Terdzo-SI-012-2

Revision as of 18:33, 12 July 2016 by Jeremi (talk | contribs) (Text replace - ";[ ]* " to " ")
This page is under construction. Check back later for updated content.

སྨིན་གླིང་གཏེར་ཆེན་ཟབ་གཏེར་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་གཏེར་གཞུང་ཆོས་སྐོར་རིག་པའི་རྩལ་དབང་མ་གཏོགས་ཡོངས་རྫོགས་རིང་སྦྲེལ་

smin gling gter chen zab gter rdzogs chen a ti zab don snying po'i gter gzhung chos skor rig pa'i rtsal dbang ma gtogs yongs rdzogs ring sbrel

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོ་ (Rdzogs chen a ti zab don snying po)
Volume 58 (སི) / Pages 385-456 / Folios 1a1 to 36b6

[edit]

རྣམ་པར་འཕྲུལ་པ་ཚད་མེད་པ་ལས་བུདྡྷ་ཐམས་ཅད་ཀྱི་ཞིང་ཁམས་དང་གནས་དང་སྟོན་པ་སྐུ་བཞིར་སྣང་སྟེ༔ ཆོས་ཐམས་ཅད་གསལ་འགྲིབ་མེད་པར་རང་རིག་གིས་མངོན་སུམ་དུ་གྱུར༔ དགོངས་པ་མ་འདྲེས་ཡོངས་རྫོགས་མཉམ་པ་ཆེན་པོར་ཡེ་སངས་རྒྱས༔ དེ་ནས་ཆོས་དབྱིངས་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་བཞུགས་སོ༔ དེ་ནི་ཅི་ཡང་མི་གསུང་བའི་གསུང་བ་ཆེན་པོ་འོ༔ སྐུ་བཞིར་སྣང་བ་ཐམས་ཅད་ཀྱང་ཆོས་སྐུ་སྒྲིབ་གཡོགས་མེད་པར་ཡེ་སངས་རྒྱས་པ་དེ་ཀུན་ཏུ་བཟང་པོ་ཉག་གཅིག་གི་རོལ་པའོ༔ དེ་ནས་ཡང་ཡུམ་ཆེན་མོ་ཀུན་ཏུ་བཟང་མོས་བསྟན་པ་འབྱུང་བར་གསོལ་བ་བཏབ་པ༔ ཀྱེ་ཀྱེ་སྟོན་པ་ཡེ་ཤེས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་རྒྱལ་བའི་དགོངས་པ་འདི་གོ་རྟོགས་ཀྱི་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་སྐུ་ཡེ་སངས་རྒྱས་ཤིང་དགོངས་པ་བདེ་བ་ཆེན་པོ་འདི་ཉིད་བསྟན་དུ་གསོལ༔ འདི་ཉིད་གོ་རྟོགས་ཀྱི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་བསྟན་དུ་གསོལ༔ ཅེས་ཞུས་པ་དང༔ དང་པོར་གོ་རྟོགས་སྐལ་བ་དང་ལྡན་པ་རྣམས་ལ་འོག་མིན་ལ་སོགས་པའི་གནས་སུ་གསང་སྔགས་ཀྱི་ཐེག་པ་རྣམས་ཆོས་ཉིད་ཀྱི་རང་སྒྲ་ལས་གསུངས་ཤིང༔ ཁྱད་པར་རྨད་དུ་བྱུང་བ་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་བྱུང་བའི་ཚུལ་ནི༔ ངོ་བོ་ཉིད་ཀྱི་སྐུ་དང༔ ཆོས་ཀྱི་སྐུ་དང༔ ལོངས་སྤྱོད་རྫོགས་པའི་སྐུ་དང༔ སྤྲུལ་པའི་སྐུ་རྣམས་ཀྱི་བསྟན་པ་བྱུང་བའི་ཚུལ་ལོ༔ དང་པོ་ངོ་བོ་ཉིད་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་ཆོས་ཀྱི་དབྱིངས་ཁྱབ་གདལ་ཆེན་པོའི་ཀློང༔ མཐའ་དབུས་དང་རྒྱ་ཁྱོན་ཚད་ལས་འདས་པ་ན་ཡེ་ཤེས་ཟང་ཐལ་རང་བྱུང་ལྷུན་གྲུབ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་སྣང་གི་རྒྱན་དང་མཆོད་པ་བསམ་གྱིས་མི་ཁྱབ་པའི་དབུས་ན་སྟོན་པ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་རང་བྱུང་ངོ་བོ་ཉིད་ཀྱི་སྐུ་བཞུགས་ཏེ་ཤེས་བྱའི་དཀྱིལ་འཁོར་ལྷག་མ་མེད་པ་སྐུའི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་ཤིང༔ དགོངས་པ་ལྷུན་གནས་བདེ་བ་ཆེན་པོའི་ཞིང་ལ་འགྲོ་འོང་གསལ་འགྲིབ་མེད་པར་བཞུགས༔ འཁོར་འདས་ཐམས་ཅད་དབྱེར་མེད་རང་བཞིན་མ་འདྲེས་པར་ཡོངས་སུ་རྫོགས་པར་འདུས་པ་ཉིད་ལས་མི་གཞན་པའི་དུས་གསུམ་སངས་རྒྱས་ཀྱི་འཁོར་རྣམས་དང༔ སྐུ་ལྔ་ལྷུན་གྱིས་གྲུབ་པས་རིག་འཛིན་སྐྱེས་བུའི་འཁོར་གྲངས་མེད་པ་རྣམས་དང་བསམ་གྱིས་མི་ཁྱབ་ཅིང་ཚད་ལས་འདས་པའི་དུས་ན༔ བསྟན་པ་འདི་ཚིག་གི་བརྡས་མི་གསུང་སྟེ་ཤེས་བྱའི་དཀྱིལ་འཁོར་གསལ་འགྲིབ་མེད་པར་རང་གསལ་ངོ་བོ་ཉིད་ཀྱིས་བཤད་པས་འཁོར་རྣམས་ཀྱིས་དེའི་དགོངས་པ་ལོངས་ནས་སྟོན་པ་དང་འཁོར་བཟང་ངན་མེད་པར་དགོངས་པ་མཉམ་པ་ཉིད་དུ་གྱུར་ཏེ༔ དཔལ་ཀུན་ཏུ་བཟང་པོས་བཀའ་བསྡུས་ཏེ་བསྟན་པ་ཨ་ཏི་ཡོ་གའི་དོན་ཐུགས་རིག་པའི་ཀློང་དུ་གསལ་འགྲིབ་མེད་པར་བཞུགས་སོ༔ གཉིས་པ་ཆོས་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཆོས་ཉིད་གདལ་བ་ཆེན་པོའི་ཞིང་ཁམས་འོད་གསལ་ནམ་མཁའི་དབྱིངས་དང་མཉམ་པ་ནི༔ ཡང་དག་དོན་གྱི་འོག་མིན་གྱི་གནས༔ ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་གྱི་གཞལ་ཡས་ཁང་ན༔ སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་འདས་རང་བཞིན་མ་འདྲེས་ཡོངས་རྫོགས་ཀྱི་འཁོར་ཉིད་ལས་མི་གཞན་པ་ལོངས་སྤྱོད་རྫོགས་པར་སྣང་བ་རྣམས་དང༔ སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་ཆེན་པོའི་འཁོར་ལ༔ དུས་མཉམ་པ་ཉིད་ཀྱི་དུས༔ བརྡ་ཚིག་ཏུ་མི་གསུང་བ་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པའི་བསྟན་པ༔ དཔལ་རྡོ་རྗེ་སེམས་དཔས་བསྡུས་ཏེ་ཐུགས་རིག་པའི་ཀློང་དུ་འདུ་འབྲལ་མེད་པར་འདུས་སོ༔ གསུམ་པ་ལོངས་སྐུའི་བསྟན་པ་བྱུང་ཚུལ་ནི༔ གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞིང་ཁམས་བདེ་བ་ཅན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མ་སྒྲིབ་ཟང་ཐལ་དུ་གསལ་བ༔ སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལྷག་མ་མེད་པར་དགོངས་པ༔ སྐུ་མཚན་དང་དཔེ་བྱད་དང་ལྡན་པ༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང༔ མི་བསྐྱོད་པ་དང༔ རིན་ཆེན་འབྱུང་ལྡན་དང༔ སྣང་བ་མཐའ་ཡས་དང༔ དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔ་དང༔ དེ་དག་ཀྱང་གཅིག་ཏུ་བསྡུས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འོ༔ ཉིད་ལས་མི་གཞན་པའི་སྤྲུལ་པའི་སྐུ་དང་དམ་པ་རྒྱ་མཚོའི་འཁོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རྣམས་དང༔ ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་མཉམ་ཉིད་རིག་པའི་དུས་བསྟན་པ་དགོངས་པ་བདེ་བ་ཆེན་པོ་གསལ་འགྲིབ་མེད་པར་བརྡ་ཡིས་བཤད༔ བསྐྱེད་རྫོགས་གསུམ་ནི་དགོངས་པས་བརྒྱུད་དེ་བསྟན༔ གསང་བདག་རྡོ་རྗེ་འཆང་གིས་ཐུགས་རིག་པའི་ཀློང་དུ་གཉིས་སུ་མེད་པར་བསྡུས་སོ༔ བཞི་པ་སྤྲུལ་པ་སྐུའི་བསྟན་པ་བྱུང་ཚུལ་ནི༔ ཞིང་ཁམས་པདྨ་ཅན་ཆོས་དབྱིངས་གསང་བ་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་ཞིང་དུ༔ གནས་གསང་བ་ཡུམ་གྱི་ཟ་མ་ཏོག་ཟག་མེད་བདེ་བས་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་གནས་ན༔ སྟོན་པ་གསང་བའི་སྐུ་ལོངས་སྤྱོད་རྫོགས་པ་བདེ་བ་ཆེན་པོ་སྟེ་གསང་བ་དབང་གི་སྟོན་པར་སྣང་བའོ༔ ཉིད་ལས་མི་གཞན་པའི་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དང༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་འཁོར་ལ་ལམ་མཐར་ཕྱིན་པ་ཟབ་མོ་གསང་བའི་དབང་བསྐུར་བའི་དུས་སུ༔ སྟོང་ཉིད་ཟག་མེད་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་རང་སྣང་ཤིན་ཏུ་བསྟན་པའི་དབང་རྣམས་བྱིན༔ གསང་བདག་སྐུའི་སྐྱེས་བུར་སྣང་བས་བསྟན་པ་ཐུགས་རིག་པའི་ཀློང་དུ་བསྡུས་སོ༔ དེ་ལྟར་རྒྱལ་བ་སྐུ་བཞིའི་བདག་ཉིད་དེ་རྣམས་ཀྱིས་ཀྱང་འཁོར་རྣམས་ལ་ཆོས་ཐམས་ཅད་ཚིག་དང་བརྡའི་སྒོ་ནས་མ་གསུངས་ཀྱང་ཐུགས་རྗེ་ཆེན་པོ་རང་རིག་པ་ཡེ་ཤེས་ཀྱི་རང་གདངས་འབད་མེད་ལྷུན་གྲུབ་ཏུ་གསལ་བ་ཉིད་ལས་སྟོན་པས་མི་གསུང་བར་གསུང་བ་ན༔ འཁོར་རྣམས་ཀྱིས་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་མངོན་དུ་གྱུར་ཏེ་སྤངས་རྟོགས་ཀྱི་ཡོན་ཏན་དབྱེར་མེད་པར་གྱུར་པའོ༔ དེ་ཉིད་གོ་རྟོགས་དང་སྐལ་བར་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་གཞན་གསུངས་པའི་ཚུལ་ནི༔ སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གང་ལ་གང་འདུལ་གྱི་སྤྲུལ་པ་གྲངས་མེད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ལ༔ བྱེ་བྲག་ཏུ་རིགས་དྲུག་གི་གདུལ་བྱ་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་ཚུལ་གྱིས་འདུལ་བར་མཛད༔ ཁྱད་པར་འཛམ་བུའི་གླིང་འདིར་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ལྷ་དང་མིའི་ཡུལ་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པས་རིམ་པར་དྲང་བར་བྱ་བའི་ཕྱིར་འདུལ་བ་དང་མདོ་སྡེ་དང་མངོན་པ་རྣམས་དང་སྔགས་ཕྱི་པ་ཀྲྀ་ཡ་དང་ཨུ་པ་དང་ཡོ་ག་སོགས་གསུངས་པའོ༔ གཉིས་པ་རིག་འཛིན་རྣམས་ལ་བརྡ་ཡི་བརྒྱུད་པ་ཇི་ལྟར་བྱུང་བ་ནི༔ དང་པོ་ཁོ་ནར་ལྷ་དང་མིའི་ཡུལ་དུ་བྱུང་བའི་ཚུལ་ནི༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར་གསང་སྔགས་ཀྱི་བསྟན་པ་ཕྱིས་འབྱུང་བར་ལུང་བསྟན་ཏེ༔ ང་ནི་འདི་ནས་མི་སྣང་ན༔ ལོ་ནི་བརྒྱད་དང་ཉི་ཤུའི་ཚེ༔ ལྷ་གནས་གསུམ་དུ་གྲགས་པ་ནི༔ བསྟན་པའི་སྙིང་པོ་དམ་པ་ཞིག༔ འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི༔ མི་ལས་སྐལ་ལྡན་རིགས་ཅན་ཏེ༔ རྒྱལ་པོ་ཛཿཞེས་བྱ་བ་ལ༔ སྔོན་ལྟས་བཟང་པོ་སྣང་བར་འགྱུར༔ དྲག་ཤུལ་ཅན་ཞེས་བྱ་བ་ཡི༔ གྲོགས་ཀྱི་སེམས་དཔའ་དམན་པའི་རིགས༔ ལངྐའི་བདག་པོ་ལ་སོགས་པར༔ ལག་ན་རྡོ་རྗེས་སྣང་བར་འགྱུར༔ ཞེས་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས༔ དེ་ནས་བསྟན་པ་བསྐྱེད་རྫོགས་གསུམ་བྱུང་སྟེ༔ ཆོས་མ་ཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛཿལ་རྨི་ལྟས་བདུན་བྱུང་སྟེ་རང་གི་ཁང་སྟེང་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་པ༔ རྩ་བ་རང་མནན་དུ་བྱས་པ་སོགས་གསང་སྔགས་རྒྱུད་སྡེའི་པོ་ཏི་མང་པོ་དང་ཕྱག་རྡོར་གྱི་སྐུ་ཁྲུ་གང་བ་ཞིག་རྙེད་དོ༔ གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཞལ་མཇལ་བྱིན་གྱིས་བརླབས་པས་གླེགས་བམ་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏོ༔ དེས་བདག་པདྨ་ཐོད་ཕྲེང་ལ་བཀའ་པོ་ཏི་གླེགས་བམ་གྱི་དབང་བསྐུར༔ མ་ཧཱ་ཡོ་གའི་ཆོས་ལ་མཁས་པར་གྱུར་པའོ༔ ལུང་ཨ་ནུ་ཡོ་གའི་བྱུང་ཚུལ་ནི༔ ཡང་དུས་དེའི་ཚེ་དམ་པའི་རིགས་ཅན་ལྔས་རི་མ་ལ་ཡའི་རྩེ་མོར་ཕྱོགས་བཅུའི་བུདྡྷ་ཐམས་ཅད་ཡིད་ལ་བྱས་ཏེ༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པའི་གསལ་བྱེད་འོད་ནུབ་ན༔ ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་ཏེ༔ གསང་བའི་བདག་པོ་ཁྱོད་ཉོན་ཅིག༔ སྔོན་གྱི་གོ་ཆ་ཡལ་ལམ་ཅི༔ ལོ་ཀ་སྡུག་བསྔལ་མི་ཤེས་སམ༔ སྙིང་རྗེས་ས་ལ་བབས་ནས་ཀྱང༔ ལོ་ཀའི་གདུང་བ་སེལ་བར་གྱིས༔ ཞེས་བསྐུལ་པས་གསང་བདག་གིས་གསུང་བར་ཞལ་གྱིས་བཞེས་ཏེ༔ ཐོག་མ་མཐའ་མ་མེད་པ་རུ༔ བདག་གིས་དམ་བཅའ་མི་འདོར་བས༔ བསྐུལ་བའི་དུས་ནི་གང་བྱུང་བ༔ བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང༔ ཞེས་གསུངས་ནས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་མདོ་དགོངས་འདུས་ལ་སོགས་གསུངས༔ ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ་ལག་ན་རྡོ་རྗེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་རྒྱུད་དང་མན་ངག་དང་ཕུར་པ་དང་མ་མོའི་རྒྱུད་ལ་སོགས་པ་གསུངས་ཏེ༔ དེ་དག་ཀྱང་པདྨ་ཐོད་ཕྲེང་བདག་ལ་བཀའ་བབས་པའོ༔ ཁྱད་པར་མན་ངག་ཨ་ཏི་ཡོ་གའི་བསྟན་པ་བྱུང་བའི་ཚུལ་ནི༔ རྒྱལ་བ་སྐུ་བཞིའི་དགོངས་པས་བརྒྱུད་པའི་རྗེས་སུ་གསང་སྔགས་བྱུང་ཚུལ་དུས་དྲུག་ལ་བབས་པའི་ཚེ་རྩོལ་མེད་ཨ་ཏིའི་ཐེག་པ་འདི་བྱུང་བ་ཡིན་ཏེ༔ ཉན་ཐོས་རྒྱུ་རྟག་པ་ལ༔ མོས་པའི་མཐུ་ཞན་ལས་ཀྱི་ཚེ་ཐུང༔ བཀའི་དོན་མི་བརྟོན༔ བསྟན་པ་སྙིགས་པས་གྲུབ་མཐའ་ངན་པ་ལ་བསྒྱུར༔ གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན༔ དེ་ཚེ་རིག་པའི་རྣལ་འབྱོར་ཤར༔ ཞེས་པས་ཉན་ཐོས་པ་རྒྱུ་རྟག་པའི་དུས་དང༔ དད་གུས་མེད་ཅིང་ཚེ་ཐུང་བའི་དུས་དང༔ བཀའི་དོན་ཚིག་ཙམ་ལས་ཆེད་དུ་མི་འཛིན་པའི་དུས་དང༔ བསྟན་པའི་སྙིགས་མ་གྲུབ་མཐའ་ངན་པའི་དུས་དང༔ གཉེན་པོས་མི་ནོན་པའི་དུས་དང༔ ཤན་ཕྱེ་ལ་ཟླ་རང་གྲོལ་ཨ་ཏི་འབྱུང་བའི་དུས་དང་དྲུག་སྟེ༔ དུས་དེའི་ཚེ་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དེ་ཝ་བཟང་སྐྱོང་ལ་ཡིད་ལས་སྐྱེས་པའི་བུ་ལྔ་བརྒྱ་ཙམ་ཡོད་པའི་གཅེན་པོ་ཀུན་དགའ་སྙིང་པོ་ཞེས་བྱ་བ༔ སྐྱེས་ཟླ་གཞན་ལས་བློ་གྲོས་དང་རྒྱུ་རྩལ་ཁྱད་པར་འཕགས་པ་ཞིག་བྱུང་སྟེ་བསམ་གཏན་གྱི་ཁང་པ་ན་གཅིག་པོར་སྡོད་ཅིང་རྡོ་རྗེའི་བཟླས་པ་ལ་དགའ་འོ༔ དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ༔ ལྷའི་བུ་དེ་ལ་ཆུ་མོ་གླང་གི་ལོ་རྨི་ལྟས་བཞི་རྨིས་ཏེ་སརྦ་བུདྡྷས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་འོད་ཟེར་ཐུབ་པ་དྲུག་གིས་སེམས་ཅན་ལ་བསྐོར་བ་བྱས་ཏེ་དབུ་གཙུག་ཏུ་ཐིམ་པ་རྨིས༔ གཉིས་པ་ལ་ཚངས་པ་དང༔ ཁྱབ་འཇུག་དང༔ གུ་ལང་གསུམ་གྱུར་མིད་བྱས་པ་རྨིས༔ གསུམ་པ་ལ་ནམ་མཁའི་ཉི་ཟླ་གཉིས་རང་གི་ལག་ཏུ་བྱུང་ནས་ལོ་ཀ་སརྦ་འོད་ཀྱིས་གང་བར་རྨིས༔ བཞི་པ་ལ་ནམ་མཁར་སྤྲིན་རཏྣའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ་རྩི་ཐོག་དང་ནགས་ཚལ་དང་རིན་པོ་ཆེའི་མྱུ་གུ་དང༔ མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པ་རྨིས༔ ནངས་པར་ལྷའི་དབང་པོ་ལ་བཟླས་པས༔ ཀཽའུ་ཤི་ཀས་བསྟོད་པ༔ ཨེ་མ་ཧོ༔ སྙིང་པོ་རྩོད་མེད་བསྟན་པ་འབྱུང་བའི་དུས༔ རྒྱལ་བའི་སྤྲུལ་པ་དུས་གསུམ་བྱང་ཆུབ་སེམས༔ ས་བཅུའི་དབང་ཕྱུག་ལོ་ཀའི་སྒྲོན་མེ་མཆོག༔ ལྷ་གནས་རྒྱན་གྱུར་ཁྱོད་ནི་ངོ་མཚར་ཆེ༔ ཞེས་གསུངས་སོ༔ རྨི་ལམ་དང་པོ་ནི༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལོན་ཏེ་རྒྱལ་ཚབ་བྱེད་པའི་རྟགས་སོ༔ གཉིས་པ་ནི་བདུད་ཐམས་ཅད་དབང་དུ་འདུས་ཤིང་དུག་གསུམ་རྩད་ནས་གཅོད་པའི་རྟགས་སོ༔ གསུམ་པ་ནི་གདུལ་བྱའི་བློ་མུན་སེལ་ཞིང་བསྟན་པའི་སྒྲོན་མེ་བྱེད་པའི་རྟགས་སོ༔ བཞི་པ་ནི་རང་བྱུང་ཨ་ཏིའི་བདུད་རྩིའི་ཆུས་ཉོན་མོངས་པའི་ཚ་གདུང་སེལ་ཞིང་རྩོལ་མེད་འབྲས་བུ་ཨ་ཏིའི་ཐེག་པ་ལྷུན་གྱིས་གྲུབ་པའི་རྟགས་སོ༔ ཡང་དུས་གསུམ་གྱི་བུདྡྷ་ཐམས་ཅད་འདུས་ནས་དཔལ་རྡོ་རྗེ་སེམས་དཔའ་བསྐུལ་ལོ༔ རིན་ཆེན་འཕྲུལ་གྱི་ཐབས་ལྡན་པ༔ གདུལ་བྱའི་གང་འདོད་སྒོ་ཕྱེས་ནས༔ རྩོལ་མེད་དབྱིག་དང་ལྡན་པར་མཛོད༔ ཅེས་བསྐུལ་པས་ཤྲཱི་བཛྲ་སཏྭས་ཐུགས་ཀ་ནས་རིན་པོ་ཆེ་རང་འབར་གྱི་འཁོར་ལོ་ཕྱུང་སྟེ་སེམས་དཔའ་རྡོ་རྗེ་ལ་གཏད་དེ་འདི་སྐད་དོ༔ གཉིས་མེད་ཡེ་ཤེས་གསང་བའི་དོན༔ བྱར་མེད་རྩོལ་མེད་ཡེ་སངས་རྒྱས༔ དབུ་མ་ཆེན་པོར་གྲགས་པའི་ལམ༔ འདུས་པའི་འཁོར་ལ་བསྟན་པར་གྱིས༔ ཞེས་བསྐུལ་པས་སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ༔ བཛྲ་སཏྭ་ནམ་མཁའ་ཆེ༔ ཚིག་སྤྱོད་ཡུལ་མ་ཡིན་པ་ལ༔ བདག་གིས་སྒྲོག་པར་ཤིན་ཏུ་དཀའ༔ མ་རྟོགས་པ་ལ་ཚིག་སྒོ་ནས༔ མཚོན་པས་རྟོགས་པར་བྱ་བའི་ཕྱིར༔ ཅི་རིགས་པ་ཡི་རྣལ་འབྱོར་སྒྲོལ༔ ཞེས་ཞལ་གྱིས་འཆེས་ནས༔ དེའི་ཚེ་ཕྱག་ན་རྡོ་རྗེ་ལ༔ ཤར་ཕྱོགས་སུ་རྡོ་རྗེ་རྣམ་པའི་ཞིང་དུ་དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ལ་སོགས་པ་རྡོ་རྗེའི་རིགས་རྣམས་དང༔ ལྷོ་ཕྱོགས་ལོ་ཀའི་ཁམས་རིན་ཆེན་སྣང་བར་ཏ་ཐཱ་ག་ཏ་རིན་ཆེན་ཞབས་ལ་སོགས་པ་རཏྣའི་རིགས་རྣམས་དང༔ ནུབ་ཕྱོགས་པདྨ་བརྩེགས་པར་བྷ་ག་ཝཱན་པདྨའི་འོད་ལ་སོགས་པ་པདྨའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་དང༔ བྱང་ཕྱོགས་རྣམ་དག་གྲུབ་པར་ཏ་ཐཱ་ག་ཏ་གྲུབ་པར་སྣང་བ་ལ་སོགས་པ་ལས་ཀྱི་རིགས་མཐའ་ཡས་པ་དང༔ དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་སུ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་སོགས་དེ་བཞིན་རིགས་ཀྱི་རྒྱལ་བ་མང་པོ་རྣམས་ལས༔ རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་རང་བྱུང་གི་དགོངས་པ་རྒྱུ་འབྲས་ལས་འདས་པའི་ཆོས་ཨ་ཏི་ཡོ་གའི་དོན་རྣམས་སྒྲོ་འདོགས་བཅད་ཅིང་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་བླངས་ནས༔ སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེའི་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་དབུས་ཁང་ན༔ ལྷའི་བུ་སེམས་ལྷག་ཅན་ཡོད་པ་དེ་ལས་དང་སྐལ་པར་ལྡན་པ་མཁྱེན་ཏེ་མདུན་དུ་བྱོན་སྲོག་ཤིང་རྡོ་རྗེ་རྩེ་དགུ་པའི་སྟེང་དུ་རིན་པོ་ཆེ་འབར་བའི་ཁྲིའི་ཁར་ཕྱག་ན་རྡོ་རྗེ་བཞུགས༔ རཏྣ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ༔ ལྷ་རྫས་ཀྱི་མཆོད་པ་མང་པོས་མཆོད་དེ༔ སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུག་རྫོགས་པའི་དབང་བརྡའི་སྒོ་ནས་བསྐུར༔ མན་ངག་འཕྲུལ་གྱི་ལུང་བཅུ་ཕོག༔ གཞན་ཡང་དབང་བདུན་དང་མན་ངག་ལྔ་དང་ཏནྟྲ་དང་མན་ངག་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ༔ རྨད་བྱུང་བསྟན་པའི་སྙིང་པོ་འདི༔ ལྷ་གནས་གསུམ་དུ་གྲགས་གྱུར་ནས༔ ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས༔ འཛམ་གླིང་དབུས་སུ་རྒྱས་པར་ཤོག༔ ཅེས་གསུངས་ཏེ་བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་གྱུར་ཏོ༔ དེ་ནས་མིའི་ཡུལ་དུ་བྱུང་བའི་ལོ་རྒྱུས་ནི༔ རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོ་མའི་ཡུལ༔ དྷ་ན་ཀོ་ཤའི་གླིང༔ མཚོ་ཀུ་ཏྲའི་འགྲམ་རྡོ་རྗེ་གླིང་ཕུག་གི་གནས༔ མེ་ཏོག་བཀྲ་བའི་ཚལ༔ ཉམས་དགའ་བ་དེ་ན༔ ཡབ་རྒྱལ་པོ་ཨུ་པ་རཱ་ཙ་དང་ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་མཚན་དང་ལྡན་པ༔ དགེ་སེམས་དང་བྱང་སེམས་ལྷག་པར་ཆེ་བ༔ གཡོ་སྒྱུ་དང་བག་མེད་པ་སྤངས་ཏེ་རབ་ཏུ་བྱུང་བ་དགེ་སློང་མའི་ཁྲིམས་སྐྱོན་བྲལ་རྣམ་པར་དག་པ་བསྲུང་ཞིང་དགེ་སློང་མ་ལྔ་བརྒྱའི་འཁོར་དང་བཅས་གནས་པ་ལ༔ ཤིང་མོ་གླང་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རེངས་རྨི་ལམ་ན༔ ཏ་ཐཱ་ག་ཏ་ཐམས་ཅད་ལས་འོད་ཟེར་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ་ཉི་མ་སྤྱི་བོ་ནས་མར་ཐིམ༔ ཟླ་བ་རྐང་མཐིལ་ནས་ཡར་ཐིམ་པ་རྨིས༔ ནངས་པར་རྟོག་པ་སྐྱེས་ཏེ་མཚོ་ཀུ་ཏྲའི་འགྲམ་དུ་ཁྲུས་བྱས་ནས་འདུག་པ་ལ་ཕྱག་ན་རྡོ་རྗེ་བྱའི་རྒྱལ་པོ་ངང་པ་ཞིག་ཏུ་སྤྲུལ་ནས་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་སྤྲུལ་པ་ལ་ངང་པ་བཞིར་སྤྲུལ༔ ནམ་མཁའ་ལས་བབས་ཏེ་ཁྲུས་བྱས་ནས་སླར་མཁའ་ལ་འཕུར་བ་གསང་བདག་གི་སྤྲུལ་པའི་ཐུགས་སྲས་མོའི་ཐུགས་ཀར་ཆགས་ཏེ་མཆུ་ལན་གསུམ་དུ་གཏུགས་ནས་ཧཱུྃ་འོད་འབར་བ་གཅིག་ཐུགས་ཀར་བསྟིམས་ཏེ་འཕུར་སོང་ངོ༔ དེར་མོ་ཡ་མཚན་སྐྱེས་ཏེ་ཡབ་དང་འཁོར་རྣམས་ལ་ལོ་རྒྱུས་རྣམས་བསྙད་པས་ཡབ་རྒྱལ་པོ་ཡ་མཚན་ཞིང་དགྱེས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་འབྱུང་ངམ་གསུང་བྱ་དགའ་དང་རིམ་གྲོ་ཆེར་མཛད་དེ༔ དེར་སྦྲུམ་པའི་རྣམ་པ་མེད་པར་ལོ་དུས་ན་ཐུགས་ཀ་ནས་རྡོ་རྗེ་རྩེ་དགུ་འོད་འབར་བ་གཅིག་བྱུང་སྟེ་དེ་ཞུ་བ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ་ཕྱག་གཡས་པ་རྡོ་རྗེ་དང་གཡོན་པ་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ༔ དེར་ཐམས་ཅད་དགྱེས་ཏེ་བྲམ་ཟེ་མཚན་མཁན་ལ་མཚན་བསྟན་པས་བྲམ་ཟེ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ༔ འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོ་ཞིག་འབྱུང་བར་འདུག་ཟེར་རོ༔ ཐམས་ཅད་དགའ་བའི་རབ་ཏུ་གྱུར་ཅིང་ཕྱག་མཚན་རྡོ་རྗེ་བསྣམས་པས་མཚན་ཡང་དགའ་རབ་རྡོ་རྗེ་ཞེས་བཏགས་སོ༔ ཀུན་དགྱེས་པར་གྱུར་པས་དགྱེས་པ་རྡོ་རྗེ༔ བཞད་པས་བཞད་པ་རྡོ་རྗེར་བཏགས༔ རྒྱལ་སྲིད་བཟུང་བ་ལས་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ཏེ་རྒྱལ་ཐབས་སྤྱི་བླུགས་རྫོགས་པ་ལ་སོགས་པའི་དབང་རྣམས་བསྐུར༔ ལྷོ་ནུབ་ངམ་ཤོད་གླིང་གི་དུར་ཁྲོད་ནས་སྤུ་ར་རྣམ་པ་གསུམ་བཀུག་དབང་བསྐུར་དམ་ལ་བཏགས༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་དང་མན་ངག་ཐམས་ཅད་དུས་སྐད་ཅིག་ལ་རྫོགས་པར་གཏད༔ དགའ་རབ་རྡོ་རྗེ་ཉིད་ལ་བསྟན་པའི་བདག་པོར་དབང་བསྐུར༔ དམ་ཅན་རྣམས་ལ་གྲོགས་མཛོད་ཅིག༔ བསྟན་པའི་སྲུང་མར་གཉེར་གཏད་ཅིང་བསྐོས་སོ༔ དེར་དགའ་རབ་རྡོ་རྗེ་ཉིད་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་སྐད་ཅིག་གིས་སངས་རྒྱས་སོ༔ དེ་དུས་ན་ཕ་བྲམ་ཟེ་བདེ་སྐྱོང་དང་མ་བྲམ་ཟེ་ཀུ་ཧ་ན་གཉིས་ལ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་བུ་ཁྱེའུ་ཆུང་མཚན་དང་བློ་གྲོས་དང་ལྡན་པ་ཞིག་བཙས་ཏེ་བྲམ་ཟེ་སྙིང་པོ་གྲུབ་པའམ་བདེ་མཆོག་སྙིང་པོ་ཞེས་བྱ་བ་ཕྱིས་རབ་ཏུ་བྱུང་སྟེ་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཆོག་ཏུ་གྱུར་པ་དེ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ༔ འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་མཚོ་ཀུ་ཏྲའི་འགྲམ་དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་དབུས་རྡོ་རྗེ་གླིང་ཕུག་གི་གནས་ན་རྡོ་རྗེ་སེམས་དཔའི་སྤྲུལ་པ༔ སངས་རྒྱས་ཐམས་ཅད་ཀྱི་རྩོལ་མེད་བསྟན་པའི་བདག་པོ༔ རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་པ༔ སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཀྱི་ཁྱོད་དེར་སོང་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་དུ་འཚང་རྒྱ་བའི་ཆོས་ལོངས་ལ་སྤྲུལ་པའི་སྡུད་པ་པོ་ཡང་གྱིས་ཤིག༔ ཅེས་ལུང་བསྟན་པར་གྱུར༔ དེའི་པཎྜི་ཏ་རྣམས་ལ་རྒྱུ་འབྲས་ལས་འདས་པའི་ཆོས་སུན་དབྱུང་བར་བགྲོས་པས་སྙིང་པོ་གྲུབ་པ་དང་ཐུ་བོ་རཱ་ཛ་ཧ་ཏི་ལ་སོགས་པ་བདུན་གྱིས་ཨོ་རྒྱན་གྱི་གནས་བགྲོད་དཀའ་བར་བྱོན་ཏེ༔ རྒྱུ་དང་འབྲས་བུ་གསང་སྔགས་ཕྱི་ནང་གི་ཆོས་ལ་རྩོད་ཅིང་བགྲོ་གླེང་བྱས་པ་ལ༔ དགའ་རབ་རྡོ་རྗེ་རྣམ་པ་ཀུན་ཏུ་རྒྱལ་བར་གྱུར་ཏེ༔ དེར་བདེ་མཆོག་སྙིང་པོས་གྲོགས་རྣམས་ལ་དྲིས་པ་སྤྲུལ་པའི་སྐུ་ལ་རྒྱུ་འབྲས་ལས་འདས་པའི་ཆོས་ཞུའམ་དྲིས་པས་ཐུ་བོ་རཱ་ཛ་ཧ་ཏི་ནི་ཞུ་བར་སྙམ་ཡང་འོ་ཀོལ་གྱིས་བརྙས་པ་བྱས་པ་ལ་ཞུ་བར་མི་སྤོབས་ཟེར༔ ལ་ལ་ནི་འོ་ཅག་ཀྱང་ངེས་པར་འགྱུར་བ་ལགས་ཞུ་འོ་ཟེར་བཤགས་པ་བྱ་བར་བགྲོས་ཏེ་ལ་ལས་ནི་ཕྱག་དང་བསྐོར་བ་བྱས༔ ལ་ལས་ནི་ངུ་བཞིན་མཆི་ལ་ཕྱུང༔ འཇམ་དཔལ་བཤེས་གཉེན་གྱིས་ཕྱག་བཙལ་ནས་སྨྲེ་སྔགས་བཏོན༔ སྤྲུལ་པའི་སྐུ་ལ་བདག་གིས་བརྙས་པ་ཤོར༔ རྩོད་པའི་ཚིག་མང་པོ་བྱུང་རྒྱལ་དུ་སྨྲས་པ་ལ་རང་གི་ལྕེ་འདི་བཅད་ལ་བཤགས་པ་བྱ་དགོས་སྙམ་སྤུ་གྲི་བཙལ་བ་ན༔ སྤྲུལ་པའི་སྐུས་མཁྱེན་ཏེ༔ ཚངས་པའི་དབྱངས་ཀྱིས་བཀའ་བསྩལ་པ༔ མཉམ་ཉིད་ཕྱོགས་བྲལ་ལྷུན་རྫོགས་བདེ་བ་ཆེ༔ ཆོས་རྣམས་རང་རིག་སྐྱེ་མེད་མཐའ་བྲལ་ལ༔ འགྲོ་དྲུག་འཁྲུལ་པ་རང་ཡུལ་ཞེན་པས་བཅིངས༔ མུ་སྟེགས་རྟག་ཆད་མཐའ་མཚོན་ལོག་པར་ཞུགས༔ ཐེག་བརྒྱད་རང་གཞན་གཉིས་བཟུང་འདི་ཡིན་གྱི༔ ཕྱོགས་རིས་ཞེ་འདོད་གྲུབ་མཐའི་དབྱིབས་ལ་ཞེན༔ མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད༔ རང་ལ་ཡོད་བཞག་མེད་པ་གཞན་དུ་འཚོལ༔ ལྷུན་གནས་བདེ་བའི་རྩོལ་བ་དང་དུ་ལོངས༔ རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས༔ དོན་མཆོག་མ་རྟོགས་རྟོགས་ཞེས་ཕྱོགས་ལྟ་བ༔ འདི་ཡིན་ཐང་ཆད་ཡུས་རྒྱས་སྙིང་རེ་རྗེ༔ དེ་བས་ཕྱོགས་མེད་ཞེན་པའི་རྭ་ཆོག་ལ༔ མཉམ་ཉིད་ཕྱོགས་བྲལ་བདེ་བའི་ལམ་ལ་ཞུགས༔ ཡང་དག་དོན་ལ་ཤེས་བྱ་ཤེས་བྱེད་སོགས༔ བྱ་རྩོལ་བྲལ་བའི་མཉམ་ཉིད་ཀློང་དུ་བཤགས༔ ཞེས་གསུངས་ཏེ་ཁྱོད་ཀྱི་ལྕེ་བཅད་པས་སྡིག་པ་མི་འདག་གི༔ རྒྱུ་འབྲས་ཀྱི་ཆོས་ལས་ཁྱད་པར་འཕགས་པའི་ཆོས་ཤིག་རྩོམས་ཤིག༔ དེས་འདག་པར་འགྱུར་རོ༔ ཞེས་གསུངས་ཏེ་ལས་དང་སྐལ་བར་མི་ལྡན་པ་རྣམས་ནི་སླར་ལོག༔ འཇམ་དཔལ་བཤེས་གཉེན་ནི་བརྡ་བསྟན་པ་ཙམ་ལ་སྐད་ཅིག་གིས་རྟོགས་པས་ཆོས་ཐམས་ཅད་ཁོང་དུ་ཆུད༔ བསྟན་པ་ཡོངས་སུ་རྫོགས་ཕྱིར་རྒྱལ་ཐབས་སྤྱི་བླུག་གི་དབང་བསྐུར༔ ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པ་གཏད༔ འཇམ་དཔལ་བཤེས་གཉེན་ཞེས་མཚན་བཏགས༔ དེ་ནས་སྤྲུལ་སྐུ་དགའ་རབ་རྡོ་རྗེས་གདམས་པའི་དོན་རྣམས་བྲིས་ནས་བཀའ་བསྩལ་པ༔ སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ༔ སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ༔ ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས༔ དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན༔ ཞེས་གསུངས་སོ༔ དེར་འཇམ་དཔལ་བཤེས་གཉེན་གྱིས་རྟོགས་པའི་དོན་ཁོང་དུ་ཆུད་ནས་རྟོགས་པ་བརྗོད་པ༔ བདག་ནི་འཇམ་དཔལ་བཤེས་གཉེན་ཏེ༔ གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ༔ འཁོར་འདས་མཉམ་པ་ཆེན་པོར་རྟོགས༔ སརྦ་ཛྙཱ་ན་ཡེ་ཤེས་ཤར༔ ཞེས་གསུངས༔ བྱང་སེམས་རྡོ་ལ་གསེར་ཞུན་བཤགས་པར་བརྩམས༔ སྤྲུལ་པའི་བཀའི་སྡུད་པ་པོ་ཡང་མཛད༔ གཞན་ཡང་དགའ་རབ་དངོས་དང་མཇལ་བ་ནི༔ རཱ་ཛ་དྷ་ཧེ་ན་ཏ་ལ༔ སྲས་ཐུ་བོ་རཱ་ཛ༔ སྲས་མོ་མེ་ཏོག་གསལ༔ ཀླུའི་རྒྱལ་པོ་འཇོག་པོ༔ གནོད་སྦྱིན་མ་བྱང་ཆུབ་མ༔ ཀུ་ཀུ་རཱ་ཛ་སྔ་མ་རྣམས་ཀྱིས་མཇལ་ཞིང་ཕྱི་མ་རྣམས་ལ་རིམ་པར་གསུངས་སོ༔ དེ་རྣམས་ལས་ཁྱད་པར་གྱི་བརྒྱུད་པའི་བཀའ་བབས་པ་ནི༔ འཇམ་དཔལ་བཤེས་གཉེན་ལ་ཤྲཱི་སེང་ཧས་ཞུས་ཏེ་དེ་ཡང་རྒྱ་ནག་ཤོ་ཤའི་གླིང་དུ་ཡབ་དགེ་ལྡན་དང་ཡུམ་སྣང་གསལ་མའི་སྲས་སུ་འཁྲུངས༔ སློབ་དཔོན་ཧ་ཏི་བྷ་ལ་ལ་སྒྲ་ཚད་རྩིས་སོགས་རིག་གནས་ལྔ་ལ་མཁས་པར་སྦྱངས༔ ལོ་ཉི་ཤུ་རྩ་ལྔ་ལ་ཟབ་མོ་ཨ་ཏིའི་གདམས་པ་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་ཞུས་ཏེ་སྤྲོས་བྲལ་མཆོག་གི་རྟོགས་པ་མངོན་དུ་གྱུར་ནས་བཀའ་རྣམས་བསྡུས་སོ༔ ཁྱད་པར་དུ་འཕགས་པའི་བརྒྱུད་པ་སྐོར་གསུམ་སྟེ༔ ཤན་འབྱེད་བྲམ་ཟེའི་སྐོར༔ ལ་ཟློ་རྒྱལ་པོའི་སྐོར༔ རང་གྲོལ་མངོན་སུམ་སྟོན་པ་མན་ངག་གི་སྐོར་དང་གསུམ༔ དེ་རྣམས་ལ་རིག་འཛིན་རིག་པའི་བརྒྱུད་པའོ༔ བརྡ་ཙམ་བསྟན་པས་དོན་དགོངས་པ་བརྡའི་བརྒྱུད་པའོ༔ དེ་ལྟར་རྒྱལ་སྲས་ལྷའི་བུ་ལས་ལྷའི་ཡུལ་དུ་དར༔ ནཱ་ག་སང་ཏྲི་ཏ་ཞེས་པ་ལས་འོག་ཀླུའི་ཡུལ་དང༔ གནོད་སྦྱིན་མ་བྱང་ཆུབ་མ་ལས་གནོད་སྦྱིན་གྱི་ཡུལ་རྣམས་སུའང་ཅུང་ཟད་དར་རོ༔ དེ་དག་གི་ཡུལ་ཁམས་རྣམས་སུ་རིག་པ་འཛིན་པའི་ས་ཐོབ་པ་མང་དུ་བྱུང་ངོ༔ དེ་ནས་བོད་ཀྱི་ཡུལ་འདིར་སྙིང་པོའི་བསྟན་པ་འདི་བྱུང་བའི་ཚུལ་ནི་གསུམ་སྟེ༔ དབུ་བརྙེས་པ་དང༔ སྲོལ་བཏོད་པ་དང༔ དར་ཞིང་རྒྱས་པ་གསུམ་ལས༔ རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་རྒྱལ་རབས་མང་ཞིག་སོང་བ་ན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་སྐུའི་རྟེན་ཚིནྡྷ་མ་ཎིའི་སྐུ་དང༔ གསུང་གི་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ༔ སྔགས་ཀྱི་རྟེན་སྤང་སྐོང་ཕྱག་རྒྱ་པ་རྣམས་དང༔ ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་རྣམས་བྱུང་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་སོ༔ དེ་ནས་འཕགས་པ་ལོ་ཀེ་ཤྭ་རའི་སྤྲུལ་པ་སྲོང་བཙན་སྒམ་པོ་བྱུང་སྟེ་མཐའ་འདུལ་ཡང་འདུལ་དང་ལྷ་སའི་གཙུག་ལག་ཁང་བཏབ༔ ཇོ་བོ་རྣམས་གཉིས་སྤྱན་དྲངས༔ ཐོན་མི་སམྦྷོ་ཊས་མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པའི་འགྱུར་འགོ་བཙུགས་ཏེ་བསྟན་པའི་སྲོལ་བཏོད་པའོ༔ རྒྱལ་པོ་འདི་གཉིས་ནི་བོད་ཁམས་སྤྱི་ལ་སྐུ་དྲིན་ཆེ་ན་ཡང་སྙིང་པོ་མན་ངག་གི་ཆོས་འདི་ནི་དུས་དེར་མ་བྱུང་ངོ༔ དེ་ནས་བསྟན་པ་དར་ཞིང་རྒྱས་པའི་ཚུལ་ནི་འཕགས་པ་འཇམ་དཔལ་གྱི་རྣམ་པར་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱུང་སྟེ་དགུང་ལོ་བཅུ་གསུམ་ལ་ཡབ་གཤེགས༔ བཅུ་བདུན་གྱི་བར་དུ་ངམ་རྟ་ར་ཀླུ་གོང་དང་ལྷ་བཟང་ཀླུ་དཔལ་ལ་སོགས་དང་བགྲོས་ནས་དམག་དང་ཇག་གི་སྒོ་ནས་བཏུལ་པས་ཡུལ་ཁམས་མང་པོ་མངའ་འོག་ཏུ་ཆུག༔ དེ་ནས་བསམ་པ་རྙེད་དེ་ཡབ་མེས་ཀྱི་ལུགས་ཀྱི་སྲོལ་གཟུང་ལ་དམ་པའི་ཆོས་ཀྱི་བསྟན་པ་འཛུགས་པར་བསམས་ཏེ༔ དེ་ཡང་སྐུའི་རྟེན་དུ་གཙུག་ལག་ཁང་བརྩིག༔ གསུང་གི་རྟེན་དུ་དམ་པའི་ཆོས་བསྒྱུར༔ ཐུགས་ཀྱི་རྟེན་དུ་དགེ་འདུན་གྱི་སྡེ་འཛུགས་དགོས་སྙམ་ནས་རྗེ་བློན་གྲོས་བྱས་པས་གཙུག་ལག་ཁང་རྩིག་པར་ཁ་འཆམ་སྟེ་ས་འདུལ་བའི་སློབ་དཔོན་བཙལ་བས་ཟ་ཧོར་གྱི་ཡུལ་ནས་མཁན་པོ་བོ་དྷི་སཏྭ་རྙེད་དེ་སྤྱན་དྲངས༔ ས་བཏུལ་ཡང་ཨཱརྱ་པཱ་ལོའི་གླིང་ན་ཀླུ་གནས་པའི་སེ་ཕུང་ཞིག་ཡོད་པ་གཅོད་པར་ཤེས་ནས་ཀླུ་དེས་ལྷ་འདྲེ་ཐམས་ཅད་ར་མདར་སློག༔ དགེ་བསྙེན་ཉེར་གཅིག་དང་གནོད་སྦྱིན་མི་མ་ཡིན་རྣམས་ཀྱིས་དམག་དཔུང་བསྡུས༔ ཉིན་བཞིན་དུ་མིས་བརྩིགས་པ་རྣམས་མཚན་མོ་ལྷ་འདྲེས་བཤིག་སྟེ་ས་རྡོ་ཐམས་ཅད་རང་གནས་སུ་བསྐྱལ༔ དེར་རྒྱལ་པོས་མཁན་པོ་ལ་འདི་ལྟར་ཡོང་བ་བདག་རྒྱལ་པོ་སྒྲིབ་པ་ཆེས་སམ་མཁན་པོས་བྱིན་གྱིས་མ་བརླབས་སམ་བསམ་པ་མི་འགྲུབ་པ་ལགས་སམ་ཞེས་ཞུས་པས༔ མཁན་པོའི་ཞལ་ནས་བདག་བྱང་ཆུབ་ཀྱི་སེམས་འབྱོངས་ཀྱང་ལྷ་འདྲེ་རྣམས་ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་པར་འདུག༔ ད་ལྟ་རྒྱ་གར་རྡོ་རྗེ་གདན་ན་ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ་སྐུ་རྫུས་སྐྱེས་སུ་འཁྲུངས་པ་རིགས་པའི་གནས་ལྔ་ལ་མཁས་པ༔ དོན་དམ་གྱི་རྩལ་འབྱོངས་པ༔ མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ༔ བདུད་བཅོམ་སྡེ་བརྒྱད་བྲན་དུ་འཁོལ་པ༔ ལྷ་འདྲེ་ཐམས་ཅད་འདར་ཞིང་འབྱུང་པོ་འདུལ་བ་ཞིག་བཞུགས་པས་སྤྱན་དྲངས་ན་ལྷ་འདྲེ་ཐམས་ཅད་འཁུ་མི་ནུས་ཏེ་རྒྱལ་པོའི་ཐུགས་དགོངས་མཐར་ཕྱིན་པར་འགྱུར་རོ་གསུངས༔ རྒྱལ་པོས་དེ་འདྲ་སྤྱན་མི་འདྲོང་ཞུས་པས་སྔོན་གྱི་སྨོན་ལམ་ཡོད་པས་སྤྱན་འདྲོང་ཞེས་བལ་ཡུལ་དུ་བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་ལ་རྟ་རྫི་ཕག་རྫི་ཁྱི་རྫི་བྱ་རྫི་བཞིར་གྱུར་ནས་སྨོན་ལམ་བཏབ་པའི་ལོ་རྒྱུས་རྣམས་གསུངས་སོ༔ དེ་ནས་སྦ་ཁྲི་ཤེར༔ རྡོ་རྗེ་བདུད་འཇོམས༔ མཆིམས་ཤཱཀྱ་པྲ་བྷ༔ ཤུད་བུ་དཔལ་གྱི་སེང་གེ་རྣམས་ལ་གསེར་ཕྱེ་བྲེ་རེ༔ གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་ལ་བརྫངས༔ དེ་རྣམས་ཀྱིས་སློབ་དཔོན་བོད་ཡུལ་དུ་གཙུག་ལག་ཁང་གི་ས་གཞི་བྱིན་གྱིས་བརླབ་པར་འབྱོན་དགོས་པའི་ཞུ་བ་ཕུལ་བས་ཞལ་གྱིས་བཞེས༔ རིམ་བཞིན་གདན་བསྐྱོད་ནས་ལམ་དུ་བསྟན་མ་བཅུ་གཉིས༔ སྐྱོང་མ་བཅུ་གཉིས༔ དགེ་བསྙེན་ཉེར་གཅིག་ལ་སོགས་པ་བོད་ཡུལ་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བྲག་དམར་དུ་ཕེབས༔ གཙུག་ལག་ཁང་གི་ས་བཏུལ་ཏེ་བསམ་ཡས་ལྷུན་གྱིས་གྲུབ་པའི་དབུ་རྩེ་རིགས་གསུམ༔ གླིང་བཞི་གླིང་ཕྲན༔ ཉི་མ་ཟླ་བ༔ ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་བཞེངས༔ མཁན་པོ་དང་སློབ་དཔོན་པདྨ༔ བི་མ་ལ་མི་ཏྲ་གསུམ་གྱིས་རབ་གནས་ཀྱི་མེ་ཏོག་ལན་གསུམ་་གཏོར༔ ངོ་མཚར་གྱི་ལྟས་དང་ཆོ་འཕྲུལ་མང་དུ་བྱུང༔ དེ་ནས་མཁན་པོས་འདུལ་བ་དང་མདོ་ལུགས་ཀྱི་སྲོལ་བཟུང༔ སློབ་དཔོན་པདྨ་དང་བི་མ་ལ་མི་ཏྲས་སྔགས་ཀྱི་བསྟན་པ་བཙུགས༔ དབང་རྒྱུད་མན་ངག་བསྐྱེད་རྫོགས་ཀྱི་ཉམས་ལེན་སྲོལ་བཟུང༔ བཤད་གྲྭ་དང་སྒོམ་གྲྭ་བཙུགས༔ མདོ་སྔགས་ཀྱི་བསྟན་པས་བོད་ཁམས་ཁྱབ་པར་མཛད་དོ༔ དུས་དེར་མངའ་བདག་གི་བསམ་པ་ལ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ནི་བཟོད་པར་དཀའ་ཡང་སེམས་ཅན་ཉོན་མོངས་པའི་དབང་གིས་ལས་ངན་བསགས་པས་རྟག་པར་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མི་བཟད་པ་མྱོང་དགོས་པ་འདུག༔ ད་ལྟ་མི་ལུས་ཐོབ་པའི་དུས་འདིར་འབད་པ་ཆེན་པོས་དམ་པའི་ཆོས་སྤྱད་ལ་ཐར་པའི་སར་སྙོག་དགོས་འདུག་ཅིང༔ དེས་ན་མཁན་སློབ་ཁྱད་པར་འཕགས་པ་རྣམས་དང་མཇལ༔ ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ཐོབ༔ དགེ་བའི་ལས་ལམ་འགའ་ཞིག་སྔོན་དུ་བྱས་ཀྱང་ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་པོར་སྐྱེས་པས་ཚེ་འདིར་རྣམ་པར་གཡེང་བ་འབའ་ཞིག་གིས་ཡེངས་ནས་དལ་འབྱོར་མདོ་མེད་སྟོང་ལོག་ཏུ་སོང་ན་ཅི་བྱ༔ ཚེ་འདིར་ལས་འབྲས་ལ་སྤང་བླང་དང་དགེ་སྡིག་གི་འདོར་ལེན་ཡང་མི་ནུས་ལ༔ ཡུན་རིང་པོར་སྒོམ་སྒྲུབ་ཉམས་ལེན་རྣམས་ཀྱང་བྱ་ལོང་མེད་པར་ཞེ་རེ་འཇིགས༔ དེ་བས་ན་གསང་སྔགས་ཟབ་མོའི་ནང་ནས་ཡང་ཟབ་གནད་ཀྱི་མན་ངག་ཅིག་ཞུས་ན་ཐར་པའི་སྐབས་འགའ་འགྱུར་སྲིད་དམ་སྙམ་ནས་སློབ་དཔོན་པདྨ་དང༔ བི་མ་ལ་མི་ཏྲ་དང༔ བཻ་རོ་ཙ་ན་རྣམས་སྤྱན་དྲངས་ཏེ་དབུ་རྩེ་རིགས་གསུམ་གྱི་ཤར་ཕྱོགས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟ་འོག་གི་འབོལ་བཤམས་པ་ལ་རིམ་པར་བཞུགས་སུ་གསོལ་ཏེ༔ གསེར་དང་དངུལ་དང་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ཕུལ༔ ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་བཏབ་པ༔ ཀྱེ་མ་མ་ཧཱ་གུ་རུ་སྤྲུལ་པའི་སྐུ༔ ཨོ་རྒྱན་ཡུལ་གྱི་པདྨ་སཾ་བྷ་དང༔ རྒྱ་གར་མཁས་པ་བི་མ་མི་ཏྲ་དང༔ བོད་ཀྱི་ལོ་ཙཱ་བཻ་རོ་ཙ་ན་སྟེ༔ སློབ་དཔོན་ཁྱད་འཕགས་དམ་པ་རྣམ་གསུམ་ལ༔ འདི་ཕྱི་བར་མ་དོ་རུ་གཅེས་པ་ཡི༔ དགོས་པ་མཆོག་ཅིག་ཞུ་བས་སྐབས་དབྱེ་འཚལ༔ བདག་འདྲ་མཐའ་འཁོབ་བོད་ཀྱི་རྒྱལ་པོར་སྐྱེས༔ ཚེ་འདིར་འདོད་ཡོན་ལོངས་སྤྱོད་བསམ་ཡས་ཀྱང༔ མྱུར་དུ་མི་རྟག་འཆི་བའི་དུས་བྱུང་ཚེ༔ སྲིད་པའི་བདེ་འབྱོར་སྙན་གྲགས་འཁོར་འདབས་དང༔ ཡོད་དགུ་བཞག་ནས་གཅིག་པོར་འགྲོ་དགོས་ཏེ༔ རྒྱུས་མེད་ངེས་མེད་བར་དོའི་འཕྲང་ལ་འགྲོ༔ རྟིང་མ་འཁོར་བ་ངན་སོང་སྡུག་བསྔལ་མྱོང༔ བཟོད་པར་དཀའ་ཡང་ཐར་པའི་གོ་སྐབས་མེད༔ དེ་ལས་སྐྱོབ་བྱེད་དམ་པའི་ཆོས་ཤིག་ཞུ༔ རིང་པོའི་ལམ་གྱིས་བྱང་ཆུབ་འགྲུབ་པ་དཀའ༔ རྒྱུ་འབྲས་སྤང་བླང་ཚུལ་བཞིན་བྱེད་པ་དཀའ༔ འདོད་ཡོན་ལོངས་སྤྱོད་སྲེད་པ་སྤང་བ་དཀའ༔ དཀའ་ཚེགས་མེད་པར་འགྲུབ་པའི་ཆོས་ཤིག་ཞུ༔ འཁོར་བའི་རྒྱུ་ནི་དུག་ལྔ་དུག་གསུམ་སྟེ༔ དེ་ཡི་བདེ་བ་དག་ཀྱང་ངན་འགྲོའི་རྒྱུ༔ བདེ་འགྲོར་སྐྱེས་ཀྱང་མི་རྟག་སྙིང་པོ་མེད༔ མ་ནོར་ལམ་མཆོག་བདག་ལ་བསྟན་དུ་གསོལ༔ ཞེས་གསོལ་བ་བཏབ་པ་དང༔ ཡང་ཇོ་མོ་མཁར་ཆེན་བཟས་རིན་པོ་ཆེའི་མེ་ལོང་ལ་གསེར་གཡུའི་ཕྲ་བཀོད་པ་ཕུལ་ནས་གསོལ་བ༔ ཨེ་མ་རྒྱལ་བའི་རྣམ་སྤྲུལ་ངོ་མཚར་ཅན༔ མཆོག་གི་སྤྲུལ་པ་པདྨ་འབྱུང་གནས་དང༔ པཎ་ཆེན་མཚུངས་མེད་བི་མ་མི་ཏྲ་དང༔ སྒྲ་བསྒྱུར་རྩོད་མེད་བཻ་རོ་ཙ་ན་ལ༔ རབ་གུས་ཡིད་ཀྱིས་རྟག་པར་གསོལ་བ་འདེབས༔ རིག་འཛིན་གསུམ་གྱིས་བདག་ལ་བྱིན་གྱིས་རློབས༔ མངའ་བདག་རྒྱལ་པོས་ཇི་སྐད་གསོལ་བཏབ་ལྟར༔ མ་འོངས་སྐལ་ལྡན་རྗེས་འཇུག་དོན་ཕྱིར་དང༔ ད་ལྟའི་རྗེ་འབངས་འགྲོ་བ་སྐྱོབ་པའི་ཕྱིར༔ མན་ངག་སྙིང་པོ་རྩོལ་མེད་རྫོགས་པ་ཆེ༔ གོ་རིམ་མ་འཁྲུགས་མ་གབ་མ་སྦས་པ༔ བདག་ཅག་རྣམས་ལ་སྩོལ་ཅིག་ཐུགས་རྗེའི་བདག༔ ཅེས་གསོལ་བ་བཏབ་པ་དང་མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཨེ་མ་གསོན་དང་རྒྱལ་བློན་རྣམས༔ བདག་འདྲ་པདྨ་ཐོད་ཕྲེང་རྩལ༔ སྣང་བ་མཐའ་ཡས་བྱིན་རླབས་ལས༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་སྐུ༔ ནུབ་ཕྱོགས་ཨོ་རྒྱན་དྷཱ་ཀའི་གླིང༔ དྷ་ན་ཀོ་ཤའི་མཚོ་དབུས་སུ༔ མདངས་ལྡན་པདྨའི་སྡོང་པོ་ལས༔ རང་བྱུང་རིག་པའི་ཤུགས་ཀྱིས་བྱུང༔ རྒྱ་གར་ཡུལ་གྱི་མཁས་པ་ནི༔ ཤཱཀྱ་པྲ་བྷ་ལས་རབ་བྱུང༔ དགའ་རབ་འཇམ་དཔལ་བཤེས་གཉེན་དང༔ ཤྲཱི་སེང་ཧ་རྒྱལ་པོ་ཛ༔ མཁས་གྲུབ་དུ་མའི་དྲུང་དུ་ཕྱིན༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱད༔ རྡོ་རྗེ་ཕག་མོས་དངོས་གྲུབ་བྱིན༔ ཟ་ཧོར་ཡུལ་དུ་ངོ་མཚར་བསྟན༔ མུ་སྟེགས་ཚར་བཅད་དྲག་པོས་བསྒྲལ༔ མཱ་ར་ཏི་ཀར་འཆི་མེད་གྲུབ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་ཐུགས་ཀྱི་སྒྲུབ་པ་བྱས༔ མ་ཧཱ་མུ་དྲའི་སིདྡྷི་ཐོབ༔ བར་གཅོད་བགེགས་རྣམས་ཕུར་པས་བསྒྲལ༔ རྒྱལ་པོས་སྤྱན་དྲངས་བོད་དུ་འོངས༔ འདྲེ་གདོན་གདུག་པ་མ་ལུས་བཏུལ༔ བསམ་ཡས་ས་བཏུལ་རབ་གནས་བྱས༔ ས་འོག་ས་སྟེང་ཆོས་ཀྱིས་བཀང༔ ད་ནི་སྲིན་པོ་འདུལ་ཕྱིར་འགྲོ༔ ལྷོ་ནུབ་སྲིན་པོ་མ་བཏུལ་ན༔ འཛམ་གླིང་སྲིན་གྱི་ཟ་ཁ་ཟུག༔ ང་མིན་སུས་ཀྱང་ཁ་མི་ནོན༔ དེ་ཕྱིར་འཛམ་གླིང་འགྲོ་བ་ལ༔ པད་འབྱུང་བདག་ལས་དྲིན་ཆེ་མེད༔ རྟག་ཏུ་གསོལ་བ་སྙིང་ནས་ཐོབས༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཁྱད་པར་ཇོ་བོ་སྤྱན་རས་གཟིགས༔ ཀུན་འདུས་ངོ་བོ་པདྨ་འབྱུང༔ ང་ཡི་འགྲོ་དོན་མཐའ་རྒྱས་སྤྱོད༔ རྩོལ་མེད་ཐེག་པའི་ཡང་རྩེ་མཆོག༔ ཨ་ཏི་མཐར་ཐུག་སྙིང་པོ་འདི༔ རྗེ་བློན་བོད་འབངས་ཐམས་ཅད་དང༔ སྙིགས་དུས་མཐའ་མའི་ལས་ཅན་ནི༔ འགྲོ་འདུལ་གླིང་པ་ཞེས་བྱ་དང༔ དེ་ཡི་རྗེས་འཇུག་དད་བརྩོན་ཅན༔ ཕྱོགས་བཞི་ཁྱད་པར་བྱང་ཕྱོགས་ཀྱི༔ སྐལ་ལྡན་ཤེས་རབ་ཅན་དོན་དང༔ གདུལ་བྱ་མ་ལུས་དོན་དུ་བཞག༔ སྒོམ་སྒྲུབ་འབད་ཅིག་དད་ལྡན་རྣམས༔ འདི་དང་སུ་འཕྲད་ལས་འཕྲོ་ཆེ༔ ཉམས་སུ་སུ་ལེན་སྐལ་པ་བཟང༔ ཚུལ་བཞིན་བསྒྲུབས་ན་བྱང་ཆུབ་ཐོབ༔ འདི་དང་ཕྱི་མ་བར་དོ་འམ༔ སྐྱེ་བ་གསུམ་གྱི་དུས་ཚུན་ཆད༔ མ་གྲོལ་པདྨས་བསླུས་པར་འགྱུར༔ དུས་གསུམ་རྒྱལ་བའི་དགོངས་པ་ནི༔ མཐར་ཐུག་དོན་ལ་འདི་ལས་མེད༔ ལས་ཅན་རྣམས་ལ་འདི་ཉིད་བསྟན༔ དམ་མེད་རྣམས་ལ་གསང་རྒྱས་བཏབ༔ ས་མ་ཡ༔ རཀྵ༔ ཞེས་གདམས་སོ༔ དེ་ནས་སློབ་དཔོན་བི་མ་ལ་མི་ཏྲས་གསུངས་པ༔ ས་བཅུའི་དབང་ཕྱུག་འཕགས་པ་འཇམ་དཔལ་དབྱངས༔ རྒྱལ་བའི་སྲས་ཀྱི་ཐུ་བོ་སྤྲུལ་པའི་སྐུ༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ དགོངས་པ་རྒྱ་ཆེ་ཟབ་ཅིང་དཔག་དཀའ་བས༔ བོད་ཁམས་དཀར་པོའི་ཆོས་ཀྱིས་འགེངས་པ་དང༔ མདོ་སྔགས་དམ་ཆོས་བསྟན་པ་བོད་ན་དར༔ བསྟན་པའི་སྲོལ་ཀ་བཟང་པོ་བཙུགས་ན་ཡང༔ མྱུར་བའི་ལམ་མཆོག་ཨ་ཏི་རྫོགས་ཆེན་འདི༔ ཀུན་གྱི་རྩེར་གྱུར་ཐེག་པའི་ཡང་བཅུད་ཡིན༔ ནན་གྱིས་ཞུས་དོན་སྦ་གསང་མེད་པར་བསྟན༔ ཅི་ཕྱིར་རྒྱལ་པོ་ཆོས་ལ་དད་པ་དང༔ དམ་ཚིག་བསྲུང་ཞིང་སེམས་ཅན་བརྩེ་བའི་ཕྱིར༔ རྒྱལ་བའི་དགོངས་དོན་གཅིག་བསྡུས་རྣལ་འབྱོར་ལམ༔ འདི་དང་སུ་འཕྲད་ལས་ཅན་སྐལ་པ་བཟང༔ རྒྱལ་བློན་རྣམས་དང་ཕྱི་རབས་དོན་དུ་བཞག༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཞེས་གསུངས་སོ༔ དེ་ནས་སྤ་གོར་བཻ་རོ་ཙ་ནས་བཀའ་བསྩལ་པ༔ བོད་ཀྱི་ལྷ་གཅིག་འགྲོ་བ་མི་ཡི་རྗེ༔ རྒྱལ་སྲས་རྣམ་སྤྲུལ་ཁྲི་སྲོང་ལྡེའུ་བཙན་ནི༔ རྗེ་བློན་འཁོར་བཅས་བདག་ལ་བརྩེ་བས་གསོན༔ བདག་ནི་མཁས་པ་བཻ་རོ་ཙ་ན་སྟེ༔ བཅུ་དྲུག་དཀའ་བ་སྤྱད་ནས་རྒྱ་གར་ཕྱིན༔ དོ་ཤི་དོ་ཆད་ལྔ་བཅུ་རྩ་བཞི་བྱས༔ ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་དང༔ འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་སོགས༔ རིག་འཛིན་གདུང་རབས་ཉི་ཤུའི་དགོངས་པའི་བཅུད༔ ཟབ་དགུའི་མན་ངག་སྙིང་པོ་འདི་དག་བླངས༔ འགྲོ་ལ་བརྩེ་བས་གཞན་ལ་བསྟན་སྙམ་ཡང༔ སྐལ་ལྡན་མ་རྙེད་རང་གི་སྙིང་ལ་གབ༔ འོན་ཀྱང་རྒྱལ་བློན་ཐེག་མཆོག་རིགས་སད་ཕྱིར༔ རིག་འཛིན་དགོངས་པའི་བཅུད་བསྡུས་ཟབ་མོའི་དོན༔ རྒྱལ་བློན་རྣམས་དང་ཕྱི་རབས་དོན་དུ་བཞག༔ དཔེ་ཚན་གཉིས་བྱས་གཏེར་ཁ་གཉིས་སུ་སྦས༔ ལྷོ་བྱང་གཉིས་སུ་སྐལ་ལྡན་དོན་བྱེད་འགྱུར༔ ཞེས་གསུངས་སོ༔ དེ་ནས་སློབ་དཔོན་རྣམ་པ་གསུམ་གྱིས་བསམ་ཡས་མཆིམས་ཕུ་གྲི་གུ་གེ་གོང་གི་དབེན་རྩར་བྱོན་ཏོ༔ དེ་ནས་མངའ་བདག་རྒྱལ་པོ་དང༔ མཁར་ཆེན་བཟའ་དང༔ ནམ་མཁའི་སྙིང་པོ་དང༔ ངན་ལམ་མཆོག་དབྱངས་དང༔ གནུབས་སངས་རྒྱས་ཡེ་ཤེས་དང༔ གཉག་ཛྙཱ་ན་ཀུ་མཱ་ར་དང༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཏེ་རྗེ་བློན་བདུན་ལ་རྒྱལ་ཐབས་སྤྱི་བླུག་ལ་སོགས་པའི་དབང་དང་ལུང་དང་མན་ངག་ཡོངས་སུ་རྫོགས་པར་གནང་སྟེ་ཆོས་ཉིད་ཀྱི་རྟོགས་པ་ཇི་བཞིན་པ་རྒྱུད་ལ་སྐྱེས་སོ༔ དོན་དེ་རྣམས་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་ནས་སྨོན་ལམ་བཏབ་བོ༔ དུས་ཀྱི་མཐའ་མ་བསྐལ་པའི་ཡང་མཐའ་ལ༔ རྒྱལ་པོའི་གདུང་རྒྱུད་ས་མཐར་འཐོར་ཞིང་ཡལ༔ འབངས་དམངས་དཔོན་གྱུར་རི་རེར་རྫོང་རེ་འབྱུང༔ མི་ངན་བརླངས་པོའི་སྤྱོད་པས་རྒྱལ་ཁྲིམས་བཤིག༔ མཐའ་མིས་དབུས་འཛིན་ཆ་ལུགས་སྣ་ཚོགས་དར༔ ཆོས་ཁྲིམས་ཉམས་པས་སྡེ་འཁྲུགས་སེར་དམག་བྱེད༔ རོ་ལ་མགོ་མེད་ཤིང་སྡོང་བཅད་པ་འདྲ༔ ས་གཞི་ཁྲག་མཚོ་བརྡོལ་ཞིང་དམར་པོར་གཏོང༔ མཚོན་འཁྲུགས་ནད་ཡམས་གློ་བུར་དུས་གཅིག་ལང༔ ལྷོ་བྲག་ཤར་དུ་མཚོན་གྱི་བསྐལ་པ་འབྱུང༔ ལ་སྟོད་ཕྱོགས་སུ་བདུད་བློན་རྒྱལ་པོ་བྱེད༔ ལྷ་ཁང་མཐིལ་དུ་སྒྱུ་མའི་གྲོང་ཁྱེར་འཆར༔ རྣམ་པར་སྣང་མཛད་སྤྱན་ཆབ་འབྱིན་པའི་དུས༔ ལྷོ་བྲག་མཐིལ་དུ་སླུས་དང་དུག་རྒོད་རྡོལ༔ ཤངས་ཀྱི་ཕྱོགས་ནས་འགོང་པོ་སྤུན་གསུམ་འབྱུང༔ ཤར་ཕྱོགས་རྒྱལ་པོ་རིགས་གསུམ་བསྟན་པ་འཛིན༔ དུས་དེར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྱ༔ ཞི་ཁྲོའི་སྒྲུབ་མཆོད་དམ་སྲི་འགོང་པོ་གནན༔ རྫོགས་ཆེན་སྙིང་པོའི་ལམ་འདི་ཉམས་སུ་བླང༔ ཁོལ་བུ་ཁོལ་བུར་ཡུལ་དུས་བདེ་བ་སྟེར༔ སྤྲིན་བར་ཉི་ཞུར་ལྟ་བུའི་བདེ་བ་འབྱུང༔ དེ་ཚེ་རྫོགས་ཆེན་སྙིང་པོ་ཨ་ཏི་འདི༔ བསྟན་པ་ལྷོ་ཡི་ཕྱོགས་ནས་བྱང་ཕྱོགས་དར༔ དབུས་ཕྱོགས་བྱུང་ན་ཟབ་ཅིང་ཤིན་ཏུ་བརྟན༔ སྡེ་དཔོན་དད་ལྡན་འདི་འཛིན་མངའ་ཐང་འཕེལ༔ ཁྱད་པར་འདི་ཉིད་འཛིན་པའི་ལས་ཅན་ནི༔ ཤམ་པོ་གངས་ཀྱི་ལྷོ་ནུབ་ཉེ་འདབས་སུ༔ འགྲོ་བའི་མགོན་པོ་རྩོད་པ་མེད་པ་འབྱུང༔ འདི་ཡི་བསྟན་པ་བཟུང་ནས་འགྲོ་བ་སྐྱོབ༔ ཡར་འབྲོག་དབུས་གཡོར་རིག་འཛིན་རབ་བྱུང་ཚུལ༔ ཐོལ་བྱུང་ཚིག་སྨྲ་གསང་སྔགས་དོན་ལ་མོས༔ ཁམས་ཀོང་ཕྱོགས་སུ་ལས་ཅན་རྣམ་པ་གསུམ༔ འདི་དང་འབྲེལ་ན་ཐར་ལམ་ཐེ་ཚོམ་མེད༔ གཞན་ཡང་སྐྱེས་བུ་འདི་ཡི་ཕྱོགས་འཛིན་པ༔ ལས་ཅན་དེ་དག་དམ་སེལ་མ་ཞུགས་ན༔ ཕྲིན་ལས་མཐའ་རྒྱས་འབྱུང་བར་ཐེ་ཚོམ་མེད༔ གང་ཞིག་སེལ་ཞུགས་རང་གཞན་མ་ལུས་འཕུང༔ བསྟན་པའི་མཐའ་སྡུད་བར་ཆད་བདུད་ཀྱིས་ཁྱེར༔ ཕྱི་མ་ན་རཀ་གནས་སུ་ཉོན་མོངས་འགྱུར༔ དེ་ཕྱིར་བློ་དུལ་ཁོང་ཡངས་ཐེག་ཆེན་སྤྱོད༔ དམ་ཚིག་ཅན་ལ་མན་ངག་སྙིང་པོའི་དོན༔ ཁྱད་པར་རྫོགས་པ་ཆེན་པོའི་དོན་འདི་སྤྲོད༔ མ་འོངས་བསྐལ་པའི་མཐའ་མ་རྩོད་ལྡན་ལ༔ ལས་ཅན་བུ་གཅིག་འགྲོ་བའི་དོན་དུ་འབྱུང༔ འགྱུར་མེད་རྡོ་རྗེ་པདྨའི་རིགས་མཆོག་སྟེ༔ སྐལ་ལྡན་ལས་ཅན་དེ་ཡི་དོན་ཕྱིར་སྦས༔ ཟབ་པའི་རྒྱས་བཏབ་རིན་ཆེན་གཏེར་དུ་བཙའ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མ་སྨུག་ནག་རལ་གཅིག་མ༔ དགྲ་བླ་ཆེན་པོ་ཁྱུང་ཆེན་ཀླུ་འབྲུག་འདུལ༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ལ༔ གཏད་དོ་གཉེར་རོ་མ་གཡེལ་ས་མ་ཡ༔ དམ་མེད་ལེན་ན་དེ་ཡི་དབང་པོ་སྣུབས༔ ཞེས་གསུངས་ཏེ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་ཞིང་གཉན་པོའི་རྒྱས་གདབ་བོ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ།། །། ྈ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་དང་པོར་དགེ་བ་ལམ་སྟེགས་ཀྱི་གདམས་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤཱནྟ་ཀྲོ་ཏ་མ་ཧཱ་སན་དྷི་ཧྲི་ད་སཱ་དྷ་ནཱ་མ༔ བོད་སྐད་དུ༔ ཞི་ཁྲོ་རྫོགས་ཆེན་སྙིང་པོའི་སྒྲུབ་པ་ཞེས་བྱ་བ༔ ཡེ་སྟོང་གདོད་མའི་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ལ་ཕྱག་འཚལ་ལོ༔ འདིར་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཉམས་སུ་བླང་བ་ལ་གསུམ༔ ཉམས་ལེན་གྱི་སྒྲོམ་དུ་འཇུག་པ་དང༔ ཉམས་སུ་བླང་བ་དངོས་དང༔ མཇུག་གི་རིམ་པ་དང་གསུམ་མོ༔ དང་པོ་ལ༔ བླ་མ་སློབ་མའི་མཚན་ཉིད་དང༔ གནས་དང་དུས་དང་ཡོ་བྱད་གྲོགས༔ ཞེས་པས་དང་པོ་བླ་མའི་མཚན་ཉིད་ནི༔ བསྟེན་དུ་མི་རུང་བ་སྤང་བར་བྱ་བའི་བླ་མ་ནི༔ རྒྱུད་རང་ཤར་ལས༔ མི་ཤེས་ང་རྒྱལ་ཆེན་པོ་དང༔ བློ་རྨོངས་ཚིག་ཕྱིར་འབྲེང་བ་དང༔ གསང་སྔགས་དོན་ལ་མི་དགོངས་དང༔ གཞན་གྱི་ཞེ་གཅོད་ཁོང་འཚིག་དང༔ ལོག་པའི་ལམ་དུ་ཞུགས་པ་དང༔ དབང་གི་དཀྱིལ་འཁོར་ཞལ་མ་མཐོང༔ དམ་ཚིག་འཆལ་བར་གྱུར་པ་དང༔ དྲིས་པ་དག་ལ་ལན་མི་འདེབས༔ ཐོས་ཆུང་ང་རྒྱལ་ཆེ་བ་དང༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་གསུངས༔ བསྟེན་དུ་རུང་བ་ནི༔ ཨ་ཏི་བཀོད་པ་ཆེན་པོ་ལས༔ མཁས་ཤིང་བྱ་བ་བྲལ་བ་དང༔ ཆོས་ཉིད་དོན་ལ་ཚད་ཕེབས་དང༔ འདོད་པའི་དོན་ལ་རྨོངས་པ་མེད༔ གསང་སྔགས་བླ་མའི་མཚན་ཉིད་དོ༔ ཞེས་དང༔ ཀློང་གསལ་ལས༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བསྐུར་བས་ནི་སྡུག་བསྔལ་སྒྲོལ༔ ཞེས་པ་ལྟར་བསྟེན་ནོ༔ གཉིས་པ་སློབ་མའི་སྣོད་བརྟགས་པ་ལས་སྣོད་སྐྱོན་ཅན་ནི༔ རང་ཤར་ལས༔ བཀུར་སྟི་ཕུ་དུད་མི་བྱེད་ཅིང༔ གསང་སྔགས་འཆལ་བར་སྤྱོད་པ་དང༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད༔ ཤེས་རབ་ཆུང་བར་གྱུར་པ་དང༔ བཀའ་དྲིན་ཁྱད་དུ་གསོད་པ་དང༔ རང་གི་རིགས་རྒྱུད་བརྗོད་པ་དང༔ ལུས་ལ་རྒྱན་བཟང་འདོགས་པ་དང༔ དོན་མེད་འཆལ་བར་གྱུར་པ་དང༔ སློབ་མ་མ་བརྟགས་སློབ་དཔོན་དགྲ༔ ཞེས་དང༔ ཀློང་གསལ་ལས༔ ཡང་སྙིང་བཅུད་ཀྱི་བདུད་རྩི་འདི༔ སྣོད་མིན་རྣམས་སུ་བླུག་གྱུར་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང༔ ཞེས་དང༔ མཚན་ཉིད་དང་མི་ལྡན་པ་ལ་བསྟན་ན་དམ་ཅན་ཌཱ་ཀིའི་བཀའ་ཆད་འབྱུང་སྟེ༔ དངོས་གྲུབ་མེད་ཅིང་སྒྲོ་སྐུར་འབྱུང་བར་འགྱུར་རོ༔ སྣོད་དང་ལྡན་པ་ལ་བསྟན་པར་བྱ་བ་ནི༔ ཐལ་འགྱུར་ལས༔ དད་པ་ཤེས་རབ་ལྡན་པ་དང༔ མོས་ཤིང་འཁྲུལ་ནོར་མེད་པ་དང༔ དབང་པོ་གསལ་ལ་བླ་མ་བསྟེན༔ ལྟ་བ་སྒོམ་པ་སྤྱོད་པ་ནི༔ དད་པ་རབ་དང་བརྩོན་འགྲུས་ལྡན༔ གཏོང་བར་ནུས་ཤིང་བླ་མར་གུས༔ བརྟུལ་ཞུགས་ལྡན་ཞིང་སྡིག་ལ་འཛེམ༔ འགྱུར་མེད་རབ་ཏུ་བརྟན་པོར་འཛིན༔ ཞེས་དང༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ སློབ་དཔོན་ཇི་སྐད་གསུང་བཞིན་བྱེད༔ ཅེས་པའི་སློབ་མ་སྣོད་ལྡན་དད་པ་དང་ལྡན་པ་དག་ལ་བསྟན་པར་བྱའོ༔ དེ་ལྟ་བུའི་སློབ་མས་བླ་མ་མཉེས་པར་བྱ་བའི་ཚུལ་ནི༔ ཀློང་གསལ་ལས༔ རིན་ཆེན་བུ་ཆུང་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་དང༔ ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས༔ ནམ་མཁའ་གང་བའི་སངས་རྒྱས་ལ༔ སྣ་ཚོགས་རིན་ཆེན་སྤྲས་པ་ཡིས༔ སྟོང་གསུམ་གང་བར་ཕུལ་བ་བས༔ བླ་མའི་བ་སྤུ་ཉག་གཅིག་ལ༔ མར་གྱི་ཐིགས་པ་གཅིག་བྱུགས་པ༔ བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད༔ ཅེས་དང༔ ཡང་ཐལ་འགྱུར་ལས༔ འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན༔ ལུས་ངག་ཡིད་ཀྱིས་མཉེས་པ་ཡིས༔ བླ་མ་སངས་རྒྱས་མཉམ་པ་བསྟེན༔ སྟོན་པ་དེ་ལས་ཡོན་ཏན་ནི༔ དཔག་བསམ་ཤིང་དང་རིན་ཆེན་ནོར༔ འདོད་འཇོའི་བ་དང་འདྲ་བ་ཡིན༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ༔ དེ་ལ་དམིགས་ཏེ་བླ་མ་བསྟེན༔ འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ༔ ཞེས་དང༔ རང་ཤར་ལས༔ དེ་ལྟར་མན་ངག་སློབ་དཔོན་ལ༔ རང་ལུས་དང་ནི་རིན་ཆེན་རྫས༔ ཤིན་ཏུ་དཀོན་པ་དག་གིས་བསྟེན༔ ཞེས་སོ༔ གཞན་ཡང་ལུས་ཀྱིས་མཉེས་པར་བྱ་བ་ནི༔ བདུད་རྩི་འབྱུང་བ་ལས༔ གལ་ཏེ་བླ་མ་ལ་གནོད་པའི༔ མ་རུངས་སེམས་ནི་བརྩམས་པ་ལ༔ བདག་ཉིད་ཀྱིས་ནི་གསོད་བྱས་ན༔ སེམས་ཅན་འབུམ་གྱི་སྲོག་བཏོན་པས༔ བསོད་ནམས་འདི་ཡི་ཆར་མི་ཕོད༔ བླ་མའི་བྱ་བ་རྫོགས་བྱས་ན༔ འདི་ཡང་དེ་དང་མཉམ་པ་འོ༔ ཞེས་དང༔ ངག་གིས་མཉེས་པར་བྱ་བ་ནི༔ སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོར་ཡང༔ སུ་ཡིས་བཀླགས་ཤིང་བརྗོད་པ་ལས༔ བླ་མའི་ཡོན་ཏན་གཅིག་བརྗོད་ན༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ ཞེས་དང༔ ཡིད་ཀྱིས་མཉེས་པར་བྱ་བ་ནི༔ ཡོན་ཏན་ནང་ན་དད་པ་མཆོག༔ སྟོང་གསུམ་གང་བའི་སངས་རྒྱས་ལ༔ མཆོད་པ་སྟོང་གསུམ་མཆོད་པ་ལས༔ འདི་ཡིས་མཉེས་པར་ཆར་མི་ཕོད༔ ཅེས་པ་ལ་སོགས་པའི་ལུང་དང་རིགས་པའི་སྒོ་ནས་ཞིབ་ཅིང་རྒྱས་པར་བསྟན་ནོ༔ དེ་ལྟ་བུའི་སློབ་མ་ལ་བླ་མས་ཀྱང་དབང་པོའི་རིམ་པ་དང་སྒོ་བསྟུན་པ་ལ་ཅི་རིགས་པར་རྗེས་སུ་གཟུང་བར་བྱའོ༔ བླ་མ་དང་སློབ་མའི་བརྟག་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གནས་ཀྱི་མཚན་ཉིད་ནི༔ སྤྱིར་སྒྲུབ་པའི་གནས་ནི་ཡིད་དང་མཐུན་པ་འཚེ་བ་མེད་ཅིང་རྣམ་གཡེང་ཆུང་བ་ས་བཀྲ་ཤིས་ཤིང་གཞི་བདག་ཆོས་ལ་དཀར་བ༔ གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་གངས་རིའམ༔ གཡའ་རིའམ༔ དུར་ཁྲོད་དམ༔ མཚོ་གླིང་ངམ༔ ནགས་ཁྲོད་དམ༔ ལུང་སྟོང་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ༔ ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པ༔ སྔ་མོར་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ༔ ཆུ་འཇམ་ཞིང་ཉམས་དགའ་བ༔ མཐུན་རྐྱེན་ཐམས་ཅད་ཚང་བའི་གནས་སུ་སྒྲུབ་སྟེ༔ ཀློང་གསལ་ལས༔ ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་ཞིང་དྭངས་ལ་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱེད་པའི་གནས༔ བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ༔ མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར༔ ཞེས་སྐྱོན་དང་ཡོན་ཏན་གསུངས་སོ༔ གསུམ་པ་དུས་ཀྱི་མཚན་ཉིད་ནི༔ དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་ལ་འཇུག་ཅིང་ཁྱད་པར་དུ་ཐོད་རྒལ་སྒོམ་པའི་དུས་ནི༔ ཀློང་གསལ་ལས༔ ངོ་སྤྲོད་དུས་ཀྱི་ཁྱད་པར་ནི༔ མཁས་པས་དུས་གནད་བཙལ་བར་བྱ༔ ཞེས་དང༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ན་མཆོག་ཏུ་བཤད་པ་ཡིན༔ ཞེས་པ་ལྟར་རོ༔ དེ་ལས་ལྡོག་པ་ནི༔ མཁས་པས་དུས་གནད་བསྟན་པར་མ་བྱས་ན༔ ངོ་བོ་འགག་ཅིང་ཉམས་ལེན་འཕེལ་དང་བྲལ༔ ཞེས་བཤད་པ་ལྟར་རོ༔ བཞི་པ་ཡོ་བྱད་གསག་པ་ནི༔ འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན༔ བསྟེན་པའི་ཡོ་བྱད་དམ་རྫས༔ མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས༔ མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས༔ ཁྱད་པར་གྱི་ཡོ་བྱད་དབང་ཆས་དང་དབང་ཡོན་ཚོགས་གཏོར་གྱི་རྒྱུ་ལ་སོགས་པ་གང་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་གསག་པར་བྱ་སྟེ༔ ཀློང་གསལ་ལས༔ གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར༔ རྟེན་འབྲེལ་ཡོ་བྱད་རྫས་རྣམས་གསག༔ ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ལྔ་པ་གྲོགས་ཀྱི་མཚན་ཉིད་ནི༔ ཀློང་གསལ་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔ་ཤུགས་ཆུང་བློ་ལྡན་ཁོང་ཡངས་པ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ དམ་པའི་གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་ཐོབ༔ ཅེས་པ་ལྟར་རོ༔ དེ་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ་ལ་འཇུག་པའི་རིམ་པ་རྣམས་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པར་བྱའོ༔ སྒྲུབ་པའི་སྒྲོམ་དུ་འཇུག་པའི་རིམ་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་ལམ་གྱི་རིམ་པ་ཉམས་སུ་བླང་བ་ལ༔ ཐུན་མོང་གི་ཐེག་པའི་ལམ་སྟེགས་བསྟན་པ་དང༔ ཐུན་མོང་མ་ཡིན་པའི་ཐེག་པའི་ལམ་གྱི་གཞི་བཅའ་བ་་་བར་དུ་དགེ་བ་ཁྲེགས་ཆོད་ཀྱི་གདམས་པའི་ཁོངས་སུ་ཡོད།མཆན།གཉིས་ལས༔ དང་པོ་ལ༔ དལ་འབྱོར་རྙེད་དཀའ་འཇིག་པར་སླ༔ འཁོར་བའི་ཉེས་དམིགས་རྒྱུ་འབྲས་དང༔ སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་སྦྱང༔ ཚོགས་གསག་གསོལ་གདབ་དབང་བླང་བ༔ བཅུ་ཡིས་ཐུན་མོང་ལམ་སྟེགས་བསྟན༔ ཞེས་པའི་དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནི༔ དལ་བ་བརྒྱད་དང་འབྱོར་པའི་ཆོས་བཅུ་སྟེ་དམྱལ་བ་དང༔ ཡི་དྭགས་དང༔ དུད་འགྲོ་དང༔ ལྷ་ཚེ་རིང་པོ་སྟེ་ཕྱིའི་མི་ཁོམ་པའི་གནས་བཞི་པོ་དེར་མ་སྐྱེས་པས་བདག་གིས་དལ་བ་ཐོབ་སྙམ་པ་དང༔ མིར་གྱུར་ཀྱང་ཡུལ་མཐའ་འཁོབ་དང༔ ཀླ་ཀློ་དང༔ དབང་པོ་མ་ཚང་བ་དང༔ ལོག་པར་ལྟ་བ་ཅན་ཏེ་ནང་གི་མི་ཁོམ་པའི་གནས་བཞི་པོ་དེར་ཡང་མ་སྐྱེས་པས་བདག་གིས་དལ་བ་ཐོབ་སྙམ་དགའ་ཞིང་སྤྲོ་བར་བྱའོ༔ འབྱོར་པའི་ཆོས་བཅུ་ལ་བདག་གིས་མི་ལུས་ནི་ཐོབ༔ དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས༔ མིག་ལ་སོགས་པའི་དབང་པོ་ལྔ་ནི་སྐྱོན་མེད་པར་ཚང༔ མུ་སྟེགས་ལ་སོགས་པ་ཕྱིན་ཅི་ལོག་པའི་རྗེས་སུ་མ་ཞུགས༔ དཀོན་མཆོག་ལ་དད་པའི་སེམས་དང་ལྡན་པ་སྟེ་ལྔའོ༔ གཞན་གྱི་འབྱོར་པ་ལྔ་ནི༔ སྟོན་པ་སངས་རྒྱས་ལོ་ཀའི་ཁམས་སུ་བྱོན་པ་དང༔ དེ་ཡིས་དམ་པའི་ཆོས་གསུངས་པ་དང༔ དེའི་བསྟན་པ་མ་ནུབ་པར་གནས་པ་དང༔ དེའི་རྗེས་སུ་འཇུག་པའི་སྐྱེས་བུ་ཡོད་པ་དང༔ འགྲོ་བ་ལ་བརྩེ་བའི་སྙིང་རྗེ་དང་ལྔའོ༔ དེ་ལྟར་ན་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ནི་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ༔ རྙེད་པར་དཀའ་བ་ཉིན་མོའི་སྐར་མ་དང་འདྲའོ༔ འཇིག་པར་སླ་བས་ནམ་སྨད་ཀྱི་མེ་ཏོག་དང་འདྲའོ༔ འདིས་ཡར་འགྲོ་མར་འགྲོའི་སོ་མཚམས་བྱེད་པས་ལམ་ཁ་དབྲག་དང་འདྲའོ༔ དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ས་གཞི་དང་འདྲའོ༔ མཐོ་རིས་ཐར་པར་འཛེག་པས་ཐེམ་སྐས་དང་འདྲའོ༔ སྡིག་པ་མི་དགེ་བའི་ལས་གསོག་པས་མི་གཙང་བའི་སྣོད་དང་འདྲའོ༔ འཁོར་བ་དང་ངན་སོང་དུ་ལྷུང་བར་བྱེད་པས་གཅོང་རྡོ་དང་འདྲའོ༔ དེའི་ཕྱིར་མི་ལུས་རིན་པོ་ཆེ་འདི་ཆུད་ཟོས་དང་སྟོང་ལོག་ཏུ་མ་སོང་བར་རྒྱུ་དང་རྐྱེན་དང་ངོ་བོ་དང་དཔེ་དང་གྲངས་ཀྱི་སྒོ་ནས་ལེགས་པར་བསམ་སྟེ་ཚེ་འདི་དོན་ཡོད་པར་བྱའོ༔ གཉིས་པ་འཇིག་པར་སླ་བ་ནི༔ འཆི་བ་མི་རྟག་པ་བསམ་པ་ཡིན་ཏེ༔ དེ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་སྟེ༔ དང་པོར་ཆགས༔ བར་དུ་གནས༔ མཐའ་མར་འཇིག༔ རྗེས་སུ་སྟོང་པར་འགྲོ༔ དེ་བཞིན་དུ་རང་གི་སྒྱུ་ལུས་འདི་ཡང་དང་པོར་ཕ་མའི་རྐྱེན་གྱིས་ཆགས༔ བར་དུ་ད་ལྟ་ཅུང་ཟད་ཙམ་གནས༔ མཐའ་མར་འཆི་ཞིང་རྗེས་སུ་བར་དོར་རྣམ་ཤེས་རྟེན་མེད་འདི་འཁྱམ་དགོས༔ དེས་ན་མི་རྟག་པའོ་སྙམ་དུ་བསམ༔ དེ་ཡང་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག་པ་ལྟར་ཡང་འཆད་དེ༔ དཔྱིད་དང༔ དབྱར་དང༔ སྟོན་དང༔ དགུན་གྱི་གནས་སྐབས་བཞིར་རིམ་གྱིས་འགྱུར་འགྲོ་བ་ལྟར་དེ་བཞིན་དུ་རང་གི་ལུས་འདི་ཡང་མི་རྟག་པར་འདུག་སྟེ་དཔྱིད་དུས་ས་ལ་དྲོད་སྐྱེས་མྱུ་གུ་འབུར་ནས་ཡར་འཕེལ་བ་ལྟར་དང་པོ་ལུས་འདི་གྲུབ་ནས་ཡར་སྐྱེད་ལུས་ཟུངས་ཐམས་ཅད་འཕེལ༔ དབྱར་དུས་མེ་ཏོག་དང་ལོ་འདབ་དང་རྩ་ལྗང་དང་ཆུ་བོ་ཐམས་ཅད་དར་ཞིང་རྒྱས་པ་ལྟར་ལུས་ཀྱི་ལང་ཚོ་དར་ལ་བབས་ཏེ་བཀྲག་མདངས་དང་སྟོབས་ནུས་ཐམས་ཅད་དར་ཞིང་རྒྱས༔ སྟོན་དུས་མེ་ཏོག་གི་འདབ་མ་གྱེས་ལོ་འདབ་དང་འབྲས་བུ་ཐམས་ཅད་རྣམ་པར་འགྱུར་བ་ལྟར་ལུས་རྒས་ཏེ་ཟུངས་ཤོར༔ བཀྲག་མདངས་དང་ཤེད་དང་སྟོབས་ཐམས་ཅད་ཟད་པའོ༔ དགུན་གྱི་དུས་རྩ་ཤིང་ཐམས་ཅད་འཁྱགས་ཤིང་བསྐམས་ཏེ་སྐྱི་སེར་གྱི་རླུང་གཡོ་བས་དབྱར་བྱུང་བའི་རྗེས་མེད་པ་ལྟར་རང་འཆི་བའི་ཚེ་ལུས་ཀྱི་འབྱུང་བཞི་ཐམས་ཅད་མཐར་བསྡུས་ཏེ་འཐོར༔ རྣམ་ཤེས་ཕྱིར་ཐོན་ཏེ་དངོས་མེད་དུ་འཁྱམ༔ དང་པོ་གསོན་པའི་དུས་མ་བྱས་པ་ལྟར་སོང༔ མིང་སྟོང་པ་ཞིག་ཤུལ་དུ་ལུས༔ གཅེས་པར་བྱས་པའི་ཕུང་པོ་ས་རྡོ་ལྟར་བོར༔ ཡང་ན་ནི་ཆུར་བསྐྱུར༔ ཡང་ན་ནི་མེར་བསྲེག༔ ཡང་ན་ནི་དུར་དུ་སྦ༔ ཡང་ན་ནི་དུར་ཁྲོད་དུ་བྱ་དང་གཅན་གཟན་གྱིས་ཟ༔ ཚེ་འདིའི་ཡོ་བྱད་དང་ལོངས་སྤྱོད་དང་གཉེན་གྲོགས་འཁོར་འདབས་ཐམས་ཅད་ཤུལ་དུ་བཞག༔ རང་གིས་བྱས་པའི་ལས་དགེ་སྡིག་གང་ཡིན་རྗེས་སུ་འབྲངས་ཏེ་རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་ལ་གཅིག་པུར་འགྲོ་དགོས་ཏེ༔ དེ་ཡང་སྔར་ཤི་བ་མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་རང་ལ་འཆི་བ་འོང་བའི་བརྡ་སྟོན་པ་དང་འདྲའོ༔ ཚེ་ལ་ལོང་སྐབས་མེད་པར་འཆི་བ་ནམ་མཁའི་གློག་འཁྱུག་པ་དང་འདྲའོ༔ ཚེ་ལ་གཏད་སོ་མེད་པ་རི་གཟར་གྱི་འབབ་ཆུ་དང་འདྲའོ༔ ཚེ་འདི་རྟག་པར་འཛིན་པ་ནམ་མཁའི་གཞའ་ཚོན་འཛིན་པ་དང་འདྲའོ༔ ནམ་འཆི་ཆ་མེད་པ་ཤིང་སྡོང་གི་འདབ་ཆགས་འཕུར་བ་དང་འདྲའོ༔ འཆི་བའི་ཚེ་གཞན་གང་གིས་ཀྱང་མི་སྟོངས་པ་ཤིང་སྡོང་འགྱེལ་བའི་ཡལ་འདབ་ལོ་འབྲས་དང་འདྲའོ༔ ཚེ་མྱུར་དུ་འཛད་པ་ལྟག་ཆུས་བོར་བའི་རྫིང་བུ་མཐིལ་རྡོལ་དང་འདྲའོ༔ སྐད་ཅིག་གིས་ཀྱང་འཆི་བར་ཉེ་བ་གསོད་སར་འཁྲིད་པའི་དུད་འགྲོ་དང་འདྲའོ༔ ཕུང་པོ་ཤུལ་དུ་བོར་བ་མི་གཙང་ཕྱིས་པའི་རྡོ་དང་འདྲའོ༔ རྣམ་ཤེས་བར་དོར་འཁྱམས་པ་རྒྱུས་མེད་ཀྱི་འགྲུལ་པ་དང་འདྲའོ༔ ཕྱི་མའི་སྐྱེ་གནས་འཚོལ་བ་སྦྲང་མ་སྦྲང་ཚང་འཚོལ་བ་དང་འདྲའོ༔ གར་འགྲོ་གཏད་སོ་མེད་པ་བུ་ཆུང་རྗེན་དུ་བོར་བ་དང་འདྲའོ༔ འཆི་བའི་རྐྱེན་མང་བ་དུག་སྡོང་གི་ཡལ་འདབ་དང་འདྲ་བའོ༔ ཚེ་ལ་གནོད་པ་མང་བ་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲའོ༔ གློ་བུར་དུས་མིན་དུ་འཆི་བ་ཕྱེ་ལེབ་མར་མེ་དང་འཕྲད་པ་འདྲའོ༔ དེ་བས་ན་འཆི་བ་བསམ་ལ་དེ་དུས་ཕན་པ་དམ་པའི་ཆོས་མིན་པ་གང་ཡང་མི་འདུག་པས་བདག་གིས་ཚེ་འདིར་ལམ་སྣ་ཟིན་པར་བྱའོ༔ དེ་ཡང་འཕྲལ་རང་ལ་མ་བྱས་ན་ཚེ་ལ་ངེས་པ་མི་འདུག་པས་གློ་བུར་དུ་ཤི་ན་ཅི་བྱ་སྙམ་དུ་ཉམས་ལེན་ལ་འཇུག་པར་བྱའོ༔ གསུམ་པ་འཁོར་བའི་ཉེས་དམིགས་ལ་བསམ་པ་ནི༔ བདག་གིས་སྔོན་ཆད་ཀྱང་ཁམས་གསུམ་འཁོར་བའི་གནས་འདིར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱངས་ཤིང་ད་དུང་ཡང་འདི་ཙམ་གྱིས་སྐྱེ་བ་ཆོད་པའི་གདེང་ཚད་ནི་མེད༔ འཁོར་བ་མཐའ་མེད་དུ་སྡུག་བསྔལ་མྱོང་དགོས༔ བདག་གི་ཕ་མ་སེམས་ཅན་ཐམས་ཅད་ཀྱང་རིགས་དྲུག་གི་སྡུག་བསྔལ་འབའ་ཞིག་སྤྱོད་ཅིང་ཡོད་དོ༔ དེ་ཡང་དམྱལ་བ་ཚ་གྲང་གཉིས་ལས་ཡང་སོས་དང༔ ཐིག་ནག་དང༔ བསྡུས་འཇོམས་དང༔ ངུ་འབོད་དང༔ ངུ་འབོད་ཆེན་པོ་དང༔ ཚ་བ་དང༔ རབ་ཏུ་ཚ་བ་དང༔ མནར་མེད་དེ་བརྒྱད་ལ་མཚོན་ཆ་སྣ་ཚོགས་པའི་ཆར་འབབ་པས་དུམ་བུར་གཏུབས་ཏེ་ཡང་འཆི་ཡང་སོས་པ་དང༔ ལུས་ལ་ཐིག་ནག་པོ་བཏབ་སྟེ་སཏྭ་རེ་དང་སོག་ལེ་དང་རལ་གྲི་རྣམས་ཀྱིས་འདྲ་ཞིང་གཤོག་པ་དང༔ རལ་གྲི་དང་མདུང་ལ་སོགས་པའི་མཚོན་ཆས་བསྣུན་པ་དང༔ རི་ར་ལུག་གི་གདོང་པ་འདྲ་བས་འཚོག་པའི་བར་དུ་བརྡུངས་ཏེ་བཅར་ནས་འཇོམས་པ་དང༔ ཤ་མ་ལིའི་སྡོང་པོ་ལ་འཛེག་ཅིང་འབབ་པ་ན་དེའི་ཡལ་ག་དང་ལོ་འདབ་དང་ཤུན་པ་ཐམས་ཅད་ཀྱང་མཚོན་རྩེ་རྣོན་པོར་གྱུར་པས་ཤ་ལྤགས་རྣམས་ཕུག་སྟེ་འཆི་བ་དང༔ སྟག་གཟིག་དང་བྱ་རྒོད་དང་དུར་བྱ་དང་ཁྱི་སྲེ་བོ་དང་སྦྲུལ་གདུག་པ་རྣམས་ཀྱིས་བཅད་ཅིང་ཟ་བ་དང༔ ལྕགས་ཀྱི་ཁང་སྒྲོམ་མེ་རབ་ཏུ་འབར་བ་སྒོ་མེད་པར་བཅུག་སྟེ་སྲེག་པ་དང༔ ལྕགས་ཀྱི་ཟངས་མོ་ཆེ་ཁྲོ་ཆུ་ཁོལ་མའི་ནང་དུ་སྤྱི་བོ་ཚུགས་སུ་འཚོད་ཅིང་ཤ་ལྤགས་བྲལ་ཅིང་ཞིག་ཀྱང་མི་འཆི་བར་སྡུག་བསྔལ་མྱོང་བ་དང༔ ལྕགས་བསྲེགས་ཀྱི་ས་གཞི་དང༔ ཐལ་ཚན་གྱི་ཆུ་བོ་རབ་མེད་དང༔ རོ་མྱགས་ཀྱི་འདམ་དང༔ སྤུ་གྲི་ལོ་མའི་ཐང་རྣམས་ལ་འགྲོ་ཞིང་ཤ་རུས་ཞིག་པར་གྱུར་ཀྱང་མི་འཆི་ལ༔ སྐད་ཅིག་ལ་ཤི་ཡང་དེ་མ་ཐག་ཏུ་གསོས་ཏེ་སླར་ཡང་དེ་ལྟར་གྱུར་པ་བསྐལ་པའི་བར་མྱོང་དགོས་པའོ༔ ཡང་གྲང་བའི་དམྱལ་བ་བརྒྱད་ནི༔ ཨ་ཆུ་ཟེར་བ་དང༔ ཀྱེ་ཧུད་ཟེར་བ་དང༔ སོ་ཐཾ་ཐཾ་པ་དང༔ ཆུ་ལྦུར་ཅན་དང༔ ཆུ་ལྦུར་རྡོལ་བ་ཅན་དང༔ ཨུཏྤལ་དང༔ པདྨ་དང༔ པདྨ་ཆེན་པོ་ལྟར་གས་པ་རྣམས་ཏེ་ཤིན་ཏུ་གྲངས་བས་འདར་བའི་སྐད་ངན་འདོན་པ་དང༔ ཁ་འཐམས་ཏེ་སྨྲ་མི་ཤེས་པ་དང༔ གྲང་བའི་རེག་བྱས་ཆུ་བུར་ཤར་བ་དང༔ དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་བ་དང༔ ཧ་ཅང་གྲང་བས་དུམ་བུ་བཞི་དང་ལྔ་དང༔ བརྒྱ་སྟོང་གི་བར་དུ་དུམ་བུར་གས་ཤིང་འཐོར་བ་དང༔ དེས་ཀྱང་མི་འཆི་སྟེ་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་སོ༔ ཡི་དྭགས་ཀྱི་གནས་སུ་ཡང་སྡུག་བསྔལ་ལྷག་པར་ཆེ་སྟེ༔ ཕྱིའི་སྒྲིབ་པ་ཅན་གྱིས་ཕྱི་རོལ་གྱི་ཟས་སྐོམ་གང་ཡང་མི་མཐོང་ཞིང་མི་ཐོས་ན་མྱོང་བ་དག་ལྟ་སྨྲོས་ཀྱང་ཅི་དགོས༔ ལ་ལ་དག་གིས་ཟས་སྐོམ་མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུངས་ཏེ་ལོངས་སྤྱོད་དུ་མེད་པ་དང༔ གཞན་དག་ལ་མེ་འབར་བའི་རང་བཞིན་དུ་འགྱུར་ཞིང༔ ནང་གི་སྒྲིབ་པ་ཅན་ནི་ཟས་སྐོམ་གང་ཞིག་ཁར་སོང་ཡང་ཁོང་དུ་སླེབས་མ་ཐག་མེར་གྱུར་ཏེ་ཁ་དང་སྣ་ནས་མེ་དང་དུ་བ་ལྷག་ལྷག་འབྱུང་ཞིང་མཐར་བསུས་པ་ཡང་བརྡོལ་ནས་མེ་ལྕེ་ཕྱིར་འབར་བ་ཡོད་དོ༔ སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི་དགུན་གྱི་དུས་ཉི་མ་ཤར་ཀྱང་གྲང་རེག་མི་བཟོད་ལ༔ དབྱར་གྱི་ཚེ་ཟླ་བ་ཤར་ཀྱང་སྲེག་པར་བྱེད་ཅིང་ལུས་གཅེར་བུ་གོས་མེད་པས་ཁ་དོག་སྔོ་ནག་ལ་ཟས་སྐོམ་མ་མྱོང་བས་སྐེམ་ཞིང་རིད་པ༔ རྒྱུ་མ་སྟོང་པ་སྒལ་པ་ལ་འབྱར་བ༔ སྐྲ་གཟེངས་ཤིང་མིག་ཁོང་དུ་ལྷུང་བ༔ བཟའ་བཏུང་རྙེད་ཀྱང་ཁ་ཁབ་ཀྱི་མིག་ཙམ་དང་མིད་པ་རྟ་རྔ་ཙམ་ལས་མེད་པས་མི་འདྲོང་ལ༔ ཁོག་པ་ཡུལ་གྲུ་ཙམ་ཡོད་པས་ཁེངས་ཤིང་འགྲངས་ལ་ལྟོགས་སྐོམ་སངས་པའི་དུས་མེད་ལ༔ ལ་ལ་དག་གི་ཁ་བྱིལ་བྱིལ་པོར་གྱུར་པས་ཟས་སྐོམ་གང་ཡང་འགྲོ་བའི་སྐབས་མེད་པ་དེ་རྣམས་ཀྱིས་ཡི་དྭགས་ཀྱི་ལོ་ལྔ་སྟོང་ཙམ་དང་ཁྲིར་ཡང་མི་འཆི་བར་སྡུག་བསྔལ་མྱོང་དགོས་པ་དག་ཡོད་དོ༔ དུད་འགྲོའི་སྐྱེས་གནས་སུ་གྱུར་ན་ཡང་སྡུག་བསྔལ་ལྷག་པར་ཆེ་སྟེ༔ བྱིངས་ན་གནས་པ་ཕྱིའི་རྒྱ་མཚོ་ན་ཡོད་ལ༔ ཁ་ཐོར་བ་ལྷ་དང་མིའི་གནས་ན་ཡོད་པ་ཀུན་ཀྱང་གཅིག་གིས་གཅིག་གསོད་པ་དང༔ ཤ་ཟ་བ་དང་ཁྲག་འཐུང་ཞིང་འཇིབ་པ་དང༔ རུས་པ་འཆའ་ཞིང་མུར་བ་དང༔ ལྤགས་པ་བཤུ་ཞིང་རྐང་ལག་གཅོད་པ་དང༔ གཞན་ཡང་ཁལ་འགེལ་བ་དང༔ རྨོ་རྨོ་བ་དང༔ ཞོ་གཞོ་བ་དང༔ ཁོལ་བ་དང༔ བརྡུང་བ་དང༔ འཚོག་པ་དང༔ འདེད་པ་དང༔ ལྕགས་བཅུག་པ་དང༔ ལྕགས་ཀྱུ་དང་ཞགས་པས་བཏགས་པ་དང་འཁྲིད་པ་དང༔ བལ་འདྲེག་པ་དང༔ སྤུ་འཐོག་པ་དང༔ བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་སོ༔ མིར་སྐྱེས་ན་ཡང་སྐྱེ་བ་དང༔ རྒ་བ་དང༔ ན་བ་དང༔ འཆི་བའི་སྡུག་བསྔལ་དང༔ འབྱོར་གུད་དང༔ འདུ་འབྲལ་དང༔ ཡོད་མེད་དང༔ འཐབ་འཛིང་དང༔ དབང་ཆེ་ཆུང་ལ་སོགས་པའི་སྒོ་ནས་ཀྱང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བསམ་པར་བྱའོ༔ ལྷ་མ་ཡིན་དུ་སྐྱེས་ཀྱང་དཔག་བསམ་གྱི་ཤིང་དང་བདུད་རྩི་དང་ལྷ་མོའི་ཕྱིར་རྩོད་པ་དང༔ འཐབ་པ་དང༔ འཛིང་བ་དང༔ རྨས་པ་དང༔ རལ་བ་དང༔ ཡན་ལག་ཆད་པ་དང༔ གཡུལ་ཉེས་ཤིང་འཕམ་པ་སོགས་འཐབ་རྩོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་བསམ་མོ༔ ཡང་ལྷའི་གནས་སུ་ཡང་སྡུག་བསྔལ་ཆེ་སྟེ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༔ འདོད་ཡོན་ལ་སྤྱད་ཀྱང་ཚིམ་པ་མེད་པ་དང༔ གནས་གཞན་དུ་སྤྱུགས་པ་དང༔ ཆེ་བས་ཆུང་བ་ཟིལ་གྱིས་གནོན་པ་དང༔ འཆི་ལྟས་འཕོག་སྟེ་ལྗོན་ཤིང་སྐམ་པ་དང༔ མེ་ཏོག་གི་ཕྲེང་བ་རྙིང་པ་དང༔ གོས་ལ་རྡུལ་ཆགས་པ་དང༔ ལུས་མདོག་མི་མཛེས་ཤིང་དྲི་ང་བ་དང༔ པདྨའི་སྟན་ལ་མི་དགའ་བར་བག་གྲང་ཞིང་ཀུན་ཏུ་འཁྱམ་པ་དང༔ ལྷ་མོ་ལ་སོགས་པའི་གྲོགས་རྣམས་ཀྱིས་བོར་བ་དང༔ བདུད་རྩིའི་ཆུ་དང་པདྨའི་ཚལ་སྐམ་པ་དང༔ འདོད་འཇོའི་བ་ཤི་བ་དང༔ མྱུར་པོར་ངན་སོང་དུ་སྐྱེ་བ་ཤེས་ཤིང༔ དེའི་སྡུག་བསྔལ་གྱིས་ཉེན་ནས་འཕོ་ལྟུང་གི་སྡུག་བསྔལ་ཉ་བྱེ་ཚན་དུ་བསྒྲེས་པ་ལྟར་དུ་མྱོང་བ་བསམ་མོ༔ སྡུག་བསྔལ་དེ་ལའང་འགྱུར་བའི་སྡུག་བསྔལ་དང༔ སྡུག་བསྔལ་གྱི་སྡུག་བསྔལ་དང༔ ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡིན་ལ༔ འཁོར་བའི་སྡུག་བསྔལ་དེ་ལྟ་བུ་ལས་ཐར་བར་དཀའ་བས་མེའི་འོབས་དང་འདྲའོ༔ བདེ་བའི་གོ་སྐབས་མེད་པ་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲའོ༔ བདེ་བ་ཅུང་ཟད་མྱོང་ཡང་སྡུག་བསྔལ་དུ་འགྱུར་བ་ཤིང་ཀིམ་པའི་འབྲས་བུ་ཟ་བ་དང་འདྲའོ༔ སྡུག་བསྔལ་དེ་ཉིད་འབོར་དུ་མེད་པ་བུ་གཅིག་པ་ཤི་བའི་མ་དང་འདྲའོ༔ བདེ་བ་འདོད་ནས་སྡུག་བསྔལ་བཟོད་པ་གྱད་ཀྱི་སྒྱུ་རྩལ་དང་འདྲའོ༔ སྡུག་བསྔལ་ལ་བདེ་བར་འཛིན་པ་རལ་གྲིའི་སྦྲང་རྩི་ལྕེས་འདག་པ་དང་འདྲའོ༔ དེ་བས་ན་འཁོར་བ་ལ་ཡིད་སྐྱོ་བ་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་བྱའོ༔ བཞི་པ་རྒྱུ་འབྲས་ལ་བསམ་པ་ནི༔ ལས་དགེ་བ་དང་མི་དགེ་བ་གཉིས་ལས༔ དེ་ལྟར་འཁོར་བའི་སྡུག་བསྔལ་མྱོང་དགོས་ཐམས་ཅད་ཀྱང་ལས་མི་དགེ་བ་སྡིག་པ་བྱས་པ་ལས་བྱུང་ཞིང༔ བདེ་འགྲོ་མཐོ་རིས་དང་ཐར་པའི་བདེ་བ་ཐོབ་པ་ཡང་དགེ་བ་བྱས་པ་ལས་བྱུང་བས་དགེ་སྡིག་གཉིས་ཀྱི་འདོར་ལེན་དང་སྤང་བླང་མ་ནོར་བ་བྱ་དགོས་ཏེ༔ དང་པོ་མི་དགེ་བ་སྤང་བ་ལ་ལས་བཅུ་ཡོད་དེ༔ སྲོག་གཅོད་པ་དང༔ མ་བྱིན་པར་ལེན་པ་དང༔ མི་ཚང་པར་སྤྱོད་པ་དེ་ལུས་ཀྱི་ལས་གསུམ༔ རྫུན་དང༔ ཚིག་རྩུབ་དང༔ ཕྲ་མ་དང༔ ངག་འཁྱལ་ཏེ་ངག་གི་ལས་བཞི་དང༔ བརྣབ་སེམས་དང༔ གནོད་སེམས་དང༔ ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་ནི་མི་དགེ་བ་བཅུ༔ དེ་བཞིན་དུ་མཚམས་མེད་པ་ལྔ་དང༔ ཉེ་བ་ལྔ་དང༔ ལྕི་བ་བཞི་ལས་བཅུ་དྲུག་དང༔་་་ཉམས་པའི་ལྕི་བ་བཞི། སྨོད་པའི་ལྕི་བ་བཞི། ལོག་པའི་ལྕི་བ་བཞི། བསྐུར་བའི་ལྕི་བ་བཞི།མཆན། ལོག་པ་བརྒྱད་ལ་སོགས་པ་མ་ལུས་པ་སྤང་བར་བྱའོ༔ དགེ་བ་སྒྲུབ་པ་ནི་ཕྱག་འཚལ་བ་དང༔ བསྐོར་བ་བྱ་བ་དང༔ སྐུ་གསུང་ཐུགས་རྟེན་བཞེངས་པ་དང༔ བཀའ་བཀླག་པ་དང༔ མཆོད་པ་འབུལ་བ་དང༔ སྦྱིན་པ་གཏོང་བ་དང༔ ཚིག་དོན་འཛིན་པ་དང༔ གཞན་ལ་འཆད་པ་དང༔ ཚིག་དོན་ལ་རྟོག་ཅིང་དཔྱོད་པ་དང༔ ཡང་དག་པའི་དོན་ལ་མཉམ་པར་འཇོག་པ་སྟེ་དགེ་བའི་ལས་བཅུ་གསུམ་དང༔ གཞན་ཡང་དགེ་བར་འགྱུར་ཚད་བསྒྲུབ་པར་བྱའོ༔ དེ་རྣམས་ཀྱང་ཚིག་ཙམ་མ་ཡིན་པར་བློ་དང་འདྲེས་ཤིང༔ རྟག་ཏུ་ཆོས་སུ་འགྲོ་ཞིང་ལོ་ཀའི་བྱ་བ་ལ་སེམས་མི་འཇུག་པར་འགྱུར་གྱི་བར་དུ་བྱའོ༔ ལྔ་པ་སྐྱབས་འགྲོ་བྱ་བ་ནི༔ དེ་ལྟར་འཁོར་བའི་སྡུག་བསྔལ་ལས་ཐར་བར་འདོད་པས་སྐྱབས་མཆོག་དམ་པ་རྣམས་ལ་བསྟེན་པར་བྱ་སྟེ༔ སྐྱབས་ཡུལ་གསལ་གདབ་པ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ པདྨའི་སྡོང་པོ་ཡལ་འདབ་བཞིའི༔ དབུས་དང་ཕྱོགས་བཞིར་རིན་ཆེན་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དབུས་སུ་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མས་བསྐོར་བར་བསམ༔ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསྐོར༔ སངས་རྒྱས་དཀོན་མཆོག་ཀུན་འདུས་པ༔ ལྷོ་ཕྱོགས་གདན་ལ་ཡུམ་ཆེན་མོ༔ དམ་པའི་ཆོས་རྣམས་གླེགས་བམ་ཚུལ༔ ནུབ་ཕྱོགས་ཐེག་པ་ཆེ་ཆུང་གི༔ དགེ་འདུན་དཀོན་མཆོག་མ་ལུས་བསྐྱེད༔ བྱང་ཕྱོགས་གསང་སྔགས་ཕྱི་ནང་གི༔ མཁའ་འགྲོ་ཆོས་སྐྱོང་མ་ལུས་བསམ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་ཕྱིར་རྩེ་གཅིག་སྐྱབས་འགྲོ་བྱ༔ ཀྱེ་མ༔ འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལས༔ སྐྱོབ་མཛད་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་ཚོགས་དམ་ཅན་མ་ལུས་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས༔ བླ་མ་རིག་འཛིན་རྣམས་ལ་སྐྱབས་སུ་མཆི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཐེག་གསུམ་ལམ་སྟོན་ཆགས་བྲལ་གསུང་རབ་མཆོག༔ ལུང་རྟོགས་དམ་པའི་ཆོས་ལ་སྐྱབས་སུ་མཆི༔ ས་ལམ་ལ་གནས་ཚོགས་ཀྱི་མཆོག་གྱུར་པ༔ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་སྐྱབས་སུ་མཆི༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ དེང་ནས་གཟུང་སྟེ་བྱང་ཆུབ་མ་འཐོབ་བར༔ བདག་སོགས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་གནས་རེ་ལྟོས་གཞན་ན་མ་མཆིས་པས༔ ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་སྐྱོབ་ཏུ་གསོལ༔ ཞེས་སྐྱབས་འགྲོ་སྙིང་ཐག་པ་ནས་ཅི་མང་དུ་བྱའོ༔ དེ་ལ་སྐྱབས་འགྲོ་བྱས་པའི་ཕན་ཡོན་དང་མ་བྱས་པའི་ཉེས་དམིགས་སོགས་ཀྱང་ཤེས་པར་བྱའོ༔ དྲུག་པ་སེམས་བསྐྱེད་ནི༔ བདག་གི་ཕ་མ་སེམས་ཅན་རྣམས་རིགས་དྲུག་ཏུ་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ༔ འདི་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་བདག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཏེ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་བསྒྲལ་བར་བྱའོ་སྙམ་དུ་སེམས་ཅན་ལ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བྷེཾ་ཞིང༔ བདག་གིས་ཕ་མ་ཁམས་གསུམ་འཁོར་བ་ཡི༔ སེམས་ཅན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ སེམས་ཅན་མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད་པར་བྱ༔ སེམས་བསྐྱེད་དེ་ཡིས་མཐའ་ཡས་འགྲོ་བ་རྣམས༔ བདེ་དང་དགེ་བའི་ལས་ལམ་སྤྱོད་པ་དང༔ སྡུག་བསྔལ་མི་དགེའི་ལས་རྣམས་རྒྱུན་ཆད་ཅིང༔ སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན་པ་ཡི༔ མཉམ་ཉིད་ཡེ་ཤེས་ངང་ལ་གནས་གྱུར་ཅིག༔ ཅེས་བརྗོད་ཅིང་བྷེཾ་པར་བྱའོ༔ བདུན་པ་སྡིག་པ་སྦྱོང་བ་ནི༔ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྙིང་པོ་ཡི་གེ་བརྒྱ་པས་བསྐོར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ བཀླག་པའི་ཚུལ་གྱིས་སྔགས་བཟླས་པས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཀར་ནར་བབས་ཏེ་སྤྱི་བོར་ཞུགས༔ བདག་གི་ལུས་ཀུན་གང་བ་ཡིས༔ སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར༔ དྲི་མ་མེད་པའི་ལུས་སུ་གྱུར༔ ཐུན་མཚམས་ལྷ་ཡང་བདག་ལ་བསྟིམ༔ སྡིག་བཤགས་གཞན་ཡང་ཅི་ཤེས་སུ་བྱའོ༔ དེ་ལྟར་སྡིག་པ་དག་པའི་རྟགས་ཁྱད་པར་ཅན་མ་མཐོང་གི་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་ཚོགས་གསག་པ་ནི༔ མཎྜལ་གྱི་ཚོམ་བུ་བཀོད་ལ༔ ན་མོ༔ རིན་ཆེན་བཞི་ལྡན་གསེར་རི་ལྷུན་པོ་དང༔ གླིང་བཞི་ཉི་ཟླ་ལྕགས་རི་མུ་ཁྱུད་བཅས༔ ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་པ༔ བླ་མ་སྤྲུལ་པའི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ བདག་གིས་ཡོངས་བཟུང་བུ་དང་བུ་མོ་དང༔ འཁོར་དང་ལོངས་སྤྱོད་མཛེས་སྡུག་མ་ལུས་པ༔ འཇིག་རྟེན་འདི་ཡི་གཅེས་རྒུ་ཀུན་བསྡུས་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ རང་ལུས་འབྱུང་བཞི་ཤ་ཁྲག་སྣ་ཚོགས་པ༔ དབང་པོ་སྒོ་ལྔ་གཙང་ཞིང་མཛེས་པས་བརྒྱན༔ ཞེན་འཛིན་བྲལ་བའི་བློ་ཡིས་ཀུན་བླངས་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཞིང་དུ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་འཚང་རྒྱ་ཤོག༔ ཆོས་དབྱིངས་སྟོང་གསལ་དག་པའི་ཀློང་ཡངས་སུ༔ རང་རིག་རང་གསལ་རྡོ་རྗེ་ལུ་གུ་རྒྱུད༔ ཐུགས་རྗེ་མ་འགགས་རོལ་པ་འོད་ལྔའི་ཞིང༔ བླ་མ་ངོ་བོ་ཉིད་སྐུའི་ཞིང་དུ་འབུལ༔ འགྲོ་ཀུན་ངོ་བོ་ཉིད་སྐུར་འཚང་རྒྱ་ཤོག༔ ཅེས་བརྗོད་ཅིང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དྭངས་པའི་བློས་བླངས་ཏེ་སྙིང་ཐག་པ་ནས་ཕུལ་ན་ཚོགས་གཉིས་རྫོགས་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགུ་པ་གསོལ་བ་འདེབས་པ་ནི༔ གང་ལ་གསོལ་བ་གདབ་པའི་ཡུལ་བསྐྱེད་པར་བྱ་སྟེ༔ རང་གི་སྤྱི་བོར་དཔག་བསམ་གྱི༔ སྡོང་པོ་པདྨའི་ཟེའུ་འབྲུ་ལ༔ ཉི་ཟླ་དར་གྱི་ལྷུག་གདན་དབུས༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གསང་ཡུམ་ཡེ་ཤེས་ཌཱ་ཀི་མ༔ དམར་མོ་གྲི་གུག་ཐོད་པ་འཛིན༔ ལངས་ཚོ་ལྡན་པ་སྐུ་ལ་འཁྲིལ༔ དེ་ཡི་སྤྱི་གཙུག་པདྨ་གསུམ༔ དབུས་སུ་པདྨ་འབྱུང་གནས་ལ༔ གཡས་སུ་བི་མ་མི་ཏྲ་དང༔ གཡོན་དུ་བཻ་རོ་ཙ་ན་བསྒོམ༔ དེ་སྟེང་པདྨ་སུམ་བརྩེགས་ལ༔ འོག་མ་ཤྲཱི་སིང་ཧ་ལ༔ འཇམ་དཔལ་བཤེས་གཉེན་དགའ་རབ་དང༔ རྡོ་རྗེ་སེམས་དཔའ་ཀུན་བཟང་རྣམས༔ འོག་ནས་རིམ་བརྩེགས་བཞུགས་པར་བྷེཾ༔ མཐའ་སྐོར་རྒྱལ་བ་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ སྤྲིན་ཕུང་གཏིབས་པ་བཞིན་དུ་བསམ༔ གདུང་བའི་ངག་གིས་གསོལ་བ་གདབ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་ལྷུན་གྲུབ་ཕོ་བྲང་དུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ འོད་ལྔ་མ་འདྲེས་དག་པའི་ཞིང་ཁམས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ གསེར་གླིང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ དྷ་ཧེ་ན་ཡི་ཀེའུ་ཚང་བར་པ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རིག་འཛིན་ཤྲཱི་སེང་ཧ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ རྒྱ་བོད་གནས་དང་རྔ་ཡབ་གླིང་ཕྲན་དུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ རྒྱ་གར་ཆུ་བོ་གངྒའི་ཀླུང་འགྲམ་དུ༔ པཎ་ཆེན་བི་མ་ལ་མི་ཏྲ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ སྒྲ་བསྒྱུར་བཻ་རོ་ཙ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ གཞོ་སྟོད་ཏི་སྒྲོ་ཌཱ་ཀིའི་ཚོགས་ཁང་དུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ སྒྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གུ་རུ་བུདྡྷ་ཛྙཱ་ན་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ མཆིམས་ཕུ་གྲེ་གུ་གེ་གོང་དབེན་རྩ་རུ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཐུགས་མཆོག་ནམ་མཁའི་སྙིང་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ ཡར་ལུང་ཤེལ་བྲག་བདུད་རྩི་སྨན་ཕུག་ཏུ༔ ཡོན་ཏན་ཀུ་མ་རཱ་ཛ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ མོན་ཁ་སེངྒེ་ཡང་རྫོང་གནས་མཆོག་ཏུ༔ ཕྲིན་ལས་རྡོ་རྗེ་བདུད་འཇོམས་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རུ༔ ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ སྐུ་དང་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ་གསོལ་བ་འདེབས༔ ཁྲེགས་ཆོདྎ ཐོད་རྒལྎ སྣང་བཞིའིྎ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་དུ༔ སྔགས་སྲུང་ཨེ་ཀ་ཛཱ་ཏི་ལ་གསོལ་བ་འདེབས༔ ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང༔ ཐོད་རྒལ་ཉམས་ཀྱི་དགོངས་པ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ ཞེས་དང༔ གཞན་ཡང་གསོལ་བ་གདབ་པ་ནི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས་ཤིག༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་ཉིད་ཟད་མཐར་ཕྱིན་པར་བྱིན་གྱིས་རློབས་ཤིག༔ བླ་མ་སྐུ་བཞིའི་བདག་ཉིད་ཅན་ལ་གསོལ་བ་འདེབས༔ སྣང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཅེས་སྙིང་ཐག་པ་ནས་གསོལ་བ་ཡང་ཡང་གདབ་པར་བྱའོ༔ བཅུ་པ་དབང་བླང་བ་ནི༔ བླ་མའི་སྨིན་མཚམས་མཛོད་སྤུ་ཡི༔ ཨོཾ་ཡིག་དཀར་ལས་འོད་དཀར་དང༔ བདེ་གཤེགས་སྐུ་རྣམས་མང་དུ་བྱུང༔ རང་གི་སྨིན་མཚམས་ཐིམ་པ་ཡིས༔ ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ༔ བསྐྱེད་རིམ་ལྷ་སྐུ་སྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱས༔ བླ་མའི་ལྗགས་ཀྱི་པདྨའི་སྟེང༔ ཨཱཿཡིག་དམར་ལས་འོད་དམར་དང༔ གསང་སྔགས་ཡིག་འབྲུ་དཔག་མེད་བྱུང༔ རང་གི་ལྕེ་ལ་ཐིམ་པ་ཡིས༔ ངག་གི་སྒྲིབ་དག་གསང་དབང་ཐོབ༔ ལམ་དུས་བཟླས་པ་བྱ་བར་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ བླ་མའི་ཐུགས་ཀའི་རྡོ་རྗེ་ལས༔ ཧཱུྃ་ཡིག་མཐིང་དང་འོད་སྔོན་པོ༔ རྒྱལ་བའི་ཕྱག་མཚན་དུ་མ་བྱུང༔ རང་གི་སྙིང་གར་ཐིམ་པ་ཡིས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ལམ་དུས་ཕོ་ཉ་སྒོམ་པར་དབང༔ འབྲས་བུ་ཆོས་སྐུའི་ས་བོན་བཞག༔ བླ་མའི་གནས་གསུམ་དཀྱིལ་འཁོར་ནས༔ ཨོཾ་ཨཱཿཧཱུྃ་དང་འོད་ཟེར་ལྔ༔ འཕྲོས་པས་རང་གི་གནས་གསུམ་ཐིམ༔ སྒོ་གསུམ་སྒྲིབ་དག་ཚིག་དབང་ཐོབ༔ ལམ་དུས་ཁྲེགས་ཆོད་ཐོད་རྒལ་སྒོམ༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ༔ མཐར་ནི་རྩ་བའི་བླ་མ་ཡང༔ འོད་ཞུ་རང་གི་སྤྱི་བོ་ནས༔ བྱོན་ཏེ་སྙིང་དབུས་བཞུགས་པར་བྷེཾ༔ དེ་ནས་རང་གི་སེམས་ཉིད་ཀྱི་ངོ་བོ་དང་བླ་མ་གཉིས་སུ་མེད་པའི་ངང་ལ་བཅོས་སླད་མི་བྱ་བར་རང་སོར་གློད་ལ་དར་ཅིག་གཞག་པར་བྱའོ༔ དེ་ལྟར་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་བསྐྱངས་པས་ལམ་དངོས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་བྱེད་པར་ཐེ་ཚོམ་མེད་དོ༔ དེ་ལས་ལོག་སྟེ་ཐེ་ཚོམ་དང་སྙོམ་ལས་དང་ལེ་ལོའི་དབང་དུ་སོང་བ་རྣམས་ལ་ནི་དངོས་གཞིའི་ཉམས་རྟོགས་མི་སྐྱེ་བས༔ དེ་ལ་ལོག་ལྟ་སྐྱེས་པའི་སྐྱོན་གྱིས་ངན་འགྲོར་ལྟུང་བས་འདི་མན་ཆད་ཀྱི་གདམས་པ་རྣམས་སྟོན་པའི་སྣོད་མ་ཡིན་པ་ལ་གསང་བར་བྱའོ༔ སྙིང་པོའི་ལམ་གྱི་རིམ་པ་ཐེམ་སྐས་ལྟ་བུར་བསྟན་པ་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ སྩྱ་སྩྱ་སྩྱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའོ།། །། ྈ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་བར་དུ་དགེ་བ་ཁྲེགས་ཆོད་ཀྱི་གདམས་པ་བཞུགས་སོ༔ རྒྱལ་བ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ༔ གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ༔ ལུང་ཐམས་ཅད་ཀྱི་གལ་མདོ༔ མན་ངག་ཐམས་ཅད་ཀྱི་ཟབ་རྒྱ༔ གདམས་པ་ཐམས་ཅད་ཀྱི་ཉིང་ཁུ༔ གཉིས་པ་ཐུན་མོང་མ་ཡིན་པའི་ཐེག་པའི་ལམ་གྱི་གཞི་བཅའ་བ།མཆན།་་་ཟབ་དོན་མཐར་ཐུག་གི་དོན་འདི་སྟོན་པ་ལ་གཉིས་ཏེ༔ རྣལ་འབྱོར་བསྐྱེད་པའི་རིམ་པ་དང༔ མན་ངག་རྫོགས་པའི་རིམ་པའོ༔ དང་པོ་ལའང༔ རྒྱུད་སྨིན་པར་བྱེད་པའི་དབང་དང༔ དབང་ལས་བྱུང་བའི་ལམ་མོ༔ དང་པོ་བླ་མ་མཚན་ཉིད་དང་ལྡན་པས་སློབ་མ་སྐལ་པ་དང་ལྡན་པ་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་བསྐུར་ཏེ་རྒྱུད་སྨིན་པར་བྱའོ༔ གཉིས་པ་དབང་ལས་བྱུང་བའི་ལམ་ལ་ཡང་གང་ཟག་རྒྱས་པ་ལ་མོས་པ་རྣམས་ལ་མན་ངག་སྙིང་ཁོང་གི་རྒྱུད་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡོངས་སུ་རྫོགས་པའི་སྒོམ་བཟླས་བྱ་ལ༔ དབང་པོ་འབྲིང་རྣམས་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པ་ལ་འཇུག་པར་བྱ་ཞིང༔ བསྡུས་པ་ལ་མོས་པས་རྒྱལ་བ་རིགས་ལྔ་དང༔ ཤིན་ཏུ་བསྡུས་པ་ལ་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་རིམ་པ་རྣམས་ཡང་དག་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་མན་ངག་རྫོགས་པའི་རིམ་པ་ལའང༔ ལྟ་བའི་མཐར་ཐུག་ཁྲེགས་ཆོད་བསྐྱང་བ་དང༔ སྒོམ་པའི་སྙིང་པོ་ཐོད་རྒལ་སྦྱང་བ་དང༔ དབང་པོའི་རིམ་པས་མཇུག་བསྡུ་བའོ༔ དང་པོ་ལྟ་བ་ལ་ཡང་ལམ་ལ་འཇུག་པའི་ཁྱད་པར་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ༔ རིགས་དྲུག་ས་བོན་སྦྱང་བ༔ སྔོན་འགྲོ་དངོས་དང་གསུམ༔ དང་པོ་རུ་ཤན་དབྱེ་བ་ནི༔ ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེ་ན༔ ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༔ འབྲེལ་བ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བྱ༔ ཞེས་པས་དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་བྱ༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད༔ ཅེས་པས་མི་མེད་པའི་རིའམ་དུར་ཁྲོད་དམ་ལུང་སྟོང་ལ་སོགས་པའི་ཤིན་ཏུ་དབེན་པར་ཕྱིན་ལ༔ བདག་གིས་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དཔག་ཏུ་མེད་པ་བླངས་ཏེ༔ སྐྱེ་བ་བླངས་རེས་ཀྱི་ལུས་རེ་བྱུང༔ ལུས་གྲུབ་ནས་རིགས་དྲུག་གི་རྣམ་འགྱུར་དང་སྤྱོད་ལམ་གང་ཡང་བྱས་ཏེ༔ སྡུག་བསྔལ་དང་དོན་མེད་ཁོ་ནར་སོང༔ ད་དེ་ལྟར་མི་བྱེད་པའི་ཕྱིར་ལུས་འཁོར་འདས་རུ་ཤན་དབྱེ་དགོས༔ འདི་ལྟར་བྱས་ནས་ལུས་འཁོར་བར་ཕྱིས་མི་ལྡོག་པ་བྱ་སྙམ་དུ་སེམས་བསྐྱེད་ལ༔ དམྱལ་བ་ལ་ཚ་གྲང༔ ཡི་དྭགས་ལ་བཀྲེས་སྐོམ༔ དུད་འགྲོ་ལ་བཀོལ་སྤྱོད༔ མི་ལ་སྐྱེ་འཆི༔ ལྷ་མ་ཡིན་ལ་འཐབ་རྩོད༔ ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་སོགས་འཁོར་བའི་སྡུག་བསྔལ་རེ་རེ་ནས་རང་གི་རྒྱུད་ཐོག་ཏུ་བླངས་ལ༔ དེ་དག་གི་རྣམ་འགྱུར་དང་སྤྱོད་ལམ་སྣ་ཚོགས་པ་ཡིད་ལ་དྲན་ཚད་བྱའོ༔ གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཅེས་གསུངས་པས་ངག་གི་སྒྲ་འདིས་ཀྱང་གཉིས་སུ་འཛིན་པའི་ལས་བྱས་ཏེ་འཁོར་བར་འཁྱམས་པ་ཡིན༔ ད་ཕྱིན་ཆད་ངག་འཁོར་འདས་རུ་ཤན་ཕྱེ་ལ་འཁོར་བར་མི་འཁྱམས་པ་བྱ་སྙམ་དུ་བསམ་ལ༔ དམྱལ་བ་ཚ་གྲང་གི་སྒྲ་ཨ་ཙ༔ ཨ་ན༔ ཨ་ཆུ་ཀྱེ་ཧུད་ལ་སོགས་པ་དང༔ ཡི་དྭགས་ཀྱི་ལྟོགས་འཁྱག་བཀྲེས་སྐོམས་དང༔ དུད་འགྲོའི་སྐད་འུ་དང་འབུ་དང་འབའ་དང་ཝང་དང་ཁང་ལ་སོགས་དང༔ མིའི་ངུ་ངག་དང་སྨྲེ་ངག་དང་མྱ་ངན་དང་ཆོ་ངེ་ལ་སོགས་པ་དང༔ ལྷ་མ་ཡིན་གྱི་རྒྱོབ་དང་སོད་དང་ང་བསད་དོ་ང་བརྡུངས་སོ་ཁོ་སོད་ལ་སོགས་པ་དང༔ ལྷའི་གླུ་གར་སོགས་བྱས་མ་ཐག་ཤིང་བསྐམས་ཆུ་བསྐམས་ང་ཤི་ན་ངན་འགྲོར་སྐྱེའོ་སོགས་མདོར་ན་དྲན་ཚད་སྨྲའོ༔ གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི༔ འདས་རྗེས་ལས༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང༔ ཞེས་པས་རང་གི་སེམས་འདི་བུདྡྷའི་ཐུགས་དང་དབྱེར་མེད་ཡིན་པ་ལ་མ་རིག་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན༔ ད་འཁོར་བར་མི་འཁྱམ་པར་བྱ་བའི་ཕྱིར་ཡིད་འཁོར་འདས་རུ་ཤན་དབྱེ་སྙམ་དུ་བསམ་ལ་རིགས་དྲུག་གི་སྡུག་བསྔལ་རེ་རེ་ནས་རང་རྒྱུད་ལ་མྱོང་བར་བསམ་ལ་རྒྱུད་ཐོག་ཏུ་འགེལ་བར་བྱའོ༔ དེ་ཡང་ལུས་ཀྱིས་རིགས་དྲུག་གི་སྤྱོད་ལམ་རྣམ་འགྱུར་བྱ༔ ངག་གིས་སོ་སོའི་སྒྲ་སྐད་བརྗོད༔ ཡིད་ཀྱིས་དེ་དག་གི་སྡུག་བསྔལ་བསམ༔ དེ་རེ་རེའི་རྗེས་སུ་ཡང་དེ་ལྟར་མྱོང་བྱེད་ཀྱི་ངོ་བོ་ལ་ལྟའོ༔ དེ་རྣམས་ལ་འབྱོངས་པའི་རྟགས་ནི་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ལུས་རུ་ཤན་ཕྱེད་པའོ༔ བླ་མའི་གདམས་པ་རྣམས་ལ་གོ་བ་སྐྱེས་ནས་ཚིག་ཏུ་མ་བཟུང་པར་དོན་རང་རྡོལ་དུ་ཤེས་ན་ངག་རུ་ཤན་ཕྱེད་པའོ༔ སེམས་གསལ་དྭངས་འཁྲུལ་རྟོག་མེད་པ་དང་བདེ་སྟོང་གི་ཉམས་ཤར་ན་ཡིད་རུ་ཤན་ཕྱེད་པའོ༔ དེ་ནི་འཁོར་བ་རུ་ཤན་དབྱེ་བའོ༔ ཡང་སངས་རྒྱས་ཞི་བ་དང་ཁྲོ་བོའི་བཞུགས་སྟངས་དང་ཆོས་ཀྱི་སྒྲ་དང་གསུང་དབྱངས་དྲག་པོའི་གད་མོ་སྣ་ཚོགས་བྱས་ལ་རྗེས་སུ་ལུས་གནད་དྲང་པོར་བསྲང༔ སེམས་ཀྱི་ངོ་བོ་ལ་ལྟ་ཞིང་རང་བབས་སུ་ལྷོད་ཀྱིས་བཞག་གོ༔ དེ་ལྟར་ཕྱིའི་རུ་ཤན་ཕྱེད་ནས༔ གཉིས་པ་ནང་གི་རུ་ཤན་འབྱེད་པར་བྱ་སྟེ༔ འདས་རྗེས་ལས༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེ་རྩལ་སྦྱང་རུ་ཤན་དབྱེ༔ ཞེས་དང༔ ཀློང་གསལ་ལས༔ ནང་གི་འཁྲུལ་རྒྱུ་ཟད་བྱའི་ཕྱིར༔ འཁོར་འདས་རུ་ཤན་ནང་ལྟར་དབྱེ༔ ཞེས་པས་སྦྱང་བར་བྱ་བ་རིགས་དྲུག་གི་ས་བོན་དྲུག་པོ་ཡིན་ལ༔ དེ་དྲུག་གནས་ཚུལ་ནི་ཀློང་གསལ་ལས༔ སྤྱི་བོ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་གནས༔ ཞེས་པས་རང་ཐ་མལ་གྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ༔ མགྲིན་པའི་ལྟག་རྩ་བ་མེན་གྱི་རྭ་འདྲ་བའི་ནང་དུ་ལྷ་མིན་གྱི་ས་བོན་སུ་ལྗང་སེར༔ སྙིང་གའི་སྲོག་རྩའི་ནང་དུ་མིའི་ས་བོན་ནྲྀ་སྔོ་སྐྱ༔ ལྟེ་བའི་རྩ་བ་ཐག་བརྒྱངས་པ་ལྟ་བུའི་ནང་དུ་དུད་འགྲོའི་ས་བོན་ཏྲི་དམར་ནག༔ གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག༔ རྐང་མཐིལ་གྱི་རྩ་འཁོར་འཁྱིལ་བ་ལ་དམྱལ་བའི་ས་བོན་དུ་དུད་ཁ༔ རང་འཆི་བའི་ཚེ་ལུས་ཀྱི་ཆ་དེ་རྣམས་སུ་རླུང་སེམས་འདུས་ན་རིགས་དྲུག་དེ་དག་གི་ནང་དུ་དེ་མ་ཐག་དུ་སྐྱེ་བར་བྱེད་ལ༔ དེའི་ཕྱིར་སྦྱོང་བ་གལ་ཆེ་བས་ཡི་གེ་དྲུག་པོའི་འོག་ཏུ་རཾ་ཡིག་དམར་པོ་མེའི་རང་བཞིན་ཅན་རེ་རེ༔ རཾ་གྱི་འོག་ཏུ་ཡཾ་ལྗང་གུ་རླུང་གི་རང་བཞིན་ཅན་རེ་རེ་བསམ༔ དེ་ནས་ངག་ཏུ་ཨོཾ་ཨཱཿཧཱུྃ་ན་ར་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་ཡཾ་ལས་རླུང་བྱུང་རཾ་ཡིག་ལ་ཕོག་པས་མེ་འབར༔ དུ་དུད་ཁ་དེ་དངོས་མེད་དུ་བསྲེགས་པར་བསམ༔ དེ་བཞིན་དུ་ཨོཾ་ཨཱཿཧཱུྃ་པྲེ་ཏ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་པྲེ་བསྲེགས༔ ཨོཾ་ཨཱཿཧཱུྃ་ཏིརྻ་ཀ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་ཏྲི་བསྲེགས༔ ཨོཾ་ཨཱཿཧཱུྃ་དུ་ཁ་ཏྲི་ཤ་ནི་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་མེ་རླུང་གིས་ནྲྀ་བསྲེགས༔ ཨོཾ་ཨཱཿཧཱུྃ་ཨ་སུ་ར་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས་མེ་རླུང་གིས་སུ་བསྲེགས༔ ཨོཾ་ཨཱཿཧཱུྃ་དེ་ཝ་སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་མེ་རླུང་གིས་ཨ་བསྲེགས༔ སླར་ཡང་རང་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་སྔོན་པོ་བསམ༔ དེ་ལས་བདུད་རྩིའི་རྒྱུན་བབས་ཡིག་འབྲུ་དྲུག་གི་གནས་རྣམས་ཀྱང་སྦྱངས༔ རིགས་དྲུག་འཁོར་བའི་སྐྱེ་གནས་ཐམས་ཅད་སྟོངས་པར་བསམ་ལ་འབྲུ་གསུམ་སྐད་ཆེན་པོས་དབྱངས་སུ་ལེན་ནམ་ཤུབ་བུར་བཟླས་ཀྱང་རུང་སྟེ་འབུམ་ཚོ་བདུན་བཟླས་པ་བྱའོ༔ དེས་སྡིག་པ་འདག་པའི་རྟགས་མཚན་སྣ་ཚོགས་དང་སྒོ་གསུམ་གྱི་ཞེན་འཛིན་དག་ནས་ཤེལ་གོང་དག་པ་ལྟར་སོང་སྙམ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ༔ དགོས་པ་ནི༔ ཐལ་འགྱུར་ལས༔ འོད་གསལ་དགོངས་པ་རྣམ་པ་གཉིས༔ ཐུན་མོང་མཆོག་གི་དབྱེ་བས་བསྟན༔ ཞེས་དང༔ ཀློང་གསལ་ལས༔ ལུས་ངག་ཡིད་གསུམ་སྔོན་འགྲོ་ནི༔ ཐུན་མོང་ཁྱད་པར་མཐར་ཐུག་གི༔ དགོས་པ་གསུམ་དུ་ཤེས་པར་བྱ༔ ཞེས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་དང་དེའི་བར་གཅོད་དང་དེ་ལ་ཞེན་པའི་ས་བོན་རྣམས་རྩ་བ་ནས་འདག་ཅིང་ཞི་བ་ཐུན་མོང་གི་དགོས་པའོ༔ ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པས་ད་ཕྱིན་ཆད་འཁོར་བར་མི་ལྡོག་པ་ཁྱད་པར་གྱི་དགོས་པའོ༔ ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བ་མཐར་ཐུག་གི་དགོས་པའོ༔ གསུམ་པ་སྔོན་འགྲོ་དངོས་ལ༔ རྣལ་དུ་དབབ་པ༔ སོར་གཞུག་པ༔ སྒོ་གསུམ་གྱི་རྣལ་འབྱོར་དང་གསུམ༔ དང་པོ་རྣལ་དབབ་ནི༔ སྒྲོན་མ་འབར་བར༔ འཁོར་འདས་རུ་ཤན་ཕྱེ་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་དབབ༔ ཅེས་དང༔ ཐལ་འགྱུར་ལས༔ འདི་དུས་ལུས་ངག་སེམས་ཀྱི་གནད༔ རྣལ་འབྱོར་ལྡན་པས་རྣལ་དུ་དབབ༔ ཅེས་པས་གོང་གི་སྔོན་འགྲོ་རྣམས་ཀྱིས་འབྱུང་བ་འཁྲུགས་ཤིང་ངལ་བ་དང༔ བདེ་བའི་མལ་དུ་ལུས་བསྒུལ་སྐྱོད་དང༔ ངག་སྨྲ་བརྗོད་དང༔ ཡིད་དྲན་བསམ་གང་ཡང་མི་བྱ་བར་རང་བབས་ཉིད་དུ་གློད་ལ་བཞག་གོ༔ གཉིས་པ་སོར་གཞུག་ནི༔ ཀློང་གསལ་ལས༔ ཀ་དག་དོན་ཉིད་རྟོགས་བྱའི་ཕྱིར༔ རྣལ་དུ་ཕབ་ནས་སོར་ཡང་གཞུག༔ ཅེས་དང༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་པས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལྟ་སྟངས་ས་ལ་ཕབ༔ མིག་ཟིམ་བུར་བལྟ་བར་བྱའོ༔ དེས་རྣམ་རྟོག་ཕྲ་མོ་རྣམས་འཇོམས་ཏེ་ཉན་ཐོས་ཀྱི་ལྟ་སྟངས་སོ༔ ལུས་གནད་བཅའ༔ མིག་བར་སྣང་ལ་རང་བབས་སུ་ཧ་རེ་བལྟས་ཏེ་རྣམ་རྟོག་རགས་པ་འཇོམས་པ་བྱང་སེམས་ཀྱི་ལྟ་སྟངས་སོ༔ ལུས་གནད་སྔར་ལྟར་རམ་རོལ་པའི་སྟབས་སམ་ལངས་ཏེ་དོར་སྟབས་བགྲད་ལ་མིག་བར་སྣང་ལ་གྱེན་དུ་བགྲད་ལ་བལྟ་ཞིང་ཁྲོ་བོའི་གད་རྒྱངས་སྒྲོག་པ་སོགས་ཀྱང་བྱས་ལ་སེམས་སྤྲོས་པ་དང་བྲལ་བར་བཞག་གོ༔ དེས་རྣམ་རྟོག་སྦོམ་པོ་འཇོམས་ཤིང་ཁྲོ་བོའི་ལྟ་སྟངས་སོ༔ ཕན་ཡོན་ནི་ཉན་ཐོས་ཀྱིས་སྒོ་གསུམ་གནས་པར་བྱེད༔ བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད༔ ཁྲོ་བོས་བརྟན་པ་གྲོལ་བར་བྱེད་པའོ༔ གསུམ་པ་སྒོ་གསུམ་གྱི་རྣལ་འབྱོར་ལ༔ ལུས་དང༔ ངག་དང༔ ཡིད་ཀྱི་གསུམ་མོ༔ དང་པོ་ནི༔ ཐལ་འགྱུར་ལས༔ རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས༔ ལུས་སྦྱངས་སེམས་ལ་ཕན་པ་འོ༔ ཞེས་པས་རྐང་མཐིལ་གཉིས་སྤྲད༔ ལུས་དང་སྒལ་ཚིགས་བསྲངས༔ ལག་གཉིས་མགོ་ལ་མ་རེག་པར་ཐལ་མོ་སྦྱར་བ་ཤད་རྐྱང་ལྟག་རྩ་འཐེན༔ ཉྭ་བཞི་སྒྲིམ༔ མིག་བར་སྣང་ལ་ཧ་རེ་བལྟ༔ ཡིད་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་དྲན་ཙམ་བྱ༔ དེ་ལྟར་ཤིན་ཏུ་འབད་ལ་བསྒོམ་ཞིང་མི་ལྕོགས་པར་འཇོག་ཚེ་ཧལ་ཞེས་པའི་སྒྲ་ལྷང་བ་ཞིག་བརྗོད་ཅིང༔ སྒྲ་དེ་དང་དུས་མཉམ་དུ་རང་རིག་ཚངས་བུག་ནས་ནམ་མཁར་སངས་བཏང་ལ་ལུས་གན་ལོག་ཏུ་ཁྲེས་སེ་བསྐྱུར་ལ་དུར་ཁྲོད་ཀྱི་མི་རོ་བཞིན་ཡིད་ཀྱང་དྲན་མེད་རྟོག་མེད་དུ་རྗེན་ནེ་བཞག་ལ་ཡུན་ཇེ་རིང་དུ་བསྒོམ་པར་བྱའོ༔ རྟགས་ནི་ལུས་ཁོལ་བུར་ན་བ་དང་ཚུགས་མི་ཐུབ་དྲོད་སྐྱེ་རྣམ་རྟོག་མེད་པ་འབྱུང་ངོ༔ དགོས་པ་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག༔ གདོན་བགེགས་ཀྱི་བར་གཅོད་ཞི༔ ལུས་ཀྱི་ཞེན་པ་ཟློག་པའོ༔ ཁྱད་པར་དུ་ཕྱིས་འཁོར་བར་མི་འཇུག་པའོ༔ མཐར་ཐུག་འབྲས་བུ་སྤྲུལ་སྐུ་ཐོབ་པའོ༔ གཉིས་པ་ངག་གི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་འདེབས་པ་དང་རྩལ་སྦྱོང་གཉིས༔ མཉེན་བཙལ་ལམ་དུ་གཞུག་པ་ཡིས༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་པས་རྒྱས་གདབ་པ༔ རྩལ་སྦྱང་བ༔ མཉེན་བཙལ་བ༔ ལམ་དུ་གཞུག་པ་བཞི་ལས༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་པོ་དབུགས་ཀྱི་ཐུབ་ཚད་བརྗོད༔ ལུས་རྣམ་སྣང་གི་ཆོས་བདུན་བྱ༔ མིག་བར་སྣང་ལ་བལྟ༔ ངག་གིས་ཧཱུྃ་གི་སྒྲ་གྲགས་སྟོང་དུ་ལྷང་ལྷང་བརྗོད་ཅིང༔ ཡིད་ཀྱིས་རང་གི་སྙིང་དབུས་ན་ཧཱུྃ་གཅིག་འདུག་པ་དེ་ལས༔ ཧཱུྃ་དེ་འདྲ་བ་རྒྱུན་མི་ཆད་དུ་བྱུང་བ་རང་གི་ཁ་ནས་ཕྱིར་ཐོན༔ ཐོ་ཕྱི་དང༔ གནས་ཁང་དང༔ གྲོང་ཁྱེར་དང༔ ཡུལ་ཁམས་དང༔ འཇིག་རྟེན་གྱི་ཁམས་བློས་མི་འཁྱུད་པ་ཙམ་དུ་ཧཱུྃ་གིས་ཤིག་ཤིག༔ མེར་མེར་སོང་བས་མཐར་སྟོང་གསུམ་ཐམས་ཅད་ཧཱུྃ་གིས་གང་བར་བསམ་ཞིང༔ དེ་ཐམས་ཅད་ཀྱང་བུང་བ་ཚང་ཞིག་པ་ལྟར་ཧཱུྃ་གི་རང་སྒྲ་དི་རི་རི་སྒྲོག་པར་བསམ་མོ༔ ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ལུས་གནད་དང་ལྟ་སྟངས་སྔར་ལྟར་བྱས་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་དག་གཅིག་རྟིང་གཅིག་ནོན་དུ་ཚུར་བྱུང༔ རིམ་པ་བཞིན་རང་གི་ཁ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང༔ རང་གི་གདོས་བཅས་ཤ་ཁྲག་གི་ལུས་ཐམས་ཅད་མེད་པར་བྱས་ནས་རང་ལུས་སྣང་སྟོང་བར་སྣང་ལ་ཡམ་ཡམ་དུ་འདུག་པར་བསམ་ནས་རླུང་གཟུང༔ དེས་ཆད་པ་དང་ཕཊ་ཅེས་གཤིས་རང་བབས་སུ་ལྷན་ནེ་གཞག༔ དེས་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིན་མེད་པར་གྲོལ་བར་འགྱུར་རོ༔ གཉིས་པ་རྩལ་སྦྱང་བ་ལ་གཉིས་ལས༔ དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི༔ ངག་ཏུ་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཧཱུྃ་མཐིང་ནག་ཡུལ་ཆེ་ཆུང་གང་ལ་འཚམ་པ་ཞིག་སྤྲོས་ཏེ་མིག་གིས་མཐོང་བའི་དངོས་པོ་ཐམས་ཅད་ལ་ཐོགས་པ་མེད་པར་ཐལ་བྱུང་དུ་ཕུག་སྟེ་སོང་བས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཁྲལ་མ་ཁྲོལ་དུ་སོང་བར་བསམ༔ ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི༔ སྔར་བཞིན་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཧཱུྃ་སྔོན་པོ་མཐོ་གང་བ་ཞིག་གིས་རང་གི་ལུས་ཐམས་ཅད་ཕྱི་ཐལ་ནང་ཐལ་ཁོལ་བུ་མེད་པར་ཕུག་ནས་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ༔ དེ་ལྟར་བྱས་པས་ནད་གདོན་བར་གཅོད་ཐམས་ཅད་ཞི་ནས་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བར་འགྱུར་རོ༔ གསུམ་པ་མཉེན་བཙལ་བ་ནི༔ རང་གི་མདུན་དུ་རྡེའུ་ཤིང་བུ་གང་རུང་ཞིག་བཞག༔ ངག་ཏུ་ཧཱུྃ་མང་དུ་བརྗོད་པས་ཁོང་པའི་ནང་ནས་ཧཱུྃ་གྲངས་མེད་པ་བ་ཐག་ལྟ་བུ་ན་ར་ར་བྱུང་སྟེ་མདུན་གྱི་དངོས་པོ་དེ་ལ་ཧྲིལ་གྱིས་དཀྲིས་པ་ལ་ཤེས་པ་གཏད༔ དེའི་སྟེང་ན་ཧཱུྃ་གཅིག་ཡེར་རེ་འདུག་སྙམ་པ་ལ་དར་ཅིག་བཞག་ཤེས་པ་ལྷན་ནེ་ཡོད་སྙམ་པ་ཡོང༔ དེ་ནས་ཀྱང་ཧཱུྃ་ཞེས་བརྗོད་ཅིང་ཧཱུྃ་གི་ཐག་པ་རྣམས་རིམ་པར་བཀྲོལ་ལ་ཤིག་གེ་བཤིག་པའི་མཐར་ཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད༔ དེ་ལྟར་ཡང་ཡང་བྱས་པས་དམིགས་པ་གང་དུ་ཡང་བསྒྱུར་དུ་གཏུབ་པའི་དགོས་པ་ཡོད་དོ༔ བཞི་པ་ལམ་དུ་གཞུག་པ་ནི༔ རང་གིས་ཧཱུྃ་ཞེས་བརྗོད་པས་སྙིང་ག་ནས་ཧཱུྃ་ཁྲུ་གང་ཙམ་པ་ཞིག་ཕྱིར་བྱུང་སྟེ་ཕ་ཚད་ཀྱི་དངོས་པོ་གང་ཡང་རུང་བའི་སྟེང་ན་འདུག་པར་བསམ༔ ཡང་ཧཱུྃ་ཞེས་བརྗོད་པས་རང་གི་སྙིང་གར་ཧྲིལ་གྱིས་བྱུང༔ དེ་ལྟར་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ་སེམས་གཟུང༔ དེ་ལ་གོམས་པ་དང་མགྲོན་པོ་དོན་གཉེར་དུ་འགྲོ་བ་ལྟར་གྲོང་ཁྱེར་དང༔ ཡུལ་ལྗོངས་དང༔ རི་བྲག་དང༔ གླིང་དང་གླིང་ཕྲན་སོགས་ཐམས་ཅད་དུ་ཧཱུྃ་དེ་སོང་ནས་འགའ་ཞིག་ཏུ་ཅུང་ཟད་འདུག་པར་བསམ་ལ་ཧཱུྃ་རིང་པོ་བརྗོད༔ སྐབས་འགར་ཧཱུྃ་དེ་མདའ་འཕངས་པ་ལྟར་མྱུར་པོར་འགྲོ་བར་བསམ་ལ་ཧཱུྃ་ཐུང་ངུ་བརྗོད༔ རེས་འགའ་ཚུར་བསྡུས་ལ་རང་གི་ཉེ་འཁོར་རམ་སྔས་མགོའམ་སྙིང་གར་ལྷན་ནེ་བཞག་གོ༔ དེས་ལུས་ངག་ཡིད་གསུམ་ལམ་དུ་ཚུད་པའི་དགོས་པ་ཡོད་དོ༔ དེ་ལྟར་ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་དྲིལ༔ ཕྱི་ནང་གང་དུ་གཏད་པའི་ས་དེར་བཞག་པས་ཐ་མལ་གྱི་རྣམ་རྟོག་ཤུགས་ཀྱིས་ལྡོག་པར་འགྱུར་རོ༔ གསུམ་པ་སེམས་ཀྱི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔ སེམས་ནི་དང་པོར་བྱུང་ས་དང༔ བར་དུ་གནས་དང་མཐའ་མར་འགྲོ༔ དེ་ལྟར་གསུམ་ལ་བརྟག་དཔྱད་ན༔ སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས༔ ཞེས་གསུངས་སོ༔ འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་དང༔ བུདྡྷ་ཐོབ་ནས་བདེ་བ་མྱོང་བ་ཡང་རང་གི་སེམས་འདི་ཡིན་པར་འདུག༔ འདིའི་གནས་ལུགས་ཡང་དག་ཅིག་མ་རྟོགས་ན་ད་དུང་འཁོར་བ་མཐའ་མེད་དུ་འཁྱམ་དགོས་པ་འདུག༔ ད་ལྟ་ཅི་ནས་ཀྱང་གནས་ཚུལ་རྟོགས་པ་ཞིག་བྱ་སྙམ་དུ་བསམ་ལ༔ དེའི་ངང་ལས་ཐོལ་སྐྱེས་ཀྱི་རྣམ་རྟོག་གང་ཤར་ཡང་དེ་མ་ཐག་ཏུ་དྲན་པས་བཟུང་ལ་དེ་ཉིད་ཀྱི་རང་བཞིན་ནམ་ངོ་བོ་ལ་ལྟ་སྟེ༔ དང་པོར་གང་ནས་བྱུང་ཕྱི་རོལ་གྱི་རི་ར་བ་རྩི་ཤིང་ནགས་ཚལ་སོགས་འབྱུང་བ་བཞིའི་ཡུལ་ཁམས་དང་གྲོང་ཁྱེར་ཕ་མའི་རྐྱེན་ལ་སོགས་པ་གང་ལས་བྱུང༔ ནང་རང་གི་ལུས་ཀྱི་མགོ་མཇུག་ཕྱི་ནང་བར་གསུམ་གང་ལས་བྱུང་བརྡར་ཤ་བཅད༔ གཞན་ཡང་སྣང་བ་དང་སྟོང་པ་སོགས་ལའང་བལྟའོ༔ བར་དུ་གནས་པ་ཡང་ཕྱི་ནང་སྔར་བཞིན་གང་ལ་གནས་པ་སོགས་རྩད་བཅད༔ རང་གི་སྙིང་ལྟ་བུ་ལ་གནས་ན་ཡང་དེའི་རྩེ་མོ་དང་རྩ་བ་དང་ཤ་དང་ཚིལ་དང་ཁྲག་དང་ལྤགས་ཤུན་གང་ལ་གནས་རྩད་བཅད༔ མཐར་འགྲོ་བའི་ཡུལ་ཡང་གང་དུ་སོང་ལེགས་པར་བརྟག༔ དེས་རྩད་ཆོད་ན་གཅོད་མཁན་ཅི་འདྲ་ཞིག་འདུག་བལྟ༔ མ་ཆོད་ན་ཡང་དེའི་ངོ་བོ་ལ་ལྟའོ༔ ཁོ་རང་གི་ངོ་བོ་དང་ངོས་གཟུང་དང་དབྱིབས་དང་ཁ་དོག་སོགས་ཀྱང་རྩད་བཅད་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་རྙེད་པར་བྱ་སྟེ༔ དང་པོར་བྱུང་ས༔ བར་དུ་གནས་ས༔ མཐའ་མར་འགྲོ་ས༔ ངོ་བོ་ངོས་གཟུང་དབྱིབས་དང་ཁ་དོག་ལ་བལྟའོ༔ གལ་ཏེ་སྟོང་པ་ཅང་མེད་དུ་འདུག་གམ་ཅི་འདྲ་ཞིག་འདུག༔ དེ་ལ་གཡོ་ཟོལ་མེད་པའི་ངེས་ཤེས་འདྲོངས་ན་ངོ་སྤྲད་པར་བྱ་སྟེ༔ ༈ འདི་ཁྲེགས་ཆོད་སྐབས་ཀྱི་ངོ་སྤྲོད་ཡིན།མཆན།་་་རང་གི་སེམས་ཉིད་ནི་དང་པོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདི་ནས་བྱུང་ཞེས་སྨྲ་བའི་ཡུལ་མེད་ལ༔ དེ་ལྟར་བཙལ་ཡང་མ་རྙེད་པ་མ་ཡིན་ཏེ༔ ཡེ་ནས་རྩ་བྲལ་ངོ་བོ་སྟོང་པ་ཡིན་པས་བྱུང་བའི་ཡུལ་སྨྲར་མེད་པའོ༔ བར་དུ་གནས་པའི་ས་མེད་དེ་འདིར་འདུག་གི་གནས་ས་དང་རྟེན་ཡུལ་མེད་པས་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ནོ༔ གལ་ཏེ་གནས་སའི་ཡུལ་ཡོད་ན་གཟུགས་དང་དབྱིབས་དང་ཁ་དོག་ཀྱང་ཡོད་དགོས་ལ༔ དཔེར་ན་ནམ་མཁའི་རང་བཞིན་གང་དུའང་མི་གནས་པ་ལྟ་བུའོ༔ མཐའ་མར་འདིར་སོང་དང་འདིར་མ་སོང་གི་ཡུལ་དང་རྗེས་གང་ཡང་མེད་དེ༔ རང་བཞིན་སྟོང་པ་ཉིད་ལ་ཕྱི་མའི་མཐའ་དང་བྲལ་བའོ༔ དཔེར་ན་ནམ་མཁའི་སྤྲིན་དྭངས་པ་ལྟ་བུའམ་ཆུ་བོ་རླབས་ཞི་བ་ལྟ་བུའོ༔ དེ་ལྟར་རྟོགས་པས་འཁྲུལ་པའི་མཚང་ཞིག༔ སེམས་ཀྱི་གནས་ལུགས་རྟོགས༔ རིག་པའི་ངོ་བོ་ཤེས༔ ཡིན་ལུགས་ཕུ་ཐག་གྲོལ༔ ཡིད་ཆེས་ནང་ནས་རྙེད་པ་ཡིན་ནོ༔ དེ་ཡང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ལྟ་མཁན་དང་བལྟ་བྱ་ལྟ་བྱེད་སོགས་སོ་སོར་མེད་དོ༔ ལྟ་མཁན་དང་ཚོལ་བ་པོ་ཡང་སེམས༔ བལྟ་བྱ་དང་བལྟ་རྒྱུ་ཡང་སེམས༔ དེ་བས་ན་ངོ་བོ་གཅིག་ལ་སོ་སོར་ཕྱེ་ཡང་སོ་སོར་མེད་དེ་གཅིག་པ་ཉིད་དོ༔ དེ་ལྟར་རང་ལ་ཡིད་ཆེས་མ་རྙེད་ཀྱི་བར་དུ་བརྟག་དཔྱད་བྱ་སྟེ༔ ཐེ་ཚོམ་མེད་པའི་ངེས་ཤེས་དང་སྒྲོ་འདོགས་ཆོད་པར་བྱའོ༔ དེ་ཡང་སེམས་ཀྱི་བྱུང་གནས་འགྲོ་གསུམ་ངོ་བོ་ངོས་གཟུང་དབྱིབས་ཁ་དོག་སོགས་གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་རྟོགས་པ་ནི་བུདྡྷ་དྷརྨ་ཀཱ་ཡ་ཞལ་མཐོང་བའོ༔ གནས་ལུགས་ཀྱི་ཕུ་ཐག་ཆོད་པའོ༔ ཡིན་ལུགས་ཀྱི་མཚང་རིག་པའོ༔ འོ་ན་སྟོང་པ་ཅི་མེད་ཅང་མེད་གཅིག་ཡིན་ནམ་སྙམ་ན༔ དེ་ལྟར་མ་ཡིན་ཏེ་སྟོང་བདོ་བའི་ཚེ་ཡང་གསལ་ཡེ་རེ་རྗེན་ནེ་ཧྲིག་གེ་གསལ་བ་ཞིག་འདུག་པ་ལ་དེ་ནི་བུདྡྷ་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་མཇལ་བའོ༔ སེམས་ཀྱི་ངོ་བོ་མཐོང་བའོ༔ ཡིན་ལུགས་ཀྱི་གནད་རིག་པའོ༔ གནས་ལུགས་ཀྱི་རང་ངོ་ཤེས་པའོ༔ དེ་ལྟར་གསལ་བཞིན་དུ་སྟོང༔ སྟོང་པའི་ངོ་བོ་གསལ་བ༔ རང་བཞིན་དབྱེར་མེད་པ༔ དེའི་ངང་ལས་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་འཆར་ཞིང་ཤར་བའི་དུས་ན་ཡང་ངོ་བོ་ཉིད་ལས་ཅུང་ཟད་ཀྱང་གཡོ་བ་མེད་པར་རྟོགས་པ་ནི་བུདྡྷ་སྤྲུལ་པའི་སྐུའི་ཞལ་མཇལ་བའོ༔ འཁྲུལ་པའི་རང་བཞིན་ཤེས་པའི་ཟུང་འཇུག་ཆེན་པོའི་དགོངས་པ་མངོན་དུ་གྱུར་པའོ༔ དེའི་དང་པོ་ནི་ངོ་བོ་ཞེས་བྱའོ༔ གཉིས་པ་ནི་རང་བཞིན་ཞེས་བྱའོ༔ གསུམ་པ་ནི་ཐུགས་རྗེ་ཞེས་བྱའོ༔ སེམས་ནི་འཁྲུལ་རྟོག་ཡིན་ཀྱང་འཁྲུལ་པའི་རང་བཞིན་རིག་པ་ནི་རིག་པ་ཡིན་པས་དེ་གཉིས་གཏན་མི་གཅིག་པ་ནི་མ་ཡིན་ནོ༔ དཔེར་ན་མི་གཅིག་གིས་ཆ་ལུགས་ཅིར་བསྒྱུར་ཡང་ངོ་བོ་གཅིག་ཡིན་པ་ལྟ་བུ་དང༔ གསེར་ཟངས་ལ་སོགས་པའི་དངོས་པོ་གཅིག་ལ་བཟོའི་ཁྱད་པར་ཅི་བྱས་ཀྱང་དངོས་པོའི་རང་བཞིན་ལ་འཕོ་འགྱུར་མེད་པ་ལྟར་སེམས་དང་རིག་པ་གཉིས་ཀྱང་དེ་ལྟར་ཤེས་པར་བྱའོ༔ བཅོམ་ལྡན་འདས་ཀྱིས་སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ༔ ཞེས་གསུངས་ཏེ་འཁྲུལ་རྟོག་གི་རང་བཞིན་འཁྲུལ་པར་མ་གྲུབ་པས་ཁ་དོག་དང་དབྱིབས་སུ་མེད་ལ༔ མེད་པ་ཧ་ཆད་ཀྱི་སྟོང་པ་ཞིག་ཀྱང་མ་ཡིན་པས་རིག་པའི་ངོ་བོ་འོད་གསལ་བར་འདུག་པ་དེའོ༔ དཔེར་ན་མེ་ལོང་གཡའ་མེད་པ་ནག་ལྷིང་གིས་འདུག་ན་སེམས་ཀྱི་རང་བཞིན་སྟོང་པ་ལྟ་བུ་སྟེ༔ ངོ་བོའི་དཔེའོ༔ ཆོས་སྐུ་ཡང་དེ་ལྟ་བུའོ༔ དེའི་ངང་ལས་རང་བཞིན་སྒྲིབ་གཡོག་ཐམས་ཅད་དང་བྲལ་བ་གསལ་སེང་ངེ་འདུག་པ་ནི་རང་བཞིན་གྱི་དཔེའོ༔ ལོངས་སྤྱོད་རྫོགས་པའི་སྐུ་ཡང་འདི་ལྟ་བུའོ༔ དེ་ལ་འགྲོ་བའི་གཟུགས་བརྙན་ལྟ་བུ་དང་བུདྡྷའི་སྐུ་དང་མ་དག་པའི་གྱོ་མོ་དང་རྡོ་ལེབ་སོགས་གང་ཡང་འཆར་བ་རང་རིག་པའི་གདངས་ལས་གང་ཡང་མ་འགགས་པར་འཆར་ཏེ་ཐུགས་རྗེའི་དཔེའོ༔ སྤྲུལ་པའི་སྐུ་དང་ཡང་མཚུངས་པའོ༔ གཟུགས་བརྙན་ཅིར་ཤར་བ་ཐམས་ཅད་ཀྱང་མེ་ལོང་གི་ངོ་བོར་གཅིག་ལ་དེ་ཉིད་ལས་གཡོ་བ་མེད་པར་ཤར་ཞིང་མེ་ལོང་ལ་གཟུགས་བརྙན་གང་གིས་ཀྱང་གོས་པ་དང་རེག་པ་མེད་པ་ལྟར་རང་སྣང་གི་རོལ་པ་དེ་ཡང་སྟོང་པ་དང་སྣང་བ་དབྱེར་མི་ཕྱེད་པར་མཚོན་པའོ༔ དེ་བཞིན་དུ་འཁོར་བར་འཁྱམས་མཁན་དང་འཁོར་བ་གང་དུ་འདུག༔ མྱ་ངན་ལས་འདས་པ་དང་དེ་ཐོབ་བྱར་བྱེད་པ་གང་དུ་འདུག༔ སྣང་བ་དང་སྟོང་པ༔ བདེ་བ་དང་སྟོང་པ༔ བདེ་བ་དང་སྡུག་བསྔལ༔ རིག་པ་དང་མ་རིག་པ༔ དགག་པ་དང་སྒྲུབ་པ་སོགས་གཉིས་ཆོས་ཐམས་ཅད་བརྡར་ཤ་གཅད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཁྲེགས་ཆོད་ཀྱི་ཉམས་ལེན་དངོས་ནི༔ ཅོག་གཞག་གསུམ་གྱི་གཞི་བཅའ་བ༔ གང་ཤར་རིག་པ་རྗེན་པར་གཞག་པ༔ གནས་འགྱུ་ངོ་བོ་དབྱེར་མེད་དུ་སྟོན་པ༔ ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བའོ༔ དང་པོ་ཅོག་གཞག་གསུམ་གྱི་གཞི་བཅའ་བ་ནི༔ རི་བོ་ཅོག་གཞག་ལུས་ཀྱི་གཞག་ཐབས་ལུས་གནད་ལས་མི་གཡོ་བར་བྱའོ༔ རྒྱ་མཚོ་ཅོག་གཞག་མིག་མདའ་གང་ཙམ་གྱི་ནམ་མཁའ་ལ་འབྲུ་ཚུགས་སུ་གཏད་ལ་མི་འགུལ་བར་བྱའོ༔ རིག་པ་ཅོག་གཞག་རང་རིག་པའི་ངོ་བོ་མ་བཅོས་གཉུག་མའི་ངང་དུ་གློད་ལ་རྩོལ་མེད་དུ་བཞག་པའོ༔ དེ་ལྟར་བཞག་པས་དགེ་སྡིག་དགག་སྒྲུབ་བླང་དོར་ཤེས་པའི་སྤྲོས་པ་ཉེ་བར་ཞི་བས་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ཀ་དག་གི་ངང་ལ་གནས་པ་ཉིད་ནི་ཁྲེགས་ཆོད་ཀྱི་དོན་ཡིན་ཏེ༔ ཐལ་འགྱུར་ལས༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་ཞེས་སྲིད་མེད་པས༔ གཅིག་དང་གཉིས་ཞེས་གྲངས་མེད་དེ༔ གང་དུའང་མ་ཕྱེ་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ ཅེས་དང༔ རང་ཤར་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་སོ༔ སེམས་སྤྲོས་བྲལ་དུ་གནས་པ་ཆོས་སྐུ༔ གསལ་ལ་དེར་འཛིན་མེད་པ་ལོངས་སྐུ༔ སྣ་ཚོགས་སྣང་བའི་འཆར་གཞི་མ་འགགས་པས་སྤྲུལ་སྐུ་སྟེ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི༔ ནོར་བུ་ཕྲ་བཀོད་ལས༔ རྫོགས་སངས་རྒྱས་ནི་རང་རིག་ཉིད༔ ངོ་བོ་དུས་གསུམ་འགྱུར་བ་མེད༔ རང་བཞིན་རྟག་ཏུ་འགག་པ་མེད༔ ཐུགས་རྗེ་ཀུན་ནས་རང་སྣང་ཞིང༔ ཞེས་དང༔ ཐལ་འགྱུར་ལས༔ ཡེ་ཤེས་རང་རིག་གནས་པ་ལ༔ གསུམ་གྱི་ཚུལ་གྱིས་དབྱེར་མེད་དོ༔ ཞེས་དང༔ མུ་ཏིག་ཕྲེང་བ་ལས༔ ཐོག་མ་ཉིད་ཀྱི་ཀ་དག་ལ༔ འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་འཁྲུལ་བ་ཡང་ཅི༔ དེ་ཕྱིར་འཁྲུལ་པ་གདོད་ནས་དག༔ ཅེས་སོ༔ དེ་ལྟ་བུའི་ཀ་དག་གི་དོན་ཅོག་གཞག་གསུམ་ནི༔ རིན་ཆེན་སྒྲོན་མ་ལས༔ ཅོག་གཞག་གསུམ་གྱི་རང་བཞིན་ལས༔ ཀ་དག་དོན་ཉིད་མངོན་དུ་གྱུར༔ ཞེས་སོ༔ གཉིས་པ་གང་ཤར་རིག་པ་རྗེན་པར་གཞག་པ་ནི༔ དེའི་ངང་ལ་རྟོལ་སྐྱེས་ཀྱི་ཤེས་པ་གང་ཤར་ཡང་དེ་ལ་མི་རྟོག་ཅིང་ཆེད་གཉེར་དུ་མི་གཟུང༔ མི་སྤྲོ༔ མི་སྡུད༔ བཅས་བཅོས་གང་ཡང་མི་བྱ་བར་བཞག་པས་རྟོག་ཚོགས་རང་གྲོལ་དུ་འགྱུར་བ་དཔེར་ན་རྒྱ་མཚོ་ལ་རྦ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་བཞིན་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ༔ ཐལ་འགྱུར་ལས༔ ཇི་ལྟར་ཤར་བའི་རིག་པ་ནི༔ སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ༔ གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག༔ ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ༔ ཞེས་དང༔ ཕྲ་བཀོད་ལས༔ འགག་མེད་རྩལ་ནི་ཅིར་ཡང་འཆར༔ ཤར་བ་ཉིད་ན་རང་སར་གྲོལ༔ གྲོལ་ཞེས་ཙམ་དུ་བརྗོད་དུ་མེད༔ དེ་བཞིན་མ་གྲོལ་བ་ཡང་ཅི༔ ཞེས་སོ༔ དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་སྐྱེལ་བསུ་སྤང་བླང་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཤར་གྱི་ངང་ལ་ཡན་དུ་འཇུག་པ་ནི་རྟོག་པ་ཆོས་ཉིད་ཀྱི་རོལ་པར་ལམ་དུ་བྱེད་པའོ༔ དེ་ལ་རིག་པ་རྗེན་པར་གཞག་པའི་ཚུལ་ནི༔ ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་ལྡེར་བཟོ་ལྟ་བུ༔ ནང་སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ༔ ཡུལ་དྲུག་སྣ་ཚོགས་སུ་སྤྱོད་ཀྱང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ༔ རྟོག་པའི་འདུ་འཕྲོ་རང་སར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ༔ གང་ཤར་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུ་སྟེ་དེའི་ཚེ་གནས་ན་གདོད་མའི་ངང་དུ་ཕྱིན༔ འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར༔ མཉམ་ན་མཉམ་ཉིད་ཀྱི་ཀློང་དུ་ཡན་པས་ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ༔ གསུམ་པ་གནས་འགྱུ་དང་ཞི་ལྷག་ཟུང་འབྲེལ་དུ་ངོ་སྤྲད་པ་ནི༔ བསྒོམས་པས་རང་སར་གནས་པ་དང་རྟོག་པ་འཕྲོ་བ་གཉིས་ཀྱང་ཟུང་དུ་དབྱེར་མེད་དེ་གནས་པ་དང་འགྱུ་བ་སྐྱེས་བུ་གཅིག་ཉིད་ཀྱི་འགྲོ་འདུག་ལྟ་བུའོ༔ རྟོག་ཚོགས་རང་སར་ཞི་བའི་ཞི་གནས་དང་ཡིན་ལུགས་སྒྲིབ་མེད་རྗེན་པར་མཐོང་བའི་ལྷག་མཐོང་གཉིས་ཀྱང་ངོ་བོ་གཅིག་པའོ༔ བཞི་པ་ཅིར་སྣང་རང་གྲོལ་གྱི་རྐྱེན་དང་བསྲེ་བ་ནི༔ དང་པོ་དུག་གསུམ་རང་གྲོལ་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གང་སྐྱེས་ཀྱང་དེའི་རྣམ་པ་མི་སྤང་ལ་ཆེད་འཛིན་མེད་པར་རང་བབས་སུ་བཞག་པས་འཛིན་མེད་དུ་གྲོལ་བའོ༔ གཉིས་པ་སྒོ་ལྔ་རང་གྲོལ་ནི༔ མིག་སོགས་དབང་པོ་ལྔ་ལ་འཛིན་པ་གང་སྐྱེས་ཀྱང་དེ་ཐོག་ཏུ་རང་བབས་སུ་བཞག་པས་རང་གྲོལ་བའོ༔ གསུམ་པ་ཚོགས་དྲུག་རང་གྲོལ་ནི༔ གཟུགས་སོགས་ཚོགས་དྲུག་གི་ཡུལ་སྣང་དགའ་མི་དགའ་ལུང་མ་བསྟན་པའི་རྟོག་པ་གང་ཤར་བ་ཐམས་ཅད་ལ་དེ་ཉིད་ཀྱི་ངང་ལ་ཉམས་སུ་བླང་ངོ༔ དང་པོ་འདོད་ཆགས་ནོར་རྫས་གང་འདོད་དང༔ ཞེ་སྡང་བརྐུ་འཕྲོག་བརྡུང་ཚིག་རྩུབ༔ གཏི་མུག་མུན་ནག་སྣང་བའོ༔ གཉིས་པ་དབང་པོ་དགག་སྒྲུབ་བསྟན༔ གསུམ་པ་གཟུགས་དང་སྒྲ་སོགས་ལ༔ རབ་འབྲིང་ཐ་མའི་མཐོང་ཡུལ་ལ༔ མངོན་སུམ་ངོ་སྤྲོད་བྱ་བ་ཡིན༔ དེ་ལྟར་ལམ་གྱི་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་སྒོ་ནས་ཁྲེགས་ཆོད་ཀྱི་ཁྲིད་ཀྱི་རིམ་པ་ཇི་བཞིན་ཉམས་སུ་ལེན་པ་ལ་རབ་ཏུ་འབད་པར་བྱས་ཏེ་རྟགས་རིམ་མཐར་ཕྱིན་པ་ན་རབ་འཆི་ཁ་དང༔ འབྲིང་བར་དོ༔ ཐ་མ་ཡང་སྐྱེ་བ་ངན་པའི་གནས་སྤང་སྟེ་བུདྡྷའི་ས་ལ་ཐེ་ཚོམ་མེད་དོ༔ བདག་འདྲ་པདྨ་ཐོད་ཕྲེང་དང༔ པཎ་ཆེན་བི་མ་བི་ཏྲ་དང༔ ལོ་ཆེན་བཻ་རོ་ཙ་ན་སྟེ༔ རྣམ་གསུམ་དགོངས་པ་དྲིལ་བའི་

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).



Property "Author" has a restricted application area and cannot be used as annotation property by a user.