Terdzo-SIDDHAM-014
རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་ཕྱིར་བཅོས་པའི་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐེག་ལེ་
by འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 67 (སིདྡྷཾ) / Pages 249-264 / Folios 1a1 to 8b6
༄༅། །རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་ཕྱིར་བཅོས་པའི་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐེག་ལེ་ཞེས་བྱ་བ་བཞུགས་སོ། ། གདོད་ནས་རྣམ་དག་སྡོམ་པ་ཡིས། །གཉིས་སྣང་དམ་ཚིག་སྦྱོང་མཛད་པ། །བླ་མ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་སྔགས་ཀྱི་ཕྱིར་བཅོས་བྲི། །དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས། སྔགས་ཀྱི་དམ་ཚིག་ལ་ཉམས་ཆག་བྱུང་བ་བཤགས་ཤིང་ཕྱིར་བཅོས་པའི་ཚུལ། སྔ་འགྱུར་སྒེག་པ་རྡོ་རྗེའི་དམ་ཚིག་གསལ་བཀྲ་སོགས་དང་། ཕྱི་འགྱུར་དགྲ་ནག་གི་འགྲེལ་པ་ལས་ཆོ་གའི་རིམ་པ་བཅས་འབྱུང་བ་རྣམས་ཁུངས་སུ་མཛད་དེ། རིག་འཛིན་བླ་མ་བརྒྱུད་པའི་ཕྱག་བཞེས་བར་མ་ཆད་པ་འདི་ཉིད་ལག་ལེན་དུ་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཡར་མར་གྱི་ཚེས་བཅུ་ལྟ་བུ་དུས་བཟང་པོའམ། འགྲུབ་ན་རྒྱུན་དུ་བྱ་བའི་ཐོག་མར་རྩ་བ་གསུམ་གྱི་རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ་བཤམས། རྟེན་མཆོད་མི་འཛོམ་པའི་སྐབས་སུ་ནི་ཆེད་དུ་སྤྲོ་མི་དགོས། གང་ལྟར་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས། འགྲེང་སྟེ་བརྐྱང་ཕྱག་གམ། གནས་ལྔ་ས་ལ་འདུད་པའི་ཕྱག་འཚལ་བཞིན་དུ། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་བརྗོད་མེད་དོན་བཤགས་ཚང་བ་དང་ཡིག་བརྒྱ་ལན་གསུམ་བརྗོད། གཉིས་པ་དངོས་གཞི་ནི། བསླབ་པ་དང་ཡེ་ཤེས་ཀྱིས་རྒན་ཅིང་ཆེ་བ་རྣམས་གཡོན་གྲལ་དང་། གཞོན་པ་རྣམས་གཡས་གྲལ་ཏེ་གྲལ་རིམ་གཉིས་དང་། རེ་རེ་ལའང་རྒན་རིམ་གྱིས་འཁོད་དེ། ཐོག་མར་གཞོན་གྲལ་པ་རྣམས་ལངས་ལ་ཕྱག་གསུམ་འཚལ། འགྲེང་འདུད་བཅས་བཀའ་དྲིན་སུམ་ལྡན་གྱི་བླ་མ་སོགས་ཡུལ་གཉན་པ་བཞུགས་ན། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཞེས་སྦྱར་བ་འོག་མ་ལའང་འགྲེ། སྤྱི་ལ། རིག་པ་འཛིན་པའི་དགེ་འདུན་པ་རྣམས་སྔགས་ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་ཞུ། ཞེས་སྙན་གསན་དབབ། གཡོན་གྲལ་རྒན་པས། རྡོ་རྗེ་ཐེག་པའི་འདུལ་བ་བཞིན་མཛད་པ་ཞུ། ཞེས་གནང་བ་སྦྱིན། པུས་བཙུགས་ཐལ་སྦྱར་གྱིས་འཁོད་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རིག་པ་འཛིན་པའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བ་ལྟ་བུ་སོ་སོའི་གསང་མཚན་སྦྱར། བྱིས་པ་ཉིད་དང་། མི་ཤེས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ། བླ་མ་ལ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་དང་། སྦོམ་པོའི་རྣམ་གྲངས་བརྒྱད་ལ་སོགས་པ་ཡན་ལག་གི་ལྟུང་བ་ལས་གང་དང་གང་བྱུང་བ་དེ་དག །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རིག་པ་འཛིན་པའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། རྒན་གྲལ་གྱི་ཐོག་མས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། གཞོན་པ་རྣམས་ཀྱིས། མཐོང་ལགས། ཡང་རྒན་པས། ཕྱིན་ཆད་ལེགས་པར་བསྡམ་ལགས་སམ། གཞོན་པས། བསྡམ་ལགས། ཞེས་དྲི་བ་དང་ལན་བཏབ་པ་ལན་གསུམ་མཐར། བཤགས་ཡུལ་གྱིས། ཐབས་ཡིན་ནོ། །འབུལ་བ་པོས། ལེགས་སོ། །ཞེས་བརྗོད། ཕྱག་གསུམ་བྱས་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རིག་པ་འཛིན་པའི་དགེ་འདུན་པ་རྣམས་སྔགས་ཀྱི་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། བཤགས་ཡུལ་གྱིས། རྡོ་རྗེ་ཐེག་པའི་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །ཞེས་ལན་བྱས་ལ་རང་གྲལ་དུ་འཁོད། དེ་ནས་གཡོན་གྱི་རྒན་གྲལ་པ་རྣམས་ལངས་ལ་ཚུལ་ཕྱག་གམ་ཕྱག་དབབ་གསུམ་བྱས་ལ། སྙན་གསན་དབབ་པ་ནས། རྗེས་སུ་ཡི་རང་གི་བར་བཤད་མ་ཐག་པ་ལྟར་བྱའོ། །འདི་ནི་སོ་ཐར་ལྟུང་བ་ཕྱིར་བཅོས་ཀྱི་ཚིག་ཁ་བསྒྱུར་བ་སྟེ། རྒྱུད་ཚིག་དངོས་ཀྱིས་བཤགས་པ་བྱ་བར་སྤྲོ་ན། ཕྱག་དང་སྙན་གསན་དབབ། དགོངས་གསོལ་སྔར་བཞིན་བྱས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་ཅིང་། མཐོང་སྡོམ་དང་ཐབས་ལེགས་སོགས་སྔར་བཞིན་བྱ་བ་ཡིན་ནོ། །གསུམ་པ་རྗེས་ནི། ཐམས་ཅད་ཀྱི་འདུན་པ་རྩེ་གཅིག་པས། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །བཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་པར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤང་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོག་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་བརྗོད་པས་འགྲུབ་བོ། །སྤྱིར་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བྱུང་ན་འགལ་ཉམས་འདས་རལ་གྱི་ཚོད་དང་སྦྱར་བའི་གཉེན་པོས་བཤགས་ཤིང་དབང་བསྐུར་བསྐྱར་ནས་བླང་། ཡན་ལག་རྣམས་ཕྱིར་བཅོས་ཀྱིས་དག་པས་བཤགས་ཚིག་གོང་སྨྲོས་ལའང་བསྒྱུར་ཚུལ་གཞན་ཡོད་ཀྱང་། འདིར་རྒྱུན་བཤགས་གཙོར་བཏོན་པའི་སྤྱི་བཤགས་ཙམ་གྱི་དབང་དུ་བྱས་པའོ། །ཡང་གསལ་བཀྲ་ལས། །གང་ཉེས་ཚིག་ཏུ་བརྗོད་བྱས་ལ། །ཕྱིན་ཆད་སྡོམ་པ་ལེགས་པར་གཟུང་། །ཞེས་གསུངས་པས་སྔ་མ་འདི་ལས་ཅུང་ཟད་རྒྱས་པར་སྤྲོ་ན། དགོངས་གསོལ་རྗེས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ། ཞེས་པའི་མཚམས་ཁོ་བོས་སྦྱར་པའི་དམ་ཚིག་ཉེས་བཤགས་ཀུན་བཟང་ཁྲུས་ཆུ་ལས། གདོད་མའི་མགོན་པོའི་ཆོས་ཉིད་རང་བྱུང་སྒྲས། །ཞེས་པ་ནས། བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་པའི་བར་བརྗོད་ལ། མཐོལ་ཞིང་བཤགས་ན་བདག་བདེ་བ་སོགས་སྦྱར་བ་ལན་གསུམ་གྲུབ་ན་དང་། མི་ལྕོགས་ན་དེ་ལན་གཅིག །ཚིག་ལྷུག་དཀྱུས་ལྟར་ལན་གསུམ་བརྗོད་ན་སྡོམ་པ་རེ་རེ་བཞིན་བསྔོ་བགྲང་ནོངས་བཤགས་བྱེད་པ་གསར་རྙིང་ཀུན་གྱི་སྤྱི་ལུགས་ཡིན་པས་ཆེས་ལེགས་སོ། །མཇུག་ཏུ་སྨོན་ལམ་བླ་མ་ཡི་དམ་ལྷ་ཚོགས་སོགས་ཤློ་ཀ་གཉིས་ཀྱི་འཕྲོས་སུ། བསྲུང་བྱ་སྲུང་བྱེད་མན་ཆད་སྦྱར་བས་གྲུབ་བོ། །བདག་འདྲ་སྙིགས་མའི་སྔགས་གཟུགས་ཀྱི། །ལྟུང་བ་མ་ལུས་ཕྱིར་བཅོས་ཏེ། །རྣམ་དག་རྒྱུད་བཞིའི་ཞིང་ས་ལ། །དབང་བཞིའི་འབྲས་བུ་རབ་སྨིན་ཤོག །ཅེས་པ་འདིའང་ཕྲིན་ལས་འགྲོ་འདུལ་དབང་གི་གནས་ཀྱི་མདུན་རོལ་ཡོན་ཏན་ཀུན་འབྱུང་གི་སའི་ཐིག་ལེ་ཆེན་པོར། རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གསེར་ཞལ་ལྷན་རྒྱས་པས་སྣང་སྲིད་བདུད་རྩིར་བྱིན་གྱིས་བརླབས་པའི་སྐབས་སུ་ཕྱག་བཞེས་ཇི་ལྟར་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཟིན་ཐུན་དུ་བཏབ་པ་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཐམས་ཅད་རྣམ་གྲོལ་གྱི་ས་ལ་དབུགས་དབྱུང་བའི་གསོས་སྨན་དུ་གྱུར་ཅིག །དགེ་ལེགས་འཕེལ། ༈ རང་རེ་སྔགས་པ་ཚོས། བླ་མའི་ཐུགས་མི་དཀྲུག་ཅིང་ཅི་གསུང་བཀའ་སྒྲུབ་པ་དང་གཅིག །མཆེད་ལྕམ་དྲལ་རྩོད་འཛིང་ངོས་ལྐོག་མི་བྱེད་པ་དང་གཉིས། ཉིན་རེ་བཞིན་ཡི་དམ་ལྷ་ཡི་སྒོམ་བཟླས་དང་ཚེས་བཅུའི་ཚོགས་མཆོད་མ་ཆག་པ་དང་གསུམ། ཁྲེགས་ཆོད་ཀྱི་ཉམས་ལེན་སྐྱོང་ཞིང་སེམས་ཅན་གྱི་སྲོག་མི་གཅོད་པ་དང་བཞི་པོ་འདི་སྲུང་ན་དེང་སང་དུས་ཀྱི་སྔགས་པ་རབ་ཡིན་པས། གཞན་ལྟུང་བའི་ཚོགས་མང་པོ་འབྱུང་བ་རྣམས་ཕྱིར་བཅོས་འདིའི་སྒོ་ནས་བཤགས་སྡོམ་བྱ་བ་གལ་ཆེ་བས་མཆོག་གྱུར་གླིང་པས་པར་དུ་བསྒྲུབས་པ་དགེ། །། གདོད་མའི་མགོན་པོའི་ཆོས་ཉིད་རང་བྱུང་སྒྲས། །ནང་པ་ཐབས་ཀྱི་ཐེག་པ་ཐུན་མོང་དུ། །འདའ་དཀའ་རྡོ་རྗེའི་ཐ་ཚིག་གཉན་པོ་ནི། །ཐུན་མོང་སྤྱི་ཡི་དམ་ཚིག་སོ་བྱང་དང་། །ཕྱི་རྒྱུད་སྡེ་གསུམ་སྡོམ་པའི་སྲུང་མཚམས་ལས། །འགལ་ཞིང་ཉམས་པར་གྱུར་པ་མཐོལ་ལོ་བཤགས། ཁྱད་པར་རྩ་བ་སྐུ་གསུང་ཐུགས་གསུམ་ལས། །སྤྱི་ཡི་བླ་མ་བསྟན་པའི་སྒྲོན་མེ་ལ། །རྗེ་དཔོན་བཞིན་དུ་མ་བཀུར་ཡལ་བར་དོར། །བསྟན་སྒོར་བཅུག་པའི་འདྲེན་པའི་བླ་མ་ནི། །ཕ་ཁུ་བཞིན་དུ་བཀུར་སྟིས་མཉེས་མ་བྱས། །རྒྱུད་ལུང་དོན་བཤད་ཤེས་རབ་རྒྱུད་སྤེལ་ལ། །རང་གི་ལུས་བཞིན་གཅེས་པར་མ་བཙས་ཤིང་། །དབང་བཞིའི་ཆུ་བོ་རྫོགས་མཛད་བླ་མ་ནི། །མིག་དང་སྙིང་ལྟར་མ་གཅེས་ཐུགས་དང་འགལ། །རང་རིག་དོན་སྟོན་མན་ངག་སློབ་དཔོན་ནི། །སྲོག་གི་དྭངས་མར་མ་བལྟས་ནོངས་པ་ཤོར། །ཉམས་ཆག་སྐོང་མཛད་འཁོར་བའི་གནས་འདྲེན་ལ། །མ་ལྟར་གཅེས་པས་མཉེས་པ་མ་བསྒྲུབ་ཅིང་། །སློབ་དཔོན་དྲུག་གི་བཀའ་བཞིན་མ་བགྱིས་སོགས། །བླ་མའི་དམ་ལས་འགལ་རྣམས་མཐོལ་ལོ་བཤགས། །སེམས་ཅན་སངས་རྒྱས་རྒྱུར་གནས་སྤྱི་ཡི་མཆེད། །སངས་རྒྱས་བསྟན་པའི་སྒོར་ཞུགས་རིང་བའི་མཆེད། །གསང་སྔགས་ལྟ་སྤྱོད་མཐུན་པ་ཉེ་བའི་མཆེད། །སློབ་དཔོན་ལྷ་དང་དཀྱིལ་འཁོར་གཅིག་གིས་བསྡུས། །འདྲེས་པའི་མཆེད་བཞི་ཡི་དམ་རང་བཞིན་དུ། །མ་ཤེས་ཐུགས་འགལ་བགྱིས་པ་མཐོལ་ལོ་བཤགས། །ལུས་ཀྱིས་རྡེག་འཚོག་དཀོར་དང་སྐུ་ཆས་སྤྱད། །ངག་གིས་རྫུན་དང་ངག་འཁྱལ་ཚིག་རྩུབ་ཤོར། །ཡིད་ཀྱིས་མ་དད་ལོག་ལྟ་ཆགས་སྡང་དང་། །སྒོ་གསུམ་སྤྱོད་པས་བླ་མ་མཆེད་ལྕམ་གྱི། །ཐུགས་དང་འགལ་པས་སྐུ་ཡི་དམ་ཚིག་ཉམས། །ཚེ་འདིར་ཚེ་ཐུང་ནད་མང་མཛེ་ཡིས་ཟིན། །ཕྱི་མར་ན་རག་སྡུག་བསྔལ་མྱོང་འགྱུར་བ། །གང་མཆིས་ཐམས་ཅད་འགྱོད་པས་མཐོལ་ལོ་བཤགས། །སྣོད་བཅུད་ལྷ་ཡི་འཁོར་ལོར་སྒོམ་མ་ནུས། །སྒྲ་གྲགས་རྩ་རླུང་སྔགས་སུ་མ་ཤེས་ཤིང་། །ཐིག་ལེ་བདེ་ཆེན་རང་རིག་འོད་གསལ་དུ། །མ་རྟོགས་སྒོམ་སྒྲུབ་དམ་དུ་བཅས་ལས་ཉམས། །ཚོགས་གཏོར་ཕྱག་རྒྱ་རྡོ་རྗེའི་གླུ་གར་སོགས། །དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས། །རྩ་བ་རྒྱུ་དང་བསྐྱེད་པ་རྐྱེན་གྱི་སྔགས། །བཟླ་བ་ལས་རྣམས་མ་ཕྱེད་སྔགས་སེལ་ཞུགས། །ཆོས་ཀྱི་ཕྱག་རྒྱ་སྙིང་པོ་མ་གསལ་ཞིང་། །དམ་ཚིག་ཕྱག་རྒྱ་མཚན་མ་ནོར་བ་དང་། །ལས་ཀྱི་ཕྱག་རྒྱ་འཆིང་གྲོལ་བྱེད་ལས་གཡེལ། །རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེར་མ་བསྒོམ། །སྔགས་དང་ཕྱག་རྒྱ་རབ་ཀྱི་ཆུ་བོའི་རྒྱུན། །འབྲིང་གི་ཟླ་རེར་ཐ་མས་ལོ་ཟླ་ཡི། །དུས་ལས་འདས་པས་གསུང་གི་དམ་ཚིག་ཉམས། །ཚེ་འདིར་འདོད་པའི་དོན་རྣམས་མི་འགྲུབ་ཅིང་། །ཕྱི་མར་མནར་མེད་གནས་སུ་ལྟུང་འགྱུར་བ། །གང་བགྱིས་ཐམས་ཅད་འགྱོད་པས་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་གསང་མཚན་འཆོལ་བར་བསྒྲགས། །ལྟ་བ་ཟབ་མོ་སྤྱོད་པ་རླངས་པོ་དང་། །ཡི་དམ་ལྷ་ཡི་མཚན་དང་གྲུབ་པའི་རྟགས། །སྤྱི་གསང་བཞི་པོ་སྣོད་མ་ཡིན་ལ་བཤད། །སྒྲུབ་པའི་གནས་དང་མཚན་ལྡན་ཕྱག་རྒྱའི་གྲོགས། །གསང་བའི་རྫས་མཆོག་སྒྲུབ་དུས་བར་གསང་བཞི། །བློ་ཆུང་དམ་ཉམས་རྣམས་ལ་ལྷུག་པར་བཤད། །སློབ་དཔོན་མཆེད་ལྕམ་རང་གི་སྒྲུབ་པའི་རྫས། །ལྟ་སྤྱོད་ཟབ་མོ་གསང་བར་འོས་པ་དང་། །བླ་མ་མཆེད་ཀྱིས་གསང་བར་གཉེར་གཏད་པ། །ཐེག་དམན་སོགས་ལ་ཟུར་ཙམ་བཤད་པ་དང་། །རྟག་ཆད་མཚན་འཛིན་བདག་ཏུ་ལྟ་བ་ཡིས། །ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་། །བྲལ་བའི་གནས་ལུགས་མ་རྟོགས་དོན་དམ་བསྒྲུབས། །དེ་ཉིད་སྤང་ཐོབ་མེད་པར་མངོན་གྱུར་པའི། །འབྲས་བུ་ལ་དམིགས་སྨོན་དང་རང་གནས་ཀྱི། །ཡེ་ཤེས་རྗེས་མཐུན་སྒོ་གསུམ་སྤྱོད་ཡུལ་བཅས། ཁྱེར་སོ་གསུམ་གྱིས་འཇུག་སེམས་སྒྲུབ་མ་ནུས། །རང་ཉིད་གཅེས་འཛིན་སྙིང་རྗེས་འགྲོ་བའི་དོན། །མ་བགྱིས་ཀུན་རྫོབ་བྱང་སེམས་སྤངས་རྣམས་ཀྱིས། །ཐུགས་ཀྱི་དམ་ཚིག་ཚེ་འདིར་སྨྱོ་འབོག་ཐེབས། །ཕྱི་མར་རྡོ་རྗེའི་དམྱལ་བར་ལྟུང་འགྱུར་བ། །གང་བགྱིས་ཐམས་ཅད་འགྱོད་པས་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ལས། །ཤེས་བྱ་ལྟ་བ་བསྒྲུབ་བྱ་སྒོམ་པ་སྟེ། །སྤྱོད་པའི་དམ་ཚིག་གཙོ་བོར་གྱུར་པ་ཡི། །སྤྱད་དང་མི་སྤང་དང་དུ་བླང་བ་གསུམ། །མཉམ་གཞག་ངེས་དོན་རྗེས་ཐོབ་དུས་ཚོད་དང་། །འབྲེལ་པས་སྒྲ་བཞིན་མ་སྤྱད་མཐོལ༴ ཕུང་པོ་ཡབ་ལྔ་འབྱུང་བ་ཡུམ་ཆེན་ལྔ། །དབང་ཤེས་སེམས་དཔའ་ཡུལ་རྣམས་སེམས་མ་སྟེ། །དབྱིབས་དང་ཁ་དོག་རིགས་ལྔ་ཡེ་ཤེས་ལྔར། །མ་རྟོགས་དབང་གིས་ཐ་མལ་རང་གར་བཟུང་། །ཤེས་བྱ་ལྔ་པོ་མ་ཤེས་མཐོལ༴ རྟོག་ཚོགས་ལྔ་ཚན་སྐུ་དང་ཡེ་ཤེས་སུ། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །ངོ་བོ་རོ་གཅིག་རྣམ་པ་མ་འདྲེས་པས། །བསྒྲུབ་བྱ་ལྔ་པོ་མ་བསྒྲུབ་མཐོལ༴ སྦྱོར་བར་འཛེམ་དང་སྲེད་པས་འཇོལ་ཉོག་སྤྱད། །བསྒྲལ་འོས་བོར་ནས་མི་འོས་རང་དོན་བསྒྲལ། །མཆོད་སྦྱིན་དོན་མིན་འདོད་པས་མ་བྱིན་བླངས། །གསང་བ་སྲུང་ཕྱིར་རྫུན་ཚིག་སྨྲ་མ་ནུས། །ཉེས་པར་སྤྱོད་ལ་ཚིག་རྩུབ་ཀྱིས་མ་བཟློག །སྤྱད་བྱ་ལྔ་དང་འགལ་པ་མཐོལ༴ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་རང་གར་སྤྱད་པས་འཁོར་བར་འཁྱམས། །ཐབས་ཀྱིས་ཟིན་ན་རྣམ་པར་གྲོལ་བའི་ལམ། །མི་སྤང་ལྔ་པོ་སྤངས་པ་མཐོལ༴ དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་དང་། །བྱང་ཆུབ་སེམས་རྣམས་ཆོས་ཉིད་རང་བཞིན་དང་། །ངོ་བོ་མཐུ་བྱིན་སྟོབས་ཀྱིས་སྒྲུབ་པའི་རྫས། ཁྱད་པར་ཅན་དུ་མ་རྟོགས་གཙང་སྨེར་བཟུང་། །དང་དུ་བླང་ལྔ་མ་བརྟེན་མཐོལ༴ སྒྲུབ་པ་གཙོར་གྱུར་ལྷག་པའི་དམ་ཚིག་ནི། །སློབ་དཔོན་ལ་འཁུ་བཀའ་ལ་རས་ཆོད་བགྱིས། །བརྙས་པའི་སེམས་ཀྱིས་གཙུག་ཏུ་མ་བཀུར་ཅིང་། །གསང་བའི་ཡུམ་བསླད་རྣལ་འབྱོར་དཀྱིལ་འཁོར་དཀྲུགས། །དད་ལྡན་སྒོམ་བཟླས་ཏིང་འཛིན་ཚོགས་བཅག་ཅིང་། །དཀོན་མཆོག་སྐུ་གླུད་དཀོར་དང་དད་ཟས་ཟོས། །རང་གཞན་མཚམས་བཀྲལ་མཚན་ཉིད་མི་ལྡན་པའི། །རིག་མ་ཐོད་ངན་ལ་སོགས་དམ་རྫས་བསྟེན། །བསྟན་པའི་དགྲ་དང་སྐྱེ་བོའི་སྔགས་ཟློག་བྱས། །མཁས་པའི་ཡོན་ཏན་ལ་སྨོད་བག་མེད་མྱོས། །སྣོད་མིན་གསང་བསྒྲགས་གཞན་གྱི་ལྷག་མ་སྤྱད། །སྣོད་མ་བརྟག་པར་དབང་དང་གདམས་ངག་བྱིན། །མཚན་ལྡན་གཟུངས་མ་སྣོད་ལྡན་སློབ་མ་ཕུད། །དོན་དམ་བདེ་སྟོང་རྟགས་ཀྱི་ཡབ་ཡུམ་འབྲལ། །མཆེད་ཀྱི་ཡུམ་སྤྱད་ནང་འཁྲུགས་གསང་བ་བསྒྲགས། །བྱིང་རྒོད་དབང་བཏང་བླ་མའི་གདན་སར་རློམས། །བཟླས་པ་ཆོ་ག་མི་ཚིག་བར་དུ་བཅད། །དབང་རྟགས་རྒྱ་ལས་འདའ་ཞིང་བརྡ་རྣམས་བརྗེད། །ཉམས་པ་སྐོང་ཞིང་ཉམས་དང་ཚོགས་འདྲེས་ཤིང་། །ཟབ་མོར་ལོག་པར་བལྟས་སོགས་མཐོལ༴ ཐེག་པ་འོག་མའི་བསླབ་གཞི་མཐའ་དག་ལས། །ཆེ་བ་བདུན་སོགས་ཡོན་ཏན་ཁྱད་འཕགས་པ། །རྩ་བ་ལྔ་དང་ཡན་ལག་བཅུ་ཕྲག་ལ། །ཐབས་ཤེས་དབྱེ་བས་སུམ་བརྒྱ་དྲུག་ཅུ་དང་། །དེ་ལས་འགྲོ་བའི་རྟོག་ཚོགས་ཇི་སྙེད་པ། །དེ་སྙེད་གཉེན་པོར་ས་མ་ཡ་འབུམ་སྡེར། །གཟུ་ལུམ་རས་ཆོད་ཚོད་ཡོད་དབང་གྱུར་པས། །བརྟེན་གོམས་ཕྱོགས་ཙམ་མ་བགྱིས་མཐོལ༴ གལ་མདོ་ངེས་པའི་དམ་ཚིག་བཞི་དང་ནི། །ཐུན་མོང་ཉེར་བརྒྱད་ལྷག་པའི་དམ་ཚིག་བཞི། །བརྟུལ་ཞུགས་ཉེར་གསུམ་སྒྲུབ་པའི་ཉི་ཤུ་པོ། །སྤྱོད་ལམ་རྒྱུན་བཞི་བདུད་ལྔ་སྤོང་བ་དང་། །དགྲ་བཞི་གཞོམ་ཞིང་ལྟ་བའི་དམ་ཚིག་སྟེ། །ཨ་ནུ་སྤྱི་ཡི་དམ་ཚིག་རྣམ་གྲངས་དགུ། །མདོར་བསྡུས་བསྲུང་མཚམས་མེད་པ་ཆོས་ཉིད་དང་། །ཡོད་པ་སྙིང་རྗེའི་དམ་ཚིག་གཉིས་པོ་ལས། །འགལ་ཉམས་ལྟུང་བར་གྱུར་ཀུན་མཐོལ༴ སྐུ་གསུང་ཐུགས་ལ་ཕྱི་ནང་གསང་བ་དགུའི། །དབྱེ་བས་ཉེར་བདུན་ཨ་ཏི་སྤྱིའི་དམ་ཚིག །མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུ་སྟེ། ཁྱད་པར་ཆེན་པོའི་དམ་ཚིག་ཚུལ་བཞིན་དུ། །ཉམས་སུ་མ་ལོན་ཉེས་ཀུན་མཐོལ༴ རྡོ་རྗེའི་ཡལ་གམ་ཐ་ཚིག་གཉན་པོ་རྣམས། །བླངས་འདས་ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས་པ་དང་། །ཉམས་པ་དང་འགྲོགས་ཟླ་ཡིས་ཉམས་པ་དང་། །གཞན་གྱི་ངོ་དགར་ཞར་བྱུང་ཉམས་པ་ཡིས། །བཀའ་ཆད་ཚེ་འདིར་མི་འདོད་སྣ་ཚོགས་འབྱུང་། །གློ་བུར་འཇིགས་པས་བསད་ནས་མནར་མེད་པའི། །དམྱལ་བར་ནམ་མཁའ་ཇི་སྲིད་དེ་སྲིད་དུ། །མི་བཟད་སྡུག་བསྔལ་མྱོང་བའི་རྒྱུ་བསགས་པ། །ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ༴ ཆོས་ཀུན་གདོད་ནས་རྣམ་དག་ནམ་མཁའ་བཞིན། །ལྷུན་གྲུབ་འོད་གསལ་རིས་མེད་ཁྱབ་བརྡལ་ལ། །འཁྲུལ་རྟོག་བཅོས་མས་ཕྱོགས་དང་རིས་སུ་བཅད། །གནས་ལུགས་མ་རྟོགས་ཚིག་གི་ལྟ་བར་ཞེན། །བབ་ཅོལ་འཇོལ་ཉོག་སྤྱོད་པས་རང་རྒྱུད་བསྲེགས། །ཐར་ལམ་བྱང་ཆུབ་ཆེན་པོའི་མྱུ་གུ་བསྐམས། །ཚེ་རབས་ཀུན་ཏུ་སྡུག་བསྔལ་རྒྱུར་གྱུར་རྣམས། །སྙིང་ནས་འགྱོད་པ་དྲག་པོས་མཐོལ༴ མདོར་ན་གསང་སྔགས་གཉན་པོའི་སྒོར་ཞུགས་ནས། །གསང་བའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །མ་རིག་ལེ་ལོ་ཉོན་མོངས་དབང་གྱུར་ཏེ། །བླ་མའི་བཀའ་ལས་འདས་ཤིང་སྲི་ཞུ་ཆུང་། །མཆེད་ལྕམ་ཐུགས་སུན་དབྱུང་ཞིང་ལོག་ལྟ་ཤོར། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཏིང་འཛིན་གཡེལ། །མཁའ་འགྲོའི་གསང་བ་བསྒྲགས་ཤིང་ཚོགས་གཏོར་ཆག །དམ་ཅན་བསྟེན་མཆོད་མ་བགྱིས་ལས་སྦྱོར་ལོག །ཉམས་དང་ཚོགས་འདྲེས་ཉམས་པ་སྐོང་བ་སོགས། །ཚོར་དང་མ་ཚོར་ལུས་ངག་ཡིད་གསུམ་གྱིས། །རྩ་བ་ཡན་ལག་དམ་ལས་འགལ་པ་རྣམས། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་བགྱིད་ན། །བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ༈ །བསྲུང་བྱ་སྲུང་བྱེད་སྲུང་བའི་སེམས་གསུམ་པོ། །གདོད་ནས་མི་དམིགས་ཆོས་དབྱིངས་དེ་བཞིན་ཉིད། །ཉམས་དང་ཉམས་པའི་འབྲས་བུ་གཟོད་མ་ནས། །མ་བྱུང་མ་སྐྱེས་ཀུན་བཟང་དགོངས་པའི་ཀློང་། །ཡེ་སྲུང་ཆེན་པོ་རང་རིག་འོད་གསལ་ངང་། །ཉམས་ཆག་རྟོག་སྒྲིབ་མ་སྤང་རང་སར་དག །དངོས་གྲུབ་རྣམ་གཉིས་ཚེ་འདིར་འགྲུབ་པར་ཤོག །བདག་གིས་འགྱོད་ཚངས་དྲི་མེད་བགྱིས་པའི་མཐུས། །ཕྱོགས་བཅུའི་ཞིང་ན་གསང་སྔགས་སྒོར་ཞུགས་པའི། །རྣལ་འབྱོར་ཀུན་གྱི་ཉམས་ཆག་སོར་ཆུད་དེ། །རྡོ་རྗེའི་ས་ལམ་དཀའ་བ་མེད་པར་བགྲོད། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཐོང་བའི་ཆོས་ལ་བཀྲ་ཤིས་དཔལ་འབྱོར་རྒྱས། །རྩ་གསུམ་དམ་ཅན་དགྱེས་པས་བུ་བཞིན་དགོངས། །བསམ་པའི་དོན་ཀུན་ཆོས་བཞིན་འབད་མེད་འགྲུབ། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་ཆོས་འཕེལ་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པ་གསང་སྔགས་གསར་རྙིང་གི་རྒྱུད་ལུང་ཐ་དད་ཀྱི་དགོངས་དོན་རྡོ་རྗེ་ཐེག་པའི་དམ་ཚིག་ཉེས་ལྟུང་བཤགས་པའི་ཚིགས་བཅད་སྡོམ་དུ་བསྡུས་པ་འདི་ནི། ༧ཁྱབ་བདག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་རིང་མོ་ནས་རྗེས་གནང་དམིགས་སུ་བསྩལ་པ་དང་། ཉེ་ཆར་རིགས་ལྡན་རྣལ་འབྱོར་མ་རག་ཤུལ་སྐྱིད་ལུ་ནས་རིན་ཆེན་གཉིས་པའི་མེ་ཏོག་དང་བཅས་ཆེད་དུ་བསྐུལ་ངོར། དུས་ཞབས་ཀྱི་རྣལ་འབྱོར་ཙམ་པོ་བ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།