Terdzo-YI-013

Revision as of 12:20, 16 November 2017 by Mort (talk | contribs)



Property "Author" has a restricted application area and cannot be used as annotation property by a user. 








This page is under construction. Check back later for updated content.

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཁྲོ་རྒྱལ་ཁྱུང་གི་ལས་མཐའ་ཁྱད་པར་ཅན༔ ལྟས་ངན་བརྒྱད་ཅུའི་ཟློག་མདོས་རུས་ཁོག་མ་

yi dam dgongs 'dus rta mchog rol pa las:_khro rgyal khyung gi las mtha' khyad par can:_ltas ngan brgyad cu'i zlog mdos rus khog ma

by  སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
revealed by  སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle  གདུག་པ་འདུལ་བྱེད་ཁྲོ་རྒྱལ་ཁྱུང་ (Gdug pa 'dul byed khro rgyal khyung)
parent cycle  ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ (Yi dam dgongs 'dus rta mchog rol pa)
Volume 54 (ཡི) / Pages 113-128 / Folios 1a1 to 8b6

[edit]

ྈ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ཁྲོ་རྒྱལ་ཁྱུང་གི་ལས་མཐའ་ཁྱད་པར་ཅན༔ ལྟས་ངན་བརྒྱད་ཅུའི་ཟློག་མདོས་རུས་ཁོག་མ་བཞུགས་སོ༔ ྈྈྈྈྈྈྈྈྈྈ ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ བྱ་ཁྱུང་གི་ལས་མཐའ༔ ཟློག་པ་མཚོན་ཆ་འཁོར་ལོའི་འདེབས་ཁ་བྱ་ཁྱུང་ཐན་ཟློག་ནི༔ དང་པོ་ས་སྤྱིན་ལ་གཟུགས་བྱ་འོ༔ ས་གདན་ལ་རི་མོ་གང་རུང་བྱས་པའི་གདན་དུ་རུས་སྦལ་གྱི་གཟུགས་ལེགས་པར་བྱ༔ དེའི་སྟེང་དུ་ལྟས་ངན་བརྒྱད་ཅུའི་རང་གཟུགས་བྱས་ནས་བཀོད་དེ༔ གདོང་ནས་སྒལ་ཚིགས་ལ་གདོང་ཅན་བཅུ་དྲུག་བཀོད༔ རྩིབ་ལོག་གཉིས་ལ་འདབ་ཆགས་བཅུ་དྲུག་གཟུགས་བཀོད༔ སྡེར་བཞི་ལ་སྡེར་ཆགས་བཅུ་དྲུག་གཟུགས་བཀོད༔ མགོ་ལ་རྭ་ཅན་བཅུ་དྲུག་གཟུགས་བཀོད༔ རོ་སྨད་ལ་ལྟོ་འགྲོ་བཅུ་དྲུག་གཟུགས་བཀོད་ལ༔ སྟེང་དུ་ཁྱུང་གིས་ཁྱབ་པར་བྱ་སྟེ༔ དྲག་སྔགས་ཟློག་སྔགས་ཁོག་པར་བཀོད༔ ཡང་ན་གཟུགས་བྱས་ཏེ༔ མཐའ་མ་ཡས་དང༔ དམར་གཏོར་བརྒྱད་ཅུ༔ མཆོད་པས་བསྐོར་རོ༔ གཉིས་པ་དང་པོ་བྱ་ཁྱུང་སྤྱན་འདྲེན་ཞིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ འདབ་ཆགས་རྒྱལ་པོ་བྱ་ཁྱུང་ག་རུ་ཊ༔ གསེར་མིག་འཁྱིལ་བའི་ཁྱུང་ནི་དཀར་ལ་འཚེར༔ གནམ་ལྕགས་ཨུར་མོའི་མཆུ་སྡེར་གཡུ་ལས་སྔོ༔ ས་བདག་ཀླུ་གཉན་འདར་ཞིང་འཇིགས་པར་བྱེད༔ མཇུག་སྒྲོ་དམར་པོ་མེ་ཡི་འདབ་མ་ཅན༔ གཤོག་པ་སེར་པོ་སྤུ་གྲི་འདེབས་པ་ཡིས༔ གནམ་ས་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ གཡུ་ཡི་ཁ་སོ་གནམ་ལྕགས་ཕ་ལམ་རྭ༔ མཇུག་སྒྲོ་རུ་མཚོན་ཆེན་པོ་ལམས་སེ་ལམ༔ འཁོར་ལོ་རིན་ཆེན་འབར་བའི་དབུ་རྒྱན་ཅན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྤྱན་ནས་ཁྲག་གི་རྦ་རླངས་ཆི་ལི་ལི༔ གཤོག་པ་གཡས་པས་ཉི་མ་ཚོག་པོར་འཕེན༔ གཡོན་པས་ས་གཞི་གཡབ་པས་འདར་བར་བྱེད༔ བྱ་ཁྱུང་རྒྱལ་པོ་བོས་སོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བསྟེན་ནོ་རྒྱང་མ་རིང༔ བྱ་ཁྱུང་རྒྱལ་པོ་བསྒྲུབ་བོ་མཐུ་མ་ཆུང༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་རྩལ་མ་ཞན༔ ལྟས་ངན་བཟློག་དང་ལས་ཀུན་བསྒྲུབ་པའི་ཕྱིར༔ རི་རབ་རྩེ་ཡི་གནས་མཆོག་དམ་པ་ནས༔ བསྟན་པ་བསྲུང་ཕྱིར་གནས་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ག་རུ་ཌཿས་མ་ཡ་ཛཿཛ༔ དེ་ནས་མཆོད་པ་ནི༔ ཧཱུྃ༔ བྱ་ཁྱུང་རྒྱལ་པོ་ག་རུ་ཎ༔ རྨད་བྱུང་གཏོར་མའི་མཆོད་པ་བཞེས༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས༔ སྦྱོར་སྒྲོལ་རཀྟའི་མཆོད་པ་བཞེས༔ མ་ཧཱ་ག་རུ་ཎཿསུ་ར་པཱུ་ཙ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ག་ན་ཏ་ན་རཀྟ་པཱུ་ཛ་མེ་གྷ་ཧཱུྃ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ འདབ་ཆགས་རྒྱལ་པོ་བྱ་ཁྱུང་ག་རུ་ཎ༔ ལྕགས་ཀྱི་མཆུ་སྡེར་ཚངས་ཡུལ་རྩེ་ནས་གནོན༔ གཤོག་པ་བརྒྱང་ནས་གཟའ་ཀླུ་དབང་དུ་སྡུད༔ སྤུ་གྲིའི་མཆེ་བ་གཙིགས་ཤིང་འཇིགས་པ་ཡིས༔ ཀླུ་ཆེན་བརྒྱད་པོ་ལས་ལ་བཀོལ་བར་བྱེད༔ མཉམ་ཉིད་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན༔ མཁའ་འགྲོ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ལྟ་བས་ཤེས་རབ་ཡུམ་དང་སྦྱོར༔ ཡེ་ཤེས་ཁྲོ་རྒྱལ་ཁྱུང་ལ་ཕྱག་འཚལ་བསྟོད༔ ལྟས་ངན་མ་ལུས་ཟློག་སྒྱུར་ཕྲིན་ལས་མཛོད༔ ཆག་ཆེ་ཉམ་ང་ཟློག་པའི་ཕྲིན་ལས་མཛོད༔ ཅེས་བསྟོད་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དབང་ཆེན་སྤྲུལ་པའི་བྱ་ཁྱུང་དྲག་རྩལ་ཅན༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཁྱུང་གིས་ཟློག༔ གདོང་པས་གདོང་ཅན་བཅུ་དྲུག་ལྟས་ངན་ཟློག༔ གཤོག་པས་འདབ་ཆག་བཅུ་དྲུག་ལྟས་ངན་ཟློག༔ སྡེར་མོས་སྡེར་ཅན་བཅུ་དྲུག་ལྟས་ངན་ཟློག༔ རྭ་ཡིས་རྭ་ཅན་བཅུ་དྲུག་ལྟས་ངན་ཟློག༔ མཆུ་ཡིས་མཆུ་ཅན་བཅུ་དྲུག་ལྟས་ངན་ཟློག༔ ལྟོ་བས་ལྟོ་འགྲོའི་ལྟས་ངན་བཅུ་དྲུག་ཟློག༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གདོང་ཅན་བཅུ་དྲུག་ཟློག་པ་ནི༔ བྷྱོ༔ མི་ལ་བྱོལ་སོང་གཅན་གཟན་གཟུགས་སུ་སྐྱེས༔ ཕུང་གཤེད་འབེབ་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ རྐང་ལག་དབང་པོ་མ་ཚང་ལྷག་པ་སྐྱེས༔ ཕ་མྱེས་དུར་ས་ཉེས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ རུས་གཅིག་མིང་སྲིང་ནལ་ཕྲུག་ངན་བཙོག་གཡོས༔ ལྷ་ལྔ་ཡར་ནས་བདུད་ལྔ་ལངས་ལྟས་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ ཕ་མའི་གོ་སར་ནལ་ཕྲུག་གཡོས་པ་ནི༔ ལྷ་འཕང་མི་ལ་ཆད་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ མིང་སྲིང་བཙོག་ནལ་ཕ་མས་བྱི་ཕྲུག་ཀློག༔ ཀླུ་དང་མ་མོས་མི་ནོར་བརླག་ལྟས་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ མི་ལ་མཚེ་མ་མང་དུ་སྐྱེས་པ་ནི༔ ཕུང་སྲིས་མི་ནོར་བརླག་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ བུད་མེད་འཐབ་འཛིང་ལམ་དུ་དགུ་འགྲོས་འཕྲད༔ གནམ་སའི་ལྷ་ཀླུ་འཁྲུགས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ དྲེད་མོང་བྲང་བརྡུང་སྐྲ་འབལ་མི་རོ་ཟ༔ ལྷ་རྣམས་བདུད་དུ་བབས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ དྲེད་མོང་བོང་བུ་ཞོན་ནས་གྲོང་ཡུལ་འགྲིམ༔ གཉན་དང་ཐེའུ་རང་མ་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ སྤྲེ་འུས་གོ་བསར་སྤྱོད་པ་སྣ་ཚོགས་བྱེད༔ གཟའ་ཀླུ་རྒྱལ་པོ་གསུམ་གྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ མཚན་གུང་གྱི་ལིང་འཚེར་དང་སྦར་བྲུས་བྱེད༔ དགྲ་སྲི་ལང་ཞིང་རྟ་བདག་ཤི་བའི་ལྟས༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ འདབ་ཆགས་བཅུ་དྲུག་ནི༔ བྷྱོ༔ འདབ་ཆགས་ཁ་ནས་སྦྲུལ་ཁྱེར་བྱུང༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ དུར་བྱ་ཀང་ཀས་ཉ་ཁྱེར་བྱུང༔ ཀླུ་བདུད་མ་ཡམས་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ བྱ་རྒོད་སྡེར་འཛིངས་གཤོག་པ་བརྡབས༔ གནམ་ལྷ་དཀར་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ འུག་པ་ཧ་ཧ་རྒོད་པ་ནི༔ མ་བདུད་རོ་འདོད་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྲིན་བྱ་ཁང་ཁར་འཚེར་བ་ནི༔ ཐེའུ་རང་འགོང་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱ་ནག་ཕོ་རོག་སྤྱང་མོ་རྒྱུག༔ ཡ་བདུད་ནག་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྲོད་ལ་ཁྱིམ་བྱ་འཚེར་བ་ནི༔ སྲོག་བདག་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ རི་བྱ་ཀླུངས་ལ་བབས་པ་དེ༔ གཟའ་བདུད་ནག་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱ་ཆེན་རྒོད་རོ་རྙེད་པ་ནི༔ ཡུལ་སྡེ་འཁྲུག་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཆུ་བྱ་ཁང་པར་བབས་པ་ནི༔ ཀླུ་དང་གཉན་གྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཁྲ་ཡིས་རི་བྱ་ཁྱིམ་དུ་བདས༔ ཆུང་སྲི་དར་སྲིའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཕྲ་མེན་ཐན་བྱ་ཁང་རྒྱུག་བྱེད༔ མི་ནོར་ཕུང་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ པུ་ཤུད་ཁྱིམ་ཕུགས་བབས་པ་ནི༔ འགོང་པོ་ལག་རིང་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱ་ནག་གཅིག་གིས་གཅིག་ལ་ཞོན༔ སྲིད་གསུམ་བདུད་ཀྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ འདབ་ཆགས་ཁ་ནས་ཉ་རོ་བོར༔ ཀླུ་བདུད་རོ་འདོད་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱ་གླག་རི་བྱ་ཁང་སྟེང་བབས༔ ཟ་འདྲེ་ཕུང་སྲིའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ སྡེར་ཆགས་བཅུ་དྲུག་ནི། བྷྱོ༔ དོམ་གྱིས་མི་རོ་ཟ་བ་ནི༔ དབྱིངས་ཀྱི་མ་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ སྤྱང་ཀིས་བུ་ག་དགུ་ནས་སྐད་འབྱིན་པ༔ བདུད་བཙན་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྟག་མོའི་ཁ་ནས་རོ་ཁྱེར་བ༔ ཆུང་སྲི་ལངས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ལོགས་ལ་ཝ་སྤྱང་གཉིས་བརྒྱལ་བ༔ ལྷ་སྲིན་འཁྲུགས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྟག་མོས་སྤྲེའུ་ཕྲུག་ཁུར་བ་ནི༔ བཙན་དང་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྲེ་མོང་བྱི་རོ་ཁྱེར་བ་ནི༔ རོ་ལང་དོན་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱི་བས་ཕྲུ་གུ་གཞན་དུ་བསྐྱལ༔ བུ་ནོར་ཉམས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱི་བས་ཁྱིམ་དུ་ཕུང་འདྲེ་བྱེད༔ མི་ནོར་ཕུང་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཝ་ཡིས་ཁྱིམ་ནས་རྐུན་མ་བྱེད༔ ཕ་ཁུ་ཕུང་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ བྱི་བས་མགོ་ཡི་སྐྲ་ལ་ཟ༔ ཟླ་གྲོགས་འཆི་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཐོ་རངས་སྒོ་ཁྱིས་ངུ་ཟུག་བྱེད༔ པེ་དཀར་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ འཕར་བས་ར་ལ་ཤོད་འབེབས་པ༔ བཙན་རྒོད་ཁ་བཞིའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྤྱང་ཀིས་ལུག་ལ་ཤོད་འབེབས་པ༔ བརྟན་མ་གཟའ་ཡི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྤྱང་ཀུས་ཁྱི་ལ་འཁྲིག་པ་ནི༔ དམུ་བདུད་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ རི་གཅན་ཁྱིམ་དུ་བྱུང་བ་ནི༔ མ་ཡམས་ནག་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཁྱི་ལ་འཚེ་བ་བྱུང་བ་ནི༔ མི་ནོར་འབྱེད་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ རྭ་ཅན་བཅུ་དྲུག་ནི༔ བྷྱོ༔ མཛོ་ལ་དུར་བྱ་ཞོན་པ་ནི༔ ལྟས་ངན་ཆེན་པོ་བབས་པ་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ ཕྱུགས་ལ་མཚེ་མ་བྱུང་བ་ནི༔ ནོར་གཡང་ཉམས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ནོར་ཕྲུག་རྐང་ལག་མེད་པ་ནི༔ མི་ནོར་ཚིག་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ རྐང་ལག་ལྷག་པོ་མགོ་བརྙན་ལོག༔ ནད་ཀྱི་བདག་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ལུག་ལ་རོ་ཁལ་བྱུང་བ་ནི༔ ཕུང་སྲི་ལངས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ར་ལ་ཟངས་ལྷན་བྱུང་བ་ནི༔ ཕུང་གསུམ་ནག་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ གནག་ལ་བེ་འུ་མགོ་གཉིས་སྐྱེས༔ དམུ་བདུད་ནག་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ རི་དྭགས་ཁྱིམ་རྩར་འཁྲིག་པ་སྤྱོད༔ ལྷ་ཀླུ་འཁྲུགས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ རི་དྭགས་ཁྱིམ་དུ་རྒྱུག་པ་ནི༔ ཀླུ་བཙན་ཁྲོས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྤང་ལ་ཤ་ཕོ་རུ་འཛིངས་བྱེད༔ གཟའ་བདུད་བཙན་གྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ གླ་བ་ཁྱིམ་དུ་བྱུང་བ་ནི༔ ས་བདག་སྨན་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ གླ་རོ་མགོ་མེད་རྙེད་པ་ནི༔ ཤི་ཁ་འབྱེད་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ གླང་བུ་རོག་པོ་ལྟོ་དཀར་བྱུང༔ ཀླུ་བདུད་ནག་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ནོར་ཕྱུགས་སྟོང་འུར་སྒྲོག་པ་ནི༔ གྲི་བཙན་རྒྱལ་པོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ ལྟོ་འགྲོའི་ལྟས་ངན་བཅུ་དྲུག་ནི༔ བྷྱོ༔ དངོས་སུ་སྡིག་པའི་ཆར་པ་འབེབས༔ རྣམ་སྨིན་གཏད་ཁྲམ་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ སྦྲུལ་ནག་ཁྱིམ་དུ་ཚང་འཆའ་བ༔ ས་བདག་ཀླུ་ཡི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦྲུལ་དང་རྩངས་ཕག་འཛིངས་པ་ནི༔ ཀླུ་བཙན་གཉན་གྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦྲུལ་དང་སྦལ་པ་འཛིངས་པ་ནི༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ཉ་གཉིས་ཆུ་ལ་རྔ་འཛིངས་བྱེད༔ ཕུང་སྲི་ལངས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦྲུལ་ནག་ཁ་ནས་ཉ་རོ་ཁྱེར༔ མ་བདུད་ཀླུ་ཡི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦལ་པས་རྨིགས་བུ་ཞོན་པ་ནི༔ ཀླུ་བདུད་མ་ཡམས་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ འབུ་སྲིན་ཤིག་གི་དམག་བྱུང་ན༔ ལན་ཆགས་ལྷ་འདྲེའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ ལྕོང་མོས་མི་རོ་ཟ་བ་ནི༔ མ་བདུད་བརྟན་མའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ དུག་སྦྲུལ་མི་ལ་འཁྲིལ་བ་ནི༔ ཀླུ་བཙན་ཁྲོས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྲིན་བུ་པདྨས་མི་ལ་འཇུས༔ མཛེ་དུག་གཏོང་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦྲུལ་ནག་ལྟོ་སྦྱོར་མཐོང་བ་ནི༔ དར་སྲི་ལངས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦྲུལ་ནག་བྱི་ཟན་མཐོང་བ་ནི༔ ཆུང་སྲི་ལངས་པའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྲིན་བྱས་འབུ་རོ་བོར་མཐོང་བ༔ ཤི་ཆད་འོང་བའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྦལ་པ་ཁྱིམ་དུ་ཕྱིན་པ་ནི༔ ཀླུ་སྨན་བརྟན་མའི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགསྎ བྱ་ཁྱུང་རྒྱལ་པོའིྎ སྔར་མེད་འབུ་གསར་འཇིགས་པ་དོན༔ ཐེའུ་རང་བཙན་གྱི་ལྟས་ངན་ཡིན༔ ལྟས་ངན་རང་གཟུགས་དམིགས་པས་སྒྲོལ༔ བྱ་ཁྱུང་རྒྱལ་པོའི་མཐུ་ཡིས་ཟློག༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ མི་རྣམས་སྤྱོད་པ་ངན་དུ་སྤྱོད༔ དམ་ཆོས་ཆོས་ལོག་སྡིག་པ་སྤྱད༔ མི་དགེ་བཅུ་ཡི་འབྲས་བུ་སྨིན༔ དགེ་བཅུ་སད་ཀྱིས་ཁྱེར་བའི་དུས༔ མ་མོ་མཁའ་འགྲོ་དམ་ཅན་དང༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པ་ཡིས༔ སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ལྟས་ངན་ཆེན་པོ་བཅུ་ཕྲག་བརྒྱད༔ ཕྲ་མོ་བརྒྱ་ཕྲག་བརྒྱད་ཅུ་བྱུང༔ ལྟས་ངན་ཆེན་པོ་ཞེས་བྱ་བ༔ དངོས་སུ་གང་བྱུང་དེ་ཉིད་དེ༔ ཡིད་ལ་མི་སྡུག་གློ་བུར་འབྱུང༔ མཐོང་ཚད་མི་སྡུག་རྣམ་རྟོག་བསླངས༔ ཡིད་གཉིས་བར་དུ་གདོན་ཞུགས་ནས༔ མི་ཤིས་སྣ་ཚོགས་བྱུང་བ་ན༔ ལྟས་ངན་ཞེས་བྱ་དེ་ལ་བྱ༔ གང་བྱུང་རང་རང་སོ་སོ་ཡི༔ རྫས་ཀྱི་རང་གཟུགས་འདི་ཡིས་ཟློག༔ ཏིང་འཛིན་དམིགས་པ་འདི་ཡིས་ཟློག༔ ཤ་ཁྲག་གླད་པ་སྙིང་གིས་ཟློག༔ སྤུ་དང་སྡེར་མོ་འདི་ཡིས་ཟློག༔ དྲག་པོའི་ཁྲོམ་ཤིང་འདི་ཡིས་ཟློག༔ གླུད་དང་བསྒྱུར་བྱང་འདི་ཡིས་ཟློག༔ ཡས་དང་མཆོད་རྫས་འདི་ཡིས་ཟློག༔ དམར་ཆེན་གཏོར་མ་འདི་ཡིས་ཟློག༔ ས་བདག་སྲིད་པའི་ཕོ་བྲང་ཆེ༔ རུས་སྦལ་གཟུགས་ཆེན་འདི་ཡིས་ཟློག༔ ཡེ་ཤེས་ལྷ་ཡི་སྤྲུལ་པ་མཆོག༔ སྲིད་པའི་ཁྱུང་ཆེན་འདི་ཡིས་ཟློག༔ ལྟས་ངན་དམིགས་པས་བསྒྲལ་བྱས་ནས༔ བྱ་ཁྱུང་རྒྱལ་པོའི་ཞལ་དུ་བསྟབས༔ འགག་མེད་རོལ་པའི་མགུལ་དུ་སྒྲིལ༔ མཉམ་ཉིད་ཆོས་དབྱིངས་ལྟོ་བར་སྦྱོངས༔ ཡེ་ཤེས་ཐུགས་རྗེའི་དབྱིངས་སུ་སྤོར༔ བདེ་ཆེན་ཆོས་སྐུའི་བཀྲ་ཤིས་ཤོག༔ ལོངས་སྐུ་ཐུགས་རྗེའི་ཉི་མ་ཡིས༔ སྤྲུལ་སྐུས་ཁམས་གསུམ་འདྲེན་གྱུར་ཅིག༔ ཅེས་དེ་ནས་གླུད་བསྔོ་ཞིང་མདོས་ཡས་གཏང་བ་ནི༔ རུས་སྦལ་ཞལ་ཕྱིར་བསྟན་ནས་རང་ཉིད་དབང་ཆེན་དུ་བསམ་ལ་སྨྲང་གྱེར་བ་ནི། བྷྱོ་བྷྱོ་ནག་པོ་རུས་སྦལ་ཆེ༔ ཡ་མཱནྟ་ཀའི་སྤྲུལ་པ་ལས༔ སྲིད་པ་ལས་ཀྱི་མ་རུ་སྤྲུལ༔ སྲིད་པ་ལས་ཀྱི་བཀོད་པ་ལྡན༔ སྲིད་གསུམ་བདེ་བ་ཁྱོད་ཀྱིས་བྱེད༔ སྲིད་གསུམ་སྡུག་བསྔལ་ཁྱོད་ཀྱིས་བྱེད༔ སྲིད་པ་ཆགས་པ་ཁྱོད་ཀྱིས་བྱེད༔ སྲིད་པ་སྟོང་འཇིག་ཁྱོད་ཀྱིས་བྱེད༔ ས་བདག་ཀུན་གྱི་ཕོ་བྲང་ལ༔ སྟོང་གསུམ་ཁྱོད་ཀྱི་ཁོག་པར་གནས༔ བཅུ་གཉིས་ལོ་དང་སྤར་ཁ་བརྒྱད༔ སྨེ་བ་དགུ་ནི་ཁྱོད་ཀྱི་སྲོག༔ སངས་རྒྱས་ཀྱི་བདེན་པ་དང༔ དམ་ཆོས་ཀྱི་བདེན་པ་དང༔ དགེ་འདུན་གྱི་བདེན་པ་དང༔ སྲིད་པ་ཁྱོད་བཀོད་རེ་ལེགས༔ སྟོང་གསུམ་དེ་ཆུད་རེ་ཆེ༔ སྲིད་གསུམ་དེ་ཁྱོན་རེ་ཡངས༔ སྣང་སྲིད་དེ་ཁྱོད་ཀྱི་འཕྲུལ༔ ཆད་པ་དེ་ཡར་ལ་བྱོན༔ ལྷ་སྡེའི་སྣང་སྲིད་ཆགས༔ ཆད་པ་དེ་མར་ལ་གནས༔ ཀླུ་གཉན་དང་ས་བདག་ཆགས༔ བཀོད་པ་དེ་བར་ལ་བྱོན༔ གཟའ་དང་ནི་རྒྱུ་སྐར་བཀྲ༔ སྐྱེ་དོ་རེ་ཐེ་འུ་རང༔ དར་བ་ནི་དམར་པོ་བཙན༔ ནག་པོ་ནི་བདུད་ཀྱི་ཚོགས༔ འཇིགས་པ་ནི་མ་མོའི་སྡེ༔ གཏུམ་པ་ནི་གཤིན་རྗེ་སྟེ༔ བྱིང་བ་ནི་གནོད་སྦྱིན་ཚོགས༔ རྨུག་པ་ནི་དམུ་ཡི་སྡེ༔ དྲི་ཟ་དང་སྲིན་པོ་དང༔ ཤ་ཟ་དང་དྲང་སྲོང་ཚོགས༔ རྒྱལ་པོ་དང་འགོང་པོའི་སྡེ༔ བསེན་མོ་དང་མོ་འདྲེའི་ཚོགས༔ རླུང་དང་ནི་འབྱུང་པོའི་རིགས༔ གློ་བུར་པ་གནོད་སྦྱིན་བགེགས༔ སྣང་སྲིད་ཀུན་ཚུར་ཉོན་ཏོ༔ ཧཱུྃ༔ བདག་ནི་སྙིང་རྗེ་ཆེན་པོ་སྟེ༔ རབ་ཁྲོས་པདྨ་ཧེ་རུ་ཀ༔ ང་ཡི་བཀའ་ལ་མི་ཉན་མེད༔ ད་ནི་ལྟས་ངན་མདོས་གཏོང་གིས༔ མདོས་བདག་རྣམས་ཀྱིས་མདོས་འདི་ཁྱེར༔ ཡས་བདག་རྣམས་ཀྱིས་ཡས་འདི་ལོངས༔ མི་གླུད་རིན་ཆེན་རྒྱན་དང་ལྡན༔ མཁོ་བ་དེ་ནི་ཡོ་བྱད་ཚོགས༔ བརྟེན་པ་དེ་ནི་མཁར་དང་ཡུལ༔ ཆགས་པ་དེ་ནི་གྲོགས་དང་བུ༔ འགྲོ་བ་དེ་ནི་རྟ་དང་བྲན༔ ཁལ་དང་འདོད་ཡོན་ཆ་མ་ཆོ༔ མི་ནོར་སྣ་དགུ་ལ༔ སྣ་ཚོགས་རྒྱན་གྱིས་བསྟར༔ ལྷ་འདྲེའི་ཕྱག་ཏུ་ཕུལ༔ མི་ནོར་གླུད་དུ་བཞེས༔ མི་ཆུང་ཐོད་ཀྱིས་བརྒྱན༔ མི་ཡི་གླུད་དུ་བཞེས༔ ཆངས་བུ་མཐེབ་དང་བཅས༔ ཚེ་སྲོག་གླུད་དུ་བཞེས༔ དྲི་མའི་ཆབ་དང་བཅས༔ ན་ངོ་ཤི་ངོ་ཟློགས༔ གོས་རྒྱན་བལ་དང་བཅས༔ ཁྲོམ་དང་དུར་ཁ་ཆོད༔ ཡས་གཏོར་འབྲུ་དང་བཅས༔ ལོངས་སྤྱོད་སྐྱིན་དུ་འབུལ༔ མདའ་བཀྲ་འཕང་བཀྲ་བཅས༔ སྐྱེས་པ་བུད་མེད་གླུད༔ མཐེབ་ཀྱུས་སྲན་ཕོད་བཅས༔ བྱིས་པ་ཆུང་གི་གླུད༔ ཤ་ཁྲག་འོ་མ་ཆང༔ ཤ་སྐྱིན་ཁྲག་གླུད་ཡིན༔ དཀར་ཚིག་ནག་པོ་བཅས༔ ནོར་ལུག་ཕྱུགས་ཀྱི་གླུད༔ མ་ཚང་མེད་པ་ཡི༔ ཚང་ཞིང་ཕྱུག་དང་བཅས༔ དགོས་དགོས་གང་འདོད་འདིས༔ སྔོན་ལས་ལན་ཆགས་སོད༔ ད་རེས་འཕྲལ་རྐྱེན་དག༔ རང་རང་གཤེགས་པའི་ཡུལ༔ རྟེན་མཁར་རུས་སྦལ་བཅས༔ མདོས་ལམ་དགུང་ལ་སྟོན༔ དགུ་ཚིགས་སྐྱ་མོའི་ལམ༔ མདོས་ལམ་ས་ལ་སྟོན༔ ཆུ་བོ་གཞུང་རྒྱུག་ལམ༔ མདོས་ལམ་སོ་སོར་སྟོན༔ སྟོང་ལམ་ཕྱོགས་བཅུར་གྱེས༔ ད་ནི་སྣང་སྲིད་མ་ལུས་པ༔ རང་རང་སོ་སོའི་གནས་སུ་གཤེགས༔ དབང་ཆེན་པདྨའི་བཀའ་མ་བཅག༔ རྣལ་འབྱོར་བདག་གི་དམ་མ་འདའ༔ ཡོན་བདག་རྒྱུ་འབྱོར་ཆུད་མ་གསན༔ མདོས་སྣ་དམ་ཉམས་དགྲ་ལ་དྲོངས༔ ཐན་སྣ་དམ་ཉམས་དགྲ་ལ་དྲོངས༔ ནད་སྣ་དམ་ཉམས་དགྲ་ལ་དྲོངས༔ ལྟས་ངན་ཆག་སྒོ་མ་ལུས་པ༔ དགྲ་བོའི་ཡུལ་དུ་འཚུབ་མ་ལོང༔ མཐའ་དམག་བསྟན་དགྲའི་སྟེང་དུ་བྷྱོ༔ མ་ལུས་མྱུར་དུ་འགྲོ་བར་གྱིས༔ བཛྲ་ཨ་གཙྪ་མུ༔ ཞེས་ཡས་དང་བཅས་ནས་དགྲ་ཕྱོགས་སམ༔ ཆུ་བོའི་གཞུང༔ དགུ་ཚིགས་ཀྱི་ཐད༔ སྟོང་ལམ་ཆེན་པོ་སོགས་རང་ཡུལ་མི་མཐོང་བའི་སར་བསྐྱལ་ལོ༔ ྀཨཚ༔ ཤིན་ཏུ་ཟབ་བོ༔ འདི་ནི་ཟློག་གཞུང་དང་གཏོར་ཟློག་གང་ལ་སྦྱར་ཀྱང་གཏུབ༔ དེ་གཉིས་མ་ལྕོགས་ཀྱང་ལྟས་ངན་ཁོལ་བུ་བ་གང་བྱུང་ལ་དམིགས་ནས་འདི་བཞིན་བྱས་ཀྱང་ལེགས་སོ༔ བྱ་ཁྱུང་ཐན་ཟློག་གི་རིམ་པ་རྫོགས་སོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ བདག་སྟག་ཤམ་པའི་གཏེར་མའོ། ཁམས་གསུམ་བཀྲ་ཤིས་པར་གྱུར་ཅིག །ལྟས་ངན་ཟློག་པ་ལ་ཁྱུང་ཟློག་འདི་ཤིན་ཏུ་ཟབ་ཅིང་གྲགས་ཆེའང་གཏོར་ཟློག་རྣམས་ཀྱི་ལས་མདེའུ་ཙམ་ལས། ཟུར་ཕྱུང་ཁ་གསལ་ཅན་དཀོན་ཅིང་། འདི་ནི་ཡི་དམ་གང་ལ་སྦྱར་ཀྱང་སོ་སོའི་གཏོར་ཟློག་སྔོན་དུ་འགྲོ་བས་འདི་ཚར་གྲངས་གསོག་པའམ། གཏོར་ཟློག་མ་བྱས་ཀྱང་འདི་ཁོ་ན་ཚོགས་ཐ་མའི་རྗེས་སུ་བསགས་ཅིང་ཆད་ཐོ་དང་འབྲེལ་བར་འཕང་བའི་ལས་ལ་འཇུག་པས་ཆོག་པར་སྣང་ངོ་། །མངྒ་ལཾ།། །།

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).