Terdzo-A-022



Property "author" has been marked for restricted use.








Terdzo-A-022.pdf
Click the picture above to view the Shechen manuscript.

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ་

dam rdzas bdud rtsi'i sgrub thabs gsang chen mchog gi myur lam sogs spyi la nye bar mkho ba'i zin bris dgos don rab gsal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  དམ་རྫས་བདུད་རྩིའི་སྒྲུབ་ཐབས་ (Dam rdzas bdud rtsi'i sgrub thabs)
Volume 30 (ཨ) / Pages 561-597 / Folios 1a1 to 19a4

Tibetan Text

༄༅། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། འདིར་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན་བདུད་རྩི་ཡོན་ཏན་གྱི་རྒྱུད་ལུང་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་ཐབས་རྩ་གསུམ་སོ་སོ་ལ་སྦྱོར་བའི་ཚུལ་མང་དུ་འབྱུང་བ་ལས། གཙོ་བོ་བཀའ་བརྒྱད་རྣམ་པ་གསུམ་གྱི་དགོངས་པ་གུང་མཐུན་ཨོ་རྒྱན་གཏེར་བདག་གླིང་པས་མཛད་པའི་གསང་ཆེན་མཆོག་གི་མྱུར་ལམ་གྱི་ཕྱག་ལེན་ལེགས་པར་ཤེས་ན་ཐམས་ཅད་ཀྱི་སྤྱི་ཁོག་ཁྲོལ་བར་འགྱུར་བས། དེ་ཉིད་གཞིར་བྱས་པའི་གསལ་བྱེད་ཟིན་བྲིས་ཅུང་ཟད་འབྲི་བ་ལ་གཉིས། རྣམ་གཞག་མདོ་ཙམ་བསྟན་པ་དང་། ཉེར་མཁོའི་ལག་ལེན་དང་དམིགས་རིམ་སོགས་ཀྱི་གསལ་བྱེད་དོ། །དང་པོ་ནི། མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ཐམས་ཅད་བདུད་རྩིའི་སྒྲུབ་ཆེན་བཤད། །བདུད་རྩིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་དགོས་པའི་ཆེད། །ཐབས་དངོས་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། དགོས་ཆེད། ཐབས་དངོས། འབྲས་བུ་འཐོབ་ཚུལ་རྣམས་ལས། དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་། གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་བསྩལ་ཏོ། །ཞེས་དང་། མྱང་གཏེར་བདུད་རྩིའི་མན་ངག་ལས། དང་པོ་བདུད་རྩིའི་ངོ་བོ་ནི༔ རང་བྱུང་གདོད་ནས་རྣམ་པར་དག་པའོ༔ ཞེས་གསུངས། དེ་ལྟར་སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་། རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་ཐོག་མ་ཉིད་ནས་རྣམ་པར་དག་པས། དེའི་ཕྱིར་ན། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས། གཉིས་པ་ངེས་ཚིག་ནི། རྣམ་རྟོག་གི་བདུད་རིག་པ་ཡེ་ཤེས་སུ་རྒྱས་འདེབས་པའི་རྩི་ཡིན་པས་ན་བདུད་རྩི་སྟེ། བདུད་རྩིའི་མན་ངག་ལས། མ་རིག་རྣམ་རྟོག་འཁྲུལ་པའི་བདུད་ལ༔ རིག་པ་ཡེ་ཤེས་ཀྱི་རྩི་བརྡ་དོན་གྱིས་འདེབས་པའོ༔ ཞེས་པ་དང་། བདུད་ནི་བདག་འཛིན་རྟོག་ཚོགས་བཅས༔ རྩི་ནི་རང་རིག་མཉམ་པ་ཉིད༔ ཅེས་གསུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་རྟགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར༔ ཞེས་གསུངས། གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང༔ མཚོན་བྱེད་རྟགས་ཀྱི་བདུད་རྩི་འོ༔ ཞེས་གསུངས་ཤིང་། ཆོས་བདུད་རྩི། དོན་བདུད་རྩི། རྟགས་བདུད་རྩི། རྫས་བདུད་རྩི། སྨན་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་ན་དུ་མར་ཡོད། བཞི་པ་མཐུན་དཔེ་ནི། དེ་ཉིད་ལས། ལྷའི་བདུད་རྩིས་དུག་རྣམས་འཇོམས་པའི་བདུད་རྩི་བྱེད༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བ་བཞིན་དུ་འདི་ཡང་དུག་ལྔ་འཇོམས་ཤིང༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བའོ༔ ཞེས་གསུངས། ལྔ་པ་དགོས་ཆེད་ནི། དེ་ཉིད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཡོན་ཏན་ཕུན་ཚོགས་ཐོབ་ཅིང༔ ལྷ་དང་ཆོས་སྐྱོང་མཉེས་པར་བྱེད་པའོ༔ ཞེས་གསུངས། དྲུག་པ་ཐབས་དངོས་ནི། སྒྲུབ་གཞི་ཁྲོལ་བུ་དང་ཕྱེ་མའི་སྨན་འདུ་བྱ་བ། སྒྲུབ་ཆོས་སྤྱོད་པ་དང་བྱིན་གྱིས་རློབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒོམ་བཟླས། བསྒྲུབས་པའི་འབྲས་བུ་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་བ། དེ་རྣམས་ཀྱང་སྒྲུབ་པའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་སྟེ། གཞུང་རྩ་བར་རྒྱ་ཆེར་གསུངས་པ་ལྟར་རོ། །བདུན་པ་འབྲས་བུ་ཐོབ་ཚུལ་ནི། རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། །ཞེས་དང་། ཨོ་རྒྱན་ཆེན་པོས། བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །སྒྲུབ་པ་པོ་འམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལ། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །བཅངས་པས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོད། །བྱུགས་པས་ནད་གདོན་མ་ལུས་འཇོམས། །ཞེས་དང་། འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་མཚུངས་ཏེ། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཡུལ་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་དུ་བསྒྲུབས་པའི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །འདི་ཟོས་ཚེ་ཡི་དུས་བྱུང་ཡང་། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་གསུངས་སོ། །གཉིས་པ་ཉེར་མཁོའི་ཟིན་བྲིས་ལ་དང་པོ་ལག་ལེན་གྱི་གསལ་བྱེད་ནི། ར་སཱ་ཡཱ་ནའི་སྒྲུབ་རྫས་ཀྱི་གཙོ་བོ་ནི་བདུད་རྩི་ལྔ་སྟེ་དེ་ལ་གཞུང་ཆེན་རྣམས་ནས་རེ་རེ་ལའང་སྦས་པ་ནང་གི་རྩ་བ་བཞི། མངོན་པ་ཕྱིའི་རྩ་བ་བཞི། །སྐྱོབས་ལྔ་སོགས་རྒྱས་པར་གསུངས་ཀྱང་དེང་སང་ཚུལ་ལྡན་འབྱུང་དཀའ་བས། བདུད་རྩི་ལྔ་དང་ཤ་ལྔ་ནི་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་སེལ་མེད་ལ་ཕབས་རྒྱུན་འདྲེས་པས་ཆོག་པར་མཛད་ཅིང་ད་ལྟ་ནི་གསར་དུ་གཏེར་ནས་བྱོན་པ་ཚད་ལྡན་ཡང་བཞུགས་བཞིན་པས་དེ་ཀ་ལ་གཞིར་བྱེད། སྨན་རྩ་བ་བརྒྱད་ལ་ནང་གསེས་དབྱེ་བ་བརྒྱད་ཚན་ལྔ་སོགས་གསུངས་པ་ལས་སྨན་གྱི་དབང་དུ་བྱས་པ། ཙན་དན་སྨུག་པོ། མཱུ་ལ་པ་ཏི། ལི་ཤི །གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ཕྱིའི་རྩ་བ་བརྒྱད་དེ། དེ་ལ་མཱུ་ལ་པ་ཏི་གཏེར་ཆེན་གྱིས་མ་ནུ་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་པུཥྐར་མཱུ་ལ་སྟེ་ཁམས་ཀྱི་རུ་རྟ་ལ་ངོས་བཟུང་། གནྡྷ་བྷ་དྲ་དྲི་བཟང་སྤྱི་མིང་ལ་འཇུག་ཀྱང་དགོངས་འདུས་ལས་ཙན་དན་ལོ་མར་གསུངས་པ་ལྟར་འདིར་རྒྱ་ཤུག་ལོ་མ་ལ་བཞེད། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དུ་གསུངས་པའི་ནང་ཚན་ཡོན་ཏན་ལྔ་ནི། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར། སྡུད་པ་ལྔ་ནི། བཞི་མཉམ། ག་བུར། གུར་གུམ། ཛཱ་ཏི། ཙནྡན་དཀར་པོ། དུལ་བ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུཥྐ། ལི་ག་དུར། དབང་ལག །སུག་སྨེལ་ཏེ་དེ་རྣམས་ནི་རྩ་བ་བརྒྱད་ཀྱི་སྨན་དུ་སྦྱར་བར་བྱ་བ་ཡིན་ལ། འདིར་བཞི་མཉམ་ནི་དྲི་ཆེན་ཏེ། དེ་ཡང་སྡོམ་འབྱུང་ལས། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་བཟུང་། །ཞེས་འོ་མ་སོགས་ཁ་ཟས་བཟང་པོས་བསྐྱེད་པའི་དྲི་ཆེན་ཉིད་བདུད་རྩི་མར་ཁུར་བསྒྲུབ་པའི་ཚུལ་ནི་འོག་ཏུ་ཆུ་ཡུར་ལ་དྲངས་པའི་ཡུར་སོར་ཟམ་བཀལ་བའི་ཁར་སྒྱེད་པུ་བཙུགས་ཏེ་མེ་བཏང་། དེའི་ཁར་རྫ་མ་སྐྱོན་མེད་གཙང་མ་བཀབ། དེའི་ཁར་རྫ་མ་མཐིལ་ཁྲོལ་ཚགས་ལྟར་བུག་པ་ཆུང་ངུ་མང་པོ་ཕུག་པ་བཞག །དེའི་ནང་དུ་དྲི་ཆེན་མ་རུལ་བ་འབྱོངས་ཙམ་བླུགས། ཁ་དང་རྫ་མ་གཉིས་ཀྱི་བར་མཚམས་སུ་རླུང་མི་འཆོར་བ་བཀག་པས། ཇི་ཞིག་ན་སྟོད་ཀྱི་ཟིལ་པ་མཐིལ་དུ་འཛག་ནས་ཁུ་བ་འཁྱིལ་བ་ལ་ཨ་རག་ལྟ་བུ་འབྱུང་བས་དེར་བྱ་ལ། དེ་ཙམ་མ་གྲུབ་ཀྱང་དམ་ཚིག་མ་ཉམས་ཤིང་རིམས་དང་དུག་སོགས་ནད་གཞི་ངན་པ་ཅན་མ་ཡིན་པའི་ལང་ཚོ་དར་བའི་དྲི་ཆེན་ནམ། རྟོག་པ་ཆེ་ན་སྐྱེས་ཆེན་དམ་པའི་གསང་ཆེན་རིགས་ལས་ཕལ་པ་མི་གཏང་བ་སྐབས་འདི་དང་གཞན་དུའང་མཚོན་ཅིང་། ཕབས་གཏའ་ལ་ཡོད་པས་ཀྱང་དོན་ཚང་བྱའོ། །དུལ་བ་ལྔའི་ནང་ཚན། དུ་རུཥྐ་དངོས་ནི་ཟུར་པ་ཡིན་ཡང་། ཨ་གར་ནག་པོའི་རྩ་བ་དྲི་གཞན་ལས་བཟང་བ་དེས་ཚབ་རུང་དུ་མཛད། རྩ་བ་བརྒྱད་ལས་གྱེས་པའི་ཡན་ལག་སྟོང་ནི། སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་བོད་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམས་བསགས། གནས་སྐབས་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤང་བྱར་བཤད་པ་ལྟར་སྦྱོར་བར་མི་བྱ། སྨན་གང་ཡང་རྒྱུད་དང་ཁུངས་དག་ལ་མ་རུལ་བ་དང་དྲི་རོ་མ་ཉམས་པ་གལ་ཆེ་བས་གང་བྱུང་ཅི་རྙེད་མི་བྱ། ཁུངས་དག་པའི་རྟེན་འབྲེལ་དུ་གཟའ་ཚེས་བཟང་པོ་ལ་རྒྱ་བལ་གྱི་སྨན་རྣམས་དེའི་ཚོང་པའི་ཆ་ལུགས་ཅན་གྱིས་སྨན་རྣམས་རས་དཀར་གྱི་ཁུག་མར་ཁྱེར་ལ་སྦྱིན་བདག་གིས་གསེར་དངུལ་གྱི་རིན་སྤྲད་ནས་ཉོ་ཚོང་བྱེད་པའི་ཚུལ་བྱ་བར་གསུངས་པ་དང་། བོད་སྨན་རྣམས་ཀྱང་མེ་ཏོག་སོགས་དཔྱིད་སོས། རྩ་བ་འབྲས་བུ་རྣམས་སྟོན་དུས་ཉར་ཚགས་དགོས་པ་གཞིར་བྱས། རྒྱུད་ལས་དཔྱིད་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་དམིགས་སུ་གསུངས་ཤིང་། སྐབས་དེར་ཁྱེའུ་གཙང་མས་ཁྲུས་དང་ལྷ་ལ་ཕྱག་བྱས་ནས་ཚོལ་དགོས་པར་གསུང་། རིན་པོ་ཆེ་མང་དུ་བཏང་ན་གསོ་རིག་གི་གཞུང་ལས་བཤད་པ་ལྟར་གཡའ་ཕྱི་དུག་འདོན་ཚད་ལྡན་ཐོན་ན་ཤིན་ཏུ་ལེགས། མདོར་བསྡུས་པད་རཱག་ནལ་སོགས་ཤེལ་རིགས་དང་གཡུ་མུ་མེན་མུ་ཏིག་སོགས་མི་བཞུ་བའི་ཁམས་རྣམས་ཐོག་མར་ཧྲོབ་ཙམ་བརྡུངས་ཏེ་རས་ནང་བཏུམས། དེ་རྣམས་དང་ལྗིད་མཉམ་པའི་ཟེ་ཚྭ། རེ་རལ། གངྒཱ་ཆུང་། གླ་རྩི། ཚྭ་ལ་བཏུལ་མ། ཨ་རུ་ར། འགྲོན་ཐལ། སྟར་བུ་བཅས་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུའམ། དགེ་སློང་གཙང་མའི་ཆུ་ལ་བཏབ་སྟེ་ལན་གཅིག་བཙོ། དེ་རྗེས་ཆུ་གཙང་ལ་བཙོ། དེ་ནས་ཆང་བཟང་པོ་ལ་བཙོ། དེ་ནས་ཆུ་གཙང་གིས་ཡང་ཡང་བཀྲུ་བཤལ་བྱ། བཞུ་བའི་ཁམས་གསེར་དངུལ་ཟངས་ལྕགས་རྣམས་སིར་པོ་ལྟ་བུའི་སྐྱུར་ནང་དུ་བཏབ་ནས་གཡའ་ཡང་ཡང་བཅད། དེ་ནས་ཆུ་ཚན་དུ་བཙོས་པའི་ཆུ་ཕྱིར་ཕོ། ཆུ་གྲང་གིས་བཤལ་བ་མང་དུ་བྱ། ཤ་སྣ་མང་དུ་བཏང་ནའང་གསོ་རིག་གི་ལག་ལེན་ལྟར་དུག་འདོན་ངར་འདོགས་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་མི་འགྲུབ་ན་བཀྲུ་བཤལ་ལེགས་པར་བྱ། ཤ་སྣ་སོགས་མ་འཛོམས་ན་བཏང་སྙོམས་ནི་མི་རུང་སྟེ་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མའམ་སྤར་བཏབ་པ་མང་དུ་འཆོས། ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་བཏབ་པའི་མཐར་དེ་དག་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱར་བ་གསང་འདུས་ལས་བཤད་པ་ཙམ་མ་ཆད་པ་གལ་ཆེ། སྨན་གྱི་སྦྱར་ཚད་གཞུང་འདིའི་དཀྱུས་སུ་བསྟན་པ་ལས་ལྷག་མ་དགོས་ཀྱང་ཁམས་ཕྱོགས་ལྟ་བུར་སྨན་དཀོན་ཅིང་འབྱོར་པ་དམན་ལ་བུངས་མང་འདོད་པ་རྣམས་ཀྱིས། གཙོ་བོ་ཨ་རུ་ར་ལ་གཞི་བྱེད། བ་རུ་སྐྱུ་རུ་གཉིས་ཧ་ཅང་མང་ན་རོ་ལ་གནོད་པས་དེའི་ཕྱེད་ཆ་ཙམ། བཟང་དྲུག །ཙནྡན་དཀར་དམར། ཨ་གར་རིགས་སོགས་དྲི་རོ་བཟང་པོའི་རིགས་མང་ནའང་སྐྱོན་མི་བསྐྱེད། སྔོ་སྨན་རིགས་མང་ན་མི་ལེགས་པ་དང་། ཚྭ་སྣ། རྡོ་སྨན་རིགས་འདྲེས་ཙམ་ལས་མང་པོ་མི་གཏང་། བུངས་སྐྱེད་དུ་རུ་རྟ་དང་། སེའུ་འབྲུའི་རྩམ་པ། རམ་བུའི་རྩ་བ་རྣམས་ཅུང་མང་ཙམ་བཏང་ན་ཧ་ཅང་སྐྱོན་དུ་མི་འགྱུར་ཞིང་སྟོན་དུས་ཀྱི་གྲོ་མའི་ཕྱེ་མའང་ཕྲན་བུ་བསྲེ་བཏུབ། སྤྱིར་སྨན་ཁ་དོག་དཀར་བ། སེར་བ། དམར་སེར་རྣམས་དང་། རོ་མངར་བ་སྐ་བ་ཅུང་ཟད་སྐྱུར་བ། དྲི་ངད་སྡུག་ཅིང་བཟང་བ་རྣམས་དཔུང་བསྐྱེད་དུ་རུང་། དེ་ལས་ལྡོག་པའི་ཁ་དོག་སྔོ་ལྗང་ནག་པོ་དམར་སྨུག་སོགས་དང་། ཤིང་ཚྭ་ལྟ་བུ་དྲི་ངད་ཆེ་ཞིང་མི་ཞིམ་པ་དང་། ཁམས་ལ་ཕོག་པའི་དྲི་མ་དུག་ཅན། རོ་ཧ་ཅང་ཚ་བ་ཁ་བ་སྐྱུར་བ་ལན་ཚྭ་བ་རྣམས་ཉུང་ངུ་ལས་མང་དུ་མི་གཏང་། གླ་རྩིའང་དྲི་ཐོན་ཙམ་གྱིས་ཆོག །སྨན་མང་བར་འདོད་ཅིང་རྒྱུ་ཚོགས་མ་འབྱོར་ན་འབྲས་ཆུ་ལ་བཀྲུས་པའི་རྩམ་པའམ་ཞིབ་ཆེན་དར་ཚགས་ལ་དྲངས་པ་ཨ་རུ་དང་བུང་མཉམ་ཙམ་བཏང་སྲོལ་སྣང་ཡང་སྨན་འབྱོར་ན་དེའང་དགོས་པ་ཆུང་། སྦྱར་ཟིན་པའི་ཁ་དོག་སེར་པོ་ལ་དམར་མདངས་ཆགས་པའི་སྣུམ་བག་ཅན་ན་གི་དང་བཟང་དྲུག་སོགས་ཀྱི་དྲི་གཙོ་བོར་བསྣམ་ཞིང་ཨ་རུ་གསེར་མདོག་ཆང་དང་བསྲེས་པ་ལྟ་བུའི་རོ་བྲོ་བ་དགོས། ཕྱག་ལེན་ཕལ་ཆེར་ལ་ཆོས་སྨན་སྨུག་པོ་བྱེད་པ་ལྟར་ན་ཐོག་མ་ནས་དམར་པོ་དང་སྨུག་པོའི་རིགས་མང་ཆོག །སྨན་དེ་ཐམས་ཅད་ཀྱང་ཁྲོལ་སྒྲུབ་སྐབས་ཕྱོགས་བཞི་དབུས་ལྔའི་རིགས་སོ་སོར་ཕྱེ་ནས་བཞག་དགོས་པས་འདིའི་གཞུང་གསལ་ལྟར་རིགས་དང་དྲི་རོ་ཁ་དོག་སོགས་སོ་སོར་ཕྱེ། དེའང་བཏག་བཙག་ཉིན་མང་པོ་ལོངས་ཁོམ་མེད་པས་ཁྲོལ་བུ་སྣེ་ཚང་ཉུང་བསྡུས་རེ་བཞག །སྨན་བྱིངས་སྔ་སོར་ནས་བརྡུངས་ལ་དར་ཚགས་ཤིན་ཏུ་ཞིབ་མོར་བཙགས། འདི་དུས་རྩིང་ཞད་བྱུང་ན་རླན་ཕོག་དུས་རྩྭ་དང་པགས་པ་སོགས་ཟིང་ཟིང་པོར་འགྱུར་བས་ཞིབ་དགོས། སྨན་ཕྱེ་རྣམས་རས་ཁུག་དཀར་སེར་དམར་ལྗང་སྔོན་པོ་ལྔར་བླུགས་ནས་ཕྱོགས་བཞི་དབུས་ལྔའི་ཐོད་པར་བཀོད་པའམ། སྨན་ཕྱེ་ཤིན་ཏུ་མང་ན་དབུས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཐོད་པ་དགུ་པོར་རིགས་དང་ཁ་དོག་སོ་སོར་ཕྱེས་པ་གང་ཤོང་བླུགས། མ་ཤོང་བ་རྣམས་ཀ་ཊོ་ར་ཤིན་ཏུ་ཆེན་པོའི་ནང་དུ་བརྡལ་ནས་དེ་ནང་ཐོད་པ་རྣམས་བཀོད་པའི་ཁར་སྨན་ཁྲོལ་བུ་ཤོག་ཐུམ་བྱས་པ་སོ་སོར་བཞག་ལ་དར་ཕྱོགས་མདོག་གིས་ཁ་འགེབས་པ་ཉིད་ཕྱག་ལེན་བདེ་བར་སྣང་། ཐོད་པ་རྣམས་ཀྱང་གཞུང་བཤད་མི་འབྱོར་ཡང་མི་ཐོད་དུམ་བུ་བཞི་པ་ཕན་ཆད་དང་མདོག་ངན་གྲོག་སྐེད་སོགས་མཚན་ངན་མིན་པའི་ཐོད་པ་བཟང་པོ་ལ་སོ་སོར་ཡིན་པའི་མོས་པས་བྱ། བྱིན་རླབས་ཀྱི་ཕབས་རྒྱུན་ཡང་གཏེར་བྱོན་སེལ་མེད་ཀྱི་དགའ་རབ། ཤྲཱི་སིཾ། ཨོ་རྒྱན་རིན་པོ་ཆེ། རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་རིག་འཛིན་གོང་མ་རྣམས་ཀྱི་དམ་རྫས་ཀྱི་རྒྱུན་ལ་བཞུགས་པ་དང་། དེང་སང་གསར་དུ་བྱོན་པ་རྣམས་གཙོ་བོར་བྱེད་པ་ལས་གསར་རྙིང་གི་བྱིན་རྟེན་གང་རྙེད་བསྲེ་བའི་རྟེན་འདུས་ལྟ་བུ་བྱེད་པ་ནི་དགོས་པ་ཆུང་ངོ་། །འདི་སྐབས་སུ་གལ་ཆེ་བ་དཀྱིལ་འཁོར་སྟེང་ཕུབ་ཚངས་པའི་ཕོ་བྲང་དུ་གྲགས་པ་ལ་སྨིན་ལུགས་སུ་མདོར་བསྡུས་ཀྱི་ཕྱག་ལེན་མཛད་པ་ནི་གཞུང་གསལ་ལྟར་ལ། དགོངས་འདུས་མཁན་པོ་རྣམས་དང་རཏྣའི་ཕྱག་བཞེས་ཀྱི་རྒྱུན་རྙིང་མ་ཕལ་མོ་ཆེའི་ལུགས་སྲོལ་དང་། རོལ་རྡོར་བྲག་གཏེར་ཐེམས་མེད་ལས་ཀྱང་གལ་པོ་ཆེར་བཤད་པ་ལྟར་དེའི་ཆས་སྒྲིག་ཚུལ། གཏེར་གཞུང་མང་པོའི་གནད་ཀྱི་ཞལ་གདམས་མཐུན་པར་འབྱུང་བའི་དོན་རིག་འཛིན་བརྒྱུད་པའི་ཕྱག་རྒྱུན་དུ། སྒྲུབ་ཁང་དཀྱིལ་འཁོར་བཞེངས་པའི་ཡང་ཐོག་ཏུ་ཤིང་རིང་བཙུགས་པའི་རྩེ་མོར་རྔ་མ་དཀར་པོ་འདོགས། དེ་འོག་ཀུ་ཤའི་ཆུན་པོ་གཉིས་རྩེ་སྤྲད་དུ་བཅིངས་པའི་གསེབ་ཏུ་ལྷ་དབང་བརྒྱ་བྱིན་སྐུ་རྒྱབ་བྱང་འདོད་གསོལ་བྲིས་པ་ལ་དམུ་ཐག་དཀར་པོ་བཏགས་པ་སྨན་གྱི་ཕོ་བྲང་དང་སྦྲེལ། དེ་འོག་དཀྱིལ་འཁོར་སྟེང་གི་རྒྱ་མཐོངས་ལྟ་བུར་ཤིང་ཀོ་རུ་ཁ་ཞེས་རྒྱ་གྲམ་རྩེ་སྦྲེལ་གྲུ་བཞིའི་དབྱིབས་སྟེང་འོག་རིམ་པ་བཞི་མཛེས་ཆོས་བང་རིམ་གྱི་རྣམ་པར་བྱས་པའི་དང་པོར་ལྷ་ཆེན་བརྒྱད། གཉིས་པར་རྒྱུ་སྐར་ཉེར་བརྒྱད། གསུམ་པར་རྩི་བཅུད་ལྷ་མོ་བཅུ་དྲུག །བཞི་པར་ཀླུ་ཆེན་བརྒྱད་རྣམས་སྔགས་བྱང་འདོད་གསོལ་བཅས་བཀོད། སྐུ་གཟུགས་རྣམས་ཀྱང་རྒྱས་པར་གྲུབ་ན་ལྡེར་བཟོ་གཙང་མའི་ནང་གཞུག་རང་རང་གི་སྙིང་པོ་དང་འདོད་གསོལ་བཅུག་པ་ལྡིང་ཁྲི་བརྟན་པོར་བཞག །གོང་འོག་གཉིས་ཀྱི་ཟུར་བརྒྱད་ལ་མེ་ལོང་བརྒྱད་ཕྱར། བྲིས་འབུར་གང་ལའང་སོ་སོར་བསྐྱེད་བསྟིམ་ནན་དུ་བྱ་བར་གསུངས་པ་ལྟར་གལ་ཆེ་ཞིང་། རྒྱུ་སྐར་ལ་གཏོར་འབུལ་དམིགས་སུ་སྣང་བའང་ཙཀ་གདུགས་དབུབ་སྐབས་ངེས་པར་དགོས། སྨིན་ལུགས་ཕྱག་རྒྱུན་སྟེང་ཕུབ་རྒྱ་གདུགས་ཀྱི་ཁོངས་སུ་བསྡུ་སྐབས་ཀྱང་བཅས་འདི་རྣམས་ཚང་ན་དགོས་པ་ཆེ་བར་འདུག་པས། གདུགས་ཀྱི་ཡུ་བ་ལ་རྔ་དཀར་ཀུ་ཤ་བརྒྱ་བྱིན་གྱི་སྐུ་རྣམས་བཀོད། ཤམ་བུའི་ཕྱོགས་མཚམས་བརྒྱད་ཀྱི་དང་པོར་ལྷ་ཆེན་བརྒྱད། དེ་འོག་ཕྱོགས་སྐར་དྲུག་རེ་དང་མཚམས་སྐར་རེ་རེ། དེ་འོག་ཕྱོགས་མཚམས་བརྒྱད་ལ་རྩི་བཅུད་ལྷ་མོ་གཉིས་རེ། དེ་འོག་ཀླུ་ཆེན་བརྒྱད་ཀྱི་ཙཀ་ལི་བཀོད་པའམ། འདི་ཉིད་མགྲོན་ཐབས་ཀྱི་ལྷ་ཡིན་སྐབས་གཙོ་འཁོར་གྱི་གོ་རིམ་མི་དགོས་པས་ཤར་ངོས་སུ་ཙཀ་ལི་བཞིའི་དང་པོར་ལྷ་ཆེན་གཉིས། གཉིས་པར་ཤར་སྐར་དྲུག་དང་མཚམས་སྐར་གཅིག །གསུམ་པར་རྩི་བཅུད་ལྷ་མོ་བཞི། བཞི་པར་ཀླུ་ཆེན་གཉིས་བཀོད་པའི་ཙཀ་ལི་འདོགས། ཕྱོགས་གཞན་གསུམ་ལ་གཡས་སྐོར་དུ་དེ་ལྟར་བྱས་པས་སྟབས་བདེ་ལ་དོན་ཚང་བར་འོང་། ཚངས་པ་བྲི་ཚུལ་གཞུང་ཕལ་ཆེར་ནས་མི་འབྱུང་ཡང་སྨན་སྲུང་མགྲོན་གྱི་གཙོ་བོ་ཡིན་པ་མ་ཟད་ཚངས་པའི་ཕོ་བྲང་ཞེས་པའི་མིང་དོན་དང་འབྲེལ་པ་ལྟར་ན། བཟང་ཤིང་གི་བྱང་བུའི་སྟོད་ལ། ཚངས་པ་གདོང་བཞི་གསེར་མདོག་འཁོར་ལོ་འཛིན་ཅིང་ངང་པ་ལ་གནས་པ། སྨད་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་སྒྲེང་ཞིང་རྒྱལ་པོ་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ་བྲི། རྒྱབ་ངོས་སུ། འཇིག་རྟེན་མེས་པོ་ཚངས་པ་དང་ལྷའི་དབང་པོ་བརྒྱ་སྦྱིན་གྱིས་བདག་ཅག་འཁོར་དང་བཅས་པ་ལ་བདུད་རྩི་སྨན་གྱི་དངོས་གྲུབ་སོགས་འདོད་དོན་མ་ལུས་པ་བསྩལ་དུ་གསོལ༔ ཞེས་བྲི། ལྷ་བརྒྱད་ནི། ཤར་དུ་དབང་ཕྱུག་ནག་པོ། བརྒྱ་བྱིན་དཀར་པོ། ལྷོར་ཚངས་པ་སེར་པོ། ཁྱབ་འཇུག་ལྗང་གུ །ནུབ་ཏུ་ཚོགས་བདག་དཀར་པོ། བྷྲིང་གི་རི་སེར་པོ། བྱང་དུ་འདོད་ལྷ་དམར་པོ། གཞོན་ནུ་གདོང་དྲུག་ལྗང་གུ་སྟེ། ཕྱག་གཡས་ཐམས་ཅད་བཀྲ་ཤིས་རྫས་བརྒྱད། གཡོན་རྣམས་བདུད་རྩིའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། རོལ་སྟབས་ཀྱིས་པདྨ་ལ་གནས་པའི་རྒྱབ་ཏུ་སྲོག་ཡིག་རིམ་བཞིན། ཨཱིཾ། ཤཾ །བྲཾ། བིཾ། གཾ །བྷྲིཾ། ཀཱཾ །ཀཾ་རྣམས་དང་། ཨཱཿརེ་རེ་བརྩེགས་མར་བྲི། རྒྱུ་སྐར་ཉེར་བརྒྱད་ཀྱི་ཤར་སྐར་བདུན་ནི་ཤར་སྟོད་ནས་གཡས་སྐོར་དུ། སྨིན་དྲུག་ལྗང་གུ་བུམ་པའི་ཁྲི། །སྣར་མ་དམར་སྐྱ་བ་དཀར་ཁྲི། །མགོ་ནི་ནག་པོ་ཤ་བའི་ཁྲི། །ལག་ནི་སེར་པོ་སྦྲུལ་ལ་ཞོན། ནབས་སོ་སེར་པོ་པད་མའི་གདན། །རྒྱལ་ནི་ལྗང་གུ་བུམ་པའི་ཁྲི། །སྐག་ནི་དཀར་པོ་བྱ་རོག་ཁྲི། །ལྷོར། མཆུ་ནི་སེར་པོ་པདྨའི་དབུས། །བྲེ་ནི་ལྗང་སེར་པདྨའི་གདན། །དབོ་ནི་ལྗང་ཁུ་རིན་ཆེན་ཁྲི། །མེ་བཞི་དཀར་པོ་གླང་པོ་ཞོན། །ནག་པ་ལྗང་གུ་རྨ་བྱའི་ཁྲི། །ས་རི་སེར་པོ་སྤྱང་མོ་ཞོན། །ས་ག་ནག་པོ་ར་དཀར་ཁྲི། །ནུབ་ཏུ། ལྷ་མཚམས་ལྗང་གུ་བྱ་རོག་ཞོན། །སྣྲོན་ནི་སེར་པོ་འབོལ་སྟན་ཁྲི། །སྣྲུབ་ནི་སེར་པོ་རུས་སྦལ་ཞོན། །ཆུ་སྟོད་ནག་པོ་ཟབ་འབོལ་གདན། །ཆུ་སྨད་དཀར་པོ་ཙིཏྟ་ཞོན། །བྱི་བཞིན་ལྗང་གུ་འབོལ་གྱི་གདན། །གྲོ་བཞིན་སེར་མོ་ཁྲི་ལ་བཞུགས། །བྱང་དུ། མོན་གྲེ་ནག་པོ་གླང་དཀར་ཁྲི། །མོན་གྲུ་སེར་པོ་དར་སྟན་ཏེ། ཁྲུམས་སྟོད་ལྗང་གུ་གསེར་གྱི་གདན། ཁྲུམས་སྨད་སེར་པོ་ཁྲིའུའི་གདན། །ནམ་གྲུ་དཀར་སེར་རྟ་ལ་ཞོན། །ཐ་སྐར་དཀར་པོ་མི་ལ་ཞོན། །བྲ་ཉེ་ལྗང་གུ་འཁོར་ལོ་ཞོན་པ་ཐམས་ཅད་ཀྱང་ལྷ་མོའི་གཟུགས་ཅན། ལྷའི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་ཐལ་མོ་སྦྱར་བའོ། །དེ་རྣམས་ཀྱི་རྒྱབ་ཏུ། ནཀྵ་ཏྲ་ཧཱུྃ་ཙིཏྟ་ཨཱ་བེ་ཤ་ཡ་ཧྲིཾ༔ གཏོད་ལ་ནོན་ཅིག༔ སརྦ་ཨནྟ་ར་བྷྱོ༔ སརྦ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་ཧཱུྃ༔ མི་མཐུན་སོལ་ཅིག༔ མཐུན་རྐྱེན་སྒྲུབས་ཤིག༔ ཅེས་བྲི། རྩི་བཅུད་ལྷ་མོ་བཅུ་དྲུག་ནི། ཤར་དུ་ལྷ་མོ་ལཱ་སྱ་དཀར་མོ། ཤིང་གི་ལྷ་མོ་འོད་འཆང་དཀར་སེར། རྡོ་རྗེ་ལྷ་མོ་ཤེལ་མདོག་དཀར་པོ། རིན་ཆེན་གསེར་གྱི་ལྷ་མོ་སེར་པོ། ལྷོར་ལྷ་མོ་མཱ་ལེ་མ་སྔོན་མོ། ལྷ་མོ་ནོར་རྒྱུན་མ་སྔོ་བསངས། ལྷ་མོ་ཁྲོ་གཉེར་མ་སྔོན་མོ། རིན་ཆེན་གཡུའི་ལྷ་མོ་སྔོན་མོ། ནུབ་ཏུ་ལྷ་མོ་གཱིརྟི་མ་དམར་མོ། རྩིའི་ལྷ་མོ་གྲུབ་པ་མོ་དམར་སེར། ལྷ་མོ་སྲ་བརྟན་དབང་བསྒྱུར་མ་དམར་མོ། རིན་ཆེན་བྱི་རུའི་ལྷ་མོ་དམར་པོ། བྱང་དུ་ལྷ་མོ་ནཱིརྟི་མ་ལྗང་མོ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན་ལྗང་སེར། །ལྷ་མོ་གཉན་གསལ་མ་སྨུག་ནག །རིན་ཆེན་ཨིནྡྲའི་ལྷ་མོ་ལྗང་མོ་ཐམས་ཅད་ཀྱི་ཕྱག་གཡས་མདའ་དར་དང་། གཡོན་རྣམས་མེ་ལོང་ཐོགས་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་བཞེངས་སྟབས་ཅན་ནོ། །དེ་རྣམས་ཀྱི་རྒྱབ་ཏུ། མ་ཧཱ་དེ་བི་ཧཱུྃ་ཨ་མི་ཏ་སིདྡྷི་ཧཱུྃ༔ ཞེས་བྲི། ཀླུ་ཆེན་བརྒྱད་ནི། ཤར་དུ་དགའ་བོ་སེར་པོ་སྦྲུལ་མགོ་བཅུ་རེའི་གདེངས་ཀ །འཇོག་པོ་དཀར་པོ་སྦྲུལ་མགོ་བཅུའི་གདེངས་ཀ །ལྷོར་སོག་མ་མེད་སེར་པོ་སྦྲུལ་མགོ་བདུན་གྱི་གདེངས་ཀ །དུང་སྐྱོང་དཀར་པོ་སྦྲུལ་མགོ་བརྒྱའི་གདེངས་ཀ ནུབ་ཏུ་གཙུག་ན་རིན་ཆེན་སེར་པོ་སྦྲུལ་མགོ་བཞི་བཅུའི་གདེངས་ཀ །གཟི་ཆེན་དམར་པོ་སྦྲུལ་མགོ་ཉི་ཤུའི་གདེངས་ཀ །བྱང་དུ་མཁར་ནག་ནག་པོ་སྦྲུལ་མགོ་ཉིས་བརྒྱའི་གདེངས་ཀ་སྐུ་སྟོད་ཁྲོ་བོའི་ཆ་བྱད་ཁ་ནས་མེ་ཞགས་འཕྲོ་བ་གླང་པོའི་སྟེང་ན་བཞུགས་པ། སྦལ་མཛེས་ནག་པོ་སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན། མཁར་ནག་མ་གཏོགས་བདུན་པོ་ཞལ་གཅིག་ཞི་འཛུམ་སྐུ་སྟོད་ལྷ་བུའི་ཆ་བྱད་དར་དང་རིན་པོ་ཆེས་བརྒྱན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་པ། ཀུན་ཀྱང་གཡས་ཐམས་ཅད་པད་མ་དང་། གཡོན་རྣམས་སུ་དུང་ཆོས་བསྣམས་ཤིང་རྒྱ་མཚོ་ལ་གནས་པ་བྲི། རྒྱབ་ཏུ། ཕུ་ནཱ་ག་ཧཱུྃ་དྷ་ལ་སམྦྷོ་སིདྡྷི་ཧཱུྃ་ལཀྵྨི་སིདྡྷི་བྷྲཱུྃ༔ ཕུ་སིདྡྷི་ཕ་ལ་ཧི་ད་ཧི་ད་སྭཱ་ཧཱཾ༔ ཞེས་བྲི། ལྷ་དགུ་རེ་རེའི་མདུན་ནམ་མི་འགྲུབ་ན་ཀུན་གྱི་མདུན་དབུས་ཕྱོགས་སུ་ཤིང་བྱང་དཀར་པོའི་ངོས་སུ། ཨོཾ་ཨ་དེ་བ་ཙིཏྟ་སིདྡྷི་ཧཱུྃ༔ དེ་བ་ཨ་མྲྀཏ་མ་ཧཱི་ར་ཎ་ཨ་ཐ་ཧཱུྃ་པྲ་བེ་ཤ་ཡ་ཧྲིང༔ སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ༔ ཨཱ་ཡུ་ཤེ་ཛཿཔུཎྱེ་བ་ལ་ཏེ་ཛོ་བྷྲཱུྃ་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་འདུས་འདུས་སྭཱ་ཧཱ༔ ཞེས་བྲིས་ལ་བཏགས་པ་ཤིན་ཏུ་གསང་བའི་ཟབ་གནད་དུ་གསུངས། རྡོ་རྗེ་སློབ་དཔོན་གྱི་ཁྲིའི་འོག་ཏུ། རུས་སྦལ་གྱི་ཁོག་པར་སྟག་སྐྱ་འབྲུག་སྔོན་བྱ་དམར་རུས་སྦལ་རྒྱ་བོ་བཞིའམ། བྱའི་མལ་དུ་སྤྲེལ་སེར་བཤད་པའང་སྣང་ཞིང་། རྒྱུ་སྐར་ཉེར་བརྒྱད། རླུང་ལྷ་ལྗང་གུ་བ་དན་ཐོགས་ཤིང་ཤ་བ་ཡུ་མོ་ལ་ཞོན་པ་རྣམས་བྲིས་ཏེ་དར་སྣ་འབྲུ་སྣ་དང་བཅས་དར་དཀར་ཁུད་དུ་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་རིས་སུ་བསྡམས་ལ། ཨོཾ་དྷ་ལ་མ་དྷུ་སི་པདྨེ་ཧཱུྃ༔ ཡཾ་བྷ་ཡ་བྷེ་དེ་བ་ཧཱུྃ༔ སརྦ་ཨནྟ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་སྔགས་ཏེ་བཞག་པས་འབྱུང་བའི་གནོད་པ་ཞི། ཁྲོམ་དུལ། བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། འགའ་ཞིག་ནས་བཅས་འདི་དཀྱིལ་འཁོར་གྱི་འོག་ཏུ་བཞག་པའང་བཤད་པས་ཅི་བདེར་ཆོག །འདི་ནི་སྒྲུབ་ཆེན་སྤྱི་ལའང་གཅེས་སོ། །སྦོལ་བའི་སྐབས་སོགས་སྨན་སྣོད་ཟངས་དཀར་ལྟ་བུ་གཡའ་མེད་ཆེ་ལེགས་གཙང་མ་དགོས། མ་འབྱོར་ན་ཤིང་གཞོང་དང་རྫ་སྣོད་གསར་པས་ཀྱང་རུང་། ལྕགས་སྣོད་ལྕགས་ཁེམ་ལྕགས་ཐུར་སོགས་དང་ཐུག་ན་མདོག་ནག་པོ་བཅོས་མེད་དུ་འགྱུར་བས་ཤིན་ཏུ་སྤང་དགོས། དེ་མཚུངས་སིནྡྷུ་ར་དང་ས་གི་ཝཾ་ལའང་མཚུར་འདྲེས་སྟབས་མང་ན་ནག་པོར་བསྒྱུར་བས་ཕུན་ཚོགས་ཙམ་ལས་འདེབས་མི་བཏུབས། སིནྡྷུ་ར་འབྱུང་བའི་ཆུའང་མི་བླུགས། ཆང་ཡང་གསར་མ་རྣམས་ཀྱིས་བདེ་མཆོག་སྡོམ་འབྱུང་ལས་གསུངས་པའི་ཆོ་གས་བསྒྲུབ་པ་ལྟ་བུ་མ་བྱུང་ན་ཕལ་པས་བདུད་རྩི་རིལ་བུ་སྦྱོར་བ་སོགས་མི་རུང་བར་གསུངས་ཀྱང་། འདིར་སྣང་སྲིད་བདུད་རྩི་རྣམ་དག་གི་དགོངས་པ་ལ་དམ་རྫས་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔའི་བཞུ་བཏུལ་གྱིས་སྦྱོང་བའི་མོས་པ་ཡིན་བཞིན་དེ་ཙམ་གྱི་གཙང་སྨེའི་རྟོག་འཛིན་མི་དགོས་ཀྱང་། ཆང་སྣ་བཞི་པོ་ལ་རབ་ཏུ་འཛོམ་ན་ཡང་གཏེར་རྡོ་རྗེ་བདུད་རྩིའི་ལུགས་ཀྱི་མ་ད་ན་སྒྲུབ་ཐེམས་དང་མ་རྙེད་ན་སྔར་བསྒྲུབས་པའི་ཆོས་སྨན་བཏབ་ལ་བདུད་རྩི་ལྟར་བྱིན་རླབས་ནན་ཏན་བྱ་དགོས། དྲི་བཟང་མདོག་བསྒྱུར་དམ་རྩིའི་དབང་ལག་ཕྱེ་རྣམས་ཟུར་དུ་དབྱེ། སྨན་ཕྱེ་གཞན་ཐམས་ཅད་སྐམ་པོའི་སྐབས་སུ་འདྲེས་ངེས་པར་འཕུར། རླན་སོང་ནས་འདྲེས་དཀའ། སྦོལ་བའི་ཚད་གཞུང་གསལ་ལྟར་སྐམ་གཤེར་རན་པ་དགོས་ཧ་ཅང་རློན་ཆེས་ན་གོང་བུར་འདྲིལ། སྐམ་ཆེས་ན་ཕྱེ་མར་བརྡལ། འཕུར་དུས་ཀྱང་ཤེད་ཧ་ཅང་ཆེས་ན་གོང་བུར་འདྲིལ་བས་མི་ལེགས་ཤིང་ཤུགས་ཆུང་སེ་བ་ཡུན་རིང་དུ་འཕུར་ཐུབ་ན་ཁ་དོག་ཁུག་ཅིང་སྣུམ་ཞད་ཆེ་བ་འབྱུང། དབྱར་དུས་ལྟ་བུར་རུལ་དོགས་ཀྱི་ཟོན་སྐྱོར་དགོས་ཚེ་སྦོལ་དུས་རློན་ཆེན་པོ་མི་བྱ། གྲོལ་དུས་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་སྦོལ་བས་ལེགས་པ་འབྱུང་། སྤྱིར་ནམ་ཟླ་དཔྱིད་སོས་དང་། སྟོན་ཀ་བསིལ་དྲོད་སྙོམས་པས་བྱ་སྟབས་བདེ། ཁྱད་པར་སྟོན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འབྲིང་པོའི་ཡར་ངོ་ལ་མཆོག་ཏུ་བསྔགས། དབྱར་རུལ། དགུན་འཁྱག །དཔྱིད་ཀའི་ཐོག་མར་སྐམ་ཉེན་ཡོད་པས་ནམ་དུས་དང་བསྟུན་པའི་ཚ་ཚོད་གྲང་ཚོད་དང་སྐམ་རློན་གྱི་གནད་ཞིབ་ཆ་བྱ་དགོས། སྦོལ་བའི་ཐོག་མར་ཆུ་སོགས་བླུགས་ཟིན་རྗེས་དམ་རྫས་ཕབས་གཏའ་སྔར་ནས་ཆུ་གཙང་ལ་བཏབ་ནས་བཞག་པ་ལ་སླར་ཆང་གི་ཉིང་ཁུ་མང་ཙམ་བླུགས་ལ་ལག་པས་མཉེ། ཐམས་ཅད་ཞུ་ནས་སྨན་ལ་བསྲེ། སྦོལ་ཟིན་རྗེས་དྲི་བཟང་རིགས་དང་མདོག་སྒྱུར་རྣམས་བསྲེ། དེའང་ཁ་ཆེ་དྲི་བཟང་ཕྱེ་མ་སྐམ་འདེབས་གང་འབྱོར་དང་། ཁྲོལ་བུ་གཡའ་མེད་པའི་སྣོད་དུ་ཞག་གཅིག་སོགས་སྦངས་ནས་ཅུང་ཟད་བསྐོལ་བ་དང་ཚགས་ལ་བཙགས་པའི་དྭངས་མ་བྲན་པ་ལས། ཕྱེ་མ་བྱས་ནས་སྦངས་ན་དྭངས་སྙིགས་འདྲེས་ནས་དངོས་གཙང་རང་མི་འོང་། མདངས་འདོན་དུས་ཀྵི་ལ་ཝཱ་རི་སྟེ་ཇ་བཟང་པོའི་གར་ཁུས་ཀྱང་འཚམ་པར་བྲན། སེར་མདངས་ཆེ་བ་དང་། སྣུམ་ཤས་ཆུང་ན་མར་དཀར་བཙག་བཅད་པའི་ཁུ་བ་ཉུང་ཙམ་རེ་ལག་པར་བྱུགས་ནས་འཕུར་བས་སྨུག་པ་དང་སྣུམ་ཞག་ཅན་དུ་འགྱུར། དཔྱིད་དུས་ལྕང་དཀར་ཁ་འབུས་ཀྱི་ཐང་ཆུ་བསྲེ་རྒྱུ་བྱུང་ན་སྣུམ་དང་དམ་རྩི་གཉིས་ཀ་འོང་། དེ་ནས་ཆང་ཕབས་ཕྱེ་མ་ཞོ་རེ་ལ་རྡོག་པོ་དུ་བཏང་ཡུལ་གཤོ་དང་བསྟུན་པ་སྐམ་འདེབས་བྱེད་པའང་སྣང་རུང་ཆང་བཟང་དྲོན་མོ་ནང་འདྲེས་པར་དཀྲུགས་ཏེ་བླུགས་ལ་ཁྱབ་པར་འཕུར་བ་འདི་ལེགས། རྡོ་རྗེས་དཀྲུགས་ཞེས་པ་འབྱོར་ན་བམ་གཙང་མའི་གསང་རྡོར་དངོས་དང་། མ་འབྱོར་ན་ཤིང་སོགས་ལས་བཅོས་པའི་གསང་རྡོར་གྱིས་དཀྲུགས་ཏེ་སྔར་སྨིན་གླིང་དུ་སྨན་སྒྲུབ་གནང་སྐབས་ཆོས་དབང་རིན་པོ་ཆེའི་དུས་སུ་སྨན་དཀྲུགས་པའི་རྡོ་རྗེ་ཡིན་ཞེས་གྲགས་པའི་ཤིང་གི་གསང་རྡོར་ཞིག་ཡོད་ཅེས་གསུངས། འོན་ཀྱང་ཕྱག་མཚན་གྱི་རྡོ་རྗེ་ལ་དེར་བཏགས་པས་ཀྱང་རུང་བར་བྱེད། ཕྱེ་སྒྲུབ་ཀྱི་སྨན་བསྙལ་ཚུལ་ལག་ལེན་མི་འདྲ་བ་འགའ་རེ་འདུག་ཀྱང་སྨན་ཕྱེ་མང་ཉུང་གང་ཡིན་ཡང་སྟབས་བདེ་བའི་ཕྱག་ལེན་ནི། ཟངས་དཀར་དྲི་མེད་དང་བལ་པོའི་རག་རྡིག་ནང་རྩི་ལྡན་པ་ལྟ་བུ་གཙང་ཞིང་གཡའ་མེད་པའི་སྣོད། མ་འབྱོར་ན་རྫ་གསར་པས་ཀྱང་རུང་སྟེ་ཆེ་ཆུང་སྨན་སྒྱེ་ཤོང་ཚོད་དང་བསྟུན་པའི་ནང་བལ་བུའི་ཕུར་མ་དང་འབྲུ་སྣ་རླན་ཅན་འཚམ་པར་བླུགས་པའི་དཀྱིལ་ཀྱོང་མོ་བྱས་པ་ལ་མོ་ཐོད་འཁོར་ལོ་བྲིས་པ་དཔྲལ་བ་མདུན་དང་ཁ་གྱེན་བསྟན་གྱི་སྟེང་སྨན་སྒྱེ་བཞག་པའི་སྟེང་ཕོ་ཐོད་འཁོར་ལོ་ཅན་དཔྲལ་བ་མདུན་བསྟན་ཁ་སྦུབས་པས་བཀབ། སྣོད་ཀྱི་ཁར་དར་སྣ་ལྔའམ་རྟེན་ཁེབས་ལྟ་བུས་གཡོགས། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་རྒྱས་བཏབ། སྣོད་ཀྱི་ཁར་དབུ་རྒྱན་རིགས་ལྔ་སྒྲོན། གཡས་གཡོན་དུ་རྡོར་དྲིལ་བཅིང་། སྟེང་དུ་བམ་གཙང་མའི་རྡོ་རྗེ་སྦུབས་ཅན་དངོས་སམ་བཅོས་པའམ་དེར་བཏགས་པའི་གཟུངས་རྡོར་དང་། ཆེ་མཆོག་བདུད་རྩི་འཁྱིལ་བ་ལྗང་སེར་ཁྲོ་འཛུམ་ཕྱག་གཉིས་ཐལ་སྦྱར་བར་བདུད་རྩིའི་བུམ་པ་བསྣམས་པ། ཁྲོ་བོའི་རྒྱན་ལྡན། ཞབས་ཕྱེད་སྐྱིལ་པད་ཉི་ལ་བཞུགས་པའི་སྐུ་བཞུགས་པ་ཉིད་རད་གླིང་ནས་གལ་པོ་ཆེར་གསུངས། སྨན་སྣོད་ལྕགས་སྒྱེད་ལྟ་བུར་བཞུགས་པའི་འོག་ཏུ་མི་ཚིལ་དང་དུག་གསུམ་གྱི་ཚིལ་བུ་བསྲེས་པའི་དྲོད་འབེབ་མར་མེ་སྡོང་ཤེད་ནམ་དུས་བསྟུན་པ་སྦར་བའི་ཕྱི་རོལ་དར་ཁང་དཀར་དམར་མཐིང་གསུམ་གྱི་ཡོལ་བ་བྲེས་ལ་མེ་ངད་རླུང་གིས་མི་འཕྲོག་པར་བྱ། ཕྱོགས་རེ་རེར་ཚ་ཆེས་གྲང་ཆེས་མ་ཡིན་པར་སྨན་གྱི་ཁང་བུ་སྤྱི་སྙོམས་སུ་ཚ་ཆི་ལེ་བ་དང་། སྨན་སྣོད་ལ་དྲོད་རྒྱུན་ལྡན་དུ་ཡོད་པ་དགོས། སྒྲུབ་ཞག་མ་ཚང་གོང་སྨན་ལངས་པའི་རྟགས་བྱུང་ན་མར་མེ་བཅད། ཁ་ཕྱེ་བ་སོགས་བྱེད་མཁན་འདུག་ཀྱང་གཞུང་དང་འགལ་བས་མི་བྱ་ཞིང་དེ་འདྲ་དགོས་པའང་མི་འབྱུང་ངོ་། ༈ །སྒྲུབ་པ་པོའི་གྲངས་སྤྲོས་བཅས་ཀྱི་དབང་དུ་བྱས་ཏེ་རྡོ་རྗེ་རྒྱལ་པོ། ཕྱོགས་བཞིའི་རིགས་ཀྱི་གཙོ་བོ་བཞི། རྡོ་རྗེ་རྒྱལ་ཐེབས། རིན་ཆེན་རྒྱལ་ཐེབས། པདྨ་རྒྱལ་ཐེབས། ལས་ཀྱི་རྒྱལ་ཐེབས་སོ། །རྒྱལ་ཐེབས་བཞི་སོགས་དགུ་པོ་དེར་ཡབ་ཡུམ་ཚང་དགོས་པས་བཅོ་བརྒྱད། སྤྱན་པ་གཅིག །དུས་མཚམས་པའམ་དྲོད་འཛིན་པ་གཅིག །གིང་པ་གསུམ། མཚམས་པ་གཉིས། རྡུལ་ཕྱགས་པ་གཅིག་རྣམས་ལ་ཡུམ་དམིགས་བསལ་མ་གསུངས་པས་མེད་ཀྱང་ཆོག་ལ། བྱན་པར་ཕོ་མོ་གཉིས་དགོས་ལ། དེ་དག་གི་སོ་སོའི་ལས་བྱེད་ཚུལ་ནི་སྒྲུབ་ཁོག་ཏུ་གསལ་བ་ལྟར་ཡིན་ལ། དེར་མ་གཏོགས་པའི་མཆེད་ལྕམ་རབ་ཕོ་བརྒྱད་དང་། མོ་བརྒྱད་དེ་བཅུ་དྲུག །འབྲིང་ཟུང་བཞི་སྟེ་བརྒྱད། ཐ་མ་གཉིས་སམ་གསུམ་སྟེ། ཁྱོན་ཡོངས་སུ་དྲིལ་བས་རྒྱས་པ་རང་གི་དབང་དུ་བྱས་ན། བཞི་བཅུ་ཞེ་བཞི་ཙམ་ཅིས་ཀྱང་དགོས་ལ། འདིར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་རྒྱལ་པོ་གཉིས་གཅིག་ཏུ་བགྱིས་མོད། གཞན་དུ་སོ་སོར་གསུངས་པའང་ཡོད་ལ། དགོངས་འདུས་སུ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཚབ་བཅས་གཙོ་ཆེ་བ་གཉིས་སུ་བྱེད་ཅིང་གྲངས་ལྷག་པོ་གཞན་ཡང་གསུངས། སྒོམ་དོན་ལ། ཡབ་ཡུམ་གཙོ་འཁོར་གྱི་རྣམ་པར་བསྒོམ་རྒྱུ་ཡོད་པ་རྣམས་ལ། སློབ་དཔོན་ཡབ་ཀྱིས་ཡབ་དང་། ཡུམ་གྱིས་ཡུམ་རང་གི་ང་རྒྱལ་དང་རྣམ་པ་གསལ་འདེབས་ཤིང་། དེས་མཚོན་ནས་གཞན་དག་ཀྱང་སྡེ་ཚན་བཅད་དེ་ལྷ་གྲངས་དང་མཚུངས་པའི་ཡབ་ཡུམ་གྱི་ང་རྒྱལ་བཟུང་ཐུབ་ན་ལེགས་ཤིང་། ཇི་སྐད་བཤད་པའི་སྒྲུབ་པ་པོ་ཕོ་མོ་དངོས་སུ་མ་འཛོམས་ཀྱང་དེར་བརྟགས་པས་རུང་བ་ཉིད་དོ། ༈ །ཕྱེ་སྒྲུབ་དངོས་གཞིའི་སྐབས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་རྣམ་གཞག་གསུངས་པའི། དང་པོ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི་བདག་ཉིད་རྩ་བའི་དཀྱིལ་འཁོར་གང་རུང་དུ་གསལ་བཏབ་པ་ལས་ཛཔ྄་ཁང་ཕྱེས་ཏེ། མདུན་གྱི་རྟེན་དང་དབྱེར་མེད་པར་མེ་རི་འདབས་འབྱར་གྱི་ཚུལ་དུ་འཁོད་པར་མོས་པའོ། །གཉིས་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་གྱི་སྣོད་བདུད་རྩི་དང་བཅས་པ། བསྒོམ་བྱ་སྙིང་པོའི་དཀྱིལ་འཁོར་ཉིད་བདུད་རྩིར་ཞུ་བ་དཔའ་བོ་འབྲུ་ལྔས་མཚན་པར་གསལ་གདབ་པའོ། །གསུམ་པ་འགྲོ་བ་འདུལ་བའི་དཀྱིལ་འཁོར་རམ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། བགེགས་ཐམས་ཅད་བསྐྲད། མདུན་གྱི་བདུད་རྩིའི་དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་ཕྱོགས་མཚམས་སུ་འཁོད་པར་བསམ་ཞིང་། སྟོབས་པོ་ཆེ་ནི་ཐོད་པའི་འོག་གི་མེའི་དཀྱིལ་འཁོར། ཧཱུྃ་མཛད་ནི་རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་འོག་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་ཕྱོགས་ཀྱི་ནམ་མཁར་བསྒོམ་མོ། །བཞི་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །ཞེས་སོགས་ཀྱིས་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་རྟ་མགྲིན་ཡུམ་བཞི་དང་བཅས་པ་བསྐྱེད་ཅིང་། སྦྱོར་བ་དུས་གཅིག་ཏུ་མཛད་པ་ནི་ལྷ་མོ་སོ་སོའི་སྣང་ངོར་གཙོ་བོའི་ཞལ་སོ་སོ་ལ་ཕྱོགས་པར་བཞུགས་ནས་རོལ་པའི་གནད་ཀྱིས་ཡིན་ནོ། །ལྔ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཞེས་སོགས་ཀྱིས་བུདྡྷ་ཁྲག་འཐུང་གི་ཞབས་གཉིས་ཀྱིས་ཁྲོ་བཅུའི་ཤར་དང་། ཤར་ལྷོའི་ཁྲོ་བོའི་དབུ་མནན་ཞིང་། རཏྣ་ཁྲག་འཐུང་གིས་ལྷོ་དང་། ལྷོ་ནུབ། པདྨ་ཁྲག་འཐུང་གིས་ནུབ་དང། ནུབ་བྱང་། ཀརྨ་ཁྲག་འཐུང་གིས་བྱང་དང་། བྱང་ཤར་གྱི་ཁྲོ་བོའི་དབུ་མནན་པའི་དབུས་ཀྱི་ནམ་མཁའ་ཆེས་མཐོ་བར་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པའི། ཞབས་མདུན་མ་གཉིས་ཤར་ནུབ་ཀྱི་ཁྲོ་བོ་གཉིས་དང་། རྒྱབ་མ་གཉིས་ཀྱིས་ལྷོ་བྱང་གི་ཁྲོ་བོ་གཉིས་ཀྱི་དབུ་མནན་པའམ། ཡང་ན་མདུན་མས་ཤར་དང་ལྷོ། རྒྱབ་མས་ནུབ་དང་བྱང་མནན་པར་བྱའོ། །མངོན་རྟོགས་རྒྱས་པ་བསྒོམ་མི་ནུས་ན། ཁྲག་འཐུང་ལྔ་ཀ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་ཆོག་གསུངས། དྲུག་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །ཞེས་སོགས་ཀྱིས་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དང་ལྡན་པའི་ཞབས་གཡས་པ་བཞིས་བཛྲ་ཧེ་རུ་ཀའི་དབུ་གཡས་པ་དང་། གཡོན་པ་བཞིས་དབུ་གཡོན་པ་མནན་ཞིང་། དབུ་དབུས་མའི་སྤྱན་གསུམ་གྱི་དཀྱིལ་མའི་ཕྱེད་ཡན་གནམ་ཞལ་མའི་བྷ་གའི་ནང་དུ་ཆུད་པར་བསྒོམ། བདུན་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །ཞེས་སོགས་ཀྱིས་གནམ་ཞལ་མའི་སྟེང་དུ་ཆེ་མཆོག་སྨུག་ནག་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། ཞབས་བརྒྱད་ཀྱིས་ཡུམ་གྱི་དབུ་བརྒྱད་བརྫིས་ཤིང་། གསང་གནས་ཀྱི་རྡོ་རྗེ་ཡུམ་གྱི་རྩ་ཞལ་གྱི་སྨིན་མཚམས་ཀྱི་དབུ་མའི་མཁའ་ཀློང་དུ་བཅུག་པར་བསྒོམས་ཏེ། དཀྱིལ་འཁོར་བདུན་བརྩེགས་སུ་བྱེད་ཚུལ་ཡིན་ལ། ཆེ་མཆོག་གི་ལྗགས་ཀྱི་སྟེང་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་པ་ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་དཀྱིལ་འཁོར་བརྒྱད་དུ་བྱེད་པ་དང་། འགྲོ་འདུལ་གྱི་དཀྱིལ་འཁོར་ཡན་འདྲ་བ་ལ། བཞི་པར་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་དང་། ལྔ་པར་མཁའ་དབྱིངས་ཀྱི་དཀྱིལ་འཁོར་དང་། དྲུག་པར་རྡོ་རྗེ་ཚེའི་དཀྱིལ་འཁོར་དང་། ཆེ་མཆོག་གི་དབུའི་ནང་དུ་རིགས་ལྔ་ཡབ་ཡུམ་དང་། དབུ་གཙུག་ཏུ་རྟ་ཞལ་ཡོད་པར་བདུན་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ཞེས་བཞེད་པ་ཡང་ཡོད་ལ། ལུང་འདི་ལ་ཆེ་མཆོག་གི་རྡོ་རྗེ་གནམ་ཞལ་མའི་རྩ་ཞལ་གྱི་ནང་དུ་ཆུད་པར་བསྒོམ་མོ། །ཆེ་མཆོག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་སྤྲོས་པར་སྐུ་སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར། གསུང་པདྨ་དབང་གི་དཀྱིལ་འཁོར། ཐུགས་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར། ཡོན་ཏན་འཆི་མེད་རྡོ་རྗེའི་དཀྱིལ་འཁོར། ཕྲིན་ལས་གསང་བ་མཆོག་གི་དཀྱིལ་འཁོར། གཟི་བརྗིད་མཁའ་མཉམ་ཀློང་གི་དཀྱིལ་འཁོར། ཡེ་ཤེས་སེམས་དཔའ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཞེས་འདྲེན་ཚུལ་གཅིག་དང་། འདི་དག་གི་སྐབས་སུ་སྦྱོར་བརྒྱད་ཀྱི་དམིགས་པ་བྱེད་ན། ཆེ་མཆོག་གཙོ་བོའི་ལྗགས་ཀྱི་སྟེང་གི་ས་ནུ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་ནི་ཡེ་ཤེས་ཀྱི་སྦྱོར་བ། ཕྱག་ཞེ་གཉིས་ཀྱི་གཡས་པའི་ཞི་བ་ཡབ་རྣམས་དང་། གཡོན་པའི་ཡུམ་རྣམས་སྦྱོར་ཞིང་ཕྱག་མཚན་ཐམས་ཅད་ཀྱང་ལྷར་སྦྱོར་བ་ནི་ཕྱག་མཚན་གྱི་སྦྱོར་བ། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་སྨིན་མཚམས་ཀྱི་མཁར་སྦྱོར་བ་ནི་ཞལ་གྱི་སྦྱོར་བ། ཡུམ་གྱི་བྷ་གར་བཛྲ་ཧེ་རུ་ཀའི་དབུ་སྦྱོར་བ་ནི་དབུའི་སྦྱོར་བ། གཙོ་བོའི་ཞབས་ཀྱིས་ཡུམ་གྱི་དབུར་སྦྱོར་བ་ནི་ཞབས་ཀྱི་སྦྱོར་བ། རྟ་མགྲིན་གྱིས་ཡུམ་བཞིར་སྦྱོར་བ་ནི་དབང་གི་སྦྱོར་བ། དམ་ཚིག་སྨན་གྱི་བདུད་རྩི་ལ་ཡེ་ཤེས་ཀྱི་བདུད་རྩི་སྦྱོར་བ་ནི་རྫས་ཀྱི་སྦྱོར་བ། རྫས་དཀྱིལ་གྱི་ཕོ་མོའི་ཐོད་པ་སྦྱོར་བ་ནི་ཐབས་ཤེས་ཀྱི་སྦྱོར་བ་ཞེས་བྱ་སྟེ་བརྒྱད་དོ། །ཡང་ན་ཡེ་ཤེས་ཀྱི་སྦྱོར་བ་ལྔ་དང་། འཇིག་རྟེན་ཆ་མཐུན་གྱི་སྦྱོར་བ་གསུམ་སྟེ་བརྒྱད་དུ་འབྱེད་པ་ཡང་ཡོད་དོ། ༈ །གསུམ་པ་ཛཔ྄་དགོངས་ཀྱི་སྐབས། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་འགྲེང་གི་ལྟེ་བར་ཨ་ཡིག་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་བཞིན་དུ་བུན་གྱིས་འཕྲོས་པ། བདུད་རྩིའི་འོག་གི་རླུང་དཀྱིལ་ལ་ཕོག་པས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས་དཔའ་བོ་འབྲུ་ལྔ་འོད་ཟེར་འཕྲོ་བ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ལས་མཆོད་པའི་རང་བཞིན་གྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འགྲོ་འདུལ་གྱི་ལྷ་ཚོགས་རྣམས་མཆོད། དེ་ལས་འོད་ཟེར་འཕྲོས་པས་དབང་གི་དཀྱིལ་འཁོར་ནས་རིམ་པ་བཞིན་དུ་སྐུ་གདུང་། མཁའ་ཀློང་། འཆི་མེད་རྡོ་རྗེའི་བར་མཆོད་པས། དགྱེས་ཤིང་ཚིམ་པར་བསམ་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་མཆོད་པའི་རྐྱེན་གྱིས་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་བྱང་སེམས་ཀྱི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་སྐུའི་ཆ་ཤས་སྤྱི་དང་། ཁྱད་པར་རྡོ་རྗེའི་ལམ་ནས་བྱུང་སྟེ་གནམ་ཞལ་མའི་སྨིན་མཚམས་ཀྱི་མཁའ་ཀློང་དུ་ཞུགས། དེའི་སྐུའི་དབྱིབས་བརྒྱུད་བཛྲ་ཧེ་རུ་ཀའི་དབུ་གཙུག་ནས་ཞུགས་པས་སྔར་ལས་ཀྱང་ཆེས་ཆེར་མང་བ་བབས་ཏེ། ཞབས་ཀྱི་དབྱིབས་བརྒྱུད་ནས་ཕྱོགས་ཀྱི་ཁྲོ་བོ་བཞིའི་དབུ་གཙུག་དང་། སྦྱོར་མཚམས་ནས་བབས་པས་བདུད་རྩི་རྟ་མགྲིན་དབང་དཀྱིལ་གྱི་ལྷ་ཚོགས་ཀྱི་དབུ་གཙུག་ནས་ཞུགས། ཐོད་ཕྱོགས་ཀྱི་ཁྲོ་བོ་བཞིའི་ཞབས་གཡས་གཡོན་ལས་བབས་པའི་བདུད་རྩི་ཕྱོགས་མཚམས་ཀྱི་ཏ་ཀྲྀཏ་བརྒྱད་ཀྱི་དབུ་གཙུག་ནས་ཞུགས་ཏེ། དེ་དག་ཡོངས་རྫོགས་ལས་བབས་པའི་བདུད་རྩི་ཐོད་པའི་ནང་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་བསམ་པ་ནི་དབང་ཡས་བསྐུར་ཞེས་བྱ་བ་ཡིན་ནོ། །སླར་ཡང་སྔར་བཤད་པའི་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཞིག་འཕྲོས་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་དེ་བྱིན་རླབས་རྣམས་ཚུར་བསྡུས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣང་སྲིད་ཐམས་ཅད་བདུད་རྩི་སྨན་གྱི་དཀྱིལ་འཁོར་དུ་བསྒྱུར་བའི་དྭངས་བཅུད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ལག་པ་གཡོན་པའི་དབྱིབས་བརྒྱུད་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཐོན་པ་དང་ལྷན་གཅིག་པར་རྟ་མགྲིན་ཡབ་ཡུམ་ཡང་འོ་དང་། འཁྱུད་པ་དང་སྦྱོར་བ་དང་། བསྲུབ་པ་ལ་སོགས་པ་བདེ་བ་ཆེན་པོའི་ཉམས་འགྱུར་དཔག་ཏུ་མེད་པ་མཛད་དེ་ལྷག་པར་མྱོས་པའི་རང་བཞིན་ཅན་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བྲག་སྟེང་ནས་ཆུ་འབབ་པ་བཞིན་དུ་བྱུང་བ། སྔར་གྱི་བདུད་རྩི་དང་ལྷན་ཅིག་པར་གཟུངས་ཐག་འོད་ཀྱི་སྦུ་གུའི་རྣམ་པ་ཅན་གྱི་ཁོང་གསེང་བརྒྱུད་དེ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ལ་ཐིམ་པས། དམ་རྫས་ཐོད་པ་ཁ་སྦྱོར་གྱི་བར་ན་མཆིས་པ་དེ་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་ལྟ་བུ་ཤིན་ཏུ་དཀར་བའི་རང་བཞིན་དུ་གྱུར་པར་བསམ། དེ་ཡང་ཐོད་པ་ཁ་སྦྱར་གྱི་སྣང་བ་ཤར་དུས་དེ་ལྟར་བྱ་བ་ཡིན་གྱི། གཞན་དུ་ན་དཀྱིལ་འཁོར་དྲུག་གི་རྨང་གཞི་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཐོད་པའི་རྣམ་པར་ཤར་བའི་ནང་གི་དམ་རྫས་ལ་བསྟིམ་རྒྱུ་ཡིན་ནོ། །མཆོད་པ་མས་འབུལ་གྱི་སྤྲོ་བསྡུའི་སྐབས་སུ་འཆི་མེད་རྡོ་རྗེའི་ལྷ་ཚོགས་རྣམས་མཆོད་པའི་མཐར་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས། སྟེང་གི་ནམ་མཁར་བཞུགས་པའི་སྨན་བླ་དྲང་སྲོང་། རིག་འཛིན་བཀའ་སྲུང་དང་བཅས་པ་རྣམས་ལ་མཆོད་པས་དེ་དག་ཐམས་ཅད་ཤིན་ཏུ་དགྱེས་ནས་ཛཔ྄་དབྱངས་དང་། གླུ་གར་གྱི་རྣམ་འགྱུར་ཅིར་ཡང་མཛད་ཅིང་བདུད་རྩིའི་ཆར་འབེབས། གནས་དང་ཡོ་བྱད་ཐམས་ཅད་བྱིན་གྱིས་རློབ་པར་བསམ་ཞིང་། དེ་དག་ལས་བདུད་རྩི་བབས་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལ་ཞུགས་ནས་དབང་ཡས་བསྐུར་གྱི་དམིགས་སྐོར་ལ་འཇུག་པ་གཅེས་སོ། །བཟླས་བྱའི་སྔགས་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་དགུ་པའི་སྔགས་སུ་གྲགས་པ་ཉིད་ཡིན་ལ། ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་ཏེ་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདུད་རྩིར་བསྒྱུར་བའི་འདྲེན་བྱའི་སྔགས་ཡིན་ལ། སརྦ་པཉྩ་ཨ་མྲྀཏ་ནི་ཐམས་ཅད་བདུད་རྩི་ལྔ་ཞེས་པ་སྟེ། རྡོ་རྗེ་གསུམ་གྱི་ས་བོན་དེས་བསྒྲུབ་བྱའི་དམ་རྫས་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པའི་དོན་དང་། ཧཱུྃ་ནི་དམ་ཚིག་པ། ཧྲཱིཿནི་ཡེ་ཤེས་པ། ཋཱ་ནི་དབྱེར་མེད་དུ་བྱེད་པའི་དོན་ཏེ། ཇི་ལྟར་བྱིན་གྱིས་བརླབ་ཚུལ་བསྟན་ནས་ནུས་ལྡན་དུ་བྱེད་པའི་དོན་ཡིན་ནོ། །སརྦ་པཉྩ་བོར་ནས་བཛྲ་ཞེས་བཟླ་བ་ཡང་བཤད་དོ། ༈ །བདུད་རྩི་བསྐྱིལ་བའི་སྐབས། སྐྱབས་སེམས་ནས་བཟུང་སྟེ་སྨན་ཛཔ྄་བཟླ་བའི་བར་བཏང་ནས། སྔགས་རྒྱུན་འཛིན་མཁན་སོགས་ཚང་མ་ཆབས་ཅིག་པར། ཧཱུྃ། བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །ཞེས་སོགས་དམིགས་པ་དང་བཅས་པའི་སྒོ་ནས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་དམིགས་པ་བཅས་ཏེ་རྩེ་གཅིག་ཏུ་བཟླའོ། །དེ་ལྟར་ཡང་མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ཨོཾ་ལས་ཡེ་ཤེས་འོད་བྱུང་ཞིང༔ ཨཱཿཡི་མེས་བསྲེགས་ཐལ་བར་སྦྱང༔ ཧཱུྃ་གིས་བདུད་རྩིར་རྣམ་པར་དག༔ སརྦ་ཐམས་ཅད་བདུད་རྩིར་གསལ༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ མྲྀ་ནི་དུག་གསུམ་རྩད་ནས་གཅོད༔ ཏ་ནི་ཐུགས་རྗེའི་འོད་ཟེར་སྤྲོ༔ ཀུཎྜ་ལཱི་ནི་བདུད་རྩིར་འཁྱིལ༔ ཧཱུྃ་ནི་ཡེ་ཤེས་ལྔ་ཡི་དངོས༔ ཧྲཱིཿནི་བདུད་རྩིའི་དངོས་གྲུབ་སྡུད༔ ཋཱ་ནི་ཐམས་ཅད་སངས་རྒྱས་པའོ༔ ཞེས་གསུངས། དེ་ནས་ཕྲིན་ལས་བསྐུལ་བ་ནི། བདུད་རྩི་འཐོར་བ་དང་སྦྲགས་ཏེ། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི༔ ཞེས་སོགས་བརྗོད། ༈ དབབ་པའི་སྐབས། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བྱང་ཆུབ་སེམས། །ཞེས་སོགས་ཀྱིས་སྦྱོར་མཚམས་ནས་འཛག་ལ་ཁད་དུ་བསྐྱིལ་བའི་བདུད་རྩི་དེ་དག་ཧར་སྒྲ་དང་བཅས་བབས་ཤིང་། སྨན་སྲུང་གི་རིག་འཛིན་རྣམས་ཀྱིས་ཀྱང་འཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ནས་མཚོ་ལ་ཆར་འབེབ་པ་བཞིན་དུ་དམ་རྫས་ལ་བསྟིམས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སོགས་དབབ་པའི་བཟླས་པ་སྟོང་དུ་ལོངས་པ་བཟླ་ཞིང་། སློབ་དཔོན་གྱིས་སོར་མོ་བསྣོལ་བ་ལས་མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་དབབ་པའི་ཕྱག་རྒྱས་སྨན་གྱི་སྟེང་ནས་དགབ། བཤུག་གླུ་རྐང་གླིང་དང་བཅས་པའི་སྒོ་ནས། ཧཱུྃ། འདས་པའི་དུས་ན་སྔོན་བྱུང་བ། །ཞེས་སོགས་ཀྱིས་མ་མོ་བརྒྱད་བསྐུལ་ལ་རུ་ལུ་ཉེར་གཅིག་བཟླས་ནས། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཞེས་སོགས་ཀྱི་བཟླས་པ་བརྒྱ་ཕྲག་ཙམ་དང་བཅས། རྟ་མགྲིན་དབང་དཀྱིལ་གྱི་ཡབ་ཡུམ་མཉམ་པར་སྦྱོར་བའི་མཚམས་ནས་བྱང་སེམས་དཀར་དམར་གྱི་བདུད་རྩིའི་རྒྱུན་བསམ་གྱིས་མི་ཁྱབ་པ་བབས། བདུད་རྩིའི་དཀྱིལ་འཁོར་དང་དབྱེར་མེད་དུ་འདྲེས། དེ་ལས་བདུད་རྩིའི་རྒྱུན་སྨྱུག་སྦུབས་ལས་ཆུ་དྲངས་པ་བཞིན་དུ་གཟུངས་ཐག་འོད་ཀྱི་སྦུ་གུའི་ཁོང་གསེང་བརྒྱུད་དེ་འོངས་པ་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་བརྒྱུད་ལུས་ཀྱི་ནང་ཐམས་ཅད་གང་ཞིང་། སྙིང་པོའི་དྭངས་མ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་དཀྱིལ་འཁོར་དྲུག་བརྩེགས་ཀྱི་ལྷ་ཚོགས་རྣམས་ལ་ངེད་ཀྱིས་དེ་ལྟར་ཚུལ་བཞིན་དུ་བསྒྲུབས་ཤིང་དབང་དུ་བྱས་ཀྱང་རྟགས་དང་མཚན་མ་བཟང་པོ་ལ་སོགས་པ་བསྟན་ནས་དངོས་གྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་མ་མཛད་ན། ཁྱེད་རྣམས་ཀྱིས་སྔོན་ཐུགས་བསྐྱེད་དམ་བཅས་ཞལ་གྱིས་བཞེས་པའི་དམ་ཚིག་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ཞེས་ཐ་ཚིག་བསྒྲགས་པས་ལྷ་ཚོགས་ཐམས་ཅད་ཐུགས་དམ་གྱི་གསོས་ཐེབས་ཏེ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོས་ཤིས་པ་བརྗོད་ཅིང་བྲོ་བརྡུང་། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་མེ་ཏོག་གི་ཆར་འབེབ། དངོས་གྲུབ་སྩོལ་བ་ལ་རིངས་པར་ཆས་ཏེ་སྩོལ་མ་རག་ལྟ་བུར་བསམ། ༈ དེ་ནས་དངོས་གྲུབ་བླང་བའི་སྐབས། སྒྲུབ་ཁོག་ནས་བཤད་པ་ལྟར་གྱི་དངོས་གྲུབ་ཀྱི་རྫས་རྣམས་ཚོགས་པར་བྱས་ལ། རང་ཉིད་སྔར་སྨན་དཀྱིལ་དང་ཞལ་སྤྲོད་ཀྱི་དཀྱིལ་འཁོར་གཉིས་པའི་རྣམ་པར་མཆིས་པ་དེ། རྟ་མགྲིན་གྱི་རྣམ་པར་བསྒྱུར་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པ་དངོས་གྲུབ་ལེན་པ་པོར་བགྱིས་ཏེ་དཀྱུས་ནས་འབྱུང་བ་ལྟར་དངོས་གྲུབ་བླང་། དེའི་ཚེ་དཀྱིལ་འཁོར་བདུན་བརྩེགས་ཀྱི་འཁོར་ལོ་ཐམས་ཅད་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱུང་སྟེ། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་བཏུད་དེ། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །སོགས་ཀྱིས་མེ་ཏོག་དོར། སྤོས་རོལ་དང་བཅས་པས། ཡུམ་གྱིས་སྨན་སྣོད་དཀྱིལ་འཁོར་ནས་བཏོན་ཏེ་གདན་དྲངས་པ་སློབ་དཔོན་གྱི་དབུ་གཙུག་ཏུ་བཞག །སློབ་དཔོན་གྱིས་རང་ཉིད་བདག་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་དྲུག་རྩེག་ཡོངས་སུ་རྫོགས་པ་ཐིམ་པས་དབྱེར་མི་ཕྱེད་པར་གྱུར་པར་བསམ་ལ། ཧཱུྃ། བདུད་རྩིའི་ལྷ་ཚོགས་སོགས་རྗོད་ཅིང་སློབ་དཔོན་གྱིས་དབང་ནོད་པའི་བར་དུ་ཚོགས་པ་བྱིངས་ནས་སྨན་ཛཔ྄་བཟླ། ༈ སློབ་མ་ལ་དབང་བསྐུར་སྐབས། སློབ་མ་རྣམས་ཀྱིས་རུ་ལུའི་ཛཔ྄་གར་གྱི་བྲོ་དང་བཅས་སློབ་དཔོན་དང་སྨན་གྱི་ཕོ་བྲང་ལ་ལན་གསུམ་དུ་བསྐོར། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཞེས་སོགས་ཀྱིས་མེ་ཏོག་གཏོར། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་བདུད་རྩིའི་རྣམ་གཞག་སྒྲུབ་པའི་ཁོག་དབུབ་སོགས་ཁྱད་པར་གྱི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས། བདུད་རྩིའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་རྫོགས་པ་རྣམས་ཐོད་པར་བསྐྱིལ་བའི་བདུད་རྩི་དཀར་བ་དམར་བའི་མདངས་ཅན་དུ་གསལ་བ་ལས། དྭངས་མའི་བདུད་རྩི་འཛག་པ་སྤྱི་གཙུག་ནས་ཞུགས་ཏེ་ལུས་ཀྱི་ཆ་ཤས་ཐམས་ཅད་ཡོངས་སུ་གང་བས་དབང་བཞི་རྫོགས་པར་ཐོབ་པར་བསམ་ལ། ཧཱུྃ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །ཞེས་སོགས་སྔགས་དང་བཅས་པས་དབང་བསྐུར་ཏེ། དེ་དང་རྗེས་འབྲེལ་དུ་སྒྲུབ་རྫས་གཞན་རྣམས་ཀྱི་དབང་ཡང་ཅི་རིགས་པར་བསྐུར། ཕན་ཡོན་བརྗོད། སྨན་སྟེགས་ལ་བཞུགས་སུ་གསོལ། དེ་ནས་སྔོན་རྒྱུད་གསུངས་པའི་གླེང་གཞི་དང་འབྲེལ་བར་དཀྱིལ་འཁོར་བ་རྣམས་ཀྱིས་བདུད་རྩི་འཇམ་དཔལ་རྣོན་པོ་ལ་གཏད། དེའི་ཐུགས་རྒྱུད་བསྐུལ་བར་བསམ་ལ་མཉྫུ་ཤྲཱིའི་སྔགས་བཟླས་པས་དེས་བདག་ཉིད་ལ་གནང་བ་བྱིན་པར་མོས་ལ་བླངས་ཏེ་རྒྱ་བཀྲོལ། ཁ་ཕྱེས་ལ་དངོས་གྲུབ་བླང་། སྐབས་འདིར་སྨན་སྣོད་ནས་རིན་པོ་ཆེའི་གཞོང་པར་བླུགས་ལ་པྲ་བརྟགས་པར་གསུངས་པ་ལྟར་བྱེད་ན། ཨ་རུ་རའི་དབྱིབས་གོང་བུ་གཅིག་ཏུ་འདྲིལ་ན་དངོས་གྲུབ་གཉིས་ཀ་འགྲུབ། དུམ་བུ་གསུམ་དུ་གྱུར་ན་ཟས་ནོར་ལོངས་སྤྱོད་འཕེལ། ལྔར་གྱུར་ན་ཚེ་ལ་དབང་། མང་དུ་ཤིགས་ཀྱིས་འཕེལ་ན་སློབ་མ་ལ་བཟང་། ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་བ་ལྟར་བྱུང་ན་སློབ་དཔོན་ལ་དགེ །སྣོད་དུ་མི་ཤོང་བ་ཕྱིར་ལྷུད་ན་ཡུལ་ཁམས་ལ་དགེ །སྣུམ་ལ་མདོག་བཟང་ཞིང་དྲི་ངད་ཆེ་ན་ལེགས་ཤིང་དེ་ལས་ལྡོག་པ་རྣམས་ངན་པའི་རྟགས་སུ་གསུངས་སོ། །སྒྲུབ་པའི་དུས་སུ་ནམ་ལངས་སྐབས་ཁང་སྟེང་ནས་གསེར་སྐྱེམས་གཏང་། ཆུ་སྣ་ཕྱོགས་བཅུར་འཐོར། དུས་དྲུག་ཏུ་བསང་གཏང་ཞིང་སྨན་གྱི་ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་དངོས་གྲུབ་མྱུར་དུ་སྐྱོལ་ཅིག་པའི་འབོད་པ་གཏང་། དྲི་ཟ་ལ་གསུར་བསྔོ་བ་སོགས་གལ་ཆེ་བར་བཤད་ཅིང་ཆགས་མེད་རིན་པོ་ཆེས་མཛད་པའི་དངོས་གྲུབ་བསྐུལ་བའི་བསང་གསུར་ཞེས་པ་དེ་ཟུར་བཞུགས་རེ་ཟུང་གིས་གཏང་ན་གཏེར་གཞུང་རྣམས་ཀྱི་དགོངས་པར་འདུག་པས་ལེགས་པར་སྣང་། རྒྱུན་དུ་ཆོས་སྨན་བཞུགས་པའི་སྣོད་ཀྱི་སྙིང་པོར་ཨ་རུ་ར་གསེར་མདོག་རྨ་མེད་པ་རབ་ཉེར་གཅིག །འབྲིང་བཅོ་ལྔ། ཐ་མ་བདུན་རས་དཀར་གྱིས་དྲིལ་ལ་གཞུག་པ་མན་ངག་གི་གནད་དུ་གསུངས་པའང་དེ་ལྟར་བྱའོ། །དེང་དུས་ཐམས་ཅད་ཀྱིས་ཕྱག་སྣེར་འགྱེད་རྒྱུའི་རྟེན་འདུས་ལ་ཆོས་སྨན་དུ་བཏགས་པ་བཟང་སྨན་སྤུས་ལྡན་བསྡུས་ཏེ་མོས་སྒྲུབ་མཚོན་ཙམ་རེ་བྱེད་པ་ལ་ནི་བར་ཆད་དང་དངོས་གྲུབ་གཉིས་ཀ་འབྱུང་བ་དཀོན་མོད། གཞུང་མཐུན་གྱི་དམ་རྫས་ཚུལ་བཞིན་བསགས། སྒྲུབ་པ་ཚད་ལྡན་རྩེ་གཅིག་བྱེད་ན་ཤིན་ཏུ་གཟབ་པ་གལ་ཆེ་སྟེ། ཞལ་གདམས་ལས། མདོར་ན་འདི་ནི་གཞན་སྒྲུབ་པའི་རིགས་རྣམས་དང་མི་འདྲ་བས༔ དང་པོ་ནས་རྐྱེན་དེ་རྣམས་མི་འབྱུང་བའི་ཐབས་དང་བྱ་བ་ལ་འབད་དོ༔ འདི་ནི་ཁེ་ཆེ་ལ་ཉེན་ཆེ་བའི་སྒྲུབ་པ་ཡིན་པས་ཤིན་ཏུ་གཟབ་ནས་བསྒྲུབ་པར་བྱའོ༔ ཞེས་གསུངས་པ་ལྟར། སྨན་རུལ་བ་དང་། འབུ་ཞུགས་པ། དུད་འགྲོའི་རོ་གཟུགས་ཀྱི་རྣམ་པར་བྱུང་བ། སྨན་སྐམ་པ། དྲི་ངད་མ་ཁུག་ཅིང་སྔར་ཡོད་ཡལ་བ། མདོག་དང་རོ་མི་སྡུག་པ་སོགས་མི་འགྲུབ་པ་དང་བར་ཆད་ཀྱི་རྟགས་ཀྱང་འགྱུར་བ་ལས། རུལ་བ་ནི་རྒྱུ་མ་དག་པ་ལས་འབྱུང་བར་གསུངས་པ་དང་། གཞན་རྣམས་དམ་སེལ་དང་མི་མ་ཡིན་པའི་བར་ཆད་ལས་ཀྱང་འབྱུང་བས་ཉུ་ལེ་སྐྲོད་ཅིང་སྲུང་འཁོར་བསྒོམ། མདོས་གླུད་ཡང་ཡང་བསྔོ། ནད་གདོན་གྱི་བར་ཆད་འཆི་རྐྱེན་སོགས་བྱུང་ནའང་དེ་དབང་དུ་མ་ཤོར་བར་སྒྲུབ་པ་མཐར་སྐྱོལ་བརབྱ། གཙོ་བོ་རྡོ་རྗེ་སློབ་དཔོན་སོགས་བསྐྱེད་བཟླས་ལས་སུ་རུང་། ལྷ་སྒོམ་ཏིང་འཛིན་གྱི་གདིང་དང་ལྡན། མཆེད་ལྕམ་རྣམས་དམ་སེལ་མེད་ཅིང་སྒྲུབ་པ་ལ་བློ་མཐུན་པའི་མོས་གུས་རྩེ་གཅིག་པས་ཐང་ལྷོད་མ་ཤོར་བར་བསྒྲུབས་ན་དངོས་གྲུབ་འགྲུབ་པའི་རྟགས་དང་མཚན་མ་རང་རང་གི་སྐལ་པ་དང་འཚམ་པ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་༧རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཀྱི་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བཀོད་པ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).