Terdzo-CA-026



Property "author" has been marked for restricted use.








Terdzo-CA-026.pdf
Click the picture above to view the Shechen manuscript.

རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། དབང་གི་ཆོ་ག་ཚེ་དབང་དང་བཅས་པ་འཆི་མེད་ཡེ་ཤེས་ཆུ་རྒྱུན་

rtsa gsum spyi 'dus snying thig las/_dbang gi cho ga tshe dbang dang bcas pa 'chi med ye shes chu rgyun

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  རྩ་གསུམ་སྤྱི་འདུས་སྙིང་ཏིག་ (Rtsa gsum spyi 'dus snying tig)
Volume 5 (ཅ) / Pages 501-526 / Folios 1a1 to 13b5

[edit]

༄༅། །རྩ་གསུམ་སྤྱི་འདུས་སྙིང་ཐིག་ལས། དབང་གི་ཆོ་ག་ཚེ་དབང་དང་བཅས་པ་འཆི་མེད་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་པྲ་བྷཱ་ཛཱ་ལཱ་ཡ། རང་བྱུང་གདོད་མའི་སངས་རྒྱས་རྡོ་རྗེའི་སྐུ །སྲིད་ཞིའི་ཁྱབ་བདག་པདྨ་འོད་འབར་དང་། །དབྱེར་མེད་ཀུན་མཁྱེན་མདོ་སྔགས་གླིང་པའི་ཞབས། །སྤྱི་བོར་རྟག་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །སྤྱི་འདུས་བཀའ་སྲོལ་གསུམ་པ་ནི། །ངོ་མཚར་སྙིང་པོའི་བཅུད་འདྲིལ་བ། །བྱ་སླ་ཁྱེར་བདེའི་སྨིན་བྱེད་ཀྱི། །ཆོ་ག་ཕྱག་བཞེས་ཇི་བཞིན་དགོད། །ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་སྐལ་བ་དང་ལྡན་པའི་རྒྱུད་ལ་སྨིན་བྱེད་ཀྱི་ས་བོན་གདབ་པ་ལ་དོན་གསུམ། སྦྱོར་བ་གཤོམ་དང་དབང་སྒྲུབ། དངོས་གཞི་དབང་གི་ཆོ་ག །རྗེས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་བཅས་གཤོམ་ནི། དཀྱིལ་འཁོར་གཞུང་མཐུན་སྒོ་རྫོགས་ཅན་གྱི་རས་བྲིས་སམ། མེད་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་བོ་གསུམ། སྒོ་བ་བཞི་བཅས་ལྷ་གྲངས་བཀོད་པའི་སྟེང་ཁྲིའུར་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། མདུན་དུ་ཚེ་དཔག་མེད་ཞི་དྲག་སེང་གསུམ་དང་བཅས་པའི་ལྷ་ཙཀ་བཞི། གཡས་སུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ། གཡོན་དུ་ཤེལ་རྡོ་རིག་ཙཀ་དབང་ཕྲེང་། རྒྱབ་ཏུ་ཚེ་འབྲང་དང་ཚེ་རིལ་ཚེ་ཆང་མདའ་དར་རྣམས་བཀོད། མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་ཕྲེང་ཚར་གང་བདེ་བྱ། གཞན་ཡང་ལས་བུམ། མིག་དར་མེ་ཏོག །སྔོན་གཏོར་ཚོགས་ཀྱི་ཡོ་བྱད་རྗེས་འབྲེལ་བཅས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །དེ་ནས་ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས་ཕྲིན་ལས་ཡེ་ཤེས་ལམ་བཟང་ལྟར་སྐྱབས་སེམས་ལན་གསུམ་དང་། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ་བཀའ་བསྒོ་ནས་བརྩམ་སྔོན་འགྲོ་ལྔ་དང་། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པ་ཡན་སོང་ནས། དབང་དོན་དུ་ཛཔ྄་ཁང་དབྱེ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་བྷྱོ་ཕཊ་ཛཿ ཞེས་པས་བདག་བསྐྱེད་ལས་མདུན་རྟེན་གྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་ཕྱེས་ལ། བདག་མདུན་གཉིས་ཀར་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་བཟླས་པ་བྱ། དེའང་ཞི་དྲག་སེང་གསུམ་བསྙེན་སྒྲུབ་ལས་སྦྱོར་གྱི་ཚུལ་དུ་བསྙེན་ནས་ཞི་བསྙེན་གྱི་བཞི་ཆ་དྲག་པོ། དེའི་བཞི་ཆ་ཙམ་མཁའ་འགྲོ་ལ་དུས་བསྙེན་དུ་གསུངས་པ་ཡིན་འདུག་ཀྱང་དབང་གི་སྐབས་འདིར་ཆ་སྙོམས་བཟླས་པས་འཐུས། ལས་བཞིའི་ཤམ་འདོགས་འཕྲོས། བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་པ་གསལ་འདེབས་སྤྱི་རྒྱུག་བྱས་ནས་གཟུངས་ཐག་བླངས་ལ་སྙིང་པོ་གསུམ་བཟླ། སྐབས་འདིར་ཚེ་དབང་གི་ཆེད་སོགས་ཚེ་སྒྲུབ་སྦྲེལ་ན། ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཟླའི་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱི༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་ཟེར་དཔག་ཡས་མཁའ་ཁྱབ་ཀུན་ཏུ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འཁོར་འདས་དྭངས་བཅུད་བདུད་རྩིའི་རྣམ་པར་བསྡུས༔ ཐུགས་སྲོག་ལ་ཐིམ་བྱིན་རླབས་ནུས་སྟོབས་འབར༔ འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་ཅི་འགྲུབ་བཟླས་པའི་མཐར་ཚེ་འགུགས་ནི། མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་དྲྭ་བའི་ཞིང་ཁམས་ནས༔ ཚེ་དཔག་མེད་མགོན་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་ཡེ་ཤེས་སྐྱེད༔ འོད་ཟེར་ལྕགས་ཀྱུ་ཕོ་ཉ་མགྱོགས་མའི་ཚོགས༔ ཉི་ཟེར་རྡུལ་ལྟར་སྲིད་ཞི་ཁྱབ་པར་སྤྲོས༔ རྣལ་འབྱོར་བདག་གི་བླ་ཚེ་ཆད་ཉམས་དང༔ སྡེ་བརྒྱད་འབྱུང་པོས་འཕྲོག་པ་ཐམས་ཅད་ཁུག༔ ས་ཆུ་མེ་རླུང་འབྱུང་བའི་དྭངས་བཅུད་སྡུས༔ སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་ཤེས་རབ་དང༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་བཅུད༔ སྙིང་དབུས་མི་ཤིགས་དྭངས་མའི་སྲོག་ལ་སྟིམས༔ སྒྲུབ་པའི་དམ་རྫས་ཡེ་ཤེས་བདུད་རྩིར་སྐྱིལ༔ བླ་སྲོག་དབང་ཐང་ཡར་བ་རང་སོར་ཚུད༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ་བཅུད་སྤེལ༔ འཆི་མེད་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་སྙིང་པོ་བརྗོད། དབྱངས་གསལ་སོགས་ཀྱིས་ལྷག་ཆད་བསྐང་ཞིང་བརྟན་པར་བྱས་ནས། ཆེ་བསྐྱེད་མཆོད་བསྟོད་དགོངས་པའི་གདིང་བཟུང་ཞིང་། གཏེར་སྲུང་གཏོར་འབུལ་སྤྱི་འགྲོ་ཙམ་དང་། ཚོགས་བྱིན་རླབས་ནས་སྐོང་བའི་བར་དུ་བཏང་ལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་གདབ། ཆོས་བཤད་བྱེ་བྲག །དེའང་ཁྱབ་བདག་བདེ་ཆེན་ཆོས་ཀྱི་སྐུ་མགོན་པོ་འོད་མི་འགྱུར་བ་ཉིད་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པ་རིགས་ལྔ་གངས་ཆེན་མཚོའི་སྐུར་བསྟན་ནས་ཞིང་དང་སྐུའི་བཀོད་པ་འབྱམས་ཀླས་སུ་སྣང་བར་མཛད་པ་ལས། ཐུགས་རྗེའི་རང་རྩལ་སྤྲུལ་པའི་སྐུ་འཆི་མེད་པདྨ་ཐོད་ཕྲེང་རྩལ་དུ་རྣམ་པར་རོལ་པས་མི་མཇེད་ཀྱི་འགྲོ་བ་སྤྱི་དང་། ཁྱད་པར་རྩོད་ལྡན་གྱི་དུས་སྙིགས་མའི་མཐར་ཐུག་པའི་མི་དང་མི་མ་ཡིན་ཤིན་ཏུ་གདུལ་དཀའ་བ་རྣམས་འདུལ་བའི་ཐབས་མཁས་སྒྱུ་འཕྲུལ་ཆེན་པོའི་རོལ་གར་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས། རྫོགས་པའི་སངས་རྒྱས་སྐུ་དངོས་ཀྱིས་གདུལ་བྱར་མ་གྱུར་པའི་མུན་གླིང་བོད་ཀྱི་རྒྱལ་ཁམས་འདུལ་བའི་དུས་ལ་སོན་པའི་ཚེ་འཇམ་དཔལ་དབྱངས་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་པ་ལྟར་ཕྱག་ཕེབ། ལྷ་སྲིན་མ་རུངས་པ་ཐམས་ཅད་བཏུལ། སྐུ་གསུང་ཐུགས་ཀྱི་རྟེན་ཡོངས་རྫོགས་བཀོད་ནས་བསྟན་པ་འཕགས་ཡུལ་ལས་ཀྱང་ཆེས་གསལ་བར་མཛད་པའི་སྐབས་སུ། སྐལ་ལྡན་རྗེ་འབངས་འདུས་པའི་ཚོགས་རྣམས་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་ལ་རྒྱ་ཆེ་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་བརྗོད་ལས་འདས་པའི་ཆོས་ཆར་སོ་སོའི་ཁམས་དབང་དང་མཐུན་པར་ཕབ་སྟེ། ཕལ་ཆེར་གདུལ་བྱ་ཕྱི་མ་ཕྱི་མའི་ཆེད་དུ་གཏེར་གྱི་རྣམ་གྲངས་མི་འདྲ་བ་དུ་མར་སྦ་བར་མཛད་ཅིང་། སྤྲུལ་པའི་གཏེར་སྟོན་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སོ་སོའི་སྐལ་པ་དང་འཚམ་པའི་གཏེར་ཞལ་ཕྱེས་ནས་དུས་མཐུན་གྱི་འགྲོ་དོན་རྒྱ་ཆེར་མཛད་པའི་ནང་ཚན། ཟབ་ཆོས་འདི་ཉིད་གཏེར་ཁ་གསུམ་དུ་སྦས་པ་ལས། དང་པོ་རྒྱས་པ་རྩ་གསུམ་རིགས་བསྡུས་སུ་སྒྲུབ་པའི་སྐོར་རྣམས་མོན་སྤ་གྲོ་གཅལ་དུ་སྦས་པ་བཻ་རོའི་རྣམ་འཕྲུལ་ཀུ་ས་སྨན་པའམ་ཀུན་སྤངས་ཟླ་འོད་འབར་གྱིས་སྤྱན་དྲངས། གཉིས་པ་འབྲིང་པོ་རྩ་གསུམ་གནས་འགྱུར་དུ་སྒྲུབ་པའི་སྐོར་རྣམས་བྱང་ཀོང་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོར་སྦས་པ་ཉང་བན་རྣམ་འཕྲུལ་འཇའ་ཚོན་ལས་འཕྲོ་གླིང་པས་སྤྱན་དྲངས། གསུམ་པ་ཟབ་བསྡུས་རྩ་གསུམ་གཙོ་བསྡུས་སུ་སྒྲུབ་པའི་ཐབས་འདི་ཉིད་མདོ་ཁམས་ཤར་ཕྱོགས་འཆི་མེད་པདྨ་ཤེལ་རིའི་གསང་ཕུག་ཏུ་སྦས་པ། འཇམ་དཔལ་གཞོན་ནུ་ཆོས་རྒྱལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་གར། དུས་གསུམ་མཁྱེན་པ་པདྨའི་རྒྱལ་ཚབ། བཀའ་བབས་བདུན་དང་ལྡན་པའི་ཤིང་རྟ། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་སྤྱི་དཔལ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ཏེ་དངོས་སུ་ཕུལ་བའི་ཤོག་སེར་ལས་གཏན་ལ་ཕབ་ཅིང་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད་པར་མཛད་པའི་ཟབ་ཆོས་འདི་ནི། གཏེར་གཞུང་ལས། ཚིག་ཉུང་དོན་གསལ་ལམ་ཁྱེར་བདེ༔ བྱིན་རླབས་དངོས་གྲུབ་འབྱུང་བའི་གཏེར༔ འདི་ཉིད་འཕྲད་ཅིང་ཉམས་ལེན་ཀུན༔ གནས་སྐབས་གདོན་བགེགས་བར་ཆད་དང༔ ནད་མུག་མཚོན་འཁྲུགས་རྒུད་པ་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ ཕུན་སུམ་ཚོགས་ཀུན་དབང་དུ་འགྱུར༔ སྡེ་བརྒྱད་བྱད་ཕུར་ཚར་ཐག་ཆོད༔ མཐར་ཐུག་ལྔ་ལྡན་འོད་ཀྱི་སྐུ༔ པདྨ་བདག་དང་འདུ་འབྲལ་མེད༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་ཡིན་ལ། དེ་ལྟ་བུའི་དབང་བསྐུར་བསྒྲུབ་པ་ལ་འཇུག་པ་དང་དངོས་གཞིའི་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་བས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་བྱས་ལ་མིག་དར་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྩ་གསུམ་འདུས་པའི་སྤྱི་དཔལ་ཆེ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་ལེགས་སོའི་གནང་བ་སྦྱིན་ཞིང་རྡོ་རྗེའི་ཐ་ཚིག་ལ་གནས་དགོས་པར་གདམས་པ་འདི་ལ་སྙན་གཏོད་འཚལ། ལེགས་འོང་སྐལ་ལྡན་རིགས་ཀྱི་བུ༔ ཟབ་མོའི་དབང་བསྐུར་དོན་གཉེར་ན༔ དད་དང་དམ་ཚིག་སྲོག་བཞིན་སྲུངས༔ འདའ་ཀ་རྡོ་རྗེའི་བྲོ་བོར་ཅིག༔ དུང་ཞལ་ནས་ཆུ་སྦྱིན་ལ། རྡོ་རྗེའི་ཆུ་ནན་གྱིས་དཔང་པོར་བྱས་ཏེ་འདའ་དཀའི་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས༔ ས་མ་ཡ་ཨི་དན་ན་ར་ཀན༔ བླ་མ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་རོལ་མོ་རབ་འབྱམས་རྒྱ་མཚོའི་སྤྲིན་ཕུང་རྣམ་པར་བཀོད་པའི་སྤྱན་སྔར། བདག་སོགས་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་བ་དང་། མར་གྱུར་སེམས་ཅན་རྣམས་ཀྱི་དོན་དུ་རྩ་གསུམ་བླ་མའི་གོ་འཕང་བསྒྲུབ་འདོད་ཀྱི་སྨོན་པ་དང་། དེའི་ཕྱིར་ཟབ་མོའི་ལམ་དོན་དུ་གཉེར་བར་འདོད་པའི་འཇུག་པ་སེམས་བསྐྱེད་གསལ་ཐོབ་ལ་འདིའི་རྗེས་ཟློས། ན་མོ༔ བླ་མ་རྩ་གསུམ་སོགས་ལས་བྱང་ལྟར་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་འདུན་པས་ཚིག་དང་མཐུན་པའི་ཏིང་ངེ་འཛིན་རེ་རེ་ནས་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སྒོ་གསུམ་ཡེ་ཤེས་སུ་སྨིན་བྱེད་དབང་ལ་རགས་ལས་ཀྱང་དབང་སྲོག་དམ་ཚིག་ལ་རགས་ལས་པས། སྤྱི་དང་ཁྱད་པར་ལྷག་པ་རྣམས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་དུ་བསྲུང་། དུས་སྐབས་དགོས་པ་གང་གཙོར་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་གྱུར་ཅིག༔ ལན་གསུམ། དེ་དག་གིས་དཀྱིལ་འཁོར་ཕྱི་འཇུག་གི་ཆོ་ག་རྣམས་གྲུབ་ནས། ནང་འཇུག་གི་སླད་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་དྲངས་ཏེ་ཡོལ་བའི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ ཞེས་ཡོལ་བ་བསལ། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་སྟེ་གཡས་བསྐོར་གྱིས་ཕྱིན་ཞིང་སྒོ་རེ་རེ་བཞིན་ཕྱག་བྱ་བའི་འདུན་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་སྲོངས། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་ས་ཕྱོགས་འདི་ཉིད་འོག་མིན་པདྨ་དྲྭ་བའི་ཞིང་གི་རྒྱན་བཀོད་ཡོངས་སུ་རྫོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་སྡོང་ཉི་ཟླའི་གདན་གྱི་སྟེང་དུ། བཅུད་རྣམ་པར་དག་པ་རང་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོ་འདུས་རྡོ་རྗེ་ཧྲཱིཿས་མཚན་པར་གྱུར། དེ་ལས་ཀྱང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་བླ་མ་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་ཆགས་ཤིང་མཚན་དཔེ་ཡོངས་སུ་རྫོགས་པ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀའི་སྟོད་དུ་འཛིན་ཅིང་གཡོན་མཉམ་གཞག་བནྡྷ་ཚེ་བུམ་དང་བཅས་པ་བསྣམས་པ། དབུ་ལ་འདབ་ལྡན་པདྨ་མཐོང་གྲོལ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཕྱམ་རྣམས་བརྩེགས་མར་གསོལ་བ། གྲུ་མོ་གཡོན་དུ་ཁ་ཊྭཱཾ་རྩེ་གསུམ་བརྟེན་ཅིང་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་དུ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དམར་གསལ་ལོངས་སྐུའི་ཆས་ཅན། ཕྱག་མཉམ་གཞག་ཚེ་བུམ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རང་འོད་ཀྱི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཧཱུྃ་དམར་པོ་དང་བྷྱོ་སྔོན་པོ་གཙོ་བོའི་སྐུའི་གཡས་དང་གཡོན་དུ་སྤྲོས་པ་ལས། གཡས་ཕྱོགས་སུ་པད་ཉི་རྒྱལ་བསེན་གྱི་གདན་ལ་ཆེ་མཆོག་གུ་རུ་དྲག་པོ་རབ་དམར་མེའི་མདོག་ཅན་ཁྲོ་ཞིང་གཏུམ་པ། རྡོ་རྗེ་དང་སྡིག་པ་འཛིན་ཅིང་ཟུར་ཞལ་གཡོན་དུ་གཟིགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་རྡོ་རྗེའི་མེ་འོད་འབར་བའི་ཀློང་ན་འགྱིང་ཞིང་བརྗིད་པ། གཡོན་ཕྱོགས་སུ་པད་ཉི་བྱད་མ་བསྣོལ་བའི་གདན་ལ་ཡེ་ཤེས་ཌཱ་ཀི་སེང་གདོང་མ་ནམ་མཁའི་མདངས་ཅན་གནམ་ལྕགས་ཀྱི་རལ་པ་སྒྲེང་བ། ཟུར་ཞལ་གཡས་སུ་གཟིགས་ཤིང་ཕྱག་གཉིས་གྲི་གུག་ཐོད་ཁྲག་དང་གྲུ་མོ་ན་ཁ་ཊྭཱཾ་རྩེ་གསུམ་འཆང་བ། སེང་གེའི་པགས་པའི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱི་རོལ་པས་བཞུགས་པ། གཙོ་བོ་གསུམ་གྱི་གནས་གསུམ་དུ་རྡོ་རྗེའི་ཡི་གེ་འབྲུ་གསུམ་འོད་འབར་བས་མཚན་པར་གསལ་ཐོབ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུ་ནམ་མཁའི་དབྱིངས་གང་བ་འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས་དང་། ཁྱད་པར་བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་། དབང་དྲག་རོལ་པའི་དུར་ཁྲོད། དག་པ་མཁའ་སྤྱོད་ཨོ་རྒྱན་གྱི་ཞིང་རྣམས་སུ་བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་གུ་རུ་རྩ་བ་གསུམ་གྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བཞེངས་ཏེ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་དང་ཌཱ་དྲིལ་བཅས་ལས་བྱང་གི་སྤྱན་འདྲེན། ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་རིག་འཛིན་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལན་མང་དུ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །སྔར་བྱིན་པའི་མེ་ཏོག་གི་ཅོད་པན་དེ་ཉིད་རང་རིག་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །སླར་སྤྱི་བོར་བཀོད་ལ། མེ་ཏོག་རང་གི་རིགས་ཀྱི་ལྷས་བཞེས་ནས་སླར་ཡང་དབང་རྟགས་ཀྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། མ་རིག་པའི་སྒྲིབ་གཡོགས་ཐམས་ཅད་མིག་དར་དང་ལྷན་ཅིག་བསལ་བས་རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་གདོང་བསལ། དག་པའི་མིག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བར་གྱུར་པ་ནི། ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་སྡོང་ཉི་ཟླའི་གདན་གྱི་སྟེང་དུ། དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་པདྨ་འོད་འབར་ལ་བླ་མ་རིག་འཛིན་གྲུབ་ཐོབ་བྱེ་བ་འབུམ་སྡེས་བསྐོར་བ། གཡས་སུ་པད་ཉི་རྒྱལ་བསེན་གྱི་གདན་གྱི་སྟེང་དུ་ཆེ་མཆོག་གུ་རུ་དྲག་པོ་ལ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱིས་བསྐོར་བ། གཡོན་དུ་པད་ཉི་བྱད་མའི་གདན་གྱི་སྟེང་དུ་མཁའ་འགྲོ་སེང་གེའི་གདོང་པ་ཅན་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྒོ་བཞིར་རིགས་བཞིའི་དཔའ་བོ་ཡབ་ཡུམ་བཅས་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་བ་མ་ལུས་པའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་པས་དད་པ་དང་སྤྲོ་བ་སྐྱེད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ནི། དེ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་ཐོག་མར་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དབྱངས་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་དྲག་པོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། རིགས་ཀྱི་ཡུམ་ལྔས་བུམ་པ་བདུད་རྩིའི་བཀང་བས་དབང་བསྐུར་སྩོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ཡེ་ཤེས་གཞལ་མེད་ཁང༔ རྩ་གསུམ་འོད་ཞུ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་སྣང་ཞེན་ལྷ་སྐུར་དག་པར་ཤོག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཀ་ལ་ཤ་བཛྲ་ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་པདྨའི་རིགས་བདག་གཙོ་བོར་གྱུར་པས་དབུར་བརྒྱན་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གུ་རུ་རྩ་བ་གསུམ་ཡེ་ཤེས་སེམས་དཔའ་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པར་མོས་ཤིག །ཙཀླི་བཞི་པོས་དབང་རིམ་པར་བསྐུར་ལ། ཧྲཱི༔ པདྨའི་རིགས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་གཙོ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ རྩ་གསུམ་རྒྱལ་བ་རབ་འབྱམས་འདུས་པའི་དངོས༔ རིགས་ཀུན་ཁྱབ་བདག་པདྨ་འོད་འབར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྨིན་གྲོལ་བྱིན་རླབས་ཕྲིན་ལས་ཡོངས་རྫོགས་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་ཀྱང༔ ཡེ་ཤེས་རིག་རྩལ་གུ་རུ་དྲག་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཚར་གཅོད་དངོས་གྲུབ་མཆོག་ཐོབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷྱོ༔ དུས་གསུམ་སངས་རྒྱས་སྐྱེད་དང་རོལ་པའི་ཡུམ༔ མཁའ་འགྲོའི་གཙོ་མཆོག་སེང་གེའི་གདོང་ཅན་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱད་ཕུར་སྲུང་ཟློག་ཕྲིན་ལས་མྱུར་འགྲུབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལྷ་བསྒོམ་པ་སྐུའི་དབང་ལུས་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བསྐྱེད་པ་ཕྱག་རྒྱའི་གཟེར་སྣང་ཞེན་ལ་ཐེབས་པས་སྣོད་བཅུད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཁྱེད་རང་གཉིས་ཀ་བླ་མ་པདྨ་འོད་འབར་དུ་གསལ་བའི་ཐུགས་ཡེ་ཤེས་སེམས་དཔའི་ཐུགས་ཀློང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿདཀར་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོད་པ། གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྣམས་མཆོད། བྱིན་རླབས་འོད་དང་ཐིག་ལེའི་རྣམ་པར་བྱོན་ནས་ཁྱེད་རང་ལ་ཐིམ་པ་ཙམ་གྱིས། ལས་ཉོན་སྡིག་སྒྲིབ་དབྱིངས་སུ་ཞི། རིག་པའི་རྩལ་ཆེན་ཕྱོགས་མེད་དུ་རྒྱས། གཉིས་སུ་མེད་པའི་ཡེ་ཤེས་རང་དབང་དུ་གྱུར་པར་མོས་ལ་རྡོ་རྗེའི་སྙིང་པོ་འབྲུ་བཅུ་གཉིས་པའི་རྗེས་ཟློས། ཞི་བསྙེན་ལན་གསུམ། མདུན་བསྐྱེད་དང་ཁྱེད་རང་གཉིས་ཀྱི་གཡས་ཕྱོགས་སུ་བཞུགས་པའི་གུ་རུ་དྲག་པོའི་ཐུགས་ཀར་པད་ཉིའི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེའི་ལྟེ་བར་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་དང་བཅས་པ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་གཡས་ཀྱི་གུ་རུ་དྲག་པོའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་གཡས་བསྐོར་དུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་མེ་ཕུང་རྡོ་རྗེའི་ཚྭ་ཚྭ་ནམ་མཁའ་གང་བ་འཕྲོས། རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། དམ་ཅན་སྲུང་མ་རྣམས་ལས་ལ་བསྐུལ། སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བཏུལ། རྒྱལ་བསེན་དམ་སྲི་མ་རུངས་པ་ཐམས་ཅད་ཐལ་བར་བརླག །སྣང་གྲགས་རྟོག་གསུམ་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་དུ་རྫོགས་པར་མོས་ལ་གསང་སྔགས་འདིའི་རྗེས་ཟློས། དྲག་པོའི་སྔགས་ལན་གསུམ་མདུན་བསྐྱེད་དང་ཁྱེད་རང་གཉིས་ཀྱི་གཡོན་ཕྱོགས་སུ་བཞུགས་པའི་མཁའ་འགྲོ་སེང་གདོང་མའི་ཐུགས་ཀར་ཕ་ལམ་གྱི་རྡོ་རྗེའི་ལྟེ་བར་བྷྱོ་སྔོན་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ། སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་བར་རཿསཿ བརླ་གཡས་སུ་མཿརཿ གཡོན་དུ་ཡཿཕཊ༔ ཅེས་པའི་སྔགས་ཀྱི་གོ་ཆས་གཏམས་པ། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། གཡོན་གྱི་སེང་གདོང་མའི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔགས་ཕྲེང་དང་གོ་ཆ་རྣམས་ལས་རང་འདྲ་བའི་སྤྲུལ་པ་རིགས་ལྔ་དང་། འོད་ཟེར་ལྔ་ལྡན་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། ནད་གདོན་བར་ཆད་ཞི། ཚེ་བསོད་དཔལ་འབྱོར་རྒྱས། ཁམས་གསུམ་སྣང་སེམས་སྡུད། དགྲ་བགེགས་བྱད་མ་ཚར་བཅད། བདེ་ཆེན་མཆོག་གི་ཡེ་ཤེས་སྤེལ་བར་མོས་ལ་དྲག་སྔགས་འདིའི་རྗེས་ཟློས། སེང་གདོང་སྔགས་ལན་གསུམ། ལས་བཞིའི་སྔགས་ཤམ་ལན་གཅིག་བཟླར་གཞུག །ཕྲེང་བ་ཐོགས་ལ། སྔགས་ཕྲེང་མགྲིན་པར་བཞག་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པར་མོས་ཤིག །ཧཱུྃ༔ མི་འགྱུར་ཐུགས་སྲོག་སྔགས་ཕྲེང་ལུ་གུ་རྒྱུད༔ བསྐོར་དང་སྤྲོ་བསྡུ་བསྙེན་སྒྲུབ་ལས་སྦྱོར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནུས་པ་སྔགས་ཀྱི་ཡེ་ཤེས་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་སྔགས་བཟླ་བ་གསུང་གི་དབང་ངག་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་སྲོག་རྩོལ་ལ་ཐེབས་པས་སྒྲ་གྲགས་ཐམས་ཅད་གསང་སྔགས་རྡོ་རྗེའི་དབྱངས་སུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །མེ་ལོང་བསྟན་ལ། འདི་ལྟར་ཆོས་ཐམས་ཅད་རང་སེམས་འཁྲུལ་པའི་གཟུགས་བརྙན་སེམས་ཀྱི་ངོ་བོ་སྟོང་ཉིད་རིག་པའི་སྙིང་པོ་ཅན་ཡིན་པས། སྣང་དུས་ཉིད་ནས་གསལ་རིག་སྟོང་གསུམ་ཟུང་དུ་འཇུག་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བའི་བརྡས་མཚོན་པར་གྱིས་ཤིག །ཧཱུྃ༔ གདོད་ནས་རྣམ་དག་རིག་སྟོང་བྱང་ཆུབ་སེམས༔ སྟོང་ཞིང་གསལ་བ་མེ་ལོང་བརྡས་མཚོན་ཏེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འོད་གསལ་ཐུགས་ཀྱི་དགོངས་པ་མངོན་གྱུར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་འོད་གསལ་བསྒོམ་པ་ཐུགས་ཀྱི་དབང་སེམས་ལ་ཐོབ་པ་ཡིན་པས། དེང་ཕྱིན་ཆད་དགོངས་པ་མི་འགྱུར་བའི་གཟེར་མཚན་རྟོག་ལ་ཐེབས་པས་འཁོར་འདས་ཐམས་ཅད་བདེ་ཆེན་ཆོས་སྐུའི་རང་བཞིན་དུ་འཆར་བའི་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་རྩ་ཡི་སྒྲིབ་པ་དག །ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེ་ནས་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རང་འོད་ཡེ་ཤེས་ཀྱི་རིག་མ་དང་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་སྙོམས་པར་ཞུགས། བདེ་བ་ཆེན་པོར་ཞུ་ནས་བླ་མ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་རྒྱུན་དང་རོ་གཅིག་ཏུ་འདྲེས་པ་མཁའ་གསང་ནས་བབས། པདྨ་བྷཉྫའི་སྣོད་དུ་བསྐྱིལ་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་མྱང་བས་ལུས་ཐམས་ཅད་བདེ་བས་ཁྱབ། སྣང་གསུམ་འོད་གསལ་དུ་ཐིམ། རྩ་རླུང་ཐིག་གསུམ་ཡེ་ཤེས་སུ་སྨིན་པར་མོས་ཤིག །ཐོད་ཆང་སྦྱིན་ལ། ཨཱ༔ བླ་མ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ བདེ་ཆེན་པདྨ་བྷཉྫའི་སྣོད་དུ་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རྩ་ཁམས་རླུང་ལ་ཡེ་ཤེས་རྫོགས་པར་ཤོག༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེས་དབང་གསུམ་པ་བསྐུར་རུང་དུ་སྨིན་པ་ལ། རྒྱུད་ནས་བསྔགས་པའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོ་མཛེས་པའི་ཕུལ་དུ་བྱུང་བས་ཡིད་འཕྲོག་པར་བྱེད་པའི་ཕྱག་རྒྱ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། དགའ་བཞིའི་གནས་སྟེར་རྡོ་རྗེའི་ཕོ་ཉ་མོ༔ ཡེ་ཤེས་རིགས་ཀྱི་ཕྱག་རྒྱར་བྱིན་བརླབས་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ཐིག་ལེ་བདེ་སྟོང་ཆེན་པོར་སྨིན་པར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱ་མོ་དེ་དང་ཁྱེད་རང་རྣམས་ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས། ཡས་བབས་དང་མས་བརྟན་གྱི་རིམ་པ་ལས་སྐྱེས་པའི་ཐབས་ཤེས་ཀྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོངས། རྟོག་ཚོགས་ཞུ་བདེའི་དབྱིངས་སུ་ནུབ། ཟག་མེད་ལྷན་ཅིག་སྐྱེས་པའི་བདེ་བ་སྤྱི་བོར་བརྟན་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་རྒྱ་འདིའི་རྗེས་ཟློས། འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། གཞི་ཀ་དག་སྤྲོས་པ་དང་བྲལ་བ་གདལ་ཁྱབ་ལྷུན་འབྱམས་ནམ་མཁའ་ལྟ་བུའི་དབྱིངས་ལས། ལམ་ལྷུན་གྲུབ་འོད་གསལ་སྣང་བ་བཞིའི་ཡེ་ཤེས་རང་བྱུང་དུ་ཤར་བ་ཉིད། ལྟ་སྒོམ་ཟུང་དུ་འབྲེལ་བའི་གནད་ཀྱིས་རྟོགས་གོམས་གདིང་དུ་གྱུར་པ་ལས། འབྲས་བུ་གཞོན་ནུ་བུམ་པ་སྐུར་མངོན་པར་བྱང་ཆུབ་པར་འགྱུར་བ། བཞི་པ་རིག་པ་རྩལ་གྱི་དབང་དོན་ལགས་པས་དེའི་བརྡ་དོན་རྟོགས་པར་མཛོད་ཅིག །ཧོ༔ ཀ་དག་དབྱིངས་ལས་ལྷུན་གྲུབ་གདངས་ཤར་བ༔ རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་རིག་ཟུང་འཇུག་སྣང་བ་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་བསྐུར་བ་ཐོབ། སྒོ་གསུམ་ཤེས་བྱའི་སྒྲིབ་པ་དག །ལམ་ཁྲེགས་ཆོད་དང་ཐོད་རྒལ་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ་པའི་སྐལ་པ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་བྱང་གི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་རྒྱས་པར་གྲུབ་ནས། །མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རབ་འབྱམས་ངོ་བོ་ཉིད༔ ཚེ་དཔག་མེད་མགོན་པདྨ་ཐོད་ཕྲེང་རྩལ༔ སྐལ་ལྡན་བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚེ་དབང་སྩོལ༔ ལན་གསུམ། དེ་ལ་ཐོག་མར་ཚེ་དབང་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རིགས་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས་ཤིང་གནས་གསུམ་འབྲུ་གསུམ་དང་ཡེ་ཤེས་སེམས་དཔའ་ཐུགས་སྲོག་ཧྲཱིཿདང་བཅས་པ་གཟི་བརྗིད་འོད་དུ་འབར་བར་གསལ་ཐོབ། སློབ་དཔོན་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཁོར་འདས་བརྟན་གཡོའི་ཁམས་ཁྱབ་པར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་འཁྱམས་པ་ཡར་བ་སྟོར་ཅིང་ཆད་ཉམས་སུ་གྱུར་པ་རྣམས་དང་། འབྱུང་བ་ས་ཆུ་མེ་རླུང་གི་དྭངས་བཅུད། སྟོང་གསུམ་སྲིད་པ་གསུམ་ན་གནས་པའི་སྐྱེ་འགྲོ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བྱིན་རླབས་ནུས་པའི་བཅུད་ཐམས་ཅད་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ནས་སིབ་ཀྱིས་ཞུགས། སྙིང་དབུས་ཡེ་ཤེས་སེམས་དཔའི་དྭངས་སྲོག་ཧྲཱིཿལ་ཐིམ་པས་བླ་ཚེ་དབང་ཐང་ཉམས་པ་སོར་ཆུད། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་བཅུད་ལེན་ཆེན་པོར་གྲུབ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་དྲྭ་བའི་སོགས་གོང་གསལ་ཚེ་འགུགས་སྔགས་བཅས་བརྗོད། ཚེ་འབྲང་ཡེ་ཤེས་འོད་ལྔའི་གཞལ་མེད་ཁང་དུ་འཆི་མེད་པདྨ་འབྱུང་གནས་རྩ་བརྒྱུད་བླ་མའི་ཚོགས་དང་བཅས་ཏེ་བཞུགས་པའི་ཕྱག་གི་བུམ་པ་ནས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་མི་འགྱུར་རྡོ་རྗེའི་སྐུའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ༔ སྙིང་པོའི་བཅུད་བསྡུས་ཡེ་ཤེས་འོད་ལྔའི་ཀློང༔ པདྨ་འོད་འབར་ཚེ་ཡི་ལྷ་ཚོགས་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྩ་ཁམས་འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ སྔགས་མཐར། ཀཱ་ཡ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། བརྟན་གཡོ་ཀུན་གྱི་བཅུད་ཀྱི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩིར་བསྡུས་པའི་ཚེ་ཆང་མགྲིན་པར་མྱང་བས་འགག་མེད་རྡོ་རྗེ་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཨཱ༔ བདེ་ཆེན་པདྨ་བྷཉྫའི་སྣོད་ཡངས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་རབ་ཏུ་གཏམས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་མི་ཤིགས་རྡོ་རྗེའི་གསུང་འགྲུབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །སྲིད་ཞིའི་དྭངས་བཅུད་ཐིག་ལེའི་གཟུགས་སུ་འཁྱིལ་པའི་ཚེའི་རིལ་བུ་གསོལ་བས་འཕོ་མེད་རྡོ་རྗེ་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧཱུྃ༔ འཁོར་འདས་དྭངས་བཅུད་བདེ་ཆེན་ཐིག་ལེའི་གཟུགས༔ སྒྲུབ་པའི་དམ་རྫས་མྱང་གྲོལ་ཚེའི་རིལ་བུ༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འོད་གསལ་རྟག་པ་རྡོ་རྗེའི་ཐུགས་འགྲུབ་ཤོག༔ སྔགས་མཐར། ཙིཏྟ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཚེའི་དྭངས་བཅུད་ཐམས་ཅད་སྙིང་དབུས་མི་ཤིགས་པའི་སྲོག་ཡིག་ཧྲཱིཿལ་ཐིམ། རྡོ་རྗེ་ཡེ་ཤེས་འོད་ལྔའི་དྲྭ་བས་བཅིངས། ལུས་ཐམས་ཅད་ཆོས་བདུན་དང་ལྡན་པའི་རྡོ་རྗེའི་གོ་ཆ་བགོས་པས་ནམ་ཡང་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྟག་བརྟན་རྡོ་རྗེའི་ཕྱག་རྒྱས་བཏབ་པར་མོས་ཤིག །མདའ་དར་རྒྱ་གྲམ་དུ་རེག་ལ། ཨ༔ ཚེ་ཡི་དྭངས་མ་མི་ཤིགས་ཐིག་ལེར་ཐིམ༔ སྲོག་གི་མདུད་པ་དབུ་མའི་དབྱིངས་སུ་བཅིངས༔ རྡོ་རྗེའི་ཆོས་བདུན་ཡེ་ཤེས་རྒྱས་བཏབ་པས༔ མི་འགྱུར་རྟག་པ་གཉུག་མའི་ཚེ་ཐོབ་ཤོག༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་ཧཾ༔ ཞེས་རྒྱས་བཏབ། དེ་ནས་བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་བཅས་སྤྱི་འགྲོའི་ཤློ་ཀ་རེ་བརྗོད་ལ་གཏད། མེ་ཏོག་འཐོར་ཞིང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་བརྗོད་ལ་སྙན་པའི་རོལ་མོའི་གདངས་སྤྲོ་བར་བྱའོ། །གསུམ་པ་མཇུག་གི་ལས་རིམ་ལ། དབང་རྗེས་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་གཅིག་ཅར་དུ་སྒྲུབ་པའི་ཟབ་གནད་སྙིང་པོར་དྲིལ་བ་རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་སྨིན་བྱེད་མཐའ་རྟེན་བཅས་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། ལས་རྗེས་ནི། སློབ་དཔོན་གྱིས། ཚོགས་ལ་རོལ་ཞིང་ལྷག་ཆོག་གཏོར་སྐྱོང་རྟ་བྲོའི་བར་དུ་བྱ། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས་དང་། མདུན་དཀྱིལ་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །དབྱིངས་གཅིག་རྣམ་འགྱུར་ཐ་དད་ཤར་བ་ལས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་འབྱུང་བ། །གཙོ་བསྡུས་བློ་དམན་ཉམས་འོག་ཆུད་ངེས་འདིའི། །སྨིན་གྲོལ་བདུད་རྩིས་འཇིག་རྟེན་ཀུན་ཁྱབ་ཤོག །དེ་ལས་མཆོག་གྲུབ་རིག་འཛིན་བགྲང་ཡས་འཕེལ། །དེས་ཀྱང་བསྟན་འགྲོའི་བདེ་སྐྱིད་དགུང་དུ་སྤོར། །འོད་གསལ་རྡོ་རྗེ་སྙིང་པོའི་ཉིན་མོར་བྱེད། །མི་འགྲིབ་སྐྱེ་དགུའི་ཡིད་མཁར་འཆར་གྱུར་ཅིག །ཚུལ་འདིའང་རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ཀྱིས་སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང་སྟེ་བཀའི་ཅོད་པན་སྤྱི་བོར་བསྩལ་པ་ལས། རྗེ་ཉིད་ཀྱིས་ཇི་ལྟར་གནང་བའི་ཕྱག་བཞེས་ལ་འཕྲི་བསྣན་མེད་པར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྡོ་རྗེའི་རྫོང་ལྔ་འདུས་པའི་སྒྲུབ་ཆེན་དགུའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-01.JPG
RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-02.JPG
RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-03.JPG
RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-04.JPG
RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-05.JPG
RTZ-Tsagli-Dzongsar-CA-07-rtsa gsum spyi 'dus-06.JPG
RTZ-Tsagli-KA-16-rtsa gsum snying thig-01.jpg
RTZ-Tsagli-KA-16-rtsa gsum snying thig-02.jpeg
RTZ-Tsagli-KA-16-rtsa gsum snying thig-03.jpeg
RTZ-Tsagli-KA-16-rtsa gsum snying thig-04.jpg
RTZ-Mandala-017-rtsa gsum spyi 'dus.jpeg
RTZ-Mandala-Dzongsar-01-023-rtsa gsum spyi 'dus.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).