Terdzo-CA-033



Property "author" has been marked for restricted use.








Terdzo-CA-033.pdf
Click the picture above to view the Shechen manuscript.

བྱང་གཏེར་གསོལ་འདེབས་ལེའུ་བདུན་མའི་དམིགས་ཟིན་མདོར་བསྡུས་བཀོད་པ་སྙིང་གི་བདུད་རྩི་་

byang gter gsol 'debs le'u bdun ma'i dmigs zin mdor bsdus bkod pa snying gi bdud rtsi

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  བཟང་པོ་གྲགས་པ་ (Zangpo Drakpa)
in cycle  བྱང་གཏེར་ (Byang gter)
Volume 5 (ཅ) / Pages 617-634 / Folios 1a1 to 9b2

Tibetan Text

༄༅། །བྱང་གཏེར་གསོལ་འདེབས་ལེའུ་བདུན་མའི་དམིགས་ཟིན་མདོར་བསྡུས་བཀོད་པ་སྙིང་གི་བདུད་རྩི་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཕྱོགས་དུས་རྒྱལ་དང་རྒྱལ་སྲས་ཀྱི། །གསང་གསུམ་ཕྲིན་ལས་གཅིག་བསྡུས་པ། །གུ་རུ་པདྨར་གུས་བཏུད་ནས། །གསོལ་འདེབས་དམིགས་རིམ་མདོར་བསྡུས་དགོད། །བྱང་གཏེར་གསོལ་འདེབས་ལེའུ་བདུན་མ་འདི་ཉིད་བོད་ཁམས་ཀུན་ཏུ་དར་སྲོལ་ཆེ་རུང་། རྡོར་སྨིན་ལུགས་རྣམས་རྟེན་བསྐྱེད་བསྡུས་པ་ཙམ་སྦྱོར་བ་ལས་གཞན་པ་ཀུན་གྱིས་མགོ་རྐང་ཅིའང་མི་འདུག །འདིའི་གཏེར་སྟོན་མང་ལམ་བཟང་པོ་གྲགས་པ་དང་། ཤོག་སེར་འབེབ་མཁན་རིག་འཛིན་རྒོད་ལྡེམ་ཅན་ཡིན་ཡང་དེ་ནས་བརྒྱུད་པའི་དམིགས་རིམ་གང་ཡང་མེད། ཕྱིས་སུ་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་གཏེར་བྱོན་རིག་འཛིན་ཡོངས་འདུས་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་སྐོར་དངོས་ཡིན་ཡང་། གསོལ་འདེབས་རྣམས་ཕྱི་སྒྲུབ་བསྙེན་པ། དཀྱིལ་འཁོར་སྒོམ་པ་ནང་ལྟར་སྒྲུབ་པ། དམིགས་པ་དང་བསྙེན་པའི་ཁ་བསྒྱུར་གསང་བ་ལས་སྦྱོར་གྱི་ཚུལ་དུ་མཛད་པས་གསོལ་འདེབས་ཙམ་རྒྱུན་ཁྱེར་ལ་སྟབས་མི་བདེ། ཆགས་མེད་རིན་པོ་ཆེས་ཞལ་རྒྱུན་ཡིན་གསུངས་པའི་དམིགས་ཉོབ་མང་བར་སྣང་བ་བྱིན་རླབས་ཆེ་བ་གཞིར་བཅས། ཁོང་ཉིད་ཀཾ་ཚང་བཀའ་བརྒྱུད་ཀྱི་བླ་མ་ཡིན་པས་ལུགས་དེ་དང་སངས་གླིང་དང་རཏྣའི་གཏེར་ཆོས་སྐོར་ཙམ་ལས། རྙིང་མ་བཀའ་གཏེར་ཆེ་གྲས་ལ་གསན་བསམ་ཆེར་མ་མཛད་པས་བཀའ་མའི་རིགས་དང་མ་གཤིན་ཕུར་གསུམ་གྱི་གཞུང་ཆེར་མ་གཟིགས་པས་ཐུགས་རྒྱུས་མི་བཞུགས་འདུག་པ་མ་ཟད། ཞལ་རྒྱུན་ཡིན་གསུངས་པ་དེའང་ཕྱིས་སུ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་བྱོན་སྐབས་སྔགས་འཆང་བཀྲ་ཤིས་དབང་ཕྱུག་ནས་གསོལ་འདེབས་དམིགས་པ་ཞུས་པ་ལ་ཐུགས་ལ་གང་ཤར་གསུངས་པ་དེ་ཁོང་གི་སྲས་སྔགས་འཆང་པདྨ་དབང་དྲག་ལ་བསླབ། དེའི་སྲས་ཀརྨ་ཆགས་མེད་ཀྱིས་ཡབ་ལས་གསན་པ་དེ་རྒྱས་པར་སྤེལ་བ་ཡིན་འདུག་ཀྱང་དམིགས་པ་ཉོབ་ཆེ་སྟབས་ཕན་ཐོགས་དཀའ་བས། འདིར་བློ་དམན་རྣམས་ལ་ཕན་པའི་སེམས་ཀྱིས་རིག་འཛིན་ཡོངས་འདུས་རྩ་བ་དང་གཞན་གཏེར་བྱོན་ཁུངས་ལྡན་གྱིས་ཁ་བསྐངས་ཏེ་དམིགས་རིམ་ཁུངས་ལྡན་ཞིག་བྲི་བ་ལ། ཐོག་མར་སྐྱབས་སེམས་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅ་འོ༔ ལན་གསུམ། རྟེན་བསྐྱེད་པ་ནི། རང་ཉིད་དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་སྦྱོར། །དུར་ཁྲོད་ཆས་ལྡན་རྟ་ཞལ་ཕག་གདོང་མཚེར། །བརྐྱང་བསྐུམ་སྟབས་ཀྱིས་པད་ཉིའི་གདན་ལ་རོལ། །བླ་མ་སྐུ་གསུམ་མའི་གསོལ་འདེབས་སྐབས། མདུན་མཁར་པད་སྡོང་ཟླ་གདན་སུམ་བརྩེགས་ཀྱི། །སྟེང་མར་གདོད་མའི་མགོན་པོ་འོད་མི་འགྱུར། །མཐིང་གསལ་ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་བཞུགས། །རང་འོད་བཟང་མོ་དཀར་མོ་གཉིས་མེད་འཁྲིལ། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །བར་པར་ཁ་སརཔ་ཎི་དཀར་གསལ་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པ་གདན་ལ་བརྟེན། །པད་དཀར་བསྣམས་ཤིང་ལོངས་སྤྱོད་ཡོངས་རྫོགས་ཆས། །སེམས་སྐྱིལ་སྟབས་བཞུགས་བརྡ་བརྒྱུད་བླ་མས་བསྐོར། །འོག་མར་པད་འབྱུང་རྡོ་རྗེ་ཐོད་པ་བསྣམས། །པད་ཞྭ་བེར་ཕོད་ཆོས་གོས་རྣམ་གསུམ་གསོལ། ཁ་ཊྭཱཾ་དཀུར་བརྟེན་རྒྱལ་པོ་རོལ་སྟབས་བཞུགས། །སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར། །གཞན་ཡང་དཀོན་མཆོག་རྩ་གསུམ་རབ་འབྱམས་ཚོགས། །འཇའ་འོད་ཀློང་དུ་སྤྲིན་ཕུང་གཏིབས་ལྟར་བཞུགས། །བསྟན་པ་རྨད་བྱུང་ལ། མདུན་གྱི་ནམ་མཁར་པད་སྡོང་འདབ་མ་བརྒྱད། །དབུས་ཀྱི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་སྟེང་། །རྩ་གསུམ་ཀུན་འདུས་བླ་མ་གསང་བ་འདུས། །མཐིང་གསལ་ཐོར་ཚུགས་རུས་རྒྱན་སྟག་ཤམ་གསོལ། །རྡོ་རྗེ་དྲིལ་འཛིན་ལྷ་ལྕམ་དཀར་མོ་འཁྲིལ། །སྐྱིལ་ཀྲུང་འཇའ་ཟེར་ལྔའི་ཀློང་ན་བཞུགས། །དབུ་གཙུག་པད་ཟླར་ཆོས་སྐུ་ཀུན་ཏུ་བཟང་། །མཐིང་གསལ་མཉམ་གཞག་བཟང་མོ་ཡུམ་དང་འཁྲིལ། །མདུན་དུ་རྣམ་སྣང་ཤར་དུ་མི་བསྐྱོད་པ། །གཡས་སུ་རིན་འབྱུང་རྒྱབ་ཏུ་སྣང་མཐའ་ཡས། །གཡོན་དུ་དོན་ཡོད་གྲུབ་རྣམས་ལོངས་སྐུའི་ཆས། །རང་རྟགས་ཕྱག་རྒྱས་སྐྱིལ་ཀྲུང་པད་ཟླར་བཞུགས། །ཤར་གྱི་འདབ་སྟེང་ཉི་ཟླ་རུ་དྲའི་སྟེང་། །ཡང་དག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་ཡི་འདབ་སྟེང་མ་ཧེ་ཉི་ཟླའི་སྟེང་། །གཤིན་རྗེའི་གཤེད་མཐིང་འཁོར་ལོ་སྡིགས་མཛུབ་མཛད། །ནུབ་ཀྱི་གདན་སྟེང་ཆུ་བདག་ཉི་ཟླའི་སྟེང། །རྟ་མགྲིན་དམར་ནག་རྡོ་རྗེ་དྲིལ་བུ་འཛིན། །བྱང་གི་འདབ་སྟེང་དབང་ཕྱུག་ཉི་ཟླའི་སྟེང་། །ཕུར་པ་མཐིང་ནག་རི་རབ་ཕུར་བུ་འདྲིལ། །ཤར་ལྷོའི་འདབ་སྟེང་མ་བདུད་ཉི་ཟླའི་སྟེང། །མངོན་རྫོགས་མཐིང་ནག་རྡོ་རྗེ་ཐོ་བ་འཛིན། །ལྷོ་ནུབ་བྱོལ་སོང་གཙོ་བརྒྱད་ཉི་ཟླའི་སྟེང་། །ཆེ་མཆོག་མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན། །ནུབ་བྱང་ཟླ་སྟེང་ཚེ་དཔག་མེད་མགོན་དམར། །མཉམ་གཞག་ཚེ་བུམ་ལོངས་སྐུའི་རྒྱན་ཆས་རྫོགས། །བྱང་ཤར་ཉི་སྟེང་རྡོ་རྗེ་ཕག་མོ་དམར། །གྲི་ཐོད་འཛིན་ཅིང་བརྐྱང་བསྐུམ་གར་གྱིས་རོལ། །མི་སྐྱོད་གཡས་སུ་ཤཱཀ་ཐུབ་གསེར་གྱི་མདོག །ས་གནོན་མཉམ་གཞག་ཆོས་གོས་རྣམ་གསུམ་གསོལ། །གཡོན་དུ་དགའ་རབ་རྡོ་རྗེ་དཀར་གསལ་མདངས། །ཆོས་འཁོར་ཕྱག་རྒྱ་སྤྲུལ་སྐུའི་ཆ་ལུགས་རྫོགས། །མདུན་ཕྱོགས་པད་ཟླར་འཇམ་དཔལ་ལི་ཁྲིའི་མདངས། །རལ་གྲི་ཨུཏྤལ་ཤེས་རབ་གླེགས་བམ་མཚན། །གཡས་ཕྱོགས་པད་ཟླར་སྤྱན་རས་གཟིགས་དབང་དཀར། །མཆོག་སྦྱིན་སྐྱབས་སྦྱིན་པད་དཀར་སྡོང་བུ་བསྣམས། །གཡོན་ཕྱོགས་པད་ཟླར་བཅོམ་ལྡན་གསང་བའི་བདག །མཐིང་སྔོན་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །ཀུན་ཀྱང་ལོངས་སྐུའི་ཆ་བྱད་ཕྱེད་སྐྱིལ་བཞུགས། །དེ་མཐར་ལྷ་ཀླུ་མི་ཡི་རིག་པ་འཛིན། །ཚོམ་བུ་འབུམ་སྡེ་གཞན་ཡང་མཆོག་གསུམ་དང་། །རྩ་གསུམ་རྒྱ་མཚོས་སྤྲིན་ཕུང་གཏིབས་ལྟར་བསྐོར། །ཡེ་ཤེས་གཟིགས་པས་བྱིན་གྱིས་བརླབ་པར་གྱུར། །འདི་ནས་ཉི་མ་ལ། མདུན་དུ་མཚོ་དབུས་ཟངས་མདོག་དཔལ་གྱི་རི། །ཙིཏྟའི་དབྱིབས་ཅན་ཐོག་མཉམ་བརྡལ་བ་ལ། །པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ། །རིན་ཆེན་རང་བཞིན་སུམ་བརྩེགས་འོད་དུ་འབར། །གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་བཀོད་རྫོགས། །བདུད་རྩིའི་རྫིང་བུ་དཔག་བསམ་ལྗོན་པའི་ཤིང་། །མེ་ཏོག་སྣ་ཚོགས་སྐྱེད་ཚལ་ཀུན་ནས་བསྐོར། ཁང་བཟང་སྟེང་མར་རྒྱལ་བ་རིགས་དྲུག་དང་། །བར་དུ་གུ་རུ་ཐོད་ཕྲེང་སྡེ་ལྔ་བཞུགས། །འོག་ཁང་དབུས་སུ་བམ་ཆེན་པད་ཉིའི་སྟེང་། །སྤྲུལ་པའི་གར་བསྒྱུར་རཀྴ་ཐོད་ཕྲེང་རྩལ། །སྨུག་ནག་དབུ་སྐྲ་ཁམ་ནག་སྤྱི་བོར་བཅིངས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་བསྣམས། །བེར་ཕོད་སྨུག་ནག་ཞིང་ཆེན་གཡང་གཞི་གསོལ། །རུས་པའི་རྒྱན་ལྡན་བརྐྱང་བསྐུམ་འགྱིང་སྟབས་བཞུགས། །ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ལྷ་རྣམས་དང་། །དེ་རྒྱབ་གིང་ཆེན་མཁའ་འགྲོ་སྡེ་ལྔའི་ཚོགས། །དཔའ་བོ་རྣལ་འབྱོར་མ་ཚོགས་གར་སྟབས་བསྒྱུར། །འདོད་སྣམ་མཆོད་པའི་ལྷ་མོས་མཆོད་སྤྲིན་འབུལ། །སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དྲེགས་པའི་ཚོགས། །མངོན་སུམ་བཞིན་དུ་ལྷམ་མེར་གསལ་བ་ལ། །མོས་གུས་དྲག་པོས་གསོལ་བཏབ་རྒྱུད་བསྐུལ་ན། །རྔ་ཡབ་གླིང་ནས་ཐུགས་དམ་ཆེན་པོ་ཡིས། །རྨད་བྱུང་ཆོ་འཕྲུལ་ཆེན་པོའི་དགོངས་པས་བྱོན། །ཐུགས་རྗེས་བརྩེར་དགོངས་དབང་སྐུར་བྱིན་བརླབ་གྱུར། །སྤྲོས་བྲལ་བདེ་ཆེན་ལ། ས་ཕྱོགས་སངས་རྒྱས་ཞིང་ཁམས་བཀོད་པའི་དབུས། །པདྨའི་སྡོང་པོ་ཁྲི་འཕང་གསུམ་དང་ལྡན། །ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྒྱས། །ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་འོད་གུར་འཁྲིགས། །ལྷ་རྣམས་ཁྲུས་གསོལ་མེ་ཏོག་ཆར་ཆེན་འབེབ། །ལྷ་མོ་དུ་མས་གླུ་ལེན་མཆོད་སྤྲིན་སྤྲོ། །བྱ་རིགས་སྐད་སྒྲོག་བུང་བས་གླུ་སྙན་ལེན། །པད་སྡོང་སྟེང་མའི་དབུས་སུ་ཀུན་ཏུ་བཟང་། །གཡས་གཡོན་རྡོ་རྗེ་འཆང་དང་རྡོ་རྗེ་སེམས། །མདུན་དུ་ཨིནྡྲ་བྷཱུ་ཏི་རྒྱལ་པོའི་ཆས། །ཏནྟྲ་བཅོ་བརྒྱད་གླེགས་བམ་ཕྱག་ན་བསྣམས། །གཡས་སུ་འཇམ་དཔལ་རྒྱབ་ཏུ་སྤྱན་རས་གཟིགས། །གཡོན་དུ་ཕྱག་རྡོར་དེ་དག་མཐའ་སྐོར་དུ། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་མིའི་རིག་འཛིན། །རིགས་ཅན་དྲྭ་མ་ཚོམ་བུ་བཅས་པས་བསྐོར། །བར་མའི་དབུས་སུ་དགའ་རབ་རྡོ་རྗེ་བཞུགས། །མདུན་དུ་འཇམ་བཤེས་གཡས་སུ་ཤྲཱི་སིངྷ། །གཡོན་དུ་བི་མ་རྒྱབ་ཏུ་སངས་རྒྱས་གསང་། །རིམ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར། །པད་སྡོང་འོག་མར་ཟླ་བའི་དཀྱིལ་འཁོར་ལ། །སངས་རྒྱས་ཀུན་འདུས་གུ་རུ་རྡོ་རྗེ་ཆོས། །མཐིང་ནག་དར་དང་རིན་ཆེན་རུས་པས་བརྒྱན། །རྡོ་རྗེ་དྲིལ་འཛིན་ཕག་མོ་དམར་མོར་འཁྲིལ། །འཇའ་ཟེར་ཀློང་དུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཙོ་བོའི་ཕྱོགས་མཚམས་ཟླ་བའི་དཀྱིལ་འཁོར་སྟེང་། །ཤར་དུ་ཡང་དག་བཛྲ་ཧཱུྃ་ཀཱ་ར། །དཀར་གསལ་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །ལྷོ་རུ་འཇམ་དཔལ་མཉྫུ་མི་ཏྲ་ནི། །དཀར་སྨུག་བེ་ཅོན་སྒྲེང་ཞིང་སྡིགས་མཛུབ་མཛད། །ནུབ་ཏུ་རྟ་མཆོག་ནཱ་གརྫུ་ན་ཆེ། །དམར་སེར་སྤྲུལ་སྐུའི་ཆས་ལྡན་ཆོས་འཆད་མཛད། །བྱང་དུ་རྡོ་རྗེ་གཞོན་ནུ་པྲ་ཧསྟི། །དཀར་ལྗང་ཕྱག་ཤིང་དང་ནི་པུསྟི་འཛིན། །ཤར་ལྷོར་བླ་མེད་དྷ་ན་སཾ་ཀྲྀ་ཏ། །དམར་སྨུག་ཐོད་རྔ་པད་ཕོར་བདུད་རྩིས་བཀང་། །ལྷོ་ནུབ་ཡེ་ཤེས་དྷཱ་ཀི་ཙནྜ་ལཱི། །པད་མདོག་རྡོ་རྗེ་རྩེ་ལྔ་ཚེ་བུམ་འཛིན། །ནུབ་བྱང་དྲེགས་འདུལ་གུ་ཧྱ་ཙནྡྲ་ནི། །དམར་པོ་ཕྱག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་མཛད། །བྱང་ཤར་སྟོབས་ལྡན་ཤཱིནྟཾ་གརྦྷ་ཆེ། །དམར་སྨུག་འཁོར་ལོ་གསོར་ཞིང་གྲི་གུག་གདེངས། །སྙན་ཞུ་ཕོད་ཀ་ཆོས་གོས་རུས་རྒྱན་གསོལ། །ཕྱི་ལྟར་བྱང་སེམས་ནང་ལྟར་རིག་འཛིན་བརྒྱད། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་རྫོགས། །སྟེང་འོག་བར་མཚམས་བརྒྱུད་གསུམ་རིག་འཛིན་དང་། །དཔའ་བོ་གིང་ཆེན་མཁའ་འགྲོ་དམ་ཅན་ཚོགས། །འཇའ་ཟེར་མེ་འོད་ཀློང་ན་གསལ་བར་བཞུགས། །ལྷོ་ནུབ་རྔ་ཡབ་ལ། མདུན་མཁར་རབ་ཏུ་རྒྱས་པའི་པད་སྡོང་རྩེར། །འདབ་བརྒྱད་གཉིས་བརྩེགས་ཉི་ཟླའི་གདན་བཀོད་པའི། །དབུས་སུ་དཀོན་མཆོག་ཀུན་འདུས་གུ་རུ་རྗེ། །ཡིད་བཞིན་ནོར་བུ་བདེ་བ་ཆེན་པོའི་ཚུལ། །དཀར་དམར་ཞི་འཛུམ་སྤྱན་ཟླུམ་ལྟ་སྟངས་གཟིགས། །ཕྱག་གཉིས་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས། །པདྨའི་མཉེན་ཞུ་གསང་གོས་ཕོད་ཀ་དང་། །ཆོས་གོས་བེར་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཆོས་སྐུ་གསང་བ་འདུས་པ་ཉིད། །ཕྱོགས་བཞིར་བུདྡྷ་རཏྣ་པདྨ་དང་། །ཀརྨ་ཐོད་ཕྲེང་རང་འོད་ཡུམ་དང་འཁྲིལ། །ལོངས་སྤྱོད་ཆས་རྫོགས་རང་རྟགས་ཕྱག་མཚན་བསྣམས། །ཤར་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་དཀར། །རྡོ་རྗེ་ཐོད་ཞལ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །ལྷོ་རུ་པདྨ་རྒྱལ་པོ་དམར་མདངས་བརྗིད། །རྒྱལ་པོའི་ཆས་ལྡན་ནོར་བུ་གསེར་འཁོར་བསྣམས། །ནུབ་ཏུ་ཤཱནྟ་རཀྵི་དམར་སྨུག་མདངས། ཁ་ཊྭཱཾ་ཐོད་འཛིན་བརྟུལ་ཞུགས་སྤྱོད་པའི་ཆས། །བྱང་དུ་ཤཱཀ་སེང་བློ་ལྡན་མཆོག་སྲེད་ནི། །གསེར་མདོག་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཆས། །དེ་རྒྱབ་ཤར་དུ་པད་འབྱུང་དཀར་དམར་མདངས། །ལྷ་ལྕམ་ཡུམ་འཁྲིལ་རྡོ་རྗེ་ཚེ་བུམ་འཛིན། །ལྷོ་རུ་པདྨ་བཛྲ་ཁྲོ་ཆགས་ཉམས། །རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་དང་སྦྱོར། །ནུབ་ཏུ་སེང་གེ་སྒྲ་སྒྲོག་ནམ་མཁའི་མདོག ཁྲོ་བོའི་ཆས་རྫོགས་རྡོ་རྗེ་སྡིགས་མཛུབ་སྒྲེང་། །བྱང་དུ་གུ་རུ་མཁའ་ལྡིང་མཐིང་གསལ་མདོག །རིན་ཆེན་རུས་རྒྱན་རྡོར་དྲིལ་སྡིགས་མཛུབ་འཕྱར། །ཤར་ལྷོར་ཉི་མ་འོད་ཟེར་ལི་ཁྲིའི་མདོག །ཁ་ཊྭཱཾ་ཉི་ཟེར་བསྣམས་ཤིང་ཐོད་ཆང་རོལ། །ལྷོ་ནུབ་རྡོ་རྗེ་ཐོད་ཕྲེང་དཀར་དམར་མདངས། །རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན། །ནུབ་བྱང་པདྨ་སཾ་བྷ་དཀར་དམར་མདངས། །རྡོ་རྗེ་ཐོད་བསྣམས་པཎྜི་ཏ་ཡི་ཆས། །བྱང་ཤར་རྡོ་རྗེ་གྲོ་ལོད་དམར་སྨུག་གཏུམ། །རྡོ་རྗེ་ཕུར་གདེངས་འཆོལ་བའི་ཁྲོ་ཆས་བརྗིད། །ཡེ་ཤེས་རོལ་པའི་དཀྱིལ་འཁོར་སྣ་ཚོགས་པ། །གང་འདུལ་སྐུར་སྟོན་མངོན་སུམ་ལྷམ་མེར་བཞུགས། །སིནྡྷུ་རྒྱ་མཚོ་ཆུང་བ་ལ། སྣོད་བཅུད་རང་བྱུང་འོད་གསལ་འཇའ་ཟེར་འཁྲིགས། །མདུན་མཁར་པདྨའི་ལྟེ་བར་ཟླ་གདན་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་གཅིག་ཏུ་འདུས་པའི་དཔལ། །མ་ཧཱ་གུ་རུ་པདྨ་འབྱུང་གནས་ནི། །དཀར་དམར་མདངས་ལྡན་ཞི་འཛུམ་སྒེག་པའི་ཉམས། །དབུ་ལ་པདྨ་མཐོང་གྲོལ་མེ་ལོང་དང་། །གསེར་གྱི་རྡོ་རྗེ་རྒོད་ཀྱི་ལྡེམ་འཕྲུས་སྤྲས། །སྐུ་ལ་གསང་གོས་ཕོད་ཀ་མཐིང་ནག་སྟེང་། །ཆོས་གོས་རྣམ་གསུམ་ཟ་འོག་བེར་ཆེན་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་བདུད་རྩིའི་ཀ་པཱ་ལ། །ཚེ་བུམ་པདྨའི་ཁ་རྒྱན་མཛེས་པ་བསྣམས། །གྲུབ་མོ་གཡོན་དུ་ཁ་ཊྭཱཾ་རྩེ་མོ་གསུམ། །ཌཱ་དྲིལ་སྟག་རས་དར་དཔྱང་བརྒྱན་པ་འཆང་། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །སྐུ་ཡི་རང་བཞིན་སངས་རྒྱས་ཞིང་ཀུན་ཁྱབ། །གསུང་ནི་མི་ཤིགས་ཆོས་དབྱངས་རྟག་ཏུ་སྒྲོག །ཡེ་ཤེས་ཐུགས་དགོངས་གདུལ་བྱའི་ཡུལ་ལ་འཇུག །ཡོན་ཏན་བསམ་ཡས་ཕྲིན་ལས་ལྷུན་གྱིས་གྲུབ། །སྐྱབས་གནས་ཡོངས་སུ་འདུས་པའི་སྐུ་རུ་གསལ། །བསམ་པ་ལྷུན་གྲུབ་ལ། མདུན་མཁར་འཇའ་སྤྲིན་ཁ་དོག་ལྔ་ལྡན་གྱིས། །བཏེགས་པའི་རིན་ཆེན་གཞལ་ཡས་རྒྱན་བཀོད་རྫོགས། །འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས། །ཡིད་འོང་པདྨ་འདབ་བརྒྱད་འདབ་བཞི་བརྩེགས། །དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་ཁྲིར། །གུ་རུ་ཆེ་མཆོག་སྨུག་ནག་བརྗིད་པའི་ཉམས། །ཕྱག་གཡས་ཐོད་འཁར་གཡོན་པས་བནྡྷ་བསྣམས། །དེ་ཡི་སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དབུས། །བླ་མ་བདེ་བ་ཆེན་པོ་དཀར་དམར་མདངས། །སྤྱན་ཟུང་ལྟ་སྟངས་བདེ་སྟོང་དབྱིངས་སུ་གཟིགས། །ཕྱག་གཉིས་མཉམ་གཞག་ཐོད་ཞལ་བདུད་རྩི་ཡིས། །བཀང་བའི་རྦ་རླབས་བཾ་ཡིག་དཀར་པོས་མཚན། །དབུ་ལ་ཤེ་འུའི་སྙན་ཞུ་བརྗིད་ལྡན་གསོལ། །གསང་ཕོད་ཆོས་གོས་ཟ་འོག་བེར་ཆེན་བཀླུབས། །རྡོ་རྗེ་སྐྱིལ་ཀྲུང་འཇའ་ཟེར་ཀློང་ན་བཞུགས། །མཚན་ཙམ་ཐོས་པས་བསམ་པ་ལྷུན་གྱིས་གྲུབ། །བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་ཆེན་པོར་གསལ། །དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ། །ཤར་དུ་གུ་རུ་སྨན་རྒྱལ་བཻ་ཌཱུའི་མདོག །གཡས་གཡོན་སྨན་རྐྱལ་བདུད་རྩིའི་བནྡྷ་བསྣམས། །ལྷོ་རུ་གུ་རུ་ནོར་ལྷ་གསེར་གྱི་མདོག །གཡས་གཡོན་རིན་ཆེན་འདོད་འབྱུང་ཐོད་པ་བསྣམས། །ནུབ་ཏུ་གུ་རུ་ཡི་དམ་རཱ་གའི་མདོག །ཕྱག་གཡོན་པདྨ་གཡོན་པས་གཏེར་སྒྲོམ་བསྣམས། །བྱང་དུ་གུ་རུ་རེ་སྐོང་མརྒད་མདོག །གཡས་གཡོན་བ་དན་འཕྱར་ཞིང་ཕུར་པ་གདེངས། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ཀྱི། །ཤར་དུ་གུ་རུ་གིང་ཆེན་དཀར་གསལ་མདོག །གཡས་གཡོན་ཌཱ་རུ་བནྡྷ་བདུད་རྩིས་བཀང་། །ལྷོ་རུ་གུ་རུ་འབྱུང་བཞིར་དབང་སྒྱུར་མཐིང་། །བུམ་པ་རི་རབ་མེ་དཔུང་རླུང་ཞགས་བསྣམས། །ནུབ་ཏུ་གུ་རུ་མ་རུངས་སྐྲོད་མཛད་དམར། །ལྕགས་ཀྱུ་ཞགས་གདེངས་ལྕགས་སྒྲོག་དྲིལ་བུ་འཁྲོལ། །བྱང་དུ་གུ་རུ་རྡོ་རྗེའི་གོ་ཆ་སེར། །ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་འཛིན། །ཤར་ལྷོར་གུ་རུ་འཆི་བའི་འཇིགས་སྐྱོབ་དམར། །གཡས་གཡོན་སྐྱབས་སྦྱིན་བདུད་རྩིའི་ལྷུང་བཟེད་བསྣམས། །ལྷོ་ནུབ་གུ་རུ་བར་དོའི་འཁྲུལ་འཇོམས་དམར། །རྡོ་རྗེ་མེ་ལོང་རྨ་བྱའི་མདོངས་སྒྲོ་བསྣམས། །ནུབ་བྱང་སྐྱེ་བ་སྦྱོང་མཛད་དམར་ལྗང་མདོག །གཡས་གཡོན་གྲི་གུག་ཐོད་པའི་བདུད་རྩི་འཛིན། །བྱང་ཤར་འགྲོ་དྲུག་ཀུན་སྐྱོབ་དཀར་ལྗང་མདོག །རྡོ་རྗེ་རྩེ་དགུ་ཁ་ཊྭཱཾ་འཁར་བ་མཛད། །ཀུན་ཀྱང་པདྨའི་ཞྭ་མནབས་གསང་གོས་སྟེང་། །ཕོད་ཆེན་མཐིང་ག་ཆོས་གོས་དམར་པོ་གསོལ། །ཞབས་གཉིས་བཞེངས་སྟབས་སྤྲུལ་པའི་འཁོར་ཚོགས་བཅས། །དངོས་གྲུབ་ཆར་འབེབ་གཟི་བྱིན་ལམ་མེར་བཞུགས། །བར་ཆད་ལམ་སེལ་སྐབས། རང་མདུན་མཁའ་དབྱིངས་འཇའ་སྤྲིན་འཁྲིགས་པའི་ཀློང་། །རིན་ཆེན་གཞལ་ཡས་མཚན་ཉིད་ཡོངས་རྫོགས་དབུས། །པདྨ་འདབ་བརྒྱད་འདབ་བཞི་བརྩེགས་པའི་ལྟེར། །སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་ཁྲོ་འཛུམ་པད་ཞྭ་མནབས། །གསང་ཕོད་ཆོས་གོས་བེར་ཕྱམ་བརྗིད་པར་བཀླུབས། །ཕྱག་གཡས་སྡིགས་མཛུབ་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པས་མཉམ་གཞག་ཐོད་ཞལ་ཚེ་བུམ་འཛིན། །གསང་ཡུམ་ཁ་ཊྭཱཾ་ཚུལ་གྱིས་མཆན་གཡོན་བརྟེན། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །སྤྱི་བོར་ལོངས་སྐུ་སྤྱན་རས་གཟིགས་དབང་དཀར། །ཐལ་སྦྱར་ཤེལ་ཕྲེང་པད་འཛིན་ལོངས་སྐུའི་ཆས། །དེ་སྟེང་ཆོས་སྐུ་ཚེ་འོད་དཔག་མེད་དམར། །མཉམ་གཞག་ཚེ་བུམ་དར་དང་རིན་ཆེན་བརྒྱན། །ཕྱི་རོལ་འདབ་བཞི་ཤར་ནས་གཡས་སྐོར་དུ། །རྒྱལ་བའི་གདུང་འཛིན་དཀར་གསལ་རུས་རྒྱན་ཅན། །རལ་གྲི་ལྕགས་ཀྱུ་གདེངས་ཤིང་བརྐྱང་བསྐུམ་བཞེངས། །སྨྲ་བའི་སེང་གེ་མདོག་དཀར་པཎ་ཆེན་ཆས། །ཆོས་འཆད་ཕྱག་རྒྱ་ཨུཏྤལ་པུསྟི་བཏེགས། །སྐྱེས་མཆོག་ཚུལ་བཟང་གསེར་མདོག་པཎ་ཞུ་དང་། །ཆོས་གོས་གསུམ་གསོལ་རྡོ་རྗེ་སྒྲོམ་བུ་འཛིན། །བདུད་ཀྱི་གཤེད་ཆེན་དཀར་སྨུག་ཕུར་པའི་ཕྱག །པད་ཞྭ་ཕོད་མཐིང་ཆོས་གོས་གསོལ་ནས་འགྱིངས། །འདབ་བརྒྱད་ཤར་ནས་བཟུང་སྟེ་ཕྱོགས་མཚམས་སུ། །འཛམ་གླིང་རྒྱན་མཆོག་མདོག་མཐིང་ལས་བསྙེན་ཕུར། །བསྒྲིལ་འཆང་བེར་ཆེན་རུས་རྒྱན་འདོར་སྟབས་བཞེངས། །པད་འབྱུང་མཐིང་གསལ་ཡུམ་འཁྲིལ་རྡོར་དྲིལ་འཛིན། །དར་དང་རིན་ཆེན་རུས་བརྒྱན་སྐྱིལ་ཀྲུང་བཞུགས། ཁྱད་འཕགས་དཀར་གསལ་རྡོ་རྗེ་ཁ་ཊྭཱཾ་བསྣམས། །བཞེངས་སྟབས་པད་ཞྭ་བེར་མཐིང་ཆོས་གོས་བཀླུབས། །རྫུ་འཕྲུལ་མཐུ་ཆེན་དམར་སྨུག་འཆོལ་བའི་ཆས། །རྡོ་རྗེ་ཕུར་གདེངས་སྟག་གི་གདན་ལ་འགྱིངས། །རྡོ་རྗེ་དྲག་རྩལ་དམར་ནག་ཕག་མོ་འཁྲིལ། །རྡོ་རྗེ་ལྕགས་སྡིག་འཛིན་ཅིང་ཁྲོ་ཆས་རྫོགས། །སྐལ་ལྡན་འདྲེན་མཛད་མཐིང་ནག་ཡུམ་དང་འཁྲིལ། །རྡོ་རྗེ་དུང་ཁྲག་འཛིན་ཅིང་དཔལ་གྱི་ཆས། །རཀྴ་ཐོད་ཕྲེང་སྨུག་ནག་ཡུམ་ལ་འཁྱུད། །དུར་ཁྲོད་ཆས་གསོལ་རྡོ་རྗེ་དུང་ཁྲག་འཛིན། །བདེ་ཆེན་རྒྱལ་པོ་དམར་གསལ་ཡུམ་དང་འཁྲིལ། །རྡོ་རྗེ་དྲིལ་འཛིན་རྒྱན་ལྡན་བརྐྱང་བསྐུམ་གར། །སྒོ་བཞིར་དཔའ་བོ་རིགས་བཞི་ཡུམ་དང་བཅས། །བར་མཚམས་རྩ་གསུམ་ཆོས་སྐྱོང་སྤྲིན་ལྟར་གཏིབས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ་རུ་གསལ། །མཐར་དབང་ལེན་པ་ནི། འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །གཙོ་བོའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿལས། །འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པ་རྣམས། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་བྱང་ལམ་བཞི་བསྒོམ་ལ་དབང་། །འབྲས་བུ་སྐུ་བཞི་ཐོབ་པའི་སྐལ་ཅན་བྱས། །བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་གྱུར། །ཅེས་རྒྱས་པར་ཐུབ་ན་གསོལ་འདེབས་རེ་རེའི་གཤམ་དབང་ལེན་འདི་ཚར་རེ་སྦྱར་ནས་གསོལ་འདེབས་ཕྱི་མའི་རྟེན་བསྐྱེད་ལ་འཇུག །དེ་ཙམ་མི་འགྲུབ་ན་ཐམས་ཅད་ཚར་བའི་རྗེས་སུ་དབང་ལེན་འདི་ཙམ་མམ། རྒྱས་པར་གྲུབ་ན་རིག་འཛིན་ཡོངས་འདུས་ལས་བྱུང་བ་འདི་ལྟར་བྱ་སྟེ། མདུན་བསྐྱེད་གུ་རུ་དངོས་སུ་གསལ་བ་ཡི། །དཔྲལ་བར་ཟླ་སྟེང་ཨོཾ་ལས་འོད་དཀར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་ཡི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་དཔྲལ་བའི་ཨོཾ་ལ་ཐིམ། །འོད་ཟེར་དཀར་པོས་ལུས་གང་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྣང་སྟོང་སྒྱུ་མ་ཡེ་ཤེས་སྐུ་རུ་གྱུར། །ཞེས་མོས་ལ་སྙིང་པོ་ཡིད་བཟླས་བྱ་ཞིང་རླུང་བཟུང་། མ་ཐུབ་ན་རླུང་བཏང་བས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་སྟོང་གསལ་ནམ་མཁའི་དབྱིངས་སུ་སངས་ཀྱིས་དག་པར་བསམས་ཏེ་ཡང་དག་པའི་དོན་ལ་ལྟ་བ་ཕྱི་མ་གཉིས་ལ་འགྲེའོ། །མགྲིན་པར་པད་སྟེང་ཨཱཿལས་འོད་དམར་འཕྲོས། །རྒྱལ་བ་ཀུན་མཆོད་གསུང་གི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་མགྲིན་པའི་ཨཱཿལ་ཐིམ། །འོད་དམར་རྩ་ཡིག་ཀུན་གང་ངག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ་རུ་གྱུར། །སྔགས་རླུང་འཛིན་གཏོང་སྐབས་གསུང་གི་དམ་ཚིག་ཉམས་ཆག་དག །ཐུགས་ཀར་ཉི་སྟེང་ཧཱུྃ་ལས་འོད་མཐིང་འཕྲོས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་བྱིན་རླབས་བསྡུས། །ལྷན་ཅིག་བདག་གི་སྙིང་གའི་ཧཱུྃ་ལ་ཐིམ། །འོད་ཟེར་སྔོན་པོས་ཁམས་གང་ཡིད་སྒྲིབ་དག །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །རིག་སྟོང་འགྱུར་མེད་བདེ་ཆེན་ཐུགས་སུ་གྱུར། སྔགས་རླུང་འཛིན་གཏོང་སྐབས་ཐུགས་ཀྱི་དམ་ཚིག་ཉམས་ཆག་དག །སླར་ཡང་མདུན་གྱི་བླ་མའི་གནས་གསུམ་ལས། །རང་འདྲའི་བླ་མ་སྤྲོས་ནས་བདག་ཉིད་ཀྱི། །གནས་གསུམ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས། །ཡེ་ཤེས་སྙིང་པོ་མཆོག་ཏུ་མཉམ་སྦྱར་པས། །ཤེས་བྱའི་སྒྲིབ་སྦྱངས་བཞི་པའི་དབང་ཐོབ་པས། །སྒོ་གསུམ་དྭངས་མ་ཡེ་ཤེས་དངོས་སུ་གྱུར། །རིགས་གསུམ་གསལ་བ་མངོན་སུམ་སྙིང་གར་བསྒོམ། །སྤྲོས་མེད་ཡེ་ཤེས་ཐིག་ལེ་ཉིད་ལ་བལྟ། །ཞེས་བརྗོད་ཅིང་སྙིང་པོ་ཡིད་བཟླས་བྱས་ལ་མཉམ་པར་བཞག །སངས་རྒྱས་གཉིས་པ་སྔགས་ཀྱི་སྟོན་པ་གུ་རུ་པདྨའི་སྒྲུབ་ཐབས་རྣམ་གྲངས་མང་ཡང་གཙོ་བོར་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ། ནང་ཡི་དམ་ལྷར་གནས་བསྒྱུར་གྱི་སྒྲུབ་པ། གསང་བ་ལུས་དཀྱིལ་རླུང་བཟླས་སྤྲོ་བསྡུ་སོགས་ཀྱིས་ལས་ལ་སྦྱོར་བའི་ཚུལ་གྲགས་ཆེ་ཞིང་། བྱང་གཏེར་ལེའུ་བདུན་མ་འདིའང་ཕྱི་གསོལ་འདེབས་དང་། འདིའི་གཞུང་དངོས་པཎ་ཆེན་སྐུ་མཆེད་ཀྱི་གཏེར་བྱོན་བཀའ་བརྒྱད་ཡོངས་འདུས་ཉིད་ཡིན་ལ། དེ་ལས་ཀྱང་གསོལ་འདེབས་རྣམས་ཕྱི་ལྟར་བསྙེན་པར་བཤད་ཅིང་། རྟེན་བསྐྱེད་ཀྱང་གཅིག་བསྡུས་ནོར་བུ་ལུགས་ཁོ་ནར་གསུངས་པ་རྡོར་སྨིན་རྣམས་ཀྱི་ཆོས་སྤྱོད་གྲལ་དུའང་ཐོག་མར་རྟེན་བསྐྱེད་མདོར་བསྡུས་ཙམ་ལས་མེད་ཅིང་གསོལ་འདེབས་ཉིད་དབྱངས་སོགས་སྤྲོས་པ་ཆེ་བར་མཛད་པ་ནི་དོན་དང་མཐུན། ཕྱོགས་འདིར་གསོལ་འདེབས་འདི་ཉིད་དར་སྲོལ་ཤིན་ཏུ་ཆེ་རུང་རྟེན་བསྐྱེད་སོགས་ལ་ངེས་པ་མེད་པ་ཕལ་ཆེར་ནི་ནེ་ཙོའི་ཡིག་དྲུག་ལྟར་སྣང་བ་དང་། ཡོངས་འདུས་ནི་དཔེ་ཙམ་ཡང་མ་མཐོང་བ་མང་ཞིང་། འདི་ནས་ནང་སྒྲུབ་ཀྱི་དཀྱིལ་འཁོར་རྣམས་གསོལ་འདེབས་དང་མཐུན་པའི་ལྷའི་དཀྱིལ་འཁོར་བཀོད་པར་སྣང་བས། ངོ་བོ་གུ་རུ་རིན་པོ་ཆེ་ཉིད་རྣམ་པ་ཡི་དམ་སོ་སོར་བསྒྱུར་ནས་དམིགས་པ་གཏད་ན་ལས་དང་དངོས་གྲུབ་ལྷག་པར་མྱུར་བ་གཏེར་ཁ་གཞན་དུ་ཆེད་དུ་བསྔགས་པ་ལྟར། བློ་དམན་དད་ལྡན་ལ་ཕན་པའི་སེམས་ཀྱིས་དམིགས་རིམ་གསོལ་འདེབས་ཀྱི་ཚིག་དང་མཐུན་པ་ཡོངས་འདུས་རྩ་བ་དང་གཏེར་ཁ་ཚད་ལྡན་གཞན་ལས་བླངས་ཏེ་འདུས་གསལ་དུ་བཀོད་པ་ཡིན། གསོལ་འདེབས་ཚིག་ཙམ་བརྒྱ་སྟོང་དུ་མ་འདོན་ཀྱང་བྱིན་རླབས་འཇུག་པར་མི་འགྱུར། གསོལ་འདེབས་ཀྱི་རྩ་བ་ཡོངས་འདུས་ཁོ་ན་ཡིན་པས་རྩ་བའི་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་པ་ལ་འདི་ཕྱི་ཀུན་ཏུ་ཅི་མཛད་ཁྱེད་མཁྱེན་གྱི་བློ་རྩེ་གཅིག་ཏུ་བཀལ་ནས་སྙིང་ཐག་པ་ནས་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ཚར་གཅིག་བགྱིས་ཀྱང་བྱིན་རླབས་རྒྱུད་ལ་འཇུག་པར་འགྱུར་བ་ཐེ་ཚོམ་མ་མཆིས་སོ། །གསོལ་འདེབས་གཞུང་དང་བསམ་པ་ལྷུན་གྲུབ་གཉིས་གཏེར་གནས་མི་གཅིག་པས་བསམ་ལྷུན་ལེའུ་བདུན་གྱི་གྲངས་སུ་བརྩི་མི་ལོ་སྐད་དང་། སྤྱི་ཙམ་དུ་བཀའ་བསྩལ་པའི་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་ཞུ་བ་པོ་རྣམ་ལྔ་ལ་སོ་སོར་གནང་བ་ལྔ་བཅས་ལེའུ་དྲུག་ལས་མེད་པས། བདུན་པ་ང་ཡི་རྗེས་འཇུག་སོགས་གསོལ་འདེབས་འདོན་ཚུལ་གསུངས་པ་ཉིད་ཚིག་བསྒྱུར་ནས་ཁ་བསྐངས་ཏེ་ལེའུ་བདུན་དུ་བཤད་པ་ལ་ནི་དགོས་པ་ཅི་ཡང་མེད་དེ། མང་ལམ་བཟང་པོ་གྲགས་པའི་ཤོག་སེར་རྣམས་རིག་འཛིན་རྒོད་ལྡེམས་ཅན་གྱིས་གཏན་ལ་ཕབ་པའི་སྐབས་གསོལ་འདེབས་ཚན་བདུན་པོ་དཀྱུས་གཅིག་ཏུ་བཀོད་ནས་དཔེ་ཆའི་རྒྱབ་བྱང་དུ། གསོལ་འདེབས་ལེའུ་བདུན་མ་བཞུགས་སོ་ཞེས་བྲིས་པ་འདིའི་རྒྱུ་མཚན་ནི། ལྷ་སྲས་ཀྱི་ཞལ་ནས། བུ་གུང་ཐང་རྒྱལ་པོ་ལ་གསུངས་པ་དེ། །ཉིན་གུང་བྲེལ་བ་སྤོངས་ལ་གསོལ་བ་ཐོབ། །ཅེས་ལེའུ་བདུན་གྱི་གྲངས་སུ་གསལ་བར་བསྟན་པ་མཐོང་བཞིན་གཞན་དུ་སྨྲ་བ་པོ་ནི། ལོག་པར་རྟོག་པ་ཡིན་པས་རྗེས་སུ་འབྲང་བར་མི་བྱའོ། །འདིས་བྱུང་རྣམ་དཀར་ཕྲ་མོའི་ཆ་མཆིས་ན། །འབྲེལ་ཚད་གུ་རུའི་ཐུགས་རྗེའི་ལྕགས་ཀྱུས་ཟིན། །རྡོ་རྗེ་རྩེ་མོའི་ས་མཆོག་རབ་བགྲོད་དེ། །འཁོར་བའི་རྒྱ་མཚོ་ཆེན་པོ་སྐེམ་བྱེད་ཤོག །ཅེས་བློ་དམན་ཁ་ཏོན་ལ་བརྩོན་པ་རྣམས་ལ་ཕན་འདོད་སེམས་ཀྱིས་ཀུན་ནས་བསླངས་ཏེ། རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རང་ལོ་བརྒྱད་ཅུ་གྱ་བདུན་པ་ལ་སྨྲས་པའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).