི་ནང༔ སྔོ་མེར་གང་བའི་དྭངས་བཅུད་རྣམས༔ ཐུགས་སྲོག་ཧྲཱིཿལ་ཐིམ་པར་བསམ༔ བུམ་ཅན་འཇམ་རླུང་གང་ཐུབ་བཟུང༔ གཏང་དུས་རིག་པ་མིག་ལ་གཏད༔ མིག་གཉིས་མཁར་གཏད་རོ་གཅིག་བསྲེ༔ རྩོལ་བྲལ་ཀ་དག་ངང་དུ་བཞག༔ དེ་ལྟར་སྤེལ་ལ་ཡུན་རིང་སྦྱངས༔ གོམས་ནས་གནས་དུས་ཅི་བདེ་བར༔ མདུན་གྱི་ནམ་མཁའི་དྭངས་ཆ་ཙམ༔ རྟེན་དུ་བྱས་ལ་ཉམས་སུ་བླང༔ འདི་ལ་གནད་དུ་བསྣུན་པ་ན༔ རླུང་སེམས་རིག་པའི་དབྱིངས་སུ་ཐིམ༔ རིག་པ་མཚན་མའི་གོས་དང་བྲལ༔ ནམ་མཁའ་ལྟ་བུའི་སྐུ་འགྲུབ་འགྱུར༔ ས་མ་ཡཱ༔ ༔


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).



Property "author" has been marked for restricted use.