Terdzo-ZI-057

Revision as of 16:43, 7 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)



Property "Author" has a restricted application area and cannot be used as annotation property by a user. 








གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་

gnod sbyin dzam+b+ha la dmar po'i gsang sgrub kyi rjes gnang srog gtad thun mong ma yin pa ji ltar bya ba'i yi ge khams gsum dbang

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ (Gnod sbyin dzam+b+ha la dmar po'i chos skor)
Volume 52 (ཟི) / Pages 817-832 / Folios 1a1 to 8b1

[edit]

༄༅། །གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་རཱ་ག་ཡ། ཡེ་ཤེས་གཅིག་ཉིད་སྣ་ཚོགས་ནོར་བུ་བཞིན། །དབང་བྱེད་ཚོན་རིས་འཆར་ཁའི་གཟི་འབར་བས། །སྒྲུབ་པོའི་རེ་སྐོང་དངོས་གྲུབ་ཀུན་གྱི་གཏེར། །སྣང་མཐའ་ཡས་པའི་མགོན་པོ་དེས་སྐྱོངས་ཤིག །གང་གི་སྒྲུབ་ཐབས་ས་སྟེང་ན། །རྙེད་དཀའ་བྱིན་རླབས་ངོ་མཚར་གྱི། །དཔལ་འབར་ཉམས་སུ་ལེན་འདོད་རྣམས། །འཇུག་སྒོའི་ལས་ཁྲིགས་འདིར་གསལ་བྱ། །དེའང་སློབ་དཔོན་དང་སློབ་མ་གཉིས་ཀ་ཚེ་འདིའི་འདོད་པས་གདུང་བ་མ་ཡིན་པ་བསྟན་པ་དང་གཞན་ཕན་གྱི་སེམས་དང་ལྡན་ཞིང་། སློབ་མ་དམ་ཚིག་ལ་གནས་ཤིང་གཏོང་ཕོད་ཁོག་ཡངས་གསང་ཐུབ་པ་ལ་སྲོག་གཏད་འདི་སྦྱིན་པར་བྱ་སྟེ། དེ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། དམ་ཚིག་གི་བྲིས་སྐུ་ཡོད་ན་བཀྲམ་པའི་མདུན་དུ། རྒྱས་པར་སྤྲོ་ན་ཁྱད་པར་གྱི་དམ་རྫས་བྱུགས་པའི་སྟེགས་བུར་དཀྱིལ་འཁོར་སྒོ་རྫོགས་བྲིས་པའམ། དཀྱུས་སུ་མཎྜལ་ལ་ཆང་དང་སིནྡྷུ་ར་དྲི་བཟང་གིས་བྱུགས་པར་མེ་ཏོག་གམ་འབྲུ་དམར་གྱིས་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་གཅིག་བཀོད། དེའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་སྐུ་ཙཀ་དང་གཟུངས་རྡོར་ཆས་ལྡན། རྒྱབ་ཏུ་རིན་པོ་ཆེའི་གྭའུ་འབྲུ་སྨན་རིན་ཆེན་དར་ཟབ་ཟས་སྣས་བཀང་བ་དང་གཞུང་མཐུན་སྲོག་འཁོར། གཡས་སུ་ཐོད་པ་མཚན་ལྡན་ནང་ཆང་དང་རཀྟ་སིནྡྷུ་ར་རྒྱ་སྐྱེགས་པད་རཱག་མངར་གསུམ་སྦྱར་བ། གཡོན་དུ་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿདེ་མཐར་སྙིང་པོའི་གཤམ་དུ། སྣང་བ་དང་མི་སྣང་བའི་སྲིད་བཅུད་ཐམས་ཅད་པཱ་ཤཾ་ཀུ་རུ་ཧཱུྃ༔ བྲིས་པ་དང་། སྒྲུབ་དཔེ་དར་དམར་གྱིས་དྲིལ་བ། མདུན་དུ་གསང་སྒྲུབ་ལས་བྱང་ལྟར་སྒྲུབ་གཏོར་དང་དེའི་གཡས་གཡོན་སྨན་རཀ །མཐའ་སྐོར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྟེང་དུ་དར་དམར་གྱི་གདུགས་དབུབ། སློབ་མ་ཁྱད་པར་བ་ཡིན་ན་དབང་འགུགས་ཕྲིན་ལས་བཀའ་གཏད་ཀྱི་རྫས་དམིགས་བྱ་སོ་སོའི་རཱུ་པ་ཟན་ནམ་ཤོག་ལིང་ཚོན་རྩིས་བསྒྱུར་ཞིང་ཉམས་དོད་པ། ཙནྡན་དང་མཛོ་མོ་ཤིང་སོགས་ཀྱི་བུད་ཤིང་ཟླ་གམ་དུ་བརྩིགས་པའི་མེ་ཐབ། ཏིལ་གྱི་མར་ཁུ། འབྲུ་མར། ཤིང་ཐོག །སྨན་སྣ། དར་སྣ། རིན་ཆེན་ལྔ་སོགས་ཀྱི་བསྲེག་རྫས་ཅི་འབྱོར་དང་། ཁྱད་པར་མེ་ཏོག་དམར་པོ། །སིནྡྷུ་ར། གཞོན་ནུ་མའི་ཟླ་མཚན་རྣམས་ཀྱང་འབྱོར་ན་གསག །དགང་གཟར་བླུག་སོགས་དགོས་པའི་ཡོ་བྱད་སྤྱི་དང་། རང་གི་མདུན་དུ་རྡོར་དྲིལ་ཐོད་རྔ་བསང་ཆུ། གུ་གུལ། ཡུངས་དཀར་འཐོར་ནས་སོགས་ཉེར་མཁོའི་མཆོད་རྫས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྐྱབས་སེམས་ཚད་མེད་བཞི་སྤྱི་འགྲོ་དང་། གསང་སྒྲུབ་མཆོད་ཕྲིན་ལྟར་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། མཆོད་བརླབ། མདུན་བསྐྱེད་བསྐྱེད་བསྟིམ་མཆོད་པ་ཡན་གྲུབ་ནས་བཟླས་པ་ཅི་འགྲུབ་མཐར། གཏོར་འབུལ་དང་བསྟོད་པ་ཕྲིན་ལས་བཅོལ་བ་དང་། སློབ་མ་རྗེས་སུ་འཛིན་པའི་གནང་བ་གསོལ། ལས་བུམ་མམ་བསང་ཆུའི་ནང་དུ་བདག་བསྐྱེད་སྐབས་སུ་བཤད་པའི་རྟ་མགྲིན་སྐད་ཅིག་གིས་གསལ་བཏབ་ལ་དེའི་སྔགས་བཟླས་པས་བྱིན་བརླབ། དེ་ནས་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ལས་ཆུས་ཁྲུས་དང་། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་སྤྱི་འགྲོ་བྱ། བྱང་སེམས་དཀར་དམར་དངོས་སམ། ཅུ་གང་དང་སིནྡྷུ་ར་ཆང་དང་སྦྱར་བས་གནས་གསུམ་ཐིག་ལེ་བཀོད། དར་གོས་རཏྣ་དམར་པོའི་ཕྱག་རྟེན་ཉེ་བར་བསྡོགས་ཏེ་འཁོད་པ་ལ། སློབ་དཔོན་གྱིས། འོ། མཁའ་ཁྱབ་མ་གྱུར་གྱི་འགྲོ་བ་མཐའ་དག་གནས་སྐབས་འདོད་སྲེད་ཀྱི་འཆིང་བ་ལས་བསྒྲལ་ཏེ། མཐར་ཐུག་སྤངས་རྟོགས་མཐར་ཕྱིན་བླ་མེད་རྫོགས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་བའི་སླད་དུ། ཁམས་གསུམ་ཀུན་གྱི་དབང་ཕྱུག་གཏེར་བདག་གནོད་སྦྱིན་ཛམྦྷ་ལ་དམར་པོའི་རྗེས་གནང་བཀའ་གཏད་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་དད་མོས་བསམ་པའི་ཁྱད་པར་རྒྱ་ཆེན་པོ་དང་ལྡན་པས་གསན་འཚལ། དེ་ལ་འདིར་རང་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད་སླར་ཡང་གསང་སྔགས་འབྲས་བུའི་བསྟན་པ་སྤེལ་ཕྱིར་དྷ་ན་ཀོ་ཤའི་མཚོ་གླིང་དུ། རང་བྱུང་མེ་ཏོག་པདྨའི་སྙིང་པོར་འཁྲུངས་པའི་ཚུལ་བསྟན་ཅིང་། རྒྱལ་བ་ཉིད་ལས་ཀྱང་ཁྱད་པར་འཕགས་པའི་ཕྲིན་ལས་མཛད་པ་མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ཉིད། གངས་ཅན་འཕགས་པའི་འདུལ་ཞིང་འདིར་ཆོས་རྒྱལ་མངའ་བདག་ཆེན་པོའི་ཐུགས་བསྐྱེད་དང་། སྨོན་ལམ་གྱི་འཕེན་པས་ཞབས་ཀྱིས་བཅགས། ཞི་རྒྱས་དབང་དྲག་གི་མཛད་འཕྲིན་དུ་མས་གཟུགས་མེད་ཀྱི་སྐྱེ་འགྲོ་མ་རུངས་པ་ཐམས་ཅད་བཏུལ། ཐུན་མོང་རྒྱུ་ཡི་ཐེག་པ་དང་། ཐུན་མོང་མ་ཡིན་པ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་ཁམས་གསུམ་རྡོ་རྗེ་གསུམ་དུ་སྦྱོར་ཅིང་སྒྲོལ་བར་མཛད། བརྩེ་བ་ཆེན་པོའི་ཐུགས་རྗེས་དུས་སྙིགས་མའི་སེམས་ཅན་མགོན་མེད་པ་དག་གི་དོན་དུ་ཆོས་ནོར་དྲག་སྔགས་རྫས་གཏེར་སོགས་གང་འདུལ་ཟབ་མོའི་གཏེར་ཁ་དཔག་མེད་སྦས་ཤིང་། འདོན་ཞིང་སྤེལ་བའི་སྐྱེས་བུ་སོ་སོ་ལུང་བསྟན་པ་ལས། འདིར་ནི་ཇི་སྐད་དུ། དེ་ཚེ་རྒྱལ་སྲས་སྐུ་ཡི་སྤྲུལ་པ་ཞིག༔ བདག་ཉིད་ཆེན་པོ་པདྨའི་གསུང་ལས་སྤྲུལ༔ རྣམ་གསུམ་གཏེར་གྱི་བཀའ་བབས་སྤྲུལ་པའི་སྐུ༔ ཆོས་རྗེ་གླིང་པ་ཞེས་བྱས་འབྱིན་པར་འགྱུར༔ ད་ལྟ་ཡིད་བཞིན་འོད་མཆོག་དཀྱིལ་འཁོར་དུ༔ རྒྱལ་སྲས་དབང་བསྐུར་གསང་བའི་མཚན་བཏགས་པ༔ བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ༔ མ་འོངས་སྐྱེས་བུའི་མཚན་ཡང་དེ་འདྲ་འོ༔ ཞེས་ལུང་བསྟན་པ་ལྟར། ཨོ་རྒྱན་གསུང་གི་འོད་ཟེར་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་རྩོད་པ་དང་བྲལ་བ་འཛམ་གླིང་ནམ་མཁར་སྤྱོད་པའམ་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་ཞེས་གྲགས་པ་དེ་ཉིད་ཀྱིས། སྦས་ཡུལ་ཆེན་པོ་པདྨོ་བཀོད་པའི་གླིང་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་སྐུའི་རྣམ་པ་བཞུགས་པའི་ཕྱག་གཡོན་སྦས་པའི་རྣམ་པ་ནི་པདྨ་སྦས་པའི་ཚལ་ཡིན་ལ། དེའི་ལག་པའི་མེ་བཙའ་ཀླུ་བདུད་ནག་པོའི་སྙིང་སྲང་རླུང་གི་ཁ་གནོན་དུ་བཞེངས་པའི་རླུང་གནོན་ནམ། གདུང་ཆུ་མི་ཏྲའི་གཙུག་ལག་ཁང་དུ་གྲགས་པའི་བྱམས་སྐུའི་སྟ་ཟུར་གཡས་པ་ནས་སྤྱན་དྲངས་པ། ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་བཀའི་སྡེ་ཚན་ཏེ། བསླབ་བྱ་ཐ་ཚིག་གསེར་ཕྲེང་ལས། ཁམས་གསུམ་དབང་ཕྱུག་བགེགས་རྒྱལ་ཚོགས་བདག་དང༔ ཛཾ་དམར་གསང་བ་སྲོག་གི་སྒྲུབ་ཐབས་རྣམས༔ དགོས་འདོད་ཀུན་འབྱུང་དབང་གི་ལྕགས་ཀྱུ་སྟེ༔ ཅི་འདོད་དངོས་གྲུབ་འབྱུང་ངོ་གསུང་གི་སྲས༔ ཞེས་བསྔགས་པར་མཛད་པ་ལས་ཛཾ་དམར་གསང་བ་སྲོག་གི་སྒྲུབ་ཐབས་ཀྱི་གདམས་པ་ཟབ་མོ་ལས། གསང་སྒྲུབ་དང་རྗེས་སུ་འབྲེལ་བའི་རྗེས་གནང་སྲོག་གཏད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ། མཎྜལ་འབུལ་དུ་གཞུག །སློབ་དཔོན་ལྷག་པའི་ལྷ་མཆོག་དྲེགས་པ་ཟིལ་གནོན་རྟ་མཆོག་དབང་གི་རྒྱལ་པོའི་སྐུར་གསལ་བའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདི་བཞིན་རྗེས་ཟློས་མཛོད། གར་གྱི་དབང་ཕྱུག་བཅོམ་ལྡན་འདས༔ ཁམས་གསུམ་དབང་དུ་སྡུད་པ་དང༔ ལོངས་སྤྱོད་འབྱོར་པ་རྒྱས་པའི་ཕྱིར༔ ནོར་གྱི་དབང་ཕྱུག་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཀྱི་རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་རྩ་གསུམ་རྒྱལ་བ་ཞི་ཁྲོ་ནོར་བདག་གནོད་སྦྱིན་ཡབ་ཡུམ་སྲས་དང་བཅས་པའི་སྤྱན་སྔར། བླ་མ་དཀོན་མཆོག་གསུམ་ལ་བདག་སོགས་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་འོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་རིན་པོ་ཆེ་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ ནོར་བདག་གནོད་སྦྱིན་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དོན་བྱ་བར་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རང་སེམས་འདོད་ཆགས་བདེ་བ་ཆེན་པོའི་མདངས་སུ་ཤར་བའི་སྣང་ཆ། པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་དང་ལྡན་པ། འོད་ཟེར་དམར་པོའི་ཕུང་པོ་ཆེར་འབར་བའི་ལྟེ་བར་སོགས་མདུན་བསྐྱེད་བཞིན་ལ། ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཛཾ་དང་ཧྲཱིཿདམར་པོ་ཞེས་འདོན་པ་ཅུང་ཟད་བསྒྱུར་ལ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡབ་ཀྱི་ཐུགས་ཀར་ཉི་མ་ལ་ཛཾ་དང་། ཡུམ་གྱི་ཐུགས་ཀར་ཧྲཱིཿདམར་པོ་རེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། ཕྱོགས་དུས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ནོར་བདག་གནོད་སྦྱིན་ལྕམ་དྲལ་སྤྲུལ་འཁོར་དང་བཅས་པའི་རྣམ་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་བྱོན་ཏེ། ཁྱེད་རང་རྣམས་དམ་ཚིག་སེམས་དཔར་གསལ་བ་ལ་གཉིས་མེད་དུ་ཐིམ་པས་ཁམས་གསུམ་དབང་མཛད་ཆེན་པོའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྦྱར་བའི་སྤོས་བསྲེག་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ སོགས་སྤྱན་འདྲེན་སྔགས་བཅས་བརྗོད་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་པར་བྱ། དེ་ནས་བུམ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཡི་དམ་དབང་ཆེན་གསང་བའི་ལྷར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་འོག་མིན་ནས་རྒྱལ་བ་སྲས་དང་བཅས་པ་དབང་ལྷ་རིགས་ལྔའི་རྣམ་པར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བདེ་བར་གཤེགས་པ་རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་མངོན་པར་དབང་བསྐུར་བས་རྒྱུད་བྱིན་གྱིས་བརླབས་ཏེ། ཕུང་ཁམས་སྐྱེ་མཆེད་དག་པ་ལྷའི་རང་བཞིན་དུ་རྒྱས་བཏབ་པའི་མོས་པ་མཛོད། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྤྱི་བོར་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་ཁྱེད་རང་རྣམས་ལྷག་པའི་ལྷ་དང་གཉིས་སུ་མེད་པའི་རང་བཞིན་ཆེན་པོར་གྱུར་པ་ལ་སྒྲུབ་རྟེན་དམ་ཚིག་གི་རྫས་ཁྱད་པར་འཕགས་པ་འདི་དག་ལག་ཏུ་གཏད་པས། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གནོན་གྱི་མཐུ་དང་དབང་ཐོབ་པའི་མོས་པ་མཛོད། ཐོད་པ་རཀྟས་བཀང་བ་གཏད་ལ༔ ཧཱུྃ༔ ཁམས་གསུམ་སྣང་བ་དབང་སྡུད་པའི༔ བདེ་ཡངས་སྣོད་དུ་རཀྟ་འཁྱིལ༔ སྣད་སྲིད་ལྦུ་བ་འཐོར་བས་སྡུད༔ དབང་ཕྱུག་ཆེན་པོ་ཐོབ་པར་ཤོག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཁམས་གསུམ་སྲིད་བཅུད་པཱ་ཤཾ་ཀུ་རུ་ཧོཿ རིན་པོ་ཆེའི་གྭའུ་གཏད་ལ༔ ཧཱུྃ༔ རིན་ཆེན་གྭ་འུ་གྲུ་བཞིའི་ནང༔ འཛད་མེད་འབྱོར་པས་ཕྱུར་བུར་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ མི་ཟད་གཏེར་དང་ལྡན་པར་ཤོག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོཿ མེ་ལོང་སིནྡྷུ་ར་ཡི་དཀྱིལ་འཁོར་སྙིང་གར་གཏད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ། ཧཱུྃ༔ སྣང་སྲིད་བརྟན་གཡོ་སྲིད་བཅུད་ཀུན༔ དབང་དུ་སྡུད་པའི་ཨཱ་དརྴ༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ འོད་ཀྱིས་སྲིད་བཅུད་ཐམས་ཅད་བསྡུས༔ སྣང་བ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཁམས་གསུམ་སྣང་བ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ༔ དེ་ནས་གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་མགོན་པོ་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། དེའི་རྐྱེན་གྱིས་ཐུགས་ཀའི་ས་བོན་ཛཾ་ཡིག་ལས་སྔགས་ཕྲེང་པདྨ་རཱ་གའི་ཕྲེང་བ་ལྟར་གསལ་ཞིང་དམར་བ་རང་སྒྲ་སྒྲོག་བཞིན་པར་ཞལ་ནས་ཐོན། ཁྱེད་རང་རྣམས་ནོར་བདག་གནོད་སྦྱིན་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐའ་མར་འཁོར་བར་མོས་ལ། རིག་སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ལན་གསུམ་བྱར་གཞུག །དེ་ནས་ཐུགས་ཀྱི་རྗེས་གནང་སྦྱིན་པའི་སླད་དུ་སློབ་དཔོན་དབང་ཆེན་པདྨ་ཧེ་རུ་ཀ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གནོད་སྦྱིན་ལྕམ་དྲལ་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་འོད་དམར་ལྕགས་ཀྱུའི་རྣམ་པ་ཅན་སྤྲོས་ཏེ། རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཁམས་གསུམ་བརྟན་གཡོའི་དྭངས་བཅུད་འཇིག་རྟེན་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པའི་ཡོན་ཏན། སྲིད་པ་ན་འཁོད་པའི་ཆེ་བཙན་དྲེགས་པ་ཅན་ཐམས་ཅད་དབང་མེད་དུ་བཀུག །འོད་དམར་ཐིག་ལེའི་རྣམ་པ་ཅན་དུ་གྱུར་པ་ཁྱེད་རང་རྣམས་དབང་ཆེན་ནོར་བདག་གནོད་སྦྱིན་ཡབ་ཡུམ་དུ་གསལ་བའི་ཐུགས་སྲོག་ས་བོན་གྱི་ཞབས་སུ་བསྟིམས་པས། ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་ཏེ་ཆེ་བཙན་འགྲན་ཟླ་མེད་པའི་བདག་ཉིད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དམ་ཚིག་གི་བྲིས་སྐུའམ་ཙཀླི་དཔྲལ་བར། སྒྲུབ་དཔེ་མགྲིན་པར། སྲོག་འཁོར་སྙིང་གར། གཏོར་མ་ལག་གཡས། འགུགས་པའི་རཱུ་པ་གཡོན་དུ་གཏད། སྦྱར་སྤོས་བསྲེག །རོལ་མོའི་སྒྲ་དང་བཅས་ཏེ་བཀའ་བསྒོ་བ་ནི། ཧོ། བཅོམ་ལྡན་འདས་གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ་འཁོར་དང་བཅས་པ་རྣམས་ཀྱིས། བདེ་གཤེགས་ཐུབ་པའི་དབང་པོ། མགོན་པོ་འོད་དཔག་མེད། དཔལ་རྟ་མགྲིན་དབང་ཆེན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། རྒྱལ་སྲས་ལྷ་རྗེ། རིག་འཛིན་ཆོས་རྗེ་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་རྗེས་སུ་དགོངས་ལ། རྡོ་རྗེའི་སློབ་བུ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་མ་ལུས་པ་དབྱར་མཚོ་ལྟར་འཕེལ་ཞིང་། ཁམས་གསུམ་སྲིད་པ་གསུམ་ན་འཁོད་པའི་རྒྱལ་བློན་ཆེ་བཙུན་ཕོ་མོ་སོགས་གཟུགས་ཅན་དང་། གཟུགས་མེད་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་ཀྱི་བླ་ཡིད་སྲོག་གསུམ་མཐུ་སྟོབས་ནུས་པའི་གཟི་བརྗིད་ཆེན་པོས་དབང་དུ་སྡུད་ཅིང་བྲན་དུ་ཁོལ་བར་མཛད་དུ་གསོལ། ཞེས་དང་། ཧཱུྃ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདོད་དགུའི་འབྱོར་པ་འབད་མེད་ཆར་དུ་དབབ༔ བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི༔ གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ༔ ཡབ་ཡུམ་སྲས་བཅས་ཐུགས་དམ་དེང་དགོངས་ལ༔ སྐལ་ལྡན་བུ་འདི་བླ་མེད་བྱང་ཆུབ་བར༔ འགལ་རྐྱེན་ཀུན་ཞི་ཁམས་གསུམ་དབང་ཕྱུག་ཐོབ༔ ཅི་འདོད་རེ་བ་བསྐང་བའི་འཕྲིན་ལས་མཛོད༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོཿ ཞེས་གཏོར་ཟན་དུམ་བུ་བདུད་རྩི་བསྲེས་ལ་སྦྱིན་ནོ། །སློབ་མ་སྤྱི་ལ་འདི་ཡན་གྱིས་ཆོག ༈ །ཁྱད་པར་དུ་གྱུར་པ་ལ་ཕྲིན་ལས་ཀྱི་བཀའ་གཏད་ལས་མཐའི་དངོས་གྲུབ་སྦྱིན་པ་ནི། དཔོན་སློབ་གཉིས་ཀའི་བར་མེ་ཐབ་དང་བསྲེག་རྫས་རྣམས་བཤམ། ཁྱད་པར་འཕྲིན་ལས་ཀྱི་གནང་བ་སྦྱིན་པ་ལ་ངེད་ཀྱིས་བརྗོད་པའི་ཚིག་རིས་དང་མཐུན་པར་དམིགས་པ་ལྷན་ཅིག་ཏུ་མཛོད། བསྲེག་རྫས་བསང་སྦྱང་། སྟོང་པའི་ངང་ལས་བསྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དབང་གི་ལས་འགྲུབ་པའི་མཐུ་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྨད་འཚོང་མ་སོགས་ཀྱི་ལག་ནས་བྱུང་བའི་མེ་སྦར་ལ། རཾ་ཛྭ་ལ་རཾ། ཐབ་བསང་སྦྱང་། སྟོང་པའི་ངང་ལས་དབང་གི་ཐབ། །དམར་པོ་ཟླ་གམ་རྒྱ་ཕྱེད་དབང་། །རབ་གསལ་དྭངས་ཤིང་འོད་ཟེར་འཕྲོ། །ལྕགས་ཀྱུ་པདྨའི་རྣམ་པས་མཚན། །དེ་དབུས་ཡེ་ཤེས་མེ་དཔུང་ཀློང་། ཁམས་གསུམ་དབང་མཛད་ཛམྦྷ་ལ། །ནོར་བདག་གནོད་སྦྱིན་ལྕམ་དྲལ་ཆེ། །རྒྱན་དང་ཆ་བྱད་ཡོངས་རྫོགས་ལ། །ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་བསྟིམ། །སྒོ་གསུམ་དང་བས་ཕྱག་འཚལ་ཞིང་། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །དབང་མཛད་དབང་གི་དངོས་གྲུབ་སྩོལ། །བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི། ཞེས་སྨན་གཏོར་རཀྟ་འབུལ། དེ་ནས་ཏིལ་མར་དང་བསྲེག་རྫས་རྣམས་སྙིང་པོའི་མཐར། ཨ་ནྲྀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པ་ཉེར་གཅིག་སོགས་སློབ་དཔོན་དང་ལྷན་ཅིག་པས་ཕུལ། མཐར་དམིགས་བྱའི་རཱུ་པ་ལ་བདེན་སྟོབས་བརྗོད་ཅིང་ནན་གྱིས་བཀུགས་ལ། ཁམས་གསུམ་འགྲོ་བ་ཀུན་གྱི་བླ་ཡིད་སྲོག་གསུམ་དཔལ་འབྱོར་ལོངས་སྤྱོད་དང་བཅས་པ་དམིགས་བྱའི་རཱུ་པ་ལ་བསྟིམས་པས། དྭངས་མ་བདེ་ཆེན་བདུད་རྩི་དམར་པོའི་རང་བཞིན་དུ་ལྟེམ་གྱིས་ཞུ་བ་མེ་དཀྱིལ་ལྷ་ལ་ཕུལ་བས་མཉེས་ཤིང་ཚིམས། དེའི་ཐུགས་ཀ་ནས་འོད་དམར་ལྕགས་ཀྱུའི་རྣམ་པ་སྐར་མདའ་ལྷུང་བ་ལྟར་འཇིག་རྟེན་ཐམས་ཅད་དུ་སོང་བས། སྲིད་པ་གསུམ་གྱི་འགྲོ་བ་ཕོ་མོ་འདོད་པའི་གནས་ཡུལ་ལོངས་སྤྱོད་དང་བཅས་པ་དུང་ཞིང་ཆགས་ཏེ་རང་དབང་བརྟན་པ་དང་བྲལ་ནས་བདག་དང་སློབ་མར་བཅས་པའི་མདུན་དུ་བཀུག་པ་དང་། སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་རིན་པོ་ཆེའི་ཆར་འཛད་མེད་དུ་ཕབ་ནས་བདག་ལ་བསྩལ་བས་ཁམས་གསུམ་སྲིད་པ་གསུམ་ལ་མངའ་དབང་སྒྱུར་ཅིང་འདོད་རྒུའི་དངོས་གྲུབ་ཀྱི་གཏེར་ཆེན་པོ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཅེས་བརྗོད་ལ་གོང་གི་སྔགས་ཀྱིས་གཟུགས་ལིང་དང་། ཁྱད་པར་གྱི་བསྲེག་རྫས་སོགས་ཀྱང་གང་འཛོམ་དབུལ། དབང་མཛད་ཆེན་པོ་འཁོར་དང་བཅས་པས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་སྐྱེ་དགུ་མཆོག་དམན་བར་མ་ཐམས་ཅད་བདག་ལ་ཡིད་རབ་ཏུ་ཆགས་པར་མཛོད་ཅིག །ཡིད་རབ་ཏུ་བསྒྱུར་བར་མཛད་དུ་གསོལ། པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དང་ནོངས་བཤགས་བརྗོད། བཛྲ་མུཿས། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་རླུང་དང་བསྡོངས་ཏེ་རང་རང་གི་སྣ་བུག་གཡོན་ནས་ཞུགས། ལྟེ་འོག་འདུས་མདོའི་ཙཎྜ་ལཱིར་ཐིམ་པས་དངོས་གྲུབ་ཐོབ་པར་གྱུར་པར་མོས་ཤིག །ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེས་སྤྲུལ་པའི་གཏེར་ཆེན་ཆོས་རྗེ་གླིང་པའི་ཟབ་གཏེར་ཛམ་དམར་གསང་སྒྲུབ་ཀྱི་བཀའ་གཏད་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ལེགས་པར་ཐོབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། བྱེ་བྲག་ཏུ་དངོས་གྲུབ་ལས་ཐོབ་པའི་ནོར་རྫས་གང་བྱུང་སེར་སྣས་མ་བཅིངས་པར་ཆ་གཅིག་བླ་མ་དང་དཀོན་མཆོག་ལ་ཕུལ། ཆ་གཅིག་དབུལ་ཕོངས་གཙོ་བོར་གྱུར་པའི་འགྲོ་བ་ལ་སྦྱིན། ཆ་གཅིག་སྡིག་དང་མ་འདྲེས་པར་རང་གིས་ལོངས་སྤྱད་ཅིང་། ཉ་སྟོང་ལ་སོགས་པའི་དུས་གཉན་ཁྱད་པར་ཅན་དང་། རྒྱལ་ཕུར་འཛོམ་པའི་དུས་ལ་ནོར་ལྷ་འདི་ཉིད་ཀྱི་གཏོར་མཆོད་བཟང་པོ་ཆག་མེད་དུ་དབུལ་བ་སོགས་གནད་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་པ་དང་གཏོར་མ་འབུལ་ཞིང་བསྟོད་པ་དང་ཕྲིན་ལས་བཅོལ། ཡིག་བརྒྱ་ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤིས་བརྗོད་སྨོན་ལམ་མཆོད་ཕྲིན་ལྟར་བྱས་པས་འགྲུབ་བོ། །སྙིང་པོའི་བསྟན་འཛིན་ཆོས་ལྡན་སྐྱེ་བོ་རྣམས། །དཔལ་འབྱོར་ནམ་མཁའི་མཛོད་ལ་དབང་བསྒྱུར་བའི། །ཆ་རྐྱེན་ཉིད་གྱུར་སྦྱིན་སོགས་ཕ་རོལ་ཕྱིན། །འགྲོ་ཀུན་འཕྲལ་དང་ཡུན་གྱི་དབུལ་སེལ་ཤོག །ཅེས་པ་འདིའང་གཏེར་གཞུང་ཕྱག་ལེན་འདེབས་དཀའ་བས་བརྒྱུད་པ་གོང་མའི་མན་ངག་མ་ནོར་བའི་རྗེས་སུ་འབྲངས་ཏེ། ཤྲཱི་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་པདྨ་གར་དབང་བསྟན་གཉིས་གླིང་པ་རྩལ་གྱིས་འདུས་གསལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-DA-05-chos gling dzaM dmar bum tsak-01.jpg
RTZ-Tsagli-Dzongsar-ZI-08-chos gling dzam dmar-01.JPG
RTZ-Tsagli-Dzongsar-ZI-08-chos gling dzam dmar-02.jpeg
RTZ-Tsagli-Dzongsar-ZI-08-chos gling dzam dmar-03.JPG
RTZ-Tsagli-Dzongsar-ZI-08-chos gling dzam dmar-04.jpeg
RTZ-Tsagli-Dzongsar-ZI-08-chos gling dzam dmar-05.JPG
RTZ-Tsagli-Dzongsar-ZI-08-chos gling dzam dmar-06.jpeg
RTZ-Tsagli-Dzongsar-ZI-08-chos gling dzam dmar-07.JPG
RTZ-Mandala-Dzongsar-06-538-chos gling dzam dmar.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).