Terdzo-ZA-009

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་འདུས་གསལ་དུ་བཀོད་པ་འབྲེལ་ཚད་གཏན་བདེའི་ས་བོན་

thugs rje chen po yang snying 'dus pa'i bsnyen yig 'dus gsal du bkod pa 'brel tshad gtan bde'i sa bon

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ (Thugs rje chen po yang snying 'dus pa)
Volume 22 (ཟ) / Pages 197-221 / Folios 1a1 to 13a3

[edit]

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་འདུས་གསལ་དུ་བཀོད་པ་འབྲེལ་ཚད་གཏན་བདེའི་ས་བོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འགྲོ་ལ་བུ་ལྟར་བརྩེ་བའི་རྒྱལ་རྣམས་ཀྱི། །ཐུགས་རྗེའི་འོད་ཟེར་གཅིག་བསྡུས་ཉིན་མོའི་མགོན། །སྲིད་པའི་མུན་སེལ་ཀུན་སྙོམས་ཕྲིན་ལས་ཅན། །བླ་མ་འཇིག་རྟེན་དབང་ཕྱུག་ཞབས་ལ་འདུད། །གང་གི་སྒྲུབ་ཐབས་བྱེ་བ་བརྒྱའི། །ཐོག་མའི་ལམ་འདྲེན་ཡང་འདུས་ཞེས། །ཕྲིན་ལས་མཁའ་ལྟར་ཁྱབ་དེ་ཡི། །བསྙེན་སྒྲུབ་གསལ་བྱེད་ཉུང་བསྡུས་དགོད། །སྤང་སྟོན་སྤྱན་རས་གཟིགས་དངོས་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་དམ་ཆོས་འདུས་པ་སྐོར་དགུའི་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ། སྤྱིར་བསྙེན་པ་ནི་རང་གི་ལུས་ངག་ཡིད་གསུམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བསྙེན་པ་དང་། སྒྲུབ་པ་ནི་རང་དང་གཞན་གྱི་གནས་སྐབས་མཐར་ཐུག་གི་དོན་འབྲས་མཐར་ཕྱིན་པར་སྒྲུབ་པར་བྱེད་པའི་དོན་ཡིན་པས། ཐོག་མར་ཐུགས་རྗེ་ཆེན་པོ་ཞལ་མཐོང་རྩ་བའི་སྒྲུབ་པ་ལྟར་གཙོ་བོ་ཡབ་ཡུམ་སྒོམ་ཞིང་སྙིང་པོ་ཡི་གེ་བདུན་པ་ཁོ་ན་བཟླས་པས་གྲུབ་པའི་རྟགས་མཐོང་བ་ན། སྒྲུབ་པ་ནི་འབྱོར་པ་དང་བརྩོན་འགྲུས་ལྡན་ན་སྒྲུབ་ཁོག་ལྟར་ས་ཆོག་ནས་བརྩམ། ཕྱི་ནང་མཚམས་གཅད་ནས། རྟེན་དང་རྒྱན་བཀོད་དེ་ལས་བྱང་དུས་བཞིར་གཏང་། མཐར་དངོས་གྲུབ་བླངས་ནས་རྗེས་ཀྱི་ལས་རིམ་ཚང་བར་བྱ་བ་ཡིན་ལ། འབྱོར་བརྩོན་དམན་པས་ལས་བྱང་ཙམ་ལ་བརྟེན་ཏེ་སྒྲུབ་པ་བྱས་ཀྱང་གོ་ཆོད་པར་འགྱུར་རོ། །དེ་ལ་འདིར་བཀའ་བབས་བརྒྱུད་པའི་བླ་མ་ཆོས་རྗེ་ཀཿཐོག་པ་ཡབ་སྲས་རྣམས་ཀྱིས། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ་དང་ཕྲིན་ལས་ཀྱི་དོན་བསྡེབས་ནས་བསྙེན་སྒྲུབ་ཆབས་ཅིག་ཏུ་གཏང་བའི་ཕྱག་སྲོལ་ལྟར་ན། ད་ལྟའི་ལས་བྱང་ཁྲིགས་མའི་ནང་དུ་གཙུག་ནོར་གྱི་དོན་འདུས་པས་ལས་བྱང་ཙམ་ལ་བརྟེན་ནས་བསྙེན་སྒྲུབ་ལག་ཏུ་ལེན་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ཡོད་པ་ལས། དང་པོ་སྦྱོར་བ་ནི། ཐོག་མར་མཚན་ཉིད་དང་ལྡན་པའི་བླ་མ་ལས་འདི་ཉིད་ཀྱི་དབང་བསྐུར་ཚུལ་བཞིན་ནོས་པས་རྒྱུད་སྨིན་ཅིང་ལམ་སྒོམ་པའི་སྣོད་རུང་དུ་བྱས་ལ་དམ་ཚིག་རྣམ་པར་དག་པ་དང་ལྡན་པའི་སྒྲུབ་པ་པོས། གནས་གོང་མས་བྱིན་གྱིས་བརླབས་པའམ་དབེན་ཞིང་ཡིད་དང་མཐུན་པར་ཚེས་བརྒྱད་ལ་སོགས་པའི་དུས་བཟང་པོར་དབུ་བརྩམ་སྟེ། བསྙེན་སྒྲུབ་གཅིག་དྲིལ་སྐབས་མདུན་རྟེན་བཤམས་པའང་སྔ་འགྱུར་བའི་ཕྱག་ལེན་ཡིན་པས། འདི་ཉིད་ཀྱི་བྲིས་སྐུའི་མཚོན་རྟེན་ཡོད་ན་བཀྲམ་པའི་མདུན་དུ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད། དེ་སྟེང་ཞི་གཏོར་ཟླུམ་པོ་པད་འདབ་བཞི་དང་རིལ་བུས་བརྒྱན་ཅིང་སྨུག་རྩིས་བྱུགས་པའི་རྩེར་སྐུ་རྟེན་ཙཀླི་བཙུགས་པ་ལ་དར་དམར་གྱི་གདུགས་ཕུབ་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། མཎྜལ་མ་འཛོམ་ན་གཏོར་མ་ཁོ་ན་ལ་བརྟེན་ཀྱང་རུང་། ཆོས་སྐྱོང་གཏེར་སྲུང་གི་གཏོར་འབུལ་རྒྱུན་བཞག་ཁ་གསོ་རྒྱུའམ་ཉིན་རེ་བཞིན་འབུལ་རྒྱུ་གང་བདེ། ཉིན་དང་པོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན་རྣམས་དང་། རང་གི་མདུན་དུ་ཌཱ་དྲིལ་ནང་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། ཐོ་འཛུག་སྤྱི་སྲོལ་ལྟར་དང་མཚམས་ཀྱི་སྤང་བླང་རྣམས་སྤྱི་ལྟར་ཤེས་པ་གལ་ཆེ། དེ་ནས་ཕྱི་ཐུན་ཞིག་ལ་དབུ་བཙུགས་ཏེ། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། གཞི་གནས་བདག་པོ་ལ་དཀར་གཏོར་སྤྱི་འགྲོ་གཏང་། སྒྲུབ་པ་ལ་བར་གཅོད་མི་གཏང་བར་སྡོངས་གྲོགས་གྱིས་ཤིག་པའི་ཕྲིན་ལས་བཅོལ། ལས་བྱང་ལྟར་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་ལ་མཚམས་བཅད། སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ། བྱིན་འབེབ། མཆོད་རྫས་དང་སྣོད་བཅུད་བྱིན་རླབས་རྣམས་ཀྱིས་སྦྱོར་བ་སྔོན་འགྲོའི་རིམ་པ་གྲུབ། སྒྲུབ་རྫས་སྐབས་འདིར་བཤམ་མེད་པས་བྱིན་རླབས་མི་འོས་སོ། །གཉིས་པ་དངོས་གཞི་ནི། ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་ལ་རྒྱས་གདབ་ཅིང་དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བཞུགས་སུ་གསོལ་ལ་ཕྱག་འཚལ། མཆོད་པ་རྣམས་དང་བསྟོད་པའི་བར་གཏང་། བསྙེན་སྒྲུབ་ཕྱི་ཞི་བར་སྒྲུབ་པ་ཅི་འགྲུབ་དང་ཐུན་མཐར་ནང་གསང་བཟླས་པ་བདུན་གསུམ་ཉེར་གཅིག་ཙམ་བྱ། ཡེ་ཤེས་རིག་པ་གསལ་གདབ། ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། སྟོང་ཚིགས་ཕུལ་བས་དངོས་གཞིའི་ལས་རིམ་གྲུབ། སྐབས་འདིར་ཆོས་སྲུང་གཏེར་སྲུང་གི་གཏོར་ཆོག་གཏང་། དེའང་ཆོས་འདིའི་སྒེར་སྲུང་བྲག་ལྷ་མགོན་པོ། གཏེར་སྲུང་མཁའ་རི་དང་སྨྱོ་ཁ་རྣམས་ཡིན་ཡང་སོ་སོར་མི་ཤེས་པའམ་མི་ལྕོགས་ན་སྤྱི་གཏོར་ཙམ་གྱི་ནང་དུ་འཐུས། གསུམ་པ་རྗེས་ལ། ཚོགས་ཕྲིན་གདབ་པ་ནི་སྒྲུབ་ཆེན་སྐབས་སོགས་ལས་དཀྱུས་འདིར་མི་དགོས་པས། ཚོགས་བྱིན་རླབས་ནས་བརྩམ། སྤྱན་འདྲེན། མཆོད་བཤགས་བསྒྲལ་བསྟབ། ཚོགས་ལ་རོལ་ཅིང་སྨོན་ལམ་གདབ། ཡར་གནས་མར་གནས་ཀྱི་ལྷག་མ་གཏང་། ཆད་མདོ། བརྟན་སྐྱོང་། རྟ་བྲོ་བརྡུང་། དངོས་གྲུབ་ལེན་ཆོག་མཚམས་གྲོལ་ཉིན་བར་མི་དགོས་པས་བཞག །ཁ་སྐོང་ནོངས་བཤགས། ཚོགས་མགྲོན་རྟེན་བཞུགས་བྱ། དཀྱིལ་འཁོར་བསྡུ་བའང་མི་དགོས་པས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་གྱི་བར་གཏང་བས་འགྲུབ། དགོང་ཐུན་ལ་སྲུང་འཁོར་གསལ་གདབ། སྐྱབས་སེམས་མན་ཆད་སྔར་ལྟར་བསྐྱར་བ་ལ། ཕྱག་འཚལ་སྐབས་སྣང་བ་ཡབ་ལ་སོགས་ཤྭ་ལོ་ཀ་གཅིག་གིས་ཆོག །མཆོད་པའི་སྐབས་བདུད་རྩིའི་བརྒྱུད་མཆོད་དང་དངོས་གྲུབ་བླང་བ་མི་དགོས་པས་བཞག་པའམ་བསྡུ་ན་ཧྲཱི༔ ཀུན་འབྱུང་ནམ་མཁའ་ཁོ་ན་ལ་ཕྱི་ནང་གསང་དེའི་སྔགས་སྦྱར་བ་ཁོ་ནས་ཀྱང་འཐུས། རྗེས་སྟོང་ཚིགས་གྲུབ་པ་དང་བདག་བསྐྱེད་བསྡུ་ལྡང་ལ་འཇུག བསྔོ་སྨོན་དང་ཤིས་བརྗོད་ཀྱང་གཞུང་ལྟར་མི་ལྕོགས་ན་སྤྱི་འགྲོ་མདོར་བསྡུས་བྱས་པས་ཆོག །སྲོད་ལ་ཉལ་བའི་རྣལ་འབྱོར་དང་། ཕྱིར་ནངས་ཐོ་རང་ལ་ལྡང་བའི་རྣལ་འབྱོར་དང་ངག་བྱིན་རླབས་འགྱུར་སྔགས་སོགས་གྲུབ་ནས། ཚིག་བདུན་དང་བརྒྱུད་འདེབས་གཏང་། བགེགས་གཏོར་ཉིན་དང་པོ་དེ་ལས་རྒྱུན་དུ་མི་དགོས། སྲུང་འཁོར་གསལ་འདེབས་པ་མཚམས་གཅོད་བརྗོད་ཀྱང་ལེགས། སྐྱབས་སེམས་ཕྱིན་ཆད་དགོང་ཐུན་ལྟར་ཐུན་བཞི་ཀར་བསྐྱར་བ་ལས་འཕྲི་བསྣན་མི་དགོས། ཕྱི་དྲོའི་ཐུན་ནམ་སྲོད་ཐུན་གྱི་རྗེས་སུ་ཆོས་གཏེར་སྲུང་མའི་གཏོར་ཆོག་རེ་མ་ཆག་པ་དང་། ཚེས་བརྒྱད་དང་བཅོ་ལྔ་སོགས་དུས་བཟང་རྣམས་སུ་ཚོགས་མཆོད་རེ་གྲུབ་ན་ལེགས་པས་འདོན་བྱ་སོགས་ཉིན་དང་པོ་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་བདུན་གསུམ་ཟླ་དྲུག་ལོ་སྒྲུབ་སོགས་ཇི་ཙམ་ནུས་པ་བྱའོ། །དེ་དག་གི་དམིགས་རིམ་གོ་དོན། སྦྱང་གཞི་སྦྱང་བྱེད་སྦྱོངས་འབྲས། རྟེན་བརྟེན་པའི་བསྐྱེད་ཚུལ་རྒྱས་པ་ནི་བསྐྱེད་རིམ་སྤྱིའི་རྣམ་པ་ཞལ་ཤེས་བཞིན་གལ་ཆེ་བ་ལས་སྨོས་ཀྱིས་མ་ལོངས། སྒོམ་དོན་རྩ་བ་ཙམ་ནི་ལས་བྱང་ཉིད་དུ་གསལ། གནད་གལ་ཆེ་བ་ཅུང་ཟད་སྨོས་ན། མཚམས་གཅོད་སྐབས་མཚན་བཅས་ཀྱི་སྲུང་འཁོར་ནི། རང་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་སྐུའི་འོད་ཟེར་ལས་མཚོན་ཆ་ལྔའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་ནི། ནང་དུ་པདྨ་དམར་པོའི་གུར་ཁང་། དེ་རྒྱབ་རིམ་པ་བཞིན་འཁོར་ལོ་དཀར་པོ། རྡོ་རྗེ་སྔོན་པོ། རིན་པོ་ཆེ་སེར་པོ། རྒྱ་གྲམ་ལྗང་གུའི་གུར་ཁང་རྣམས་ཀྱིས་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཁྲིགས་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཕུང་ཁ་དོག་སྣ་ལྔ་པ་འབར་བས་བགེགས་དང་ལོག་འདྲེན་གང་གིས་ཀྱང་ཉེ་མི་ནུས་པར་བསམ། མཚན་མེད་སྲུང་འཁོར་ནི། གནས་ལུགས་རང་ངོ་མ་ཤེས་པས་གཟུང་འཛིན་འཁྲུལ་པའི་དབང་དུ་སོང་སྟེ་ལྷ་དང་འདྲེ་ཞེས་བཟང་ངན་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་ནི་རང་གི་སེམས། སེམས་གདོད་ནས་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཡིན་པས་བར་དུ་གཅད་བྱ་གཅོད་བྱེད་མ་གྲུབ་པར་ལྟ་བ་ནི། ཀུན་རྫོབ་ལ་དོན་དམ་པའི་ལྟ་བས་རྒྱས་འདེབས་པ་གལ་པོ་ཆེ་སྟེ་འདིར་མ་ཟད་འོག་གི་སྐྱབས་སེམས་ཚོགས་གསག་རྣམས་ལའང་རིག་འགྲེ་སྦྱོར་དགོས། མཆོད་པ་བྱིན་རླབས་ཐོག་མར་རང་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་གསུམ་འཕྲོས། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས། ཡཾ་ལས་སྟོང་ཉིད་ཀྱི་རླུང་བྱུང་བས་བསྲེག་པའི་ཐལ་བ་གཏོར། ཁཾ་ལས་ཆོས་ཉིད་ཀྱི་ཆུ་རྒྱུན་གྱིས་བཀྲུས་པས་གཙང་ཞིང་དག་པར་བསམ། སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ་ཡིག་མང་པོ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་དཀར་སྔོ་སེར་སྔོ་དམར་ལྗང་མཐིང་ག་ཁྲ་བོ་རྣམས་སྤྲོས་པ་ལས་མཆོད་ཡོན་ལ་སོགས་པ་རྣམས་དང་གཟུགས་སྒྲ་དྲི་རོ་རེག་བྱ། རྡོ་རྗེའི་ལྷ་མོ་བཅུ་དྲུག་སོགས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་གྱུར་པར་མོས་ལ་སྔགས་དང་ཕྱག་རྒྱས་བྱིན་བརླབ། དམ་ཚིག་གི་རྫས་ཐམས་ཅད་མཚན་བཅས་དེ་དང་དེར་འཛིན་པའི་རྟོག་པ་དང་བྲལ་ནས། ཨ་ལས་བྱུང་བའི་རྔའམ་ཌཱ་མ་རུ་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བླ་མེད་ཆོས་ཀྱི་སྒྲས་ཁམས་གསུམ་ཁྱབ་པར་བསམ་ལ། ཧྲཱིཿདྷརྨཱ་སོགས། ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དུ་བསམ་ལ། ཧཱུྃ་བཛྲ་སོགས། མཱུཾ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་དུ་བསམ་ལ། ཧྲཱིཿམུ་ཀུ་སོགས། ཧྲཱིཿལས་བྱུང་བའི་ཚོགས་ཀྱི་ཡོ་བྱད་བདུད་རྩིའི་རྒྱ་མཚོ་ལས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་བསམ་ལ། ཧྲཱིཿསརྦ་སོགས་བརྗོད་པས་སོ་སོར་བྱིན་བརླབ། སྣོད་བཅུད་བྱིན་རླབས་སྐབས། སྣོད་ཐམས་ཅད་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་རང་བཞིན་དུ་བསམ་ལ། ཧྲཱིཿཨེ་ཡཾ་སོགས། བཅུད་རིགས་ལྔ་ཡབ་ཡུམ་འབའ་ཞིག་པར་བསམ་ལ། ཨོཾ་ཨཱཿསོགས། དེ་ཐམས་ཅད་ཀྱང་རིགས་འདུས་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་བསམ་ལ། ཨོཾ་མ་ཎི་སོགས་བརྗོད་པའོ། །དངོས་གཞིའི་གཙོ་བོ་བསྐྱེད་བཟླས་གཉིས་ལས། བསྐྱེད་རིམ་གྱི་ཐོག་མར་རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ངང་ལ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། གནས་ལུགས་དེ་བཞིན་ཉིད་མ་རྟོགས་ཏེ་འཁྲུལ་སྣང་གིས་འཁོར་བར་འཁྱམས་པའི་སེམས་ཅན་མཐའ་དག་ལ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྤྲིན་ཡོངས་སུ་ཁྱབ་པར་བལྟས་པ་ཀུན་ཏུ་སྣང་བའི་ཏིང་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རིག་པའི་ངོ་བོ་ཧྲཱིཿདཀར་པོ་ནམ་མཁའི་དབྱིངས་སུ་འོད་ལྷག་གིས་ཤར་བར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ནས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་དང་པོ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། རྒྱུའི་ཡི་གེ་ཧྲཱིཿདཀར་པོ་ལས་ཡི་གེ་བྷྲཱུྃ་འོད་ཟེར་ཁ་དོག་ལྔ་ལྡན་ཀུན་ཏུ་ཁྱབ་པ་འཕྲོས་པ་ལས་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། བྷྲཱུྃ་འོད་དུ་ཞུ་བ་ལས་ཡེ་ཤེས་ལྔའི་རང་འོད་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། སྟེང་ཕྱུར་བུ་པདྨ་རཱ་གའི་ཏོག་དང་རྒྱན་གྱི་བཀོད་པ་དཔག་ཏུ་མེད་པས་སྤྲས་པ། ཕྱི་རོལ་འདོད་སྣམས་བར་ཁྱམས་ཁོར་ཡུག་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ། ཀུན་ཏུ་མ་འདྲེས་པར་མཉམ་པར་བརྡལ་ཞིང་རྒྱ་ཁྱོན་ཤིན་ཏུ་ཡངས་པའི་དབུས་སུ་པདྨ་འདབ་བཞི་དཀར་དམར་གྱི་མདངས་ལྡན་ལྟེ་བ་ཟེའུ་འབྲུ་མང་པོས་མཛེས་པ། དེ་རྒྱབ་པདྨ་འདབ་དྲུག་དཀར་མཐིང་སེར་ལྗང་དམར་ནག་པའི་མདོག དེ་རྒྱབ་པད་འཁོར་དཀར་པོ་བཞི་སྟེ་ནང་མ་ལ་བརྒྱ་དང་གཉིས། དེ་རྒྱབ་ཉིས་བརྒྱ། དེ་རྒྱབ་སུམ་བརྒྱ། དེའི་ཕྱི་མར་བཞི་བརྒྱས་བསྐོར་བ། དབུས་སུ་ཉི་ཟླ་བརྩེགས་པའི་གདན། ལྷ་གཞན་རྣམས་ལ་ཟླ་གདན་སྒོ་བཞིར་བདུད་བཞིའི་གདན་བཅས་བསྒོམ་པ་ནི་སྣོད་ཐ་མལ་དུ་འཛིན་པའི་ཞེན་པ་སྦྱོང་ཞིང་སངས་རྒྱས་ཀྱི་ཞིང་མཆོག་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའོ། །དེ་ནས་བརྟེན་པ་དམ་ཚིག་པ་བསྐྱེད་པ་ནི། ཧྲཱིཿཡིག་དཀྱིལ་འཁོར་དབུས་ཀྱི་གདན་སྟེང་དུ་བབས་འོད་ཟེར་འབར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སྦྱངས་ནས། ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་ལ་དམར་བ་པདྨའི་མདངས་མཛེས་ཤིང་འཛུམ་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པདྨ་རཱ་གའི་ཕྲེང་བ་བརྒྱ་རྩ་བརྒྱད་ཐུགས་ཀར་འདྲེན་པ། གཡོན་པས་པདྨའི་སྡོང་པོ་བདུད་རྩིའི་བུམ་པས་མཚན་པ་བསྣམས་པ། རིན་པོ་ཆེ་སྣ་ལྔའི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུབ་བུ། སྐ་རགས་རྣམས་ཀྱིས་སྤྲས་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་གྱི་ཤམ་ཐབས་གསོལ་བ། ཡུམ་ཡི་གེ་དྲུག་མ་སྐུ་མདོག་ཆ་ལུགས་ཡབ་དང་མཐུན་པ་ལ་དབུ་སྐྲའི་གཙུག་ཏོར་མ་བཅིངས་པར་གྲོལ་བ། ཕྱག་གཡས་གྲི་གུག་དང་། གཡོན་ཐོད་པ་བསྣམས་ནས་འཁྲིལ་བ། རང་འོད་འཇའ་ཚོན་གྱི་རྒྱབ་ཡོལ་ཅན་དུ་བསྒོམ། སྤྱི་བོར་རིགས་བདག་ཚེ་མཐའ་ཡས་པ་དམར་པོ་ལོངས་སྤྲུལ་གྱི་ཆ་ལུགས་གང་ཡིན་གཏེར་གཞུང་དུ་མི་གསལ་ཡང་རཏྣའི་གསང་འདུས་སྐབས་ཀྱི་གསུང་རྒྱུན་དུ་སྤྲུལ་སྐུའི་ཆས་ཅན་མཛད་སྲོལ་འདུག །ཙིཏྟའི་ཟླ་གམ་སྒོ་གཅིག་པར་གྱུར་པའི་སྒོ་ཁྱུད་ནང་དུ་རྟ་མགྲིན་དམར་པོ། དེ་དག་གི་མངོན་རྟོགས་གཞུང་གསལ་ལྟར་ལ་དབང་སྡུད་ཕྱག་རྒྱ་ནི་གུང་སྲིན་གཉིས་མཐེ་བོས་མནན། གཞན་གཉིས་ཅུང་ཟད་གུག་པར་སྒྲེང་བའོ། །འདིའང་ཆགས་མེད་ཀྱིས་ཙིཏྟ་རྩེ་མོ་གྱེན་བསྟན་གུར་ཕུབ་པ་ལྟ་བུའི་འོག་གི་རྩ་སྦུབས་སུ་སྒོམ་པ་བཤད། གཙོ་བོའི་གཡས་སུ་པད་ཟླའི་གདན་ལ་སྲས་ནོར་བུ་འཛིན་པ་དཀར་སེར་ནོར་བུ་བསྣམས་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་དཀར་མོ་ཤེལ་ཕྲེང་ཐོགས་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ། །དེ་རྒྱབ་པད་འདབ་དྲུག་ལ་མདུན་ནས་རིམ་བཞིན་གཡས་སྐོར་དུ་སྤྲུལ་སྐུ་ཐུབ་པ་དྲུག་ནི། བརྒྱ་སྦྱིན་དཀར་པོ་པི་ཝཾ། ཐགས་བཟང་རིས་སྔོན་པོ་གོ་ཆ། ཤཱཀྱ་ཐུབ་སེར་པོ་གསེག་པར། སེང་རབ་སེར་ནག་པོ་ཏི། ནམ་མཁའ་མཛོད་དམར་པོ་སྒྲོམ་བུ། ཆོས་རྒྱལ་ནག་པོ་མེ་ཆུ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་བཞེངས་སྟབས་སུ་གནས་པ། ལྷའི་ཐུབ་པའི་ཐུགས་ཀར་ཨོཾ་དཀར་པོ་སོགས་ཡིག་འབྲུ་སོ་སོས་མཚན་པར་བསྒོམ། ལས་བྱང་ཚིག་སྣ་བསྡུས་པའི་དབང་གིས་འབྲུ་དྲུག་བསྒོམ་པ་འདྲ་ཞིག་འབྱུང་ཡང་འདིར་ནི་རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ་ལས་བསྟན་པ་ལྟར་ལ་ཀཿཐོག་པས་ཀྱང་དེ་བཞིན་བཤད་དོ། །དེ་རྒྱབ་པད་འཁོར་རིམ་བཞིར་སངས་རྒྱས་སྟོང་རྩ་གཉིས་སྤྲུལ་སྐུའི་ཆ་ལུགས་ཁ་དོག་སྣ་ཚོགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་རོལ་པར་བསྒོམ། སྒོ་བཞིར་རིགས་བཞིའི་ཧེ་རུ་ཀ་ལས་བྱང་ལྟར་རམ་རྩ་སྒྲུབ་ལས་རྟ་མགྲིན་རིགས་བཞི་གཡས་ཐོད་དབྱུག་གཡོན་ཞགས་པ་བསྣམས་པ་བསྐྱེད་པར་གསུངས། སྟེང་ཕྱོགས་བླ་མ་རིག་འཛིན། བར་ཕྱོགས་ཡི་དམ་ལྷ་ཚོགས། ཕྱི་ཁྱམས་ཁོར་ཡུག་ཏུ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་མོས་བསྐྱེད་ཙམ་བྱ། གཙོ་བོ་ཡབ་ཡུམ་འཁྲིལ་སྦྱོར་མཛད་པ་འདོད་ཆགས་འཇོམས་པ། དེ་བཞིན་དུ་རྟ་མགྲིན་སོགས་ཁྲོ་བོ་འཇིགས་སུ་རུང་བས་ཞེ་སྡང་ཚུལ་གྱིས་ཞེ་སྡང་། གཙོ་འཁོར་དུ་སྣང་ཡང་ཡེ་ཤེས་ཀྱི་རང་སྣང་ལ་བཟང་ངན་མི་མངའ་བས་གཏི་མུག་ཚུལ་གྱིས་གཏི་མུག །སྐུ་དང་ཡེ་ཤེས་ཀྱི་དགོངས་པ་གཡོ་བ་མེད་པས་ང་རྒྱལ་ཚུལ་གྱིས་ང་རྒྱལ། སངས་རྒྱས་གཙོ་འཁོར་མ་གཏོགས་གཞན་གང་ཡང་མེད་པས་ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་པ་སྟེ་དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས་པའི་དོན་ནོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གདོད་གནས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བསམ་ལ་བྱིན་རླབས། གཙོ་བོ་གསུམ། སྲས་པོ་སྲས་མོ་གཉིས་ཏེ་ལྔའི་དབུ་གཙུག་ཏུ་ཨཱཿལས་སྣང་བ་མཐའ་ཡས། དཔྲལ་བར་ཨོཾ་ལས་རྣམ་པར་སྣང་མཛད། རྣ་ལྟག་གཡས་པར་སྭཱ་ལས་རིན་འབྱུང་། ལྟག་པར་ཧཱུྃ་ལས་མི་བསྐྱོད་པ། གཡོན་པར་ཧཱ་ལས་དོན་གྲུབ། མཚོག་མར་ཧྲཱིཿལས་རིགས་འདུས་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་ཅིང་དབུར་བརྒྱན། འཁོར་གཞན་རྣམས་ལ་བསྡུ་ན་འབྲུ་ལྔ་ཁོ་ནས་དབུ་བརྒྱན་པར་བསམ་པས་ཆོག་པར་བཤད། དེ་རྣམས་ཀྱིས་རང་ལུས་དང་བཅུད་ཀྱི་སེམས་ཅན་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག་ཅིང། ལུས་སྒྲིབ་སྦྱོང་། སྐུའི་དངོས་གྲུབ་འཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་ལྷ་རྟེན་དང་བརྟེན་པར་བཅས་པ། སོ་སོའི་རྣམ་པ་ཤིན་ཏུ་གསལ་བ། དོན་དམ་གྱི་རྣམ་པར་དག་པ་དྲན་པ། རྟག་ཏུ་ང་རྒྱལ་བརྟན་པོ་ལས་མ་གཡོས་པར་ཅི་གནས་སུ་མཉམ་པར་བཞག་པ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་དངོས་གཞི་ཡིན་ནོ། །དེ་ཉིད་རྫོགས་བྱེད་ཀྱི་ཡན་ལག་ཏུ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ནི། རང་གི་སྙིང་གའི་ས་བོན་ཧྲཱིཿལས་འོད་ཟེར་མཁའ་དབྱིངས་ཁྱབ་པར་འཕྲོས་པས་སངས་རྒྱས་སྲས་དང་བཅས་པ་ཆོས་སྐུ་སྤྲོས་བྲལ་དབྱིངས་ལས་མ་གཡོས་བཞིན་དུ། གཟུགས་སྐུ་གང་ལ་གང་འདུལ་གྱི་རོལ་པ་ཅིར་ཡང་འཆར་བ་ལས་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་ནམ་མཁའ་གང་བ་ཙམ་དུ་བྱོན་པར་བསམ་ལ་སྤྱན་འདྲེན་བརྗོད། ཡེ་ཤེས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་མོས་ལ་བཞུགས་གསོལ་དང་། རང་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས་ལྷ་དང་བདག་ཉིད་དབྱེར་མེད་དུ་རྟོགས་པའི་ཚུལ་གྱིས་ཕྱག་བྱ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་སོ་སོར་ཐོགས་ཏེ་ལྷ་རྣམས་ཀྱི་དབང་པོ་དྲུག་ལ་མཆོད་ཅིང་ཐིམ། སྨན་རྩ་བརྒྱད་སྟོང་སྦྱར་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དམ་ཡེ་དབྱེར་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ནས་མཐེབ་སྲིན་ཉི་ཟླའི་གྭའུས་བཅུས་ཏེ་འབུལ་བས་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་མཉེས། སྐྱེས་ལན་གྱི་ཚུལ་དུ་གསང་བ་གསུམ་གྱི་དངོས་གྲུབ་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་སྨན་ཐོད་དུ་འཁྱིལ་བ་མཐེབ་སྲིན་གྱིས་བླངས་ཏེ་ལྕེ་རྡོ་རྗེ་རྩེ་གསུམ་པ་ནས་བརྒྱུད། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་དམིགས། གཏོར་མ་འདོད་ཡོན་ལྔ་ལྡན་གྱི་ལྷ་མོ་སྤྲིན་ཕུང་ལྟར་གཏིབས་པས་མཆོད། རཀྟ་རྒྱུད་དྲུག་འཁོར་བ་རྩད་ནས་བསྒྲལ་བའི་དམར་ཆེན་གྱི་རྒྱ་མཚོ་ལས་ལྷ་མོ་ཐོད་ཞལ་ཐོགས་པ་རྣམས་ཀྱིས་འབུལ་བར་བསམ། སྦྱོར་སྒྲོལ་དང་དོན་ལ་མཆོད་པ་རྣམས་ཀྱང་ཚིག་རྗེས་སུ་དོན་དྲན་བཞིན་པས་མཆོད། རང་ལས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་དང་ཕྱི་ཁྱམས་མཁའ་འགྲོ་ལ་སོགས་པས་དབྱངས་སྙན་གྱི་འགྱུར་བས་གཙོ་བོ་གསུམ་ལ་བརྡ་དོན་རྟགས་ཀྱི་སྒོ་ནས་བསྟོད་ཅིང་འཁོར་རྣམས་ལ་སྤྱིར་དྲིལ་བས་བསྟོད། མཐར་ལྷ་མོ་རྣམས་རང་ལ་ཐིམ་པར་དམིགས། དེ་དག་ནི་སྐུ་བསྐྱེད་པའི་ཏིང་ངེ་འཛིན་རྗེས་འབྲེལ་དང་བཅས་པའོ། །དེ་ནས་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཕྱི་སྲོག་སྦས་ཞི་བ་གསག་སྦྱོང་དབང་སྡུད་ཀྱི་ཚུལ་དུ་བཟླ་བ་ལ་ཛཔ྄་ཀྱི་དགོངས་པ་ཏིང་ངེ་འཛིན་ནི། གཙོ་བོ་དང་ཚེ་དཔག་མེད་རྟ་མགྲིན་ཏེ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཡི་གེ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་འོད་ཟེར་མར་མེ་ལྟར་འབར་བའི་མཐའ་སྐོར་དུ་ཡིག་དྲུག་གཡས་སུ་བསྐོར་བར་བསྒོམ་ལ་བཟླས་པ་བྱ། དེ་ཉིད་ལེགས་པར་གསལ་ཐེབས་ནས་བདག་ཐུགས་རྗེ་ཆེན་པོའི་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་ལ་ཕོག །མཆོད་པས་མཉེས། སྐུའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བྱོན་ནས་རང་ལ་ཐིམ་པས་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ལུས་དབང་དུ་འདུས། སྐུའི་གདུལ་བྱར་གྱུར་པར་བསམ་ལ་བཟླ། སྤྱི་གཙུག་ཚེ་དཔག་མེད་ཀྱི་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གསུང་ལ་ཕོག །མཆོད་པས་མཉེས། གསུང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པས་ཚུར་བྱོན་ནས་རང་དང་རིགས་བདག་ལ་ཐིམ་པས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ངག་དབང་དུ་འདུས། གསུང་གི་གདུལ་བྱར་གྱུར་པར་བསམ་ལ་བཟླ། ཙིཏྟའི་སྒོ་སྲུང་རྟ་མགྲིན་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཐིང་ཁ་བཻཌཱུརྱ་ཞུན་མའི་མདངས་ལྟ་བུ་ནམ་མཁའ་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ལ་ཕོག །མཆོད་པས་མཉེས། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་མཐིང་གའི་རྣམ་པས་ཚུར་བྱོན་པས་རང་དང་རྟ་མགྲིན་ལ་ཐིམ་པས་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་། སེམས་ཅན་ཐམས་ཅད་ཀྱི་ཡིད་དབང་དུ་འདུས། ཐུགས་ཀྱི་གདུལ་བྱར་གྱུར་པར་བསམ་ལ་ཡིག་དྲུག་བཟླའོ། །གཉིས་པ་ནང་ཟབ་མོ་སྐུ་གསུམ་རྫོགས་པ་དགྲ་བགེགས་ཚར་གཅོད་ཀྱི་བཟླས་པ་ནི། བདག་ཉིད་ལྷ་གསུམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ཁྲོ་ཆུང་དཀར་དམར་མཐིང་གསུམ་མཚོན་ཆ་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་སེར་དྲག་བབས་པ་ལྟ་བུ་འཕྲོས། ཞལ་ནས་ཕཊ་སྒྲ་དྲག་པོ་སྒྲོག་ཅིང་ཚ་ཚ་སྐར་མ་ལྟར་འཁྲུགས་པས་སྟོང་གསུམ་བཀང་། ཞི་བས་མི་འདུལ་བའི་བདུད་དང་འབྱུང་པོ་ལོག་འདྲེན་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དྲག་ཏུ་རྡུང་ཞིང་ཚར་བཅད། དེ་ཐམས་ཅད་ཀྱིས་བཀའ་སྡོད་དང་བྲན་ཁོལ་བྱེད་པར་བསམ་ལ་ཡི་གེ་བཅུ་གཅིག་པ་བཟླའོ། །གསུམ་པ་གསང་བ་ཡང་སྙིང་སྲོག་མཐའ་ཅན་ཉམས་རྟོགས་སྤར་བའི་བཟླས་པ་ནི། གཙོ་དང་འཁོར་དུ་བཅས་པའི་ལྷ་ཚོགས་ཐམས་ཅད་ཀྱང་བདག་ཉིད་ཐུགས་རྗེ་ཆེན་པོ་གཅིག་གི་རྣམ་འཕྲུལ་ཡིན་པས་གཅིག་ཏུ་འདུ་སྟེ། རྣམ་པ་སོ་སོར་སྣང་ཡང་ངོ་བོ་གཅིག་ལས་མེད་པས་བདག་གཉིས་མེད་དོན་གྱི་ལྷར་ཤེས་པའི་ངང་རླུང་རང་བབས་དང་སྦྱར་བའི་ཡི་གེ་བདུན་པ་ཡིད་བཟླས་བྱ་སྟེ། དེའང་རྔུབས་པའི་རླུང་ལ་ཨོཾ་དང་མ། གནས་པའི་རླུང་ལ་ཎི་དང་པད། འབྱིན་པའི་རླུང་ལ་མེ་ཧཱུྃ་ཧྲཱིཿརྣམས་སུ་དྲན་པར་བྱས་ལ་ངོས་བཟུང་ཞིང་བཟླས་པས་ཉམས་རྟོགས་ཡེ་ཤེས་སུ་འབར་བར་འགྱུར་རོ། །སྔོན་གྱི་རིག་འཛིན་རྣམས་ཀྱི་བཟླས་པ་སྟོང་ཕྲག་རེའི་མཚམས་སུ་སྟོང་ཚིགས་རེ་ངེས་པར་འབུལ། ཁ་སྐོང་དབྱངས་གསལ་སོགས་རྗེས་སྡུད་སྐབས་སུ་ལན་གཅིག་མཛད་སྲོལ་ལྟར་གྲུབ་ན་ངེས་པར་ལེགས། མི་འགྲུབ་ན་དེང་སང་བྱ་སླའི་ལུགས་ལྟར་ཛཔ྄་ཐམས་ཅད་ཀྱི་རྗེས་སུ་ཁ་སྐོང་དང་མཆོད་བསྟོད་ལྷན་ཅིག་བྱ། དེ་ལྟར་བཟླས་པས་ངག་ཐ་མལ་གྱི་ཞེན་པ་ཟློག །ངག་གི་སྒྲིབ་པ་སྦྱང་། གསུང་གི་དངོས་གྲུབ་ཐོབ་ཅིང་སྨྲ་བའི་སེང་གེར་འགྱུར་རོ། །མཐར་ཆོས་ཉིད་དོན་གྱི་དགོངས་པས་ཡེ་ཤེས་རིག་པ་རང་གསལ་གདབ་པའི་ཚིག་བརྗོད་ཅིང་ཤེས་ན་བར་མཚམས་རྣམས་སུ་ཛཔ྄་དབྱངས་བྱ། དེ་ནས་ཐུགས་རྫོགས་པའི་རིམ་པ་ནི། དེ་ལྟར་བསྐྱེད་ཅིང་སྣང་བའི་ལྷ་ཚོགས་ཐམས་ཅད་རང་གི་སེམས་ལས་གུད་ན་མ་གྲུབ། བསྒྲུབ་བྱའི་ལྷ་སྒྲུབ་བྱེད་ཀྱི་རྟོག་པ་ཐམས་ཅད་ཀྱང་རང་གི་སེམས། ལྷ་དང་ཐ་མལ་དུ་འཛིན་པ་གཉིས་ཀའང་རང་སེམས་ཁོ་ན་ཡིན་ལ། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་ཐམས་ཅད་གང་དུའང་མ་གྲུབ་པས་གདོད་ནས་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་བས་སྣང་སྟོང་གཉིས་སུ་མེད་ཅིང་རང་བབས་ཀྱིས་ཟུང་དུ་འཇུག་པས་མཚན་མར་འཛིན་པའི་བློ་ལས་འདས་པ། སྟོང་གསལ་ཆོས་ཀྱི་སྐུ་བདེ་ཆེན་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་ངང་དུ་བློ་མ་བཅོས་པར་རང་ལུགས་སུ་བཞག་པར་བྱའོ། །དེས་ཡིད་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག ཡིད་ཀྱི་སྒྲིབ་པ་སྦྱོང་། ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་རྟོགས་པའི་ཡེ་ཤེས་མངོན་དུ་འགྱུར་རོ། །འདི་ནི་སྐབས་དང་སྐབས་སུ་བསྒོམ་ཞིང་སྤྱིར་བསྐྱེད་བཟླས་ཐམས་ཅད་ལ་རྒྱས་འདེབས་བྱེད་གལ་པོ་ཆེ་ཡིན་ནོ། །ཐུན་རེ་རེ་བཞིན་གྱི་མཐར་རྗེས་གཞིག་གིས་འོད་གསལ་དུ་བསྡུ་ཞིང་མཉམ་པར་བཞག་སྟེ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། དེའང་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེའང་གྱེན་རྫོགས་སུ་ཡལ་ནས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་བཟུང་། དེའང་ཡལ་ནས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ །སླར་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་མདངས་ཟུང་འཇུག་སྒྱུ་མ་ལྟ་བུའི་གཙོ་བོའི་སྐུར་ལྡངས། གཟུགས་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོ། སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་པ། དྲན་རྟོག་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་ལས་མ་གཡོས་པའི་དྲན་ཤེས་འབྲལ་མེད་དུ་བརྟེན་ལ་སྤྱོད་ཡུལ་ཐམས་ཅད་ལམ་དུ་ཁྱེར། ཚོགས་མཆོད་རྗེས་འབྲེལ་དང་བཅས་པའི་དམིགས་རིམ་ནི་འབྲི་བར་མ་ལོངས་པས་སྤྱི་ལྟར་ཤེས་པར་བྱ། བསྙེན་སྒྲུབ་སྒྲུབ་པའི་སྐབས་དངོས་གྲུབ་བླང་བ་ལ་རྫས་བཤམ་པ་ནི། ཕྱེ་མར་མངར་གསུམ་སྤོད་སྨན་སྦྱར་བ་ཆང་གིས་སྦྲུས་པའི་འབྲང་རྒྱས་དང་། །ཤ་མར་ཐུད་ཕྲུམ་ཁུར་བ་ཤིང་ཏོག ཛ་གད་ཆོས་སྨན་བཏབ་པ་སོགས་བཟའ་བཅའ་བཏུང་བའི་རིགས་དང་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་རྒྱས་པར་བསགས། ཐོ་རངས་སམ་སྔ་དྲོའི་ཆར་ལས་བྱང་གཞུང་བསྲང་། བཟླས་པ་མདོར་བསྡུས་ཀྱི་རྗེས་སུ། ཐུགས་ཀའི་འོད་ཟེར་དམར་པོ་ཤས་ཆེ་བ་འཕྲོས་པས་འཁོར་འདས་བརྟན་གཡོའི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ་ཐུན་མོང་དང་། མཆོག་གི་དངོས་གྲུབ་ཐམས་ཅད་བདུད་རྩི་འཇའ་འོད་ཟེར་ཐིག་གི་རྣམ་པར་བསྡུས་ནས་སྒྲུབ་རྟེན་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ་ཡིག་བདུན་ཤམ་བུར། སརྦ་སིདྡྷི་ཧཱུྃཿཨཱཿབཏགས་པ་ཅི་འགྲུབ་བཟླ། བཀའ་སྲུང་གཏོར་འབུལ་དང་། ཚོགས་འཁོར་རྒྱས་པ་གཏང་། ཆད་མདོ་བརྟན་མ་གཏོར་མནན་བཅས་གྲུབ་པ་དང་ལས་བྱང་ལྟར་དངོས་གྲུབ་བསྐུལ་ཚིག་དབྱངས་སུ་བརྗོད། རྟེན་གཏོར་ལྷར་གསལ་བ་ལས་དབང་བཞི་ལེན་པའི་དམིགས་པ་བྱས་ཏེ་རང་གི་གནས་བཞིར་གཏུགས། ཐུན་མོང་ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། མཆོག་བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ལ་གཏོར་མའི་ལྷ་ཡེ་ཤེས་པ་མདུན་དཀྱིལ་དང་དབྱེར་མེད་དུ་བཞུགས། དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ་གཏོར་མའི་ཆ་ཤས་དང་དངོས་གྲུབ་ཀྱི་རྫས་རྣམས་རོལ། དེ་ནས་གཏང་རག་མཆོད་བསྟོད་དང་ནོངས་བཤགས་རྒྱས་པར་བྱ། མདུན་བསྐྱེད་ཟུར་དུ་བྱས་པའམ་ཚོགས་མགྲོན་རྣམས་རྟེན་དང་དཀྱིལ་འཁོར་རས་བྲིས་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་ལས་བྱང་ཉིད་མཐའ་རྒྱས་སུ་བྱས་པས་འགྲུབ་བོ། །བསྙེན་སྒྲུབ་ཀྱི་ཁ་སྐོང་སྦྱིན་སྲེག་ནི། རྣལ་འབྱོར་ཉེར་གཅིག་གི་ནང་ནས་སྦྱིན་སྲེག་ཕྱི་ནང་གསང་བ་གསུམ་དུ་གསུངས་པ་ཉིད་ཐུན་མཚམས་རྣམས་སུ་རྒྱུན་དུ་གྲུབ་ན་དེ་ཀས་འཐུས་ཀྱང། མི་གྲུབ་ན་སྐབས་འདིར་ཕྱིའི་སྲེག་བླུགས་ཞི་བའི་སྦྱིན་སྲེག་སྤྱི་འགྲོ་ཞིག་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་བཅུ་ཆའི་གྲངས་གསོག་ཏིལ་ལ་བྱས་པ་ཉིད་ལེགས་སོ། །ཀཿཐོག་པས་ལས་བཞིའི་སྦྱིན་སྲེག་བྱ་བར་གསུངས་མོད་ལས་དེ་དང་དེ་དག་སྒྲུབ་པའི་ཆེད་ཡིན་ན་དེ་ལྟར་བྱ་བ་ལས་ཁ་སྐོང་ལ་གོང་དུ་བཤད་པ་ཉིད་ཁུངས་ལྡན་རྣམས་ཀྱི་ཕྱག་ལེན་དུ་སྣང་ངོ་། །ལུགས་འདིར་སྒྲུབ་རྟེན་བཤམས་ཀྱང་བདག་མདུན་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་རྫོགས་པའི་ངེས་ཤེས་བརྟན་པོ་བྱུང་ན་མདུན་བསྐྱེད་ལོགས་སུ་མི་དགོས། རྒྱུན་བསྙེན་ལ་ནི་བདག་བསྐྱེད་ཁོ་ནས་ཆོག དམིགས་པ་མང་པོ་གསལ་མི་ཐེབས་པ་དང་བསྙེན་གྲངས་ཅི་འགྲོ་དགོས་པའི་སྐབས་སུ་ནི་རྗེ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་རྒྱུན་ཁྱེར་ལ་བརྟེན་ན་ལེགས་པར་སྣང་། སྒྲུབ་པའི་སྐབས་སོགས་བདག་མདུན་དབྱེར་མེད་བློས་མི་འཆུན་ན་ཛཔ྄་ཁང་དབྱེ་བའམ་བརྗོད་ཚིག་གཅིག་གིས་བདག་མདུན་དཀྱིལ་འཁོར་གཉིས་མེ་རི་འདབས་འབྲེལ་ཙམ་དུ་བསྒོམས་ལ་འོད་ཟེར་སྤྲོ་བསྡུ་སོ་སོར་བྱ། བཟླས་པའི་སྐབས་ཡིག་དྲུག་བསྙེན་པ། ཡི་གེ་བཅུ་གཅིག་སྒྲུབ་པ། ཡིག་བདུན་མཆོག་གི་ལས་སྦྱོར་དུ་གསུངས་ཀྱང་། བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་སུ་བཟླས་པའི་དངོས་གཞི་ཡིག་བདུན་དང་ཏིང་ངེ་འཛིན་ཕྱི་སྒྲུབ་ལྟར་སྦྱོར། ཐུན་མཇུག་བར་ཆད་སེལ་བྱེད་ཡི་གེ་བཅུ་གཅིག་པ་བརྒྱ་རྩ་ཙམ་བཟླ་བར་མཛད་དེ་རཏྣའི་གསང་འདུས་དང་མཚུངས་པར་སྣང་ངོ་། །དེ་ལྟ་བུའི་སྒོམ་བཟླས་བྱས་པའི་ཕན་ཡོན་ནི་ཚད་མེད་དེ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་རྣམས་ལས་སྐུ་སྒོམ་པ་དང་མཚན་དྲན་པ་ཙམ་ལའང་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཚད་མེད་པར་གསུངས་ཏེ། རྩ་རྒྱུད་པདྨ་དྲྭ་བ་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམ་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་པ་འདག་པར་བྱེད། །ཅེས་གསུངས་པས་མཚོན་ནོ། །ངག་ཏུ་བཟླ་བྱའི་སྔགས་ལའང་ཡིག་དྲུག་ལས་ཕན་ཡོན་ཆེ་བ་མེད་ཅིང་དེའི་ཕན་ཡོན་གཞིར་བཞག །དེ་སྟེང་ཐུགས་སྲོག་ཧྲཱིཿབསྣན་པ་ཡི་གེ་བདུན་པའི་ཕན་ཡོན་ནི། ཡང་འདུས་རྒྱུད་ལས། འཇིག་རྟེན་སེམས་ཅན་སྲོག་བཏོན་པའི༔ བསོད་ནམས་འཕགས་པས་བགྲང་བར་ནུས༔ ཡིག་བདུན་ལན་ཅིག་བརྗོད་པ་ཡི༔ བསོད་ནམས་བགྲང་བར་ག་ལ་ནུས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ སངས་རྒྱས་སར་བཀོད་ཡོན་ཏན་ནི༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ རྒྱལ་བ་ནམ་མཁའ་གང་བ་ལ༔ མཆོད་པ་ཕུལ་བའི་བསོད་ནམས་ཚོགས༔ བགྲང་བར་ནུས་ཀྱི་ཡིག་བདུན་པ༔ གཅིག་བརྗོད་ཡོན་ཏན་བརྗོད་མི་ནུས༔ ཡང་སྙིང་ཡིད་ལ་སུས་བྱེད་ཚད༔ ཐུགས་རྗེ་ཆེན་པོ་ཉིད་ཡིན་ཕྱིར༔ བར་ཆད་བགེགས་ཞི་འགྲོ་བ་འདུལ༔ སྣང་སྲིད་འཁོར་འདས་དབང་དུ་འགྱུར༔ ཡང་སྙིང་མཐོང་ཐོས་དྲན་རེག་དང༔ སྒོམ་བཟླས་འབྲི་འཆང་བཏོན་པ་རྣམས༔ ཡོན་ཏན་ལྡན་ཅིང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ ཅེས་དང་། གསང་འདུས་རྒྱུད་ལས་ཀྱང་། དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་པ༔ ཡིག་བདུན་དག་ལ་ཡང་དག་རྫོགས༔ རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱིས༔ སྟོང་གསུམ་འཇིག་རྟེན་ཁམས་འདི་དག༔ ཏིལ་འབྲུར་བསིལ་ནས་བགྲང་ན་འཛད༔ ཡིག་བདུན་ཡོན་ཏན་ཟད་མི་ཤེས༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་། བཟླས་དམིགས་འདིའང་རྒྱུད་ལས། རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད༔ སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་འཆད༔ བདག་ལ་དངོས་གྲུབ་རྒྱུན་མི་འཆད༔ རྒྱུན་ཆད་མེད་པ་སུམ་ལྡན་གྱི༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་འདིར༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཞེས་གསུངས་པ་ལྟར་དགོས་པ་དང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་པས། ཐར་འདོད་རྣམས་ཀྱིས་དལ་འབྱོར་ཐོབ་ཅིང་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དོན་གོ་འདི་ཙམ་ལ་གཡར་དམ་དུ་བྱས་ན་གཏན་བདེའི་གོ་འཕང་བླ་ན་མེད་པ་བདེ་བླག་ཏུ་འགྲུབ་པར་ངེས་སོ། །ལྷ་གཅིག་བསྒྲུབས་པས་རྒྱལ་ཀུན་འགྲུབ་འགྱུར་ལ། །སྔགས་གཅིག་བཟླས་པས་གསང་རིག་གཟུངས་སྔགས་ཀྱི། །འབྲས་ཀུན་འབྱིན་པའི་དཔག་བསམ་གྲིབ་བསིལ་འདིར། །ཡུན་རིང་སྲིད་ལམ་དུབ་རྣམས་ངལ་གསོས་ཤིག །ཐུགས་རྗེ་དུས་མཐའི་ཉིན་བྱེད་རབ་འབར་བས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ་པ་དང་། །སྐྱེ་དགུ་ཐར་པའི་གྲོང་དུ་དབུགས་འབྱིན་པའི། །ཕྱག་ན་པད་མོའི་ཕྲིན་ལས་བདག་འགྲུབ་ཤོག །ཅེས་པ་འདིའང་དམིགས་པ་མེད་པའི་ཐུགས་རྗེའི་མངའ་བདག་༧འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བཀའ་ཕེབས་པ་དང་རྗེ་དབོན་མཛོད་པས་ནན་དུ་བསྐུལ་ཀྱང་རིམ་ལུས་སུ་གྱུར་པ། སླད་ནས་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱིས་འདི་ཉིད་ཉམས་ལེན་མཁན་ལ་མཐུན་རྐྱེན་སྦྱོར་ཞིང་ཆེད་དུ་བསྐུལ་བར་མཛད་པ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། །དགེ་འོ། །དགེ་འོ། །དགེ་འོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).