Terdzo-ZHI-059

From Rinchen Terdzö
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་

zhing lha bstod pa'i mchod gsol 'dod dgu'i sprin phung lo tog 'phel byed

by  ཀརྨ་ཆགས་མེད་ (Karma Chakme)
Volume 51 (ཞི) / Pages 745-756 / Folios 1a1 to 6b2

[edit]

༄༅། །ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ། ། ཞིང་བསང་འདི་ཡི་བཅའ་ཐབས་ལ། །དང་པོ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་པདྨའི་ལྟེ་བ་དཀར་པོ་བྱས་ལ་རི་རབ་བང་རིམ་གསུམ་པའི་སྟེང་དུ་བུམ་པ་གཅིག །དེའི་སྟེང་དཀར་གཏོར་གཅིག་བཞག །ཕྱི་རིམ་སྣ་ཚོགས་པདྨ་འདབ་བཞི་ལ་དཀར་གཏོར་བཞི་བཞག །དེའི་ཕྱི་རིམ་པད་འདབ་དཀར་པོ་བརྒྱད་བྱ་སྟེ་སྡེ་བརྒྱད་བཤོས་བུ། དེའི་ཕྱི་རིམ་པད་འདབ་བཅུ་གཉིས་བྱ། ལོ་སྐོར་བཅུ་གཉིས་བཞག །མཆོད་པ་རྣམ་ལྔ་བཤམ། གཏོར་མ་བརྒྱ་རྩ་བཏང་། མཆུ་སྡེ་ལྔ་དང་། འབྲུ་སྤེལ་སྣང་བརྒྱད། དེ་རྣམས་འདོན། ཤིང་རྩི་སྣ་ཚོགས་བརྒྱན་ཅིང་འདི་སྐད་དོ། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །དུས་གསུམ་སངས་རྒྱས་མཆོད་པ་དང་། ཁམས་གསུམ་སེམས་ཅན་གསོ་བ་དང་། །དྲེགས་པ་ཅན་རྣམས་སྐེམ་པ་དང་། །བུ་ལོན་ལན་ཆགས་སྐོང་བ་དང་། །བཙན་གྱི་ཡུལ་ནས་ལེན་པ་དང་། །མཚུན་གྱི་ཞལ་ནི་གསོ་བ་དང་། །ནོར་ཡ་མཚན་ཅན་རྣམས་སྒྲུབ་པ་དང་། །ཟས་འདོད་དགུ་གསོག་པའི་དོན་ཆེད་དུ། །འབྲུ་ནི་མེད་དུ་མི་རུང་བས། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བྱིན་གྱིས་བརླབས་པའི་མཁའ་ལྡིང་བྱ། །མགྲིན་པ་ནས་ཀྱིས་གང་བར་མཛད། །དེ་རིགས་གསུམ་མགོན་པོའི་ཐུགས་རྗེ་ཡིན། །འདབ་ཆགས་རྒྱལ་མོའི་མགུལ་ནས་འཁྲུངས། །ལྷ་མོའི་པི་ཝཾ་ནང་ནས་བླངས། །འབྱུང་བ་ལྔ་ལས་རྒྱུ་བྱས་པས། །དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས། །དེ་ནས་སྲིད་པ་རྒན་རྒོན་གྱིས། །ཐེག་ཆེན་ས་ལ་ནས་འདི་བཏབ། །སྟེང་ནས་བདུད་རྩིའི་ཆར་པ་འབེབ། །སྦྱིན་པ་ཐོང་གཤོལ་ཤུགས་ཀྱིས་རྨོས། །ཚུལ་ཁྲིམས་གཙང་མའི་ས་བོན་བཏབ། །བཟོད་པ་རིན་ཆེན་འབྲས་བུ་སྨིན། །བརྩོན་འགྲུས་མྱུར་བའི་ཟོར་བས་བརྔས། །བསམ་གཏན་ཉམས་ཀྱི་ཐག་པས་བཅིངས། །ཐེག་ཆེན་ཤེས་རབ་ཁལ་དུ་བཀལ། །དོན་དམ་ཆོས་ཀྱི་དབྱིངས་སུ་ཕོག །མ་ཆགས་བྱམས་པའི་དབྱུག་པས་བརྡུངས། །འབྱུང་བ་རླུང་གིས་དྭངས་སྙིགས་ཕྱེས། །འཁོར་འདས་གཉིས་ཀྱི་འདོད་ཡོན་བྱས། །སྔོན་གྱི་ནས་བྱུང་དེ་ལྟར་བྱུང་། །དེ་ནས་ལྷ་རྣམས་བཀའ་བགྲོས་ནས། །འགྲོ་བའི་མི་ནི་བྱིན་གྱིས་བརླབས། །གླང་པོ་ཆེ་ནི་ས་སྲུང་དང་། །མ་ཧེ་འགྲོས་ཆེན་གཉའ་བ་བསྡེབས། །ཤིང་དང་གཉའ་འགྲོས་གཉའ་ཐང་སྤྲད། །ཤ་རྒྱུན་མཉེན་མོས་སྲང་ཐག་འཐེན། །འབྲུ་སྣ་བརྒྱ་ཡི་ས་བོན་ལ། །ཞིང་གི་ལྷ་དེ་ཚངས་པས་མཛད། །ས་ཡི་ལྷ་མོ་བརྟན་མ་དེ། །ཞིང་ལྷ་རྒྱལ་མོར་མངའ་གསོལ་བྱས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་། །ས་བདག་རྒྱུ་སྐར་གཞི་བདག་གིས། །འབྲུ་རྣམས་སྤེལ་བའི་སྨོན་ལམ་བཏབ། །ནས་འདི་སྐྱེད་པའི་སྲུང་སྐྱོབ་བྱས། །དུས་གསུམ་རྒྱལ་བས་བྱིན་བརླབས་པས། །འབྲུ་ནི་ཉིན་མཚན་མེད་པར་སྐྱེས། །ནས་འདི་སྨིན་ཅིང་འཕེལ་ཁ་ཆེ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་མ་དེ་ནི་ཁྱུང་གཤོག་ཙམ། །སོག་མ་དེ་ནི་མདུང་ཡུ་ཙམ། །སྙེ་མ་དེ་ནི་ལྷོ་སྤྲིན་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །དུས་གསུམ་སངས་རྒྱས་བྱིན་བརླབས་འགྲུབ། །སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །བདག་དང་ཡོན་བདག་འདི་དག་གིས། །ཞིང་རྨོ་ས་བོན་འདེབས་པ་ལ། །གནམ་ལ་སྐར་མ་གཟའ་ཡང་བཟང་། །ས་ལ་ཉི་མ་ལྷུན་ཡང་དྲོ། །དུས་ཚོད་མ་བུ་བཀྲ་ཡང་ཤིས། །ལྷ་གཞིའི་སྟེང་དུ་འབྲུ་ནས་བཀྲམ། །གཡང་རྣམས་བསྡུས་པའི་མཆོད་པ་བཤམས། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །ཕྱོགས་བཅུའི་ལྷ་རྣམས་སྤྱན་དྲངས་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཚངས་པ་བརྒྱ་བྱིན་ལ་སོགས་དང་། །དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱང་། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རྣམ་སྲས་དང་ནི་ཛམ་བྷ་ལ། །ཕྱོགས་བཅུའི་ནོར་ལྷ་གཉན་པོ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གཉན་ཆེན་བརྒྱད། །རྒྱུ་སྐར་ས་བདག་གནོད་སྦྱིན་བརྒྱད། །གནོད་སྦྱིན་རྒྱལ་ཆེན་ཡུལ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞིང་ལྷ་ཚངས་པ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞོས་ལྷ་རྒྱལ་མོ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་འཁོར་བཅས་ལ། །མཆོད་པ་རྣམ་ལྔ་འདོད་ཡོན་ལྔ། །ཇི་ལྟར་དགྱེས་པའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །བདུད་རྩི་གཏོར་མའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ནོར་ལྷ་གཡང་ལྷ་ཐམས་ཅད་ལ། །འདོད་ཡོན་རིན་ཆེན་གཡང་སྤེལ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཀླུ་གཟའ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་ས་བདག་གཏོད་དང་སྨན། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །རིན་ཆེན་འབྲུ་ཡི་བཤོས་གསོལ་དང་། །རྣམ་ལྔ་འདོད་ཡོན་སྣ་ཚོགས་དང་། །བ་ཁྲ་བརྒྱ་དང་བིས་ཁྲ་སྟོང་། །གྲེ་བོ་ཁྲི་དང་རོག་པོ་འབུམ། །དཀོར་ནོར་སྣ་ཚོགས་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཡུལ་ལ་གནས་པའི་ཡུལ་བདག་དང་། །ཞིང་ལ་གནས་པའི་ཞིང་ལྷ་རྣམས། །མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ད་ལོའི་གནམ་ལོ་རྒྱལ་པོ་ལ། །རིན་ཆེན་འབྲུ་དང་རྐང་འགྲོས་གཟུགས། །ཕྱེ་མར་འོ་སྐོལ་གསུར་མཆོད་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་རི་རབ་ཀྱི། །ཐད་ཀྱི་ཤེལ་བྲག་དཀར་པོ་ལ། །ཞིང་ལྷའི་སྟེང་དུ་ཞོས་རྡོ་བཙན། །ཞོས་རྡོ་བཙན་པའི་ཡོན་ཏན་གྱིས། །ལོ་ཡག་ལྗང་ནས་འཁྲུང་བར་མཛོད། །ནས་འབྲུ་དེ་ནི་རྒོད་སྒོང་ཙམ། །གྲ་མ་དེ་ནི་རྒོད་གཤོག་ཙམ། །སྙེ་མ་དེ་ནི་ཁྱུང་གཤོག་ཙམ། །ནས་འབྲང་དེ་ནི་རི་རབ་ཙམ། །འཕེལ་ཁ་ཆེ་བའི་ནས་གཡང་སྡུས། །ཞོས་རྡོ་འདི་ལ་འབྲུ་རྣམས་འཁོར། །ཞོས་རྡོ་འདི་ལ་ཞིང་ལྷ་འཁོར། །ཞིང་ལྷ་ཞོས་རྡོ་མ་གཡེལ་ཅིག །འགོ་བའི་ལྷ་རབས་བཅུ་གསུམ་གྱིས། །ཞོས་རྡོ་འདི་ལ་སྡོངས་གྲོགས་མཛོད། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ས་ཡི་ལྷ་མོ་བརྟན་མས་ཀྱང་། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཞིང་ས་འདི་ལ་གནས་ཆོས་ལ། །ཞོས་རྡོ་འདི་ལ་སྐུ་བརྟེན་ལ། །ས་ལ་ལོ་འབྲས་སྨིན་པར་མཛོད། །ཞིང་གི་ལོ་འབྲས་རྒྱས་པར་མཛོད། །ས་གཞི་ལོ་ཏོག་སྨིན་པར་མཛོད། །ས་གཞི་རྩི་ཐོག་རྒྱས་པར་མཛོད། །ཆུ་ལ་གནས་པའི་ཀླུ་རྣམས་ཀྱང་། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྐུ་ལ་ཁྲུས་ཆབ་གསོལ་བ་ལས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཡག་ལྗང་བུ་འཁྲུང་བར་མཛོད། །ཆར་ཆུ་དུས་སུ་མ་འབབ་ན། །རྩི་ཐོག་འབྲས་བུ་མ་སྨིན་ན། །ཀླུ་རྣམས་རྒྱལ་བའི་བཀའ་ལས་འདའ། ཁྱུང་དང་བྱེ་ཚན་འཇིགས་པ་འོང་། །མགོ་བོ་ཚལ་པ་བརྒྱ་རུ་འགས། །དེ་བས་ཀླུ་རྣམས་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་འབྲས་རྟག་ཏུ་སྨིན་པར་མཛོད། །ཀླུ་ཡི་འཕེལ་གཡང་འགྲུབ་པར་མཛོད། །ཀླུ་རྒྱལ་གཙུག་ན་རིན་པོ་ཆེ། །གཞོན་ནུ་གཏུམ་པོ་འཁོར་དང་བཅས། །རྒྱལ་རིགས་རྗེ་རིགས་འཁོར་དང་བཅས། །བྲམ་ཟེ་གདོལ་པ་ལ་སོགས་རྣམས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཐོག་ཡག་པའི་སྡོངས་གྲོགས་མཛོད། །ས་བདག་རྒྱལ་པོ་ཤྲཱི་བྷ་དྲ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་དང་། །ས་ལ་གནས་པའི་ས་བདག་རྣམས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མཆོད་ཡོན་དམ་པ་འདི་བཞེས་ལ། །སྔོན་གྱི་རྒྱལ་བའི་བཀའ་མ་གཅོག །ད་ལྟ་སྔགས་འཆང་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །སོ་ནམ་དུས་སུ་འཕྲད་པར་གྱིས། །ལོ་ཐོག་མགོ་རུ་འཕེལ་བར་མཛོད། །སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ། །སྔགས་འཆང་བདག་གིས་ཁྱེད་མཆོད་ན། །མཆོད་པ་དོན་མེད་མ་བྱེད་ཅིག །གཏོར་མ་ཁྲེལ་ཟས་མ་བྱེད་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདེན་པའི་བཀའ་ནི་མ་བསླུ་ཞིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ཞིང་ལྷ་ཚངས་པ་མ་གཡེལ་ཅིག །ཞོས་ལྷ་རྒྱལ་མོ་མ་འཆུག་ཅིག །ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་ཀྱིས། །ཞིང་གི་ལོ་ཐོག་ཡག་པར་མཛོད། །ས་ཡི་རྩི་བཅུད་འཁྲུང་བར་མཛོད། །ཆོས་སྐྱོང་སྲུང་མ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །རྒྱལ་ཆེན་སྡེ་བཞི་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གཟའ་དང་རྒྱུ་སྐར་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གནོད་སྦྱིན་ནོར་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ས་བདག་ཡུལ་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གཏོད་དང་གཉན་རྣམས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །འབྲུ་ལྷ་གང་བཟང་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ཀྱཻ། ཡུལ་གཉིས་དེ་ནི་ལོ་འགྲན་ན། །ལོ་འཕང་གཞན་བས་མཐོ་བར་ཤོག །ཞིང་གཉིས་མུ་དང་ཐོག་འགྲན་ན། །ལོ་ཤ་གཞན་བས་མཐུག་པར་ཤོག །མཉམ་གཉིས་ས་བོན་གྲངས་འགྲན་ན། །འབྲུ་གྲངས་གཞན་བས་མང་བར་ཤོག །ནས་ཀྱང་བྲེ་དང་ཁལ་འགྲན་ན། །བྲེ་ཁ་གཞན་བས་མང་བར་ཤོག །འཇིག་རྟེན་ཁམས་ཀྱི་ནས་གཡང་སྡུས། །འཛམ་བུ་གླིང་གི་ཞིང་གཡང་སྡུས། །མདོ་ཁམས་སྒང་གི་འབྲུ་གཡང་སྡུས། །བཙན་ཕྱུག་ལྡན་པའི་ནོར་དང་གཡང་། །བདེ་སྐྱིད་འཛོམ་པའི་ཚེ་གཡང་དཔལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དེ་རིང་འདི་རུ་བསྩལ་དུ་གསོལ། །ཞིང་ལྷ་ཚངས་པ་དཔལ་མ་ཞན། །ཞོས་ལྷ་རྒྱལ་མོ་མཐུ་མ་ཆུང་། །ལོ་ཡག་ལྗོང་ལྡེམ་འཁྲུང་བར་མཛོད། །ལོ་བུངས་གཞན་བས་ཆེ་བར་མཛོད། །ལོ་ཤ་གཞན་བས་མཐུག་པར་མཛོད། །ལོ་སྐྱེད་གཞན་བས་མགྱོགས་པར་མཛོད། །འབྲུ་ནི་རྒྱལ་བ་མཉེས་པའི་འབྲུ། །འབྲུ་ནི་དམ་ཅན་སྐོང་བའི་འབྲུ། །འབྲུ་ནི་རིགས་དྲུག་གསོ་བའི་འབྲུ། །འབྲུ་ནི་ལན་ཆགས་སྐོང་བའི་འབྲུ། །འབྲུ་ལ་ཡོན་ཏན་ཐམས་ཅད་ཚང་། །འབྲུ་བས་མཉེས་པ་མ་མཆིས་སོ། །འབྲུ་བས་ཞིམ་པ་མ་མཆིས་སོ། །འབྲུ་བས་མཁོ་བ་མ་མཆིས་སོ། །ཅི་ཕྱིར་འབྲུ་ནི་མཁོ་བ་ན། །དུས་གསུམ་སངས་རྒྱས་འདི་ཡིས་མཆོད། །དམ་ཅན་སྲུང་མ་འདི་ཡིས་བསྟེན། །ནོར་ལྷའི་རྒྱལ་མོ་འདི་ལ་འཁོར། །འགོ་བའི་ལྷ་རྣམས་མཆོད་པའི་རྟེན། ཁམས་གསུམ་སེམས་ཅན་འདི་ཡིས་གསོ། །བུ་ལོན་ལན་ཆགས་འདི་ཡིས་སྦྱོང་། །དེ་བས་འབྲུ་ནི་ཡ་མཚན་ཆེ། །དེ་བས་འབྲུ་ནི་ངོ་མཚར་ཆེ། །འབྲུ་ལ་ཞི་རྒྱས་དབང་དྲག་ཚང་། །འབྲས་དང་ཡུངས་གྲོ་ཞི་བ་ཡིན། ཁྲེ་དང་ཡུངས་དཀར་རྒྱས་པ་ཡིན། །ཙི་ཙི་ཟར་མ་དབང་གི་འབྲུ། །བྲ་བོ་སྲན་མ་དྲག་པོ་ཡིན། །ནས་ནི་སྤྱི་ཁྱབ་ཡིན་པས་ན། །ཞི་རྒྱས་དབང་དྲག་བཞི་ཀ་ཚང་། །ཡོས་སུ་རྔོས་ན་ཞི་བ་ཡིན། །ཕྱེ་རུ་བྱས་ན་རྒྱས་པ་ཡིན། །ཟན་དུ་བརྫིས་ན་དབང་དུ་གྲུབ། །ཆང་དུ་བསྒྱུར་ན་དྲག་པོ་ཡིན། །འབྲུ་ནི་ཆང་དུ་སྦྱར་བ་ན། །ཆང་བས་ངོ་ཆེ་མ་མཆིས་སོ། །གསེར་བས་འབྲུ་ནི་གོང་ཐང་ཆེ། །བཙན་པོའི་ཞལ་གསོས་འདི་ལ་ཉན། །བཙུན་པའི་རྟ་རྐུན་ཆད་པ་སོད། །རྨང་པོའི་བུ་བསད་སྟོང་ཡང་སོད། །རྐུན་བུའི་བུ་ཡི་སྲོག་ཀྱང་ཐོན། །ཕྱུག་པོའི་བུ་མོ་བག་ཀྱང་ཁུག །དེ་བས་ནས་འདི་མཁོ་ཞིང་གཅེས། །འབྲུ་འདི་དུས་གསུམ་རྒྱལ་བས་སྲུངས། །ནས་འདི་ཡི་དམ་ལྷ་ཡིས་སྲུངས། །ནས་འདི་དཔའ་བོ་མཁའ་འགྲོས་སྲུངས། །ནས་འདི་ཆོས་སྐྱོང་སྲུང་མས་སྲུངས། །ནས་འདི་ནོར་ལྷ་རྣམས་ཀྱིས་སྤེལ། །ནས་འདི་དཔལ་མགོན་རྣམས་ཀྱིས་སྐྱེད། །ཞིང་ལྷ་ཚངས་པ་ཞོས་ལྷ་རྒྱལ་མོ་དང་། །འབྲུ་ལྷ་གང་བཟང་ལ་སོགས་པའི། །ཡུལ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །ཕྱྭ་གཡང་རྟེན་འདིར་འཁོར་བར་མཛོད། །ཉི་མ་དེ་རིང་ཕྱིན་ཆད་ནས། །བཙའ་སད་སེར་གསུམ་ལ་སོགས་པའི། །ཞིང་གི་ལོ་ནད་ཟློག་ཏུ་གསོལ། །ནས་ཀྱི་ནད་རྣམས་ཟློག་ཏུ་གསོལ། །འབྲུ་ཡི་བར་ཆད་ཟློག་ཏུ་གསོལ། །ལོ་ཡག་ལྗོང་ལྡེམ་འབྲུ་འཕེལ་མཛོད། །གང་བ་བཟང་པོས་འབྲུ་རྣམས་སྤེལ། །ཞིང་ལྷ་ཚངས་པས་འབྲུ་རྣམས་སྤེལ། །ཞོས་ལྷ་རྒྱལ་མོས་འབྲུ་རྣམས་སྤེལ། །ཡུལ་ལྷ་རྣམས་ཀྱིས་འབྲུ་རྣམས་སྤེལ། །ཆར་ཆུ་དུས་སུ་འབབ་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །ཅི་བསམ་དོན་རྣམས་འགྲུབ་པར་ཤོག །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཞིང་ལྷ་ཚངས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ས་ཡི་ལྷ་མོ་བརྟན་མ་དང་། ཞོས་ལྷ་རྒྱལ་མོ་དང་། ནོར་ལྷ་གང་བ་བཟང་པོ་དང་། རྒྱལ་ཆེན་སྡེ་བཞི་དང་། ས་བདག་ཡུལ་ལྷ་གཞི་བདག་རྣམས་ལ་དཀར་གཏོར་དང་ཇ་ཆང་ཕྱེ་མར་མཆོད་བསྟོད་སོགས་ཞིང་གི་དཀྱིལ་ནས་བྱེད། ཞིང་དཀྱིལ་ཞོས་རྡོ་བསྟོད། དེ་ནས་ཁུ་ཡེ་བཀྲ་ཤིས་སོགས་བྱའོ། །ཞེས་ཞིང་ལྷ་ཚངས་པ་ལ་བསང་མཆོད་འབུལ་བ་འགྲོ་རྣམས་རེ་འདོད་བསྐང་ཕྱིར་ཨ་རཱ་གས་སྨྲས་པའོ། །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).