Terdzo-ZI-001

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་མཆོད་པའི་སྤྲིན་ཕུང་

thub dbang gnas brtan bcu drug gi cho ga mchod pa'i sprin phung

by  ཞིག་པོ་གླིང་པ་ (Zhikpo Lingpa)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  སངས་གླིང་ལུགས་ཀྱི་གནས་ཆོག་ (Sangs gling lugs kyi gnas chog)
Volume 52 (ཟི) / Pages 1-18 / Folios 1a1 to 9b4

First Text in Volume
[edit]

༄༅། །ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་མཆོད་པའི་སྤྲིན་ཕུང་བཞུགས་སོ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ལ་འབྱུང་བ་ཆུའི་འཇིགས་པ་ཟློག་པའི་ཕྱིར་དུ་འཕགས་པ་གནས་བརྟན་བཅུ་དྲུག་གི་ཆོ་གའི་རིམ་པ་ནི། དེ་ཡང་གཞི་བཟང་པོའི་སྟེང་དུ་རྡུལ་ཚོན་ནམ། རས་བྲིས་སམ། ཚོམ་བུ་གང་ཡང་རུང་སྟེ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་འོད་ཟེར་སྣ་ལྔའི་ཕྲེང་བས་བསྐོར་བའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་དང་ལྡན་པ། དེའི་མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་གཟུང་སྟེ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་ཁོར་ཡུག་ཏུ་བཤམ། གཞན་ཡང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཅི་འབྱོར་བཤམ། དེའི་མདུན་དུ་གཏོར་མ་བླ་མ་དཀོན་མཆོག་ལ་གཅིག །འཕགས་པ་གནས་བཅུ་འཁོར་བཅས་ལ་གཅིག །གཞི་བདག་རིགས་དྲུག་ལན་ཆགས་བགེགས་དང་བཅས་པ་ལ་གཅིག །དེ་རྣམས་ཟླུམ་པོར་འདབ་བཞིས་བསྐོར་བ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམ། དེ་ནས་རང་ཉིད་ཁྲུས་དང་གཙང་སྦྲ་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། མདུན་གྱི་ནམ་མཁའ་ལ་སྐྱབས་གནས་དཀོན་མཆོག་གསུམ་དང་འཕགས་པ་གནས་བཅུའི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་མོས་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆི་འོ། །སངས་རྒྱས་ལ་སྐྱབས་སུ་མཆི་འོ། །ཆོས་ལ་སྐྱབས་སུ་མཆི་འོ། །དགེ་འདུན་ལ་སྐྱབས་སུ་མཆི་འོ། །འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི་འོ། །གཉིས་པ་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དབུ་མ་ལུགས་ཀྱི་སེམས་བསྐྱེད་པ་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་བ་སྲས་དང་བཅས་པ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །གསུམ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཨཱོྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཱོྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨཱོྃ་བཛྲ་པུཥྤེ༴ ཨཱོྃ་བཛྲ་དྷཱུ་པེ༴ ཨཱོྃ་བཛྲ་ཨཱ་ལོ་ཀེ༴ ཨཱོྃ་བཛྲ་གནྡྷེ༴ ཨཱོྃ་བཛྲ་ནཻ་བིདྱཱ༴ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ། བཞི་པ་གཞལ་ཡས་ཁང་བསྐྱེད་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས། དྲྭ་ཕྱེད་དང་རིན་པོ་ཆེའི་ཏོག་གིས་མཛེས་པར་བརྒྱན་པའི་ཕྱི་རོལ་འོད་ཟེར་ཕྲེང་བས་བསྐོར་བ་འོ། །དེའི་ནང་དུ་པདྨ་འདབ་མ་བཅུ་དྲུག་པའི་དབུས་ཀྱི་ལྟེ་བ་དཀར་པོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ན་བཟའ་སྣམ་སྦྱར་དམར་པོ་གསོལ་ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་སྐུ་བལྟ་བས་ཆོག་མི་ཤེས་པ། དབུའི་གཙུག་ཏོར་ལྟར་མི་མངོན་ཞིང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ་འོ། །ཤར་གྱི་པད་འདབ་དཀར་པོ་བཞི་ལ་རིམ་པ་བཞིན་དུ། གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ཕྱག་གཉིས་ཏིང་ངེ་འཛིན་དང་པྲོག་ཞུ་བསྣམས་པ། གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་ཕྱག་གཉིས་མཉམ་གཞག །གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན་ཕྱག་གཡས་གླེགས་བམ་དང་གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པ། གནས་བརྟན་ཆེན་པོ་ལམ་བསྟན་ཕྱག་གཡས་གླེགས་བམ་དང་གཡོན་ཆོས་འཆད་མཛད་པ་འོ། །ལྷོ་ཕྱོགས་ཀྱི་པད་འདབ་སེར་པོ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་ཀླུའི་སྡེ་ཕྱག་གཡས་བུམ་པ་གཡོན་འཁར་གསིལ་འཛིན་པ། གནས་བརྟན་ཆེན་པོ་སྦེད་བྱེད་ཕྱག་ན་གླེགས་བམ་བསྣམས་པ། གནས་བརྟན་ཆེན་པོ་མི་ཕྱེད་པ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་མཆོད་རྟེན་བསྣམས་པ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་སྤོས་ཕོར་དང་མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པ་འོ། །ནུབ་ཕྱོགས་ཀྱི་པད་འདབ་དམར་པོ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་མི་ཕམ་པ་ཕྱག་གཉིས་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་ནགས་ན་གནས་ཕྱག་གཡས་ཞི་བའི་སྡིགས་མཛུབ་དང་གཡོན་རྔ་ཡབ་བསྣམས་པ་འོ། །གནས་བརྟན་ཆེན་པོ་དུས་ལྡན་ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ། གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་ཕྱག་གཉིས་སྡིགས་མཛུབ་དང་རྔ་ཡབ་བསྣམས་པ་འོ། །བྱང་གི་པད་འདབ་ལྗང་གུ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་བཟང་པོ་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་གསེར་བེའུ་ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ། གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་གསེར་ཅན་ཕྱག་གཉིས་མཉམ་གཞག་ཅན། གནས་བརྟན་ཆེན་པོ་བཀྐུ་ལ་ཕྱག་ན་ནེའུ་ལེ་བསྣམས་པ་འོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་། ཐུབ་པ་གནས་བརྟན་བཅུའི་མདུན་ན་འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ཕྱག་ན་རྔ་ཡབ་དང་བུམ་པ་འཛིན་ཅིང་། རལ་པའི་ཐོད་བཅིངས་པ་སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཁུར་བ། མདུན་གྱི་ནམ་མཁའ་ལ་སྣང་བ་མཐའ་ཡས་བཞུགས་ཤིང་དར་ཟབ་ཀྱི་ན་བཟའ་པུས་མགོར་བརྫེས་ནས་སྟག་མང་པོ་སྤྲུལ་པ་དགེ་བསྙེན་གྱི་ཚོགས་དང་བཅས་པ་འོ། །ལྔ་པ་སྤྱན་དྲང་བ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བྱོན་པར་བསམ་ལ། སྤོས་དང་བཅས་ཏེ་འདི་སྐད་དོ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་གཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང༔ དྲང་སྲོང་རི་ངོགས་ཤེལ་ནགས་མི་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས༔ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེ་འུ༔ ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག༔ སྒྲ་མི་སྙན་ན་འཕགས་པ་བཀྐུ་ལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན༔ བྱ་རྒོད་ཕུང་པོར་དགེ་སྦྱོང་ལམ་ཕྲན་བསྟན༔ ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ བྱང་ཆུབ་སེམས་དཔའི་དགེ་བསྙེན་དྷརྨ་ཏཱ༔ སྒོ་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་དུ་སྤྱན་དྲང་གིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ དྲུག་པ་བཞུགས་སུ་གསོལ་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སུ་གསོལ༔ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས༔ སངས་རྒྱས་བསྟན་པ་གང་གི་ཕྱག་དུ་བཞག༔ གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ༔ ཆོས་སྐྱོང་དགྲ་བཅོམ་འཁོར་བཅས་བཞུགས་སུ་གསོལ༔ བདུན་པ་ཁྲུས་གསོལ་གོས་ཟུང་འབུལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །འཇམ་སྡུག་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །ཐུབ་དབང་གནས་བཅུ་དགེ་བསྙེན་དྷརྨ་ཏཱ། །རྒྱལ་ཆེན་བཞི་ལ་སོགས་པ་བརྒྱན་པར་བགྱི། །བརྒྱད་པ་ཕྱག་འཚལ་བ་ནི། རྒྱུ་ལ་བརྟེན་པའི་མཁས་པ་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བ་རྟག་ཏུ་མི་མངའ་ཡང་། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ནར་གསུང་། །ལྟ་བའི་མུན་བྲལ་ཁྱེད་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་རྣམས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །གསེར་བེའུ་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བཀྐུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ། །སྒོ་སྲུང་བཀའ་སྡོད་རྒྱལ་ཆེན་སྡེ་བཞི་པོ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །དགུ་པ་མཆོད་པ་འབུལ་བ་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱོང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །ཨཱོྃ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཨཱོྃ་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲིའི་ངད་ལྡན་པས། །རྒྱལ་བ་སྲས་དང་བཅས་རྣམས་མཉེས་གྱུར་ཅིག །ཨཱོྃ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་ནམ་མཁར་ཉི་མ་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱོྃ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡང་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨཱོྃ་བཛྲ་གྷནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ཨཱོྃ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཨཱོྃ་བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བཅུ་པ་བསྟོད་པ་བྱ་བ་ནི། བསྟན་པའི་གཙོ་བོ་ཐམས་ཅད་མཁྱེན། །བཙོ་མའི་གསེར་ལྟར་འོད་འབར་ཞིང་། །མཚན་དང་དཔེ་བྱད་ལེགས་བརྒྱན་པ། །ཤཱཀྱ་སེང་གེར་ཕྱག་འཚལ་བསྟོད། །པྲི་ཡངྐུ་ཡི་གླིང་ཕྲན་ན༔ ཉན་ཐོས་ཆེན་པོ་སྒྲ་གཅན་འཛིན༔ དགྲ་བཅོམ་སྟོང་དང་གཅིག་བརྒྱས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱ་རྒོད་ཕུང་པོའི་རི་བོ་ལ༔ ཉན་ཐོས་ཆེན་པོ་ལམ་ཕྲན་བསྟན༔ དགྲ་བཅོམ་སྟོང་དང་དྲུག་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ན༔ བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ དགྲ་བཅོམ་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སུམ་ཅུ་རྩ་གསུམ་ལྷ་གནས་ན༔ ཉན་ཐོས་ཆེན་པོ་ལམ་བསྟན་ནི༔ དགྲ་བཅོམ་ཆེན་པོ་དགུ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ རི་ཡི་རྒྱལ་པོ་ངོས་ཡངས་ན༔ ཉན་ཐོས་ཆེན་པོ་ཀླུ་ཡི་སྡེ༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ རི་ཡི་རྒྱལ་པོ་བྷི་ཧུ་ན༔ ཉན་ཐོས་ཆེན་པོ་སྦེད་བྱེད་ནི༔ དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གངས་ཀྱི་རི་བོ་ཆེན་པོ་ན༔ ཉན་ཐོས་ཆེན་པོ་མི་ཕྱེད་པ༔ དགྲ་བཅོམ་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གངས་རི་ཆེན་པོ་ཏི་སེ་ན༔ ཉན་ཐོས་ཆེན་པོ་ཡན་ལག་འབྱུང༔ དགྲ་བཅོམ་སྟོང་དང་སུམ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དྲང་སྲོང་རི་ངོགས་ཤེལ་ནགས་ན༔ ཉན་ཐོས་ཆེན་པོ་མི་ཕམ་པ༔ ཉན་ཐོས་དགྲ་བཅོམ་མང་པོས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལོ་མ་བདུན་པའི་རི་ཕུག་ན༔ ཉན་ཐོས་ཆེན་པོ་ནགས་ན་གནས༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ འཛམ་བུ་གླིང་གི་ཟངས་གླིང་ན༔ ཉན་ཐོས་ཆེན་པོ་དུས་ལྡན་ཡང༔ དགྲ་བཅོམ་སྟོང་དང་གཅིག་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སིང་ག་ལ་ཡི་གླིང་ཕྲན་ན༔ དགྲ་བཅོམ་རྡོ་རྗེ་མོ་ཡི་བུ༔ ཉན་ཐོས་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཆུ་བོ་ཡ་མུ་ནཱ་གླིང་ན༔ ཉན་ཐོས་ཆེན་པོ་བཟང་པོ་ནི༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁ་ཆེའི་ཡུལ་གྱི་ས་མཚམས་ན༔ ཉན་ཐོས་ཆེན་པོ་གསེར་བེ་འུ༔ དགྲ་བཅོམ་ཆེན་པོ་ལྔ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ བྷཱ་ར་དྷྭ་ཛ་གསེར་ཅན་ཡང༔ དགྲ་བཅོམ་ཆེན་པོ་བདུན་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སྒྲ་མི་སྙན་གྱི་གླིང་ན་ཡང༔ གནས་བརྟན་ཆེན་པོ་བཀྐུ་ལ༔ དགྲ་བཅོམ་ཆེན་པོ་དགུ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གནས་བརྟན་རྣམས་ཀྱི་ཞབས་འབྲིང་མཆོག །གསུང་གི་དབང་ཕྱུག་ལས་སྤྲུལ་ནས། །དགེ་བསྙེན་ཚུལ་ལ་བྱང་སེམས་ལྡན། །དྷརྨ་ཏཱ་ལ་ཕྱག་འཚལ་བསྟོད། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །བཅུ་གཅིག་པ་ཚོགས་གསག་བྱ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་པ་ཚང་བར་བྱའོ། །བཅུ་གཉིས་པ་གཏོར་མ་འབུལ་བ་ནི། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོྃ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱོྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ་བརྗོད། གུ་རུ་རཏྣ་ས་པ་རི་ཝཱ་ར་ནཻ་བིདྱཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ནཻ་བིདྱཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་དུ་ཡང་ར་ས་འཕྲུལ་སྣང་གི་གཙུག་ལག་འདིར་འབྱུང་བ་ཆུའི་གནོད་པ་ཞི་བ་དང་། གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ། སོགས་བརྗོད། ཅེས་བླ་མ་དཀོན་མཆོག་དང་གནས་བཅུ་འཁོར་དང་བཅས་ལ་འབུལ། དེ་ནས་གོང་གི་བྱིན་རླབས་དྲན་པར་བྱས་ལ། ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོྃ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། ཡུལ་ཕྱོགས་དང་ས་ཕྱོགས་འདི་ཉིད་ན་གནས་པའི་གནས་བདག་གཞི་བདག་ས་བདག་འཁོར་དང་བཅས་པ་དང་། འགྲོ་བ་རིགས་དྲུག་ལན་ཆགས་ཀྱི་མགྲོན་དང་བཅས་པ་ལ་འབུལ་ལོ། །གཙུག་ལག་ཁང་འདི་རྣམས་སྲུང་ཞིང་སྐྱོབ་པ་དང་། སོ་སོར་འདོད་པའི་དོན་ཐམས་ཅད་སྐོང་བར་གྱུར་ཅིག །བཅུ་གསུམ་པ་ཕྲིན་ལས་གཞོལ་ཞིང་སྨོན་པ་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ འཕགས་པ་ཉན་ཐོས་དང་གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པས་ལྷག་བསམ་རྣམ་པར་དག་ཅིང༔ བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས༔ ཁྱེད་རྣམས་ལ་ཕྱག་འཚལ་ཅིང་གསོལ་བ་བཏབ་པ་དང༔ མཆོད་པ་ཕུལ་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་རྒྱས་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ༔ ལྷ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་ཞལ་སྐྱིན་དུ་གྱུར་པ་འདི་ཉིད༔ འགྲོ་བ་ཐམས་ཅད་ཀྱི་དཔལ་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར༔ ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ གཞན་ཡང་འཕགས་པ་རང་བྱོན་ལྔ་ལྡན་ལ་སོགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱང༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར་ར་སའི་གཙུག་ལག་ཁང་འདི་ཉིད་དུ་བརྟན་པར་བཞུགས་སུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་གསོལ་བ་གདབ་པའི་དམིགས་ཡུལ་ཁྱད་པར་དུ་གྱུར་ཅིང་འདྲེན་པ་དམ་པར་མཛད་དུ་གསོལ༔ དེ་དག་ཐམས་ཅད་ཀྱི་མཐུ་དང་ནུས་པ་དང་སྟོབས་དང་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས༔ འབྱུང་བ་མེ་དང་ཆུའི་གནོད་པ་དང་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །ལོ་འབྲས་རྟག་ཏུ་ལེགས་པར་གྱུར་ཅིག །འཐབ་རྩོད་དང་འཁྲུག་པ་ཐམས་ཅད་ཞི་བར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བཅུ་བཞི་པ་བཀྲ་ཤིས་བརྗོད་པ་ནི། རྒྱལ་མཚན་རྩེ་མོའི་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་ཅིང་། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་གཅད་གང་ཤེས་བྱའོ། །བཅོ་ལྔ་པ་རྗེས་ཀྱི་བྱ་བ་ནི། རྡུལ་ཚོན་ཚོམ་བུའི་དཀྱིལ་འཁོར་མ་གཏོགས་རྟེན་གཞན་མེད་ན། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ་འོ། །ལས་ཀྱི་རྗེས་མི་མངོན་པར་བྱའོ། །གནས་བཅུའི་རྟེན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་འདི་སྐད་བརྗོད། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འཁོད་ཀྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་ཐམས་ཅད་བརྟན་པར་བཞུགས་ནས། བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་ལ་མེ་ཏོག་གཏོར་རོ། །དེ་ལྟར་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ཉིད་འབྱུང་བ་ཆུའི་འཇིགས་པ་སྐྱོབ་པའི་ལུང་བསྟན་ཨོ་རྒྱན་རིན་པོ་ཆེའི་བཀའ་ལས་ཇི་ལྟར་བྱུང་བཞིན་གྱི་ཆུ་ཟློག་རྡོ་རྗེའི་ལྷ་ཁང་གྲུབ་པ་དང་མཐུན་པར། ཐུབ་དབང་གནས་བཅུའི་ཆོ་ག་མཆོད་པའི་སྤྲིན་ཕུང་འདི་ཉིད་ཀྱང་སངས་རྒྱས་གླིང་པའི་གཏེར་གཞུང་གི་ཚིག་དོན་ཅི་ལྟ་བར་གོ་རིམ་བསྒྲིགས་ཤིང་མ་ཚང་བ་ཁ་སྐོང་དང་བཅས་པ་འདི་ཉིད། རྫོགས་ཆེན་པ་གར་གྱི་དབང་ཕྱུག་གིས་ས་ཕོ་རྟ་ལོ་དབྱུག་པ་ཟླ་བའི་དུས་ཚེས་ཀྱི་ཉིན་སྦྱར་བའི་ཡི་གེ་པ་ནི་གུང་ཐང་བཀའ་བཅུ་པ་ཆོས་འབྱོར་དཔལ་བཟང་གིས་བགྱིས་པ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).