Terdzo-TA-013: Difference between revisions

From Rinchen Terdzö
(XML import Adding pdflinks for files that got it deleted.)
m (Text replace - ";[ ]* " to " ")
Line 26: Line 26:
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author=Gter bdag gling pa 'gyur med rdo rje;
|author=Gter bdag gling pa 'gyur med rdo rje
|sourcerevealer=Gter bdag gling pa 'gyur med rdo rje;
|sourcerevealer=Gter bdag gling pa 'gyur med rdo rje
|compiler='jam mgon kong sprul
|compiler='jam mgon kong sprul
|authortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ
|authortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ
Line 36: Line 36:
|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=pad+ma 'byung gnas;
|deity=pad+ma 'byung gnas
|cycle=zab chos rig 'dzin thugs thig
|cycle=zab chos rig 'dzin thugs thig
|cycletib=ཟབ་ཆོས་རིག་འཛིན་ཐུགས་ཐིག
|cycletib=ཟབ་ཆོས་རིག་འཛིན་ཐུགས་ཐིག

Revision as of 18:34, 12 July 2016

This page is under construction. Check back later for updated content.

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ལས་བྱང་པདྨའི་དགོངས་རྒྱན་

zab chos rig 'dzin thugs thig gi las byang pad+ma'i dgongs rgyan

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 9 (ཏ) / Pages 207-237 / Folios 1a1 to 16a4

[edit]

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ལས་བྱང་པདྨའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེའི་རིག་འཛིན་མཆོད་པའི་ལས་བྱང་པདྨའི་དགོངས་རྒྱན་ཞེས་བྱ་བ། རྒྱལ་བ་ཐམས་ཅད་ཀྱི་རིགས་ཀྱི་ཁྱབ་བདག་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་ཚོགས་གཉིས་ས་བོན་དྲུང་པོ་དང་པོར་བཏབ་ལས་འདི་ན་རྒྱལ་བའི་མྱུ་གུ་ནི། །སངས་རྒྱས་རྒྱ་མཚོའི་ཡོན་ཏན་ཕུང་པོ་གཅིག་ཏུ་བཀོད་པའི་ངོ་མཚར་འདབ་ཕྲེང་བཞད་པའི་དཔལ། །འགྲོ་བའི་སྙིང་ལ་ཕན་བདེའི་ཟིལ་མངར་རྟག་ཏུ་འབབ་པའི་ལེགས་བྱས་འདོད་དགུའི་གཏེར་ཆེན་པོ། །གྲངས་མེད་རྒྱལ་བའི་རིགས་ཀྱི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེས་སྲིད་འདིར་མཆོག་བདེའི་བཀའ་དྲིན་སྩོལ། །གངས་ཅན་རྨོངས་མུན་མི་བཟད་བརྩེགས་པའི་དཔུང་། །ཐུགས་རྗེའི་ཟེར་ཕྲེང་གཏུམ་པོས་བཅོམ་ལས་སླར། །ཡང་དག་སྣང་བ་གསལ་བྱས་ཐུབ་བསྟན་གྱི། །པད་རྩ་སྦོམ་པོར་བྱས་ལ་སུ་མི་གུས། །དེ་ཡི་ཞལ་ལུང་ཌཱ་ཀིའི་ཐུགས་ཀྱི་ནོར། །མི་ཤིགས་ཕྱག་རྒྱས་བཏབ་པའི་འདོད་དགུའི་གཏེར། །རང་དབང་གྱུར་ལས་ཕྱོགས་འདིར་ཡིད་རྟོན་པའི། །ཐར་འདོད་རྣམས་ཀྱི་དགའ་སྟོན་ཉིད་དུ་སྤྲོ། །གང་ཡང་རྡོ་རྗེའི་ཐེག་པ་མཆོག་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་གཅིག་གི་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཅན་གྱི་གོ་འཕང་ལ་སྤྱོད་པའི་ཉེ་ལམ་ཐུན་མོང་མ་ཡིན་པ་ནི་འདི་ཉིད་ཡིན་ཏེ། ཇི་སྐད་དུ། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་ཚུལ་འདི་ལ་ནན་ཏན་དུ་བྱ་སྟེ། དེའི་རིམ་པ་ནི། གཏེར་གཞུང་རྩ་བར། དེ་ཡང་ལུང་མཐུན་གནས་གཙང་མར༔ དཀྱིལ་འཁོར་སྒྲུབ་རྫས་གཏོར་ཚོགས་དང༔ ཕྱི་ནང་མཆོད་སྤྲིན་ཚང་བར་བཤམ༔ ཁྲུས་བྱས་བདེ་བའི་སྟན་ལ་འདུག༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས༔ ལས་རིམ་འདི་ལ་འཇུག་པར་བྱ༔ ཞེས་འབྱུང་བ་ལྟར་རྣལ་འབྱོར་སྒོམ་པ་ལ་འཇུག་པའི་སྡོམ་ནི། སྦྱོར་དངོས་མཇུག་གསུམ་གྱི། དང་པོ་ནི། ལེགས་བཤམས་སྐྱབས་སེམས་ཡན་ལག་བདུན། །རྡོར་བཟླས་སྔོན་གཏོར་སྲུང་འཁོར་བསྒོམ། །བྱིན་འབེབ་མཆོད་བྱིན་རླབས་པ་འོ། །དང་པོ་ནི། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། བླ་མ་རིག་འཛིན་སོགས་དཀོན་མཆོག་གི་རྟེན་བཤམས་པའི་མདུན་དུ། ཕྱི་ནང་གི་མཆོད་པ་སྨན་གཏོར་ཚོགས་ཀྱི་ཡོ་བྱད་རོལ་མོའི་ཁྱད་པར་སོགས་དམ་ཚིག་གི་རྫས་རྣམས་བཟང་ཞིང་བཀོད་པས་མཛེས་པར་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་བཤམ། རང་ཉིད་རྟེན་གྱི་དཀྱིལ་འཁོར་ལ་ཕྱོགས་པར་སྐྱིལ་མོ་ཀྲུང་གིས་བདེ་བར་འདུག་ལ། གཉིས་པ་ནི། སྐྱབས་ཡུལ་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ གསུམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷག་པའི་བསམ་པ་དྲག་པོས། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ བཞི་པ་ནི། མཆོག་ཏུ་གུས་པའི་ཐལ་མོ་སྦྱར་བས་བཏུད་དེ། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ཞིང༔ ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ མི་དགེའི་ལམ་ཞུགས་སྡིག་སྒྲིབ་ནོངས་པས་བཤགས༔ དུས་གསུམ་རྒྱལ་བའི་མཛད་པར་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས༔ བདག་གཞན་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ༔ འཁོར་བ་ཡོངས་དག་ཆོས་དབྱིངས་ཐོབ་པར་ཤོག༔ ཅེས་བདུན་རྣམ་དག་བྱ། ལྔ་པ་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཞིང་ལོངས་སྐུའི་རྒྱན་གྱིས་མཛེས༔ རང་འདྲའི་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་ཅན༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་བཛྲ་སཏྭའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡི༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱང༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་དྲག་པོ་རྩལ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར། དྲུག་པ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གནོད་བྱེད་བགེགས་ཀུན་ཚིམ་བྱེད་པའི༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད་པས་གཏོར་མགྲོན་སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ སྲིད་གསུམ་གནས་པའི་ལོག་འདྲེན་འབྱུང་པོའི་ཚོགས༔ འདིར་འདུས་ལོངས་སྤྱོད་གཏོར་མས་ཚིམ་བྱོས་ལ༔ བདེ་བར་དེངས་ཤིག་བཀའ་ལས་འདའ་བྱེད་ན༔ ཁྲོ་རྒྱལ་འབར་བས་རྡུལ་དུ་བརླག་པར་འགྱུར༔ བྷཱུ་མི་པ་ཏི་སརྦ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་པས་བགེགས་བསྐྲད། བདུན་པ་ནི། ཕྱི་རོལ་ཕྱོགས་མཚམས་ཐམས་ཅད་སྲུང་བའི་འཁོར་ལོ་ཆེན་པོས་བར་མཚམས་མེད་པར་ཀུན་ཏུ་དཀྲིགས་པར་མོས་ལ། ཧཱུྃ༔ བདག་ཉིད་འགྱུར་མེད་གདོད་ནས་རྡོ་རྗེའི་སྐུ༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྲི་གུག་དང༔ རལ་གྲི་རྒྱ་གྲམ་འཁོར་ལོའི་ར་བ་གུར༔ ཁྲོ་ཆུང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ བསྐལ་པའི་མེ་ཆེན་དྲག་འཚུབས་རབ་འབར་བའི༔ གཞོམ་མེད་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཀྵ་ཏིཥྛ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། བརྒྱད་པ་ནི། ཅང་ཏེའུའི་སྒྲ་དང་བཅས་པས་བྱིན་དབབ་པའི་གདུང་དབྱངས་ཀྱིས་འདི་ལྟར་བསྐུལ་ཏེ། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །རིག་འཛིན་པདྨ་འབྱུང་གནས་ལ། །པདྨ་ཐོད་ཕྲེང་རྩལ་དུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། དགུ་པ་ནི། མཆོད་རྫས་རྣམས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་ཡོངས་སུ་དག་པར་བྱས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་། རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱ་ཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨིནྡྲ་མེ་ད་གྷྲི་ཏཾ་པཉྩ་མཱཾ་ས་ཨཱཿཧཱུྃ༔ ཨོཾ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཨཱ༔ ཞེས་པ་རྣམས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃཿ གསལ་སྟོང་ཟུང་འཇུག་འབྲུ་གསུམ་འཕྲོ་འདུ་ལས༔ སྣ་ཚོགས་མཆོད་སྤྲིན་ཀུན་བཟང་རྣམ་སྤྲུལ་པ༔ རབ་འབྱམས་སྣང་སྟོང་ལྷ་རྣམས་དགྱེས་བྱེད་རྫས༔ ཆོས་ཀྱི་དབྱིངས་ཀུན་ཡོངས་སུ་གང་བར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ལོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་བྱིན་རླབས་ཡེ་ཤེས་དགུག །བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་། །བསྟོད་བཟླས་དབང་ལེན་དངོས་གཞིའོ། །ཞེས་པའི་གོ་རིམ་ཇི་ལྟ་བ་ལས། དང་པོ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་འདུས་མ་བྱས་པའི་ངོ་བོར་དག་པར་བསམས་ལ། ཧཱུྃ༔ ཆོས་རྣམས་མི་དམིགས་སྟོང་གསལ་མཐའ་དབུས་བྲལ༔ མ་འགག་རང་རྩལ་ཀུན་ཏུ་མ་འདྲེས་གསལ༔ དེ་ཡི་ངང་ལས་རྒྱུ་ཡིག་ཧཱུྃ་མཐིང་གི༔ འོད་ཀྱིས་སྣང་གྲགས་འཁོར་འདས་སྟོང་པར་སྦྱངས༔ སྟོང་གསལ་ངང་ལས་འབྱུང་བཞིའི་དཀྱིལ་འཁོར་སྟེང༔ མེ་ཕུང་རྡོར་རྭ་དུར་ཁྲོད་པད་ཕྲེང་དབུས༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་གཞལ་ཡས་ཁང༔ སྒོ་བཞི་གྲུ་བཞི་རྟ་བབས་བཞི་ཡིས་བརྒྱན༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང༔ རང་རིག་མཐིང་གསལ་རྡོ་རྗེའི་ལྟེ་བར་ཧཱུྃ༔ ཧཱུྃ་མཐིང་འཕྲོ་འདུས་སྐད་ཅིག་དྲན་རྫོགས་སུ༔ བདེ་གཤེགས་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལ༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་ཉམས་ཅན༔ སྟག་ཤམ་དྲིལ་གཡེར་རིན་ཆེན་རུས་རྒྱན་དང༔ སྣ་ཚོགས་དར་གྱི་ཅོད་པན་ལྷབ་ལྷུབ་མཛེས༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལོངས་སྐུའི་རྒྱན་སྤྲས་གཟི་བརྗིད་མཚན་དཔེའི་སྐུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དབྱིངས་ཕྱུག་མནྡཱ་ར་ཉིད་དམར་གསལ་མདོག༔ མཛེས་ཚུལ་དར་དཔྱང་རིན་ཆེན་རུས་པས་སྤྲས༔ ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཡབ་དང་འཁྲིལ༔ བདེ་སྟོང་མཉམ་སྦྱོར་འཇའ་ཚོན་ཀློང་ན་བཞུགས༔ ཕྱོགས་བཞིར་པདྨ་འདབ་བཞི་ཉི་ཟླའི་སྟེང༔ རིགས་བཞིའི་ཐོད་ཕྲེང་དཀར་སེར་དམར་ལྗང་མདོག༔ རིགས་ཀྱི་ཡུམ་འཁྲིལ་ལོངས་སྐུའི་རྒྱན་གྱིས་མཛེས༔ རང་རྟགས་ཕྱག་རྒྱ་དྲིལ་འཛིན་བདེ་སྟོང་རོལ༔ ཕྱོགས་མཚམས་གྱེས་པའི་པད་སྡོང་ཉི་ཟླའི་སྟེང༔ རིག་འཛིན་སྤྲུལ་པའི་མཚན་བརྒྱད་སྣ་ཚོགས་མདོག༔ མ་ངེས་རྣམ་འགྱུར་གང་ལ་གང་འདུལ་གྱིས༔ ཕྲིན་ལས་སྐྱོང་ཞིང་འཇའ་ཚོན་ཀློང་ན་བཞུགས༔ ཕྱི་རོལ་འདབ་བརྒྱད་རྡོ་རྗེའི་རིག་འཛིན་བརྒྱད༔ དགྱེས་པའི་ཉམས་ལྡན་མཚན་དཔེའི་གཟི་བྱིན་ཅན༔ སྙན་ཞུ་ཆོས་གོས་གསང་ཕོད་ན་བཟས་མཛེས༔ སྐུ་ཡི་རྣམ་འགྱུར་མ་ངེས་ལྷམ་མེར་བཞུགས༔ འབར་བའི་རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བརྒྱད༔ ཞལ་གཅིག་ཕྱག་གཉིས་གར་གྱི་ཉམས་དགུར་ལྡན༔ རང་འོད་ཡུམ་འཁྱུད་སྣ་ཚོགས་ཕྱག་རྒྱ་འཛིན༔ དུར་ཁྲོད་ཆས་ཅན་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ གཞན་ཡང་རིག་འཛིན་དཔའ་བོ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་སྤྲུལ་པ་ཕོ་ཉར་བཅས༔ སྒོ་བཞིར་གིང་བཞི་ཁོར་ཡུག་རྒྱལ་ཆེན་བཞི༔ ཕྱོགས་སྐྱོང་བཀའ་ཉན་བསམ་ཡས་གྲངས་ལས་འདས༔ འཇའ་ཚོན་འོད་ལྔ་དྭངས་མར་འཁྲིགས་པའི་ཀློང༔ གསལ་ལ་མ་འདྲེས་རང་བྱུང་དཀྱིལ་འཁོར་རྫོགས༔ ཞེས་པས་བདག་ཉིད་ཀྱི་རྣལ་འབྱོར་ཁོ་ནའམ་དགོས་པ་གཞན་གྱི་སླད་དུ་ཚོགས་རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་ལ་འཇུག་ན་ཡང་བདག་མདུན་གཅིག་ཅར་དུ་སྒོམ་པ་རྡོ་རྗེ་ཐེག་པའི་རྩེ་མོ་མ་ཧཱ་ཡོ་གའི་མན་ངག་གི་གསང་བ་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ནི། གཙོ་འཁོར་གནས་གསུམ་འབྲུ་གསུམ་གནས་པ་ལས༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པ་ཡིས༔ པདྨ་འོད་སོགས་ཕྱོགས་བཅུའི་ཞིང་ཀུན་ནས༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་གྱུར༔ ཞེས་པས་རྡོ་རྗེའི་རིག་འཛིན་གྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་དང་བཅས་པ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ཞིང་། གསུམ་པ་ནི། རོལ་མོའི་སྒྲ་དྲག་པོ་དང་བཅས་པས། ཧཱུྃ་ཧྲཱི༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ གཟུགས་སྐུ་འགྲོ་དོན་མཛད་ཕྱིར་སྐུར་སྤྲུལ་པ༔ བདེ་གཤེགས་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧྲཱི༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་གླིང༔ ཟངས་མདོག་དཔལ་རི་པདྨ་འོད་ཞིང་ནས༔ བདེ་གཤེགས་ཀུན་འདུས་རྗེ་བཙུན་པདྨ་འབྱུང༔ བཅོམ་ལྡན་ཆེ་མཆོག་ཐོད་ཕྲེང་རྣམ་པ་ལྔ༔ ཕྲིན་ལས་ཡོངས་རྫོགས་སྤྲུལ་པའི་མཚན་བརྒྱད་དང༔ རྡོ་རྗེའི་རིག་འཛིན་བརྒྱད་དང་དཔལ་ཆེན་ཚོགས༔ རྩ་གསུམ་རིག་འཛིན་མང་པོའི་འཁོར་དང་བཅས༔ དབྱིངས་ནས་བརྩེར་དགོངས་གནས་འདིར་གཤེགས་སུ་གསོལ༔ མ་འགག་ཕྱོགས་བཅུའི་ཞིང་དང་གཞལ་ཡས་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས་པ་རྣམས༔ རབ་འབྱམས་ཞིང་རྣམས་ཀུན་ནས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་སརྦ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་གང་བར་སད་པར་བསམ་ཞིང་། བཞི་པ་ནི། ཧྲཱི༔ ཡིད་འོང་ཡེ་ཤེས་གཞལ་ཡས་ཕོ་བྲང་དབུས༔ རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་གསུམ་ལྷ་ཚོགས་འཁོར་དང་བཅས་པ་རྣམས༔ གཉིས་མེད་བདེ་ཆེན་ཀློང་དུ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཛཿཧཱུྃ་བཾ་ཧོ༔ ཞེས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བལྟའོ། །ལྔ་པ་ནི། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ལ། དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །དམ་ཆོས་མ་ལུས་འབྱུང་བའི་གནས་གཅིག་པུ། །དགེ་འདུན་ཀུན་གྱི་བདག་ཉིད་རྫོགས་སངས་རྒྱས། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཐུགས་རྗེའི་བདག་ཉིད་བླ་མ་སྟེ། །དངོས་གྲུབ་མཆོག་སྩོལ་ཡི་དམ་འདུས་པའི་སྐུ །མཁའ་འགྲོ་ཀུན་གྱི་དབང་ཕྱུག་རིག་པ་འཛིན། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ། །ཕྱི་ལྟར་རིག་འཛིན་ནང་ལྟར་མཚན་བརྒྱད་དེ། །གསང་བར་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷར། །གཅིག་ལས་དུ་མར་སྣང་ལ་ཕྱག་འཚལ་ལོ། །ན་མོ༔ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ གདོད་ནས་གཉིས་མེད་འདུ་འབྲལ་མེད་པའི་ཀློང༔ རང་ཤེས་འཁྲུལ་སྤངས་ཡེ་ཤེས་ཆེན་པོའི་ངང༔ སྒོ་གསུམ་གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་ནི། མཆོད་པ་ལ་ཡང་བདུན་ལས། ཕྱི་མཆོད་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་པར་བལྟས་ལ། རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷའི་རྒྱུན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ཞབས་ཀྱི་དྲི་བསིལ་རྡོ་རྗེ་གངྒཱའི་རྒྱུན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །པཱ་དྱཾྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ཆུ་དང་ཐང་སྐྱེས་རྡོ་རྗེ་མེ་ཏོག་ཆར། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །པུཥྤེྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ལྷན་ཅིག་སྐྱེས་དང་ཡོངས་སྦྱར་བདུག་པའི་སྤྲིན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །དྷཱུ་པེྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ཀུན་ཏུ་སྣང་བྱེད་རྡོ་རྗེ་སྒྲོན་མེའི་འོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨཱ་ལོ་ཀེྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །ཡིད་འཕྲོག་ངད་ལྡང་རྡོ་རྗེ་དྲི་ཆབ་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །གནྡྷེྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། རོ་བརྒྱ་ལྡན་པའི་ཞལ་ཟས་ཇི་སྙེད་པ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །ནཻ་བིདྱྎ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི། །སྙན་བརྗིད་ཡིད་འཕྲོག་གླུ་དབྱངས་རོལ་མོའི་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་བིདྱཱ་དྷ་ར་ས་པ་རི་ཝཱ་ར་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །པཉྩ་ཀཱ་མ་གུ་ཎྎ ལྷ་ཡི་དབང་པོ་ལྷ་མིན་གཡུལ་ལས་རྒྱལ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རིག་འཛིན་མཆོག་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨཥྚ་མངྒ་ལྎ དེ་ནས་གོས་ཟུང་འབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་བཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། དེ་དག་ཀྱང་བསྡུ་ན། ཧོ༔ རབ་འབྱམས་ཞིང་དུ་རྒྱལ་ཀུན་དགྱེས་སྐོང་བའི༔ མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕུན་ཚོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔འི་བར་གྱིས་མཆོད། ནང་མཆོད་ནི༔ དུག་ལྔ་མ་སྤངས་དབྱིངས་སུ་དག་བྱེད་རྫས༔ དབང་པོའི་མེ་ཏོག་ཚིལ་གསུར་ཞུན་ཆེན་མེ༔ བདུད་རྩིའི་དྲི་མཆོག་ཤ་ཆེན་ཞལ་ཟས་དང༔ རྐང་གླིང་གསང་བའི་ཅང་ཏེའུ་རོལ་མོས་མཆོད༔ མ་ཧཱ་རཀྟ་ཨིནྡྲ་མེ་ད་གྷྲི་ཏཾ་པཉྩ་མཱཾ་ས་ཤབྡ་པཱུ་ཛ་ཧོ༔ གསང་མཆོད་ནི༔ མུཾ༔ སྣང་སྟོང་ཐབས་ཤེས་བདེ་སྟོང་དགའ་བ་བཞིའི༔ གཉིས་མེད་མཉམ་སྦྱོར་ཟུང་འཇུག་ཟག་བྲལ་བ༔ རྨད་བྱུང་གསང་བ་མཆོག་གི་མཆོད་པ་འདིས༔ དག་པ་རབ་འབྱམས་ལྷ་ཡི་ཚོགས་རྣམས་མཆོད༔ བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོཿ༔ བདུད་རྩིའི་མཆོད་པ་ནི༔ རང་བྱུང་གདོད་ནས་རྣམ་དག་བདུད་རྩིའི་མཆོག༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀཏ༔ དམ་ཚིག་རྫས་མཆོག་བདུད་རྩིའི་མཆོད་པ་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་མཆོད༔ མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ ཨོཾ་མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་རྡོ་རྗེའི་རིག་འཛིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུྎ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུྎ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཞལ་དུྎ ལོ་ཆེན་བཻ་རོ་ཙཱ་ནའི་ཞལ་དུྎ གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་དུྎ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུྎ གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུྎ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུྎ ཁམས་གསུམ་གྱི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་རྡོ་རྗེའི་རིག་འཛིན་མཆོག་གི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང་། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥྭ་མེ་ཞེས་པས་བདུད་རྩི་མྱང་། རཀྟའི་མཆོད་པ་ནི༔ ཧྲཱི༔ བྷཉྫ་ཡེ་ཤེས་འབར་བའི་ཀློང་ཡངས་པར༔ རཀྟ་དམར་གྱི་རྒྱ་མཚོར་འཁྱིལ་པ་ལས༔ སྣང་སྲིད་ཀུན་ཏུ་རྦ་རླབས་གཡོ་ཞིང་འཁྲུགས༔ སྐུ་ལྔ་ཡེ་ཤེས་སྒྲུབ་རྫས་དམ་པས་མཆོད༔ མ་ཧཱ་རཀྟ་པཱུ་ཛ་ཧོ༔ གཏོར་མའི་མཆོད་པ་ནི༔ ཧྲཱི༔ རྡོ་རྗེའི་སྣོད་ཡངས་ཆོས་ཀྱི་དབྱིངས་ཆེན་པོར༔ སྣང་སྲིད་དཔལ་གྱི་གཏོར་མས་ཡོངས་སུ་གང༔ ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ཁོ་ན་ཉིད་ཀྱིས་མཆོད་པ་ནི༔ ཨ༔ སྣང་སྲིད་ཆོས་ཀུན་སྣང་མེད་བྱང་ཆུབ་སེམས༔ ཡེ་སྟོང་ཐིག་ལེ་ཆེན་པོར་རྣམ་དག་པས༔ ཕྱི་ནང་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང༔ ཆོས་ཉིད་དོན་གྱི་མཆོད་པ་དམ་པས་མཆོད༔ དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཞེས་སོགས་ཀྱིས་རྒྱ་ཆེར་མཆོད་ནས། བདུན་པ་ནི། ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས། ཧཱུྃ་ཧྲཱི༔ གདོད་ནས་རྣམ་དག་ཆོས་སྐུ་སྐྱེ་མེད་གཤིས༔ ལྷུན་གྲུབ་འགག་མེད་རང་གསལ་ལོངས་སྐུའི་རྩལ༔ སྣ་ཚོགས་ཕྲིན་ལས་བསམ་འདས་སྤྲུལ་པའི་སྐུ༔ རང་བྱུང་སྐུ་གསུམ་དོན་གྱི་ལྷ་ལ་བསྟོད༔ སྐྱེ་འཆི་མི་མངའ་རྡོ་རྗེ་ལྟ་བུའི་སྐུ༔ ཚངས་པའི་གསུང་དབྱངས་ཆོས་ཀྱི་སྒྲ་ཆེན་སྒྲོག༔ མི་འགྱུར་ལྷུན་གྲུབ་བདེ་བ་ཆེན་པོའི་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ མདངས་ལྡན་མཚོ་དབུས་རབ་མཛེས་གེ་སར་སྟེང༔ རིག་འཛིན་གཙོ་བོ་རྗེ་བཙུན་པདྨ་འབྱུང༔ ཀུན་ཏུ་བཟང་པོ་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཡིད་བཞིན་རེ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྔ་ལྡན་དུག་ལྔ་རྣམ་དག་པའི༔ བཅོམ་ལྡན་བདེ་གཤེགས་ཐོད་ཕྲེང་རྣམ་པ་ལྔ༔ སྣ་ཚོགས་ཐབས་ཀྱིས་གང་འདུལ་དེར་སྟོན་པའི༔ སྤྲུལ་པའི་མཚན་བརྒྱད་བཅས་ལ་ཕྱག་འཚལ་བསྟོད༔ སྣང་སྟོང་བདེ་ཆེན་ཆོས་དབྱིངས་ཀློང་ཡངས་ལས༔ མ་འགག་རང་གསལ་གཟུགས་སྐུའི་རོལ་པར་ཤར༔ ཞི་དང་ཁྲོ་སོགས་སྣ་ཚོགས་སྤྲུལ་བསྒྱུར་འགྱེད༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མ་ལུས་པ༔ གར་ཡང་ཐོགས་མེད་ཉུལ་བའི་རྫུ་འཕྲུལ་ཅན༔ ཐུགས་རྗེའི་སྤྱི་གཟུགས་རྒྱལ་བའི་ཡུམ་མཆོག་མ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྣ་ཚོགས་ཕྲིན་ལས་རྫོགས་པའི་རིག་འཛིན་དང༔ དཔའ་བོ་རྣལ་འབྱོར་ཌཱ་ཀི་ཆོས་སྲུང་ཚོགས༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ལ་སོགས་པ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། བརྒྱད་པ་ནི། ཧྲཱིཿ བདག་གི་ཐུགས་ཀར་རང་འདྲའི་ཡེ་ཤེས་པའི༔ འདབ་བརྒྱད་སྙིང་གི་གེ་སར་ཟེའུ་འབྲུའི་དབུས༔ པད་ཟླར་མཐིང་གསལ་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་མཐར་སྔགས་ཕྲེང་འཁོར་ལས་འོད་ཟེར་འཕྲོས༔ ཕྱི་ནང་སྣང་སྲིད་ཀུན་གྱི་རྩི་བཅུད་བསྡུས༔ དྭངས་མ་འོད་ཕུང་ཟག་མེད་སྔགས་འབྲུར་ཐིམ༔ སྣང་གྲགས་ལྷ་སྔགས་ཆོས་ཉིད་རོལ་པ་དང༔ སྔགས་ཕྲེང་སྒྲར་བཅས་བར་མེད་འཁོར་བར་གྱུར༔ ཞེས་པའི་དོན་ལེགས་པར་བསམས་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྙེན་པའི་སྔགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སྒྲུབ་སྔགས་ཏེ། དངོས་གྲུབ་ཀྱི་མཚན་མ་བརྙེས་པར་གྱུར་པ་དེ་སྙེད་དུ་བཟླ་བའམ། གྲངས་དང་ཞག་གི་བསྙེན་པ་བྱེད་ཀྱང་རུང་སྟེ་མན་ངག་གི་གནད་དང་ལྡན་པས་ཡང་དག་པར་བཟླའོ། །དེས་སུན་ན་དབྱངས་ཀྱི་རྟ་ལ་དྲངས་ནས་བཟླས་པས་བྱིང་རྨུགས་ཀྱི་སྐྱོན་སེལ་ཞིང་ཏིང་ངེ་འཛིན་དང་རླུང་གི་རྩལ་འབྱོངས་པས་ཡོན་ཏན་ཁྱད་པར་ཅན་སྐྱེའོ། །ཡང་དེ་ལས་འཕྲོ་ཞིང་རྒོད་ན། སྦྱང་བ་གསུམ་སྔོན་དུ་འགྲོ་བའི་རླུང་བུམ་པ་ཅན་དང་སྦྱར་ནས་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བཟླས་པ་ཡང་བྱ་སྟེ། འཁྲུལ་འཁོར་ལུས་དང་རླུང་གི་གནད་དང་བསྟུན༔ ཞེས་པའི་དོན་ནོ། །ཡང་ལས་སྦྱོར་གྱི་ཚེ། སྙིང་གའི་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་སེམས་ཅན་གྱི་ཁམས་ཐམས་ཅད་དུ་འཕྲོས། ཕྲིན་ལས་རྣམ་པ་བཞི་གང་ལ་གང་འཚམ་པས་འདུལ་བ་བཞི་ལྷུན་གྱིས་གྲུབ་པར་བྱས། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་བསམ་ཞིང་། ཞི་བ་ལ། རྩ་སྔགས་མཐར་ནད་གདོན་སརྦ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། ཨཱ་ཡུཿཤྲཱི་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ། ལོ་ཀ་སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ། བྱད་མ་སརྦ་མཱ་ར་ཡ་རྦད། མཆན། བཟླ་བ་ནི་ཁྱད་པར་གྱི་མན་ངག་གོ །དེ་ནས་ཐུན་གྱི་མཇུག་ཏུ། དེ་ལྟར་གསལ་ཞིང་བསྙེན་པའི་ལྷ་ཚོགས་རྣམས༔ དུ་མར་སྣང་ཡང་རང་དང་ལྷན་ཅིག་སྐྱེས༔ ལྷ་དང་བདག་དབྱེར་མེད་པ་བརྗོད་བྲལ་ངང༔ མ་བཅོས་ལྷུན་གྲུབ་ཀ་དག་ཀློང་དུ་བཞག༔ ཅེས་པས་བདག་དང་ལྷ་བཟླ་བྱའི་སྔགས་ཏེ་ཐམས་ཅད་ཀྱང་སེམས་དང་ཡེ་ཤེས་རང་བྱུང་བའི་མཚན་ཉིད་ཙམ་སྟེ། དམིགས་སུ་མེད་པ་རྩོལ་བྲལ་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་གཞག་གོ །དེ་ཡང་སློབ་མ་བྱིན་རླབས་ལ་སོགས་པའི་སྐབས་ཡིན་ན་དབང་དོན་གྱི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འདི་ཉིད་དུ་བྱའོ། །དགུ་པ་ནི། ཐལ་མོ་སྦྱར་བ་དང་བཅས་པས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་གསོལ་བ་བཏབ་པས། ཚོགས་རྟེན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་དང་། རིགས་འདུས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ ལྔ་ལྡན་འོད་འཕྲོས་བདག་གི་སྒོ་གསུམ་ཐིམ༔ སྒྲིབ་ཀུན་དག་ནས་སྐུ་གསུམ་རྒྱུད་ལ་བཞག༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་གྱུར༔ ཞེས་དབང་དུས་སུ་སྐྱེས་པའི་ཡེ་ཤེས་སྐུ་གསུམ་གྱི་རྗེས་སུ་འཇུག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་གཞག་གོ །དེ་ནས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་སྐོང་བ་བྱེད་ན་སྐབས་འདིར་རྩ་བ་གསུམ་གྱི་སྐོང་གསོ་ཀུན་བཟང་མཆོད་སྤྲིན་དང་། གཞན་ཡང་དཔལ་ནག་པོ་ཆེན་པོ་ཞལ་བཞི་པ་དང་། བདུད་མགོན་སོགས་གཏེར་སྲུང་རྣམས་དང་། གཞི་བདག་གཏོར་མ་རྣམས་སོ་སོའི་ཆོ་ག་བཞིན་དུ་བྱ་བ་ཡིན། གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་འཁོར་བསྐུལ་བྱ་ཆད་ཐོ་བསྒྲག །བསྟན་སྐྱོང་བྲོ་བརྡུང་དངོས་གྲུབ་ལེན། །ནོངས་འཆགས་གཤེགས་གསོལ་དགེ་རྩ་བསྔོ། །ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །ཞེས་འབྱུང་བ་ལས། དང་པོ་ནི། མ་ད་ན་དང་ཤ་གཙོ་བོར་གྱུར་པའི་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྣམས་མངོན་པར་བཤམས་ལ། ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བས་ཚོགས་ཀྱི་ཡོ་བྱད་རྣམས་བྱིན་གྱིས་བརླབས་པར་གསོལ་བ་གདབ། སློབ་དཔོན་གྱིས་བདུད་རྩིས་བསང་ཞིང་། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊཿ ཞེས་སྤྱིར་བསང་། ཧཱུྃ་རཾ་ཡཾ་ཁཾ༔ རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བལྟས་ལ། ཧཱུྃ༔ ཆོས་དབྱིངས་བྷཉྫར་ཤ་ལྔ་བདུད་རྩི་ལྔ༔ བཟའ་བཅའ་བཏུང་སོགས་མི་ཟད་གཏེར་ཆེན་སྟེང༔ ཉི་སྟེང་ཁ་ཊྭཱཾ་ཡི་གེ་འབྲུ་གསུམ་གྱི༔ འོད་ཀྱིས་རྩི་བཅུད་ཡེ་ཤེས་བདུད་རྩི་བཀུག༔ གཉིས་མེད་གཅིག་འདྲེས་ཟག་མེད་བདུད་རྩིའི་མཆོག༔ རྒྱལ་བ་དགྱེས་བྱེད་ཆོས་དབྱིངས་ཡོངས་གང་གྱུར༔ ག་ཎ་ཙཀྲ་ཛྙཱ་ན་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཚོགས་ཞིང་རྣམས་ཅང་ཏེའུའི་སྒྲ་དང་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བྱས་ལ། ཧཱུྃ༔ བཞེངས་ཤིག་རྩ་གསུམ་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོའི་འཁོར་དང་བཅས༔ མི་མངོན་དབྱིངས་ནས་སྐུ་བསྐྱོད་ལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྒྲུབ་རྫས་རྣམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨེ་ཧྱེ་ཧི་ཕེཾ་ཕེཾ་ཕེཾ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་ལ་ཉེར་སྤྱོད་དང་འདོད་ཡོན་ལྔས་སྤྱིར་མཆོད་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་དང་པད་སྐོར་སྔོན་དུ་འགྲོ་བས་ཚོགས་ཕུད་འབུལ་བར་བསྐུལ་ལ། ཧོ༔ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ རྨད་བྱུང་ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ ཟག་མེད་འདོད་ཡོན་ལོངས་སྤྱོད་དམ་ཚིག་རྫས༔ བདུད་རྩིའི་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་དེ་ཝ་ག་ཎ་སརྦ་ག་ཎ་ཙཀྲ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ ཞེས་པས་ཕྱི་ནང་གསང་བའི་འདོད་ཡོན་གྱི་སྣང་བ་སྒྱུ་མ་ལྟ་བུ་མཐའ་དག་བདེ་བ་ཆེན་པོར་རོ་གཅིག་ཏུ་ཚིམ་པར་སྟོབ། བར་པ་བཤགས་པ་ནི། མི་དགེ་བའི་ལས་རྣམས་ལ་བཤགས་སྡོམ་གྱི་བསམ་པ་དྲག་པོས། ཧོ༔ ལྷག་པའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ༔ བདག་ཅག་རྨོངས་པས་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་དང་སྡིག་པའི་ལས་བགྱིས་ཀུན༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད༔ ཅེས་དང་། ཡི་གེ་བརྒྱ་པ་ལན་གསུམ་སོགས་བརྗོད། ཐ་མ་བསྒྲལ་བ་ནི། དམིགས་བྱའི་རཱུ་པ་བཅས་ལ། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་སྟེ་གཟིར་ཞིང་ཚར་བཅད་ནས་རྣམ་ཤེས་བདེ་བ་ཆེན་པོའི་འཁོར་ལོར་སྦྱང་བར་བསམས་ལ། ཧཱུྃ༔ སྣང་སྲིད་གདོད་ནས་ཆོས་སྐུའི་རོལ་པ་ལ༔ ང་བདག་འཛིན་པའི་ཉོན་མོངས་དགྲ་བགེགས་རྣམས༔ རང་རྩལ་ཡེ་ཤེས་རོལ་པའི་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་དབྱིངས་དག་པའི་དབྱིངས་སུ་བསྒྲལ༔ མཱ་ར་ཡ་རྦད༔ ཅེས་མཚོན་ཆས་དུམ་བུར་བཅད་པའི་སྙིགས་མའི་ཤ་ཁྲག་གི་ལོངས་སྤྱོད་རྣམས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པས་ལྷ་ཚོགས་ཐམས་ཅད་ཚིམས་པར་མོས་ལ། ཧོ༔ བདག་ཏུ་འཛིན་པའི་རུ་དྲ་བསྒྲལ་པ་ཡི༔ གཏི་མུག་ཤ་ཆེན་ང་རྒྱལ་རུས་པ་དང༔ འདོད་ཆགས་ཁྲག་སོགས་འཁྲུལ་རྟོག་མ་ལུས་པ༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་ཁཱ་ཧི༔ ཞེས་པས་འབུལ། བསྒྲལ་མཐའ་ནི། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་བལྟའོ། །དེ་ནས་ལས་ཀྱི་རྡོ་རྗེས་འཁོར་ལོར་འདུས་པའི་གཙོ་བོ་ལ་ཕྱག་བྱ། ཐབས་ཤེས་ཀྱི་རྫས་རྣམས་སྣོད་སོ་སོར་ཐོགས་པ་ལག་གཉིས་ཕན་ཚུན་བསྣོལ་བཞིན་པར་སྟོབ་ཅིང་། ཧོ༔ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༔ ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ༔ ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ༔ ཞེས་སོགས་བརྗོད་ཅིང་དྲང་། སློབ་དཔོན་གྱིས་པདྨའི་བསྐོར་བ་སྔོན་དུ་འགྲོ་བས་རྩེ་གསུམ་གྱི་ཕྱག་རྒྱ་དང་བཅས་པས། ཨེ་མ་ཧོ༔ འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས༔ ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས༔ བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར༔ བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ༔ ཞེས་པས་ལེན། འདུས་པ་གཞན་རྣམས་ལ་ཡང་བྲིམ་ཞིང་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཡང་དག་པར་ཚིམས་པར་བསམ་ཞིང་བཟའ་བ་འཁོར་ལོའི་གཙོ་མོ་དང་བཏུང་བ་གཙོ་བོས་ཐོག་མར་ལོངས་སྤྱད་ལ། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར༔ མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས༔ ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང༔ འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག༔ ཅེས་སྨོན་ལམ་གདབ། དེ་ནས་ལྷག་མ་བསྡུས་ཕུད་ཅུང་ཟད་ཀྱང་བསྲེས་ལ། ལས་ཀྱི་རྡོ་རྗེས་ལྷག་གཏོར་བྱིན་གྱིས་བརླབ་པར་གསོལ་བ་གདབ། སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཞེས་དང་། བཤུག་པའི་སྒྲ་དྲག་པོས་སྤྱན་དྲངས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ གཏུམ་ཆེན་དྲག་པོའི་སྡེ་དཔུང་བཅས༔ འདིར་བྱོན་ཤ་ཁྲག་ལྷག་གཏོར་བཞེས༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར། གཉིས་པ་ནི། མཆོག་ཏུ་གུས་པའི་གདུང་ཤུགས་དྲག་པོས། ཧཱུྃ༔ གླིང་གི་གླིང་མཆོག་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ རིག་འཛིན་གཙོ་བོ་པདྨ་འབྱུང༔ རྩ་གསུམ་མང་པོའི་འཁོར་དང་བཅས༔ བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ༔ དབང་དྲག་འབར་བའི་སྐུར་བཞེངས་ཤིག༔ གདོད་ནས་བདེ་གཤེགས་སྙིང་པོ་ལ༔ བདེ་སྡུག་མཚན་མར་འཛིན་པ་ཡི༔ གློ་བུར་འཁྲུལ་རྟོག་དགྲ་བགེགས་དཔུང༔ རང་རྩལ་ཡེ་ཤེས་ཆེན་པོས་ཟློག༔ གཞན་ཡང་ཕྱི་ནང་བར་གཅོད་བགེགས༔ བདུད་དགྲ་རྨི་ལྟས་མཚན་ངན་རྣམས༔ ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློང༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཅེས་པས་རྩ་བ་གསུམ་གྱི་འཁོར་ལོ་གང་ལ་གང་འདུལ་གྱི་མོས་པ་དང་འཚམ་པར་སད་པར་བལྟའོ། །གསུམ་པ་ནི། རྡོ་རྗེའི་དམ་ཚིག་ལ་ཡང་དག་པར་གནས་པའི་ཆོས་སྐྱོང་སྤྱི་དང་ཁྱད་པར་ཟབ་གཏེར་གྱི་སྲུང་མ་རྣམས་ལ་མངོན་པར་བཤམས་པའི་གཏོར་མ་བསྔོས་ལ། ཐ་ཚིག་བསྒྲག་པ་ནི། ཧཱུྃ༔ སྲིད་གསུམ་ཞིང་འཁོད་དམ་ཅན་དྲེགས་པའི་ཚོགས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏོར་མ་ལོངས༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ མདོ་སྔགས་བཤད་སྒྲུབ་བསྟན་པ་བསྲུང་བ་དང༔ དེ་འཛིན་སྐྱོང་ཞིང་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཁམས་གསུམ་འགྲོ་བའི་བདེ་སྐྱིད་སྤེལ་བ་དང༔ གང་གསོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཆད་ཐོ་བསྒྲག །བཞི་པ་ནི། རྡོ་རྗེའི་བརྟན་མ་བཅུ་གཉིས་ཀྱི་གཏོར་མ་ཡི་གེ་གསུམ་གྱིས་འདོད་ཡོན་ནམ་མཁའ་གང་བར་སྤེལ་ལ། བྷྱོ༔ པདྨའི་བཀའ་ཉན་བརྟན་སྐྱོང་མ་དང་སྲིང༔ གིང་ལང་འབུམ་ཕྲག་བཀའ་ཉན་བཅས་པ་རྣམས༔ འདིར་གཤེགས་དམ་རྫས་དཔལ་གྱི་གཏོར་མ་བཞེས༔ མཐའ་དམག་སྲུང་ཞིང་རྒྱལ་བསྟན་མ་ལུས་སྐྱོངས༔ བཅོལ་བའི་ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ་ཞིང་ཕྲིན་ལས་གསོལ་ནས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་ཞེས་པས་རང་གནས་སུ་བཏང་། ལྔ་པ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་བྱིན་གྱིས་བརླབས་པའི་འོག་ཏུ་འབར་བའི་ཨེ་གསང་དྲག་པོར་ཞིང་བཅུའི་ལོག་འདྲེན་ཐམས་ཅད་མནན་གཟིར་མཐའ་བཅད་ཀྱི་ལས་བྱས་པར་བསམས་ལ། ཨེ༔ མདུན་དུ་གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ༔ གཏིང་དོག་ཁ་ཁྱེར་མཐོ་ཞིང་དུག་གསུམ་འཁྲིགས༔ ལས་བྱེད་ཕོ་ཉའི་བཤན་ར་ཆེན་པོའི་ནང༔ ཞིང་བཅུའི་ལོག་འདྲེན་ཐམས་ཅད་རབ་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་ཕོ་བྲང་རི་རབ་བཏབ༔ ཐབས་ཤེས་གཉིས་སུ་མེད་པའི་རྟ་བྲོ་བརྡུང༔ བྱང་ཆུབ་མཆོག་སེམས་མ་སྐྱེས་དེ་སྲིད་དུ༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སཏྭམྦྷ་ཡ་ནན༔ མཱ་ར་ཡ་ནན༔ ཞེས་པས་གཏོར་མནན་བྱ། དྲུག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་མཆོག་ཐུན་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་བ་བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ མ་ལུས་དཀྱིལ་འཁོར་འདུས་པའི་སྤྱི་གཟུགས་མཆོག༔ པདྨ་བཛྲ་རྗེ་བཙུན་ཐོད་ཕྲེང་རྩལ༔ རིག་འཛིན་རྩ་གསུམ་འཁོར་དང་བཅས་པ་རྣམས༔ ཐུགས་རྗེ་ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མཆོག་དང་ཐུན་མོང་ཕུན་ཚོགས་བདེ་ལེགས་དང༔ བདག་ཅག་ཡིད་ལ་བསམ་པ་མ་ལུས་པ༔ དབྱིངས་ནས་བརྩེར་དགོངས་དུས་འདིར་བདག་ལ་སྩོལ༔ བདག་དོན་ལྷུན་གྲུབ་སྐུ་གསུམ་མཆོག་ཐོབ་ནས༔ གཞན་དོན་འགྲོ་བ་འདྲེན་ནུས་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རིགས་འདུས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ ལྔ་ལྡན་འོད་འཕྲོས་བདག་གི་སྒོ་གསུམ་ཐིམ༔ སྒྲིབ་ཀུན་དག་ནས་སྐུ་གསུམ་རྒྱུད་ལ་བཞག༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་པས་དངོས་གྲུབ་ལེན། བདུན་པ་ནི། སླར་ཡང་ཆོ་ག་བཞིན་དུ་མཆོད་ཅིང་བསྟོད་ནས་དྲིལ་བུ་འཁྲོལ་བ་དང་བཅས་པས་ཡི་གེ་བརྒྱ་པ་འདོན་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་པས་ཆོ་གའི་ཡན་ལག་མ་ཚང་བ་ལ་སོགས་པའི་ནོངས་པ་ཐམས་ཅད་བཤགས། བརྒྱད་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་གདོད་མའི་དབྱིངས་སུ་བསྲེ། དམ་ཚིག་པ་བདག་ཉིད་ལ་བསྟིམ། ཨ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་ལྷར༔ གཤེགས་བཞུགས་དངོས་པོའི་མཚན་མས་དབེན་མོད་ཀྱི༔ འོན་ཀྱང་རང་གསལ་མ་འགག་སྣང་སྟོང་གཞི༔ སྐྱེ་མེད་ཐུགས་སྲོག་ཧཱུྃ་གི་ནཱ་དར་བསྡུ༔ བཛྲ་མུ༔ ཞེས་པས། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། དེ་ཡང་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་ལ་བསྡུ། ཧཱུྃ་གྱེན་རྫོགས་ཐིག་ལེར་ཡལ་བའི་ངང་དུ་མཉམ་པར་བཞག །སླར་ཡང་ཐིག་ལེ་ལས་སྐད་ཅིག་གིས་དཀྱིལ་འཁོར་གྱི་བདག་པོར་ང་རྒྱལ་འཕོས་ལ། རྡུལ་ཚོན་ཡོད་ན་ཨ་ཀཱ་རོ་བརྗོད་པས་དབྱི། དམ་ཚིག་གི་རྫས་རྣམས་དངོས་གྲུབ་ཀྱི་དོན་དུ་སྤྱད་ལ། དགུ་པ་ནི། དབྱེར་མེད་གཅིག་འདུས་རྡོ་རྗེའི་མཆེད་ལྕམ་གྱིས༔ རྨད་བྱུང་དམིགས་བཅས་དམིགས་མེད་དགེ་བགྱིས་མཐུས༔ ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང༔ ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་བྱང་ནས༔ འཕོ་མེད་ཆོས་ཀྱི་དབྱིངས་མཆོག་ཐོབ་པར་ཤོག༔ ཅེས་སོགས་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེར་གདབ། བཅུ་པ་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགག་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུ་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་སོགས་ཀྱི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱ་སྟེ། ཚུལ་འདི་ལྟ་བུ་ཚེས་བཅུ་ལ་སོགས་དུས་ཀྱི་མཆོད་པའམ་ཉིན་རེ་བཞིན་ནམ་ཐུན་བཞི་ལ་སོགས་པར་འབད་པ་ཆེན་པོས་ཉམས་སུ་བླངས་ན་རང་གཞན་གྱི་དོན་རླབས་པོ་ཆེ་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །འདིར་སྨྲས་པ། རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་ཡི། །ཞལ་བཟང་ཉེ་བར་བསྙེན་ལས་ཐབས་གཞན་པས། །བདེ་ཆེན་ལམ་བཟང་བགྲོད་པར་ནུས་མིན་ན། །འདི་ནི་སྐལ་བཟང་རྣམས་ཀྱི་ཉེ་ལམ་ཡིན། །དེ་ལྟའི་ལེགས་བྱས་མཆོག་གི་ངེས་པ་དེར། །དད་པའི་ཆུ་ཡིས་བསྐྱེད་པའི་ཨུཏྤ་ལ། །འཛུམ་ཕྲེང་གསར་དུ་དགོད་པའི་གེ་སར་རྩེར། །མྱུར་སད་སྦྲང་རྩིས་མངར་བྱས་འདི་ཁོ་ན། ཁ་ཅིག་སྲིད་པའི་མྱོས་མས་རབ་བྲིད་པས། །རྒྱུད་སྡེའི་ངེས་གསང་ཡིད་བཞིན་མི་གཉེར་བར། །ཚིག་འཕྲེང་འདམ་བུའི་ཚལ་དུ་བྱིས་པ་རྣམས། །ཉེས་བཤད་འཆིང་བུའི་བྱི་དོར་བྱེད་པ་མཐོང་། །དེ་སླད་གྲུབ་པའི་ཞལ་ལུང་ཟབ་མོའི་དོན། །ངན་རྟོག་དུག་ཆུས་མ་སྦགས་ལེགས་བཤད་ཚིག །མ་འདྲེས་ཡིད་བཞིན་འཆར་ལས་མཆོག་འདོད་ཀྱི། །ཡིད་ལ་ཀུན་དགའི་དགའ་སྟོན་ཅི་ཡང་སྤེལ། །ཟབ་གཏེར་གསང་བ་མཆོག་གི་ངེས་པའི་གནད། །རང་དབང་གྱུར་ནས་གཞན་ལ་རབ་འདོམས་པའི། །སྐལ་བཟང་འདི་ཀོ་སུ་ཡི་སྤྱོད་ཡུལ་ཞེས། །གྲུབ་མཆོག་རྣམས་ཀྱིས་ལེགས་སོའི་མེ་ཏོག་བྱིན། །དེ་ལྟའི་དགེ་དངོས་འཛད་མེད་བྱས་པའི་ཕུལ། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་རྗེས་སོང་བས། །རིས་མེད་འགྲོ་འདི་ཕན་བདེའི་འཇུག་ངོགས་ལས། །བདེ་ཆེན་རྡོ་རྗེའི་ས་ལ་འཁོད་གྱུར་ཅིག །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ལས་བྱང་པདྨའི་དགོངས་རྒྱན་ཞེས་བྱ་བ་འདི་ནི་ཁམས་གསུམ་ཀུན་གྱི་གཙུག་གི་ནོར་བུ་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོའི་བཀས་གནང་བ་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་པའི་སྡེའི་རྒྱུན་གྱི་ཉམས་ལེན་ནར་མར་བྱ་བའི་སླད་དུ། གཏེར་གཞུང་གི་ལས་བྱང་ཇི་ལྟ་བ་ལས་མཆོད་ཕྲེང་སོགས་ཚིག་གི་ཕྲེང་བ་ཅི་རིགས་པས་མི་འགལ་བར་བརྒྱན་ཏེ། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེས་རྗེས་སུ་བཟུང་བའི་དགེ་བསྙེན་རྣལ་འབྱོར་སྤྱོད་པ་གཏེར་བདག་གླིང་པས་ཐུན་མོང་གི་ལོ་ལ་ལྷོ་ཕྱོགས་ཀྱི་རི་བོའི་རྒྱུད་བྱང་ཆུབ་གླིང་གི་དགོན་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).