Terdzo-SHI-003

Revision as of 05:23, 29 June 2015 by PhilBot (talk | contribs) (Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
(diff) ← Older revision | Latest revision (diff) | Newer revision → (diff)
This page is under construction. Check back later for updated content.









རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མདོར་བསྡུས་པ་འཆིང་བ་ཀུན་འགྲོལ་

rdzogs pa chen po chig chod kun grol las/_sngon 'gro dngos gzhi rjes kyi khrid rim mdor bsdus pa 'ching ba kun 'grol

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མེ་བན་རིན་ཆེན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Meben Rinchen LingpaJamyang Khyentse Wangpo)
in cycle  རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་གྱི་ཆོས་སྡེ་ (Rdzogs chen a ti chig chod kun grol gyi chos sde)
Volume 57 (ཤི) / Pages 145-175 / Folios 1a1 to 16a6


[edit]

༄༅། །རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ལས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མདོར་བསྡུས་པ་འཆིང་བ་ཀུན་འགྲོལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། འཁྲུལ་གཞི་ཀ་དག་གཏིང་གསལ་ཆོས་སྐུར་གྲོལ། །འཁྲུལ་སྣང་འོད་གསལ་ཐིག་ལེ་ཆེན་པོར་ཤར། །སྲིད་ཞིའི་སྤྱི་དཔལ་བླ་མ་གདོད་མའི་མགོན། །དད་བརྒྱས་བསྙེན་ལ་གསང་གསུམ་བྱིན་རླབས་སྩོལ། །ཐེག་རིམ་ཀུན་གྱི་མཐར་ཐུག་ཅིང་། །ལམ་ཟབ་ཀུན་གྱི་རྩེར་སོན་པ། །ཨ་ཏི་གཅིག་ཆོད་ཀུན་གྲོལ་གྱི། ཁྲིད་ཚུལ་ཟབ་བཏུས་སྙིང་པོ་དགོད། །དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་བཅུད། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ཆོས་ཐམས་ཅད་ཀྱི་སྙིང་པོ། ཨ་ཏི་ཡང་གསང་ཆིག་ཆོད་གནད་ཀྱི་མན་ངག །དབང་པོ་རྣོ་བརྟུལ་དང་ལས་འཕྲོ་བཟང་ངན་མེད་པར་ཐོས་པ་ཙམ་གྱིས་གྲོལ་བར་བྱེད་པའི་ཁྲིད་རིམ་འདི་ལ་འཇུག་པ་ན། གཞུང་ནས་ཇི་སྐད་བཤད་པའི་བླ་སློབ་མཚན་ཉིད་དང་ལྡན་པ་གནས་དུས་གྲོགས་ཀྱི་མཐུན་རྐྱེན་འཛོམ་པའི་ཚེ། ཐོག་མར་བཤད་ལུགས་དྲུག་གིས་སྤྱི་དོན་གཏན་ལ་ཕབ། ཁྲིད་དངོས་ལ་དབང་པོ་རབ་བརྡ་ཙམ་གྱིས་གྲོལ་བ། འབྲིང་སྒོམ་པས་གྲོལ་བ། ཐ་མ་ཚིག་ཁྲིད་ཀྱིས་གྲོལ་བ་གསུམ་ལས། དང་པོ་ནི། ཐུན་མོང་མ་ཡིན་པའི་དབང་རིམ་བཞི་བསྐུར་བའི་བརྡ་ཁྲིད་ལ་བརྟེན་པའོ། །གཉིས་པ་འབྲིང་སྒོམ་པས་གྲོལ་བ་ནི། དབང་དུས་སུ་ངོ་འཕྲོད་པ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མཐར་དབྱུང་བའོ། །གསུམ་པ་ཐ་མ་ཚིག་ཁྲིད་ཀྱིས་གྲོལ་བ་ནི་འདིར་འཆད་པར་བྱ་བ་སྟེ། འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ་བཞི། མི་རྟག་པ་རྒྱུད་ལ་བསྐྱེད་པས་བློ་ཆོས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆོས་ལམ་དུ་འགྲོ་བ་དང་། བླ་མ་ལ་གསོལ་བ་བཏབ་པས་ལམ་འཁྲུལ་པ་སེལ་བ་དང་། འཁོར་འདས་རུ་ཤན་དབྱེ་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པའོ། །དང་པོ་ནི། གཞུང་རྩ་བར། རང་གཞན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ སྐྱེ་བ་དཔག་ཏུ་མེད་པ་གཅིག་བླངས་ཀྱང༔ ཉོན་མོངས་སྡུག་བསྔལ་འཁྲུལ་པའི་མཐའ་ལ་སྤྱོད་པ་ལས་དོན་མ་བྱུང་བར་འདུག་སྟེ༔ ད་རེས་མི་ལུས་བྲེང་ཙམ་ཐོབ་དུས་འདིར༔ ཆོས་མ་བྱས་ན་ཕྱིས་མི་ལུས་འདི་ཐོབ་པར་དཀའ་བས༔ དེས་ན་ད་རེས་མི་ལུས་ཐོབ་དུས་འདིར་ཆོས་ཁོ་ན་བྱེད་དགོས༔ དེ་མྱུར་དུ་མ་བྱས་ན་འཆི་བ་ནམ་འོང་ཆ་མི་འདུག་སྟེ་རྟག་མི་ཐུབ༔ སེམས་ཅན་སྔ་ཕྱི་མ་ཤི་བ་མེད་པས་འཆི་ངེས་པར་འདུག༔ དེ་ནམ་འོང་ན་འཆི་རྐྱེན་མང་བས་མྱུར་དུ་འོང༔ བྱུང་ཙ་ན་ཆོས་མིན་པ་ཅིས་ཀྱང་ཕན་པར་མི་འདུག་སྙམ་དུ་སྐྱོ་ཤས་ཡང་ཡང་བསྐྱེད་ནས༔ ཚེ་འདི་ལ་ཞེན་པ་བཙན་ཐབས་སུ་ལོག་ན༔ བློ་ཆོས་སུ་འགྲོ་བའི་དད་པ་སྐྱེ་བ་ཡིན་ནོ༔ ཞེས་པ་སྟེ་འཆི་བ་མི་རྟག་པ་གཤའ་མ་རྒྱུད་ལ་སྐྱེས་ན་ཚེ་འདི་ལ་བློ་ལོག །འཁོར་བ་ལ་ངེས་འབྱུང་བཅོས་མིན་དུ་སྐྱེ་བས་དེ་ཙམ་གྱིས་དོན་འགྲུབ་པ་ཡིན་ཡང་། ལས་དང་པོ་པ་ལ་ཁྲིད་ཚུལ་འདི་ཁོ་ན་སྟོན་པ་སོགས་དགོས་པ་ཡོད་ཅིང་སྤྲོ་ན། དང་པོ་འཆི་བ་སྒོམ་པའི་རྟེན་དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་དཀའ་བ་དང་། ཤི་བའི་འོག་ཏུ་ལས་རྗེས་སུ་འབྲང་ཞིང་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པས་རྒྱུ་འབྲས་མི་བསླུ་བ་དང་། ཁམས་གསུམ་གྱི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ཡིན་པའི་ཚུལ་རྣམས་བཤད། དད་པ་རྣམ་གསུམ་རྒྱུད་ལ་བསྐྱེད་ནས་ཐར་པ་དོན་དུ་གཉེར་བའི་འདུན་པ་ཕྱིན་ཅི་མ་ལོག་པ་སྐྱེས་པ་ན། ཐར་པའི་འཇུག་སྒོ་སྐྱབས་སུ་འགྲོ་བའི་ཚུལ་ཡང་རྫོགས་ཆེན་ཁྲིད་རིམ་གཞན་དང་མཐུན་པར་འཆད་དུ་རུང་མོད། ཁྲིད་ཚུལ་འདི་ཉིད་ཟབ་གནད་སྙིང་པོ་བསྡུས་པའི་དབང་གིས་ཐུན་མིན་གྱི་སྔོན་འགྲོ་བཞིར་གྲགས་པ་ཐམས་ཅད་ས་བཅད་གསུམ་པའི་ནང་དུ་སྡུད་པར་མཛད་པ་ཉིད་ཟབ་ཅིང་བྱིན་རླབས་ཆེ་བས་དེ་ཀས་ཆོག་གོ །གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆོས་ལམ་དུ་འགྲོ་བ་ནི། རིགས་དྲུག་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས༔ བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད༔ དྲིན་ཅན་ཕ་མ་འགྲོ་དྲུག་སེམས་ཅན་འདི་རྣམས༔ འདོད་པ་རང་རེས་བདེ་བ་ཐོབ་པར་འདོད་ཀྱང༔ ལོག་པ་དང་འཁྲུལ་པའི་ཀློང་དུ་སོང་སྟེ༔ སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་སྙིང་རེ་རྗེ༔ འདི་རྣམས་སྡུག་བསྔལ་ལས་གྲོལ་ཞིང༔ བདེ་བ་ཐོབ་པར་བྱ༔ དེའི་ཆེད་དུ་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་བླངས་ལ༔ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་ཡང་ཡང་སེམས་བསྐྱེད་བྱས་པས༔ རང་འདོད་ཀྱི་ཞེན་པ་ཆོད་ནས་གཞན་ཕན་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ཡིན་ནོ༔ གསུམ་པ་བླ་མ་ལ་གསོལ་བ་བཏབ་པས་ལམ་འཁྲུལ་པ་སེལ་བ་ནི། རང་གཞན་གནས་སྐབས་མཐར་ཐུག་གི་བདེ་ལེགས་ཐམས་ཅད༔ བླ་མའི་བྱིན་རླབས་ལ་བརྟེན་ནས་འབྱུང་སྟེ༔ བྱིན་རླབས་མོས་གུས་ལ་བརྟེན་ནས་འབྱུང་བས༔ ལུས་ངག་ཡིད་གསུམ་གྱི་མོས་གུས་བྱས་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྱུང་བའི་ཕྱིར༔ ལུས་ཀྱིས་ཕྱག་བསྐོར་དང་ཞབས་ཏོག་བསྙེན་བཀུར་ཅི་མཉེས་བསྒྲུབ། ངག་གིས་ཡོན་ཏན་བསྔགས་པ་དང་གསོལ་འདེབས་བརྗོད། ཡིད་ཀྱིས་སངས་རྒྱས་དངོས་སུ་བསམ་ལ་ཅི་མཛད་ལེགས་པར་བལྟ། ཅི་གསུང་ཚད་མར་འཛིན། རེ་ས་བླ་མ་ལས་གཞན་མེད་པས་བླ་མ་མཁྱེན་སྙམ་པ་བྱས་ལ། རང་གི་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་རྩ་བའི་བླ་མ་སྐུ་དངོས་ཀྱི་རྣམ་པ་ཅན་འོད་ཕུང་གི་དབུས་ན་བཞུགས་པའམ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་རྣམ་པ་ཅན་དུ་གསལ་བའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བཏབ། མོས་གུས་དྲག་པོས་ངག་ཏུ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ལོངས་སྐུ་གསང་བདག་རྡོ་རྗེ་འཆང་གི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ གུ་རུ་ཤྲཱི་སིཾ་ཧའི་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ ཨོ་རྒྱན་པདྨ་འབྱུང་གནས་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ ཆོས་རྒྱལ་རིན་ཆེན་གླིང་པའི་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ གྲུབ་ཆེན་ནམ་མཁའི་མཚན་ཅན་སྐུ་ལ་སྐྱབསྎ སེམས་སྨིན་ཅིང་གྲོལ་བར་བྱིནྎ དྲིན་ཆེན་རྩ་བའི་བླ་མའི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་པས་གདོང་མཆི་མས་དག་པར་གསོལ་བ་གདབ༔ རྗེས་ལ་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་རང་གི་སྤྱི་གཙུག་ཏུ་ཐིམ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་བླ་མའི་སྐུ་གསུང་ཐུགས་ཀྱིས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་ངང་དུ་སེམས་ལྷོད་དེ་བཞག་པས༔ བྱང་ཆུབ་ཀྱི་ཡེ་ཤེས་རྩོལ་མེད་དུ་འཆར་བ་ཡིན་ནོ༔ བཞི་པ་འཁོར་འདས་རུ་ཤན་དབྱེ་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པ་ལ་གཉིས། རྒྱུད་ཀྱི་དགོངས་པ་ལྟར། སྒྲིམ་པ་འཁོར་བའི་རུ་ཤན་དབྱེ་བ་དང་། ཀློད་པ་མྱང་འདས་ཀྱི་རུ་ཤན་དབྱེ་བའོ། །དང་པོ་ནི། དབེན་པའི་གནས་སུ་སྒོ་གསུམ་གྱི་རུ་ཤན་དབྱེ་བ་གསུམ་ལས་ལུས་ཀྱིས་ཕྱག་དང་བསྐོར་བ་ཅི་ནུས་སུ་བྱ། དེས་ལུས་སྒྲིབ་འདག །དེ་ནས་གདན་འབོལ་བར་རྐང་མཐིལ་གཉིས་སྤྲད་པའི་རྐང་རྩེ་སར་བཙུགས། པུས་མོ་ཕྱིར་བསྐྱེད། ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱར། མགོ་ལ་མ་རེག་པར་གྲུ་མོ་ཕྱིར་བརྒྱང་། ལུས་ཀྱི་ཆ་བསྲངས་པ་རྡོ་རྗེའི་འདུག་སྟངས་བྱ། དེས་ལུས་ཀྱི་བར་ཆད་བཟློག །མཐར་ལུས་གནད་དུས་གཅིག་ལ་ཤག་གིས་དགྲོལ། དེས་ལུས་ཞིག་པ་སྙམ་བྱེད། ཕྱིས་འཁོར་བའི་ལུས་ལ་མི་འཇུག་གོ །ངག་གིས་མདོ་དང་གཟུངས་སྔགས་འདོན་པ་དང་གསོལ་འདེབས་མང་པོ་བྱ། དེས་ངག་སྒྲིབ་འདག །དེ་ནས་ལུས་བསྲངས་ཏེ་ཧཱུྃ་རིང་པོ་བརྗོད་ཅིང་རླུང་ནང་དུ་དྲང་། སྟེང་འོག་རླུང་གཉིས་ཕོ་བར་ཁ་སྦྱོར་དུ་གཟུང་། རེས་ངག་ཏུ་ཧཱུྃ་རྒྱུན་མི་འཆད་པར་བགྲང་། དེས་ངག་གི་བར་ཆད་བཟློག །ངག་འགྲོལ་ཁར་ཧཱུྃ་སྒྲ་ཆེ་ལ་རིང་བར་བསྒྲགས་པས་ངག་འདར་བ་སྙམ་བྱེད། ཕྱིས་འཁོར་བའི་ངག་རྒྱུན་ཆད་དོ། །ཡིད་ཀྱིས་ལྷ་སྒོམ་པ་དང་ཞིང་ཁམས་བསམ་པ་མང་པོ་བྱ། དེས་ཡིད་སྒྲིབ་འདག །དེ་ནས་ཅིར་ཡང་མི་རྟོག་པའི་ངང་དུ་སེམས་རྩེ་གཅིག་བཟུང་ལ་མ་ཡེངས་པ་བྱ། དམིགས་པ་འཇོག་ཁར་ས་རྡོ་རི་བྲག་ཐམས་ཅད་ཟང་ཐལ་ལེ་སོང་བར་བསམ། དེས་ཡིད་འཁོར་བར་མི་འཁྱམ་མོ། །དེ་རྣམས་ཀྱིས་འཁོར་བའི་ལུས་ངག་ཡིད་གསུམ་ལ་སྡུག་བསྔལ་དུ་ཤེས་ནས་རུ་ཤན་ཕྱེད་དེ་ཞེན་པ་རང་ལོག་ཏུ་འགྲོ་འོ། །གཉིས་པ་ཀློད་པ་མྱང་འདས་ཀྱི་རུ་ཤན་དབྱེ་བ་ནི། ལུས་ཕྱི་ནང་གི་བྱ་བྱེད་ཐམས་ཅད་སྤངས་ལ༔ བྱར་མེད་རྩོལ་བྲལ་གྱི་ངང་དུ༔ རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་ཆ་བསྲངས་ལ་རང་སར་ཀློད་ལ་བཞག༔ དེས་ལུས་འཛིན་པ་མེད་པར་གྲོལ་ནས་འགྲོ༔ ངག་ཕྱི་ནང་གི་སྨྲ་བརྗོད་ཐམས་ཅད་སྤངས་ལ༔ བརྗོད་མེད་ཀྱི་རླུང་རང་སར་ལྷན་ནེ་བཞག་པས༔ ངག་འཛིན་མེད་དུ་གྲོལ་འགྲོ༔ སེམས་ཕྱི་ནང་གི་བསམ་མནོ་ཐམས་ཅད་སྤངས་ལ༔ ཅིར་ཡང་མི་རྟོག་པའི་ངང༔ རེ་དོགས་མེད་པར་ས་ལེ་སིང་ངེ་ཡེ་རེ༔ མ་བཅོས་མ་བསྒྱུར་སོ་མ་རང་གར་ལྷུག་པ༔ འཛིན་མེད་དུ་ལྷོད་དེ་བཞག་གོ༔ དེས་ཡིད་འཛིན་མེད་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ལྟར་གང་ཟག་གི་བློའི་ནུས་སྟོབས་དང་སྦྱར་ནས་ཞག་ཅི་རིགས་པར་བསྒོམ། རྣམ་རྟོག་རང་ག་མ་སྐྱེས་པ་ན་ཕཊ་ཅེས་བརྗོད་ལ། ཤིགས་ཀྱིས་བཤིག་ལ་ལྷོད་ཀྱིས་ཀློད་ལ་བཞག་པས། ལུས་ངག་ཡིད་གསུམ་སྟོང་སངས་ལ་འགྲོ་བ་ཡིན་ནོ༔ དེས་མྱ་ངན་ལས་འདས་པ་བདེ་བའི་རུ་ཤན་ཕྱེད་ནས༔ ཆོས་ལ་ངེས་ཤེས༔ བླ་མ་ལ་མོས་གུས༔ སེམས་ཅན་ལ་སྙིང་རྗེ་སྐྱེ༔ རང་སེམས་ལ་གོ་བ་རྙེད་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ སྔོན་འགྲོའི་ཆོས་འདི་རྣམས་ལོང་བའི་སྣ་ཁྲིད་དང་འདྲ་བ་ཡིན་པས་སྲོལ་དུ་ཚུད་ངེས་པར་བྱས་ནས་དངོས་གཞི་ལ་ཞུགས་པས་འཆུག་མེད་གཏན་ལ་ཕེབ་པར་འགྱུར་རོ།། །།གཉིས་པ་དངོས་གཞི་ལ་གཉིས། གང་ཟག་མཆོག་དམན་ཐམས་ཅད་གྲོལ་བའི་ཐབས་ཚིག་ཁྲིད་གནད་ཀྱི་སྒྲོན་མེ་མུན་པ་ལ་མར་མེ་བཏེགས་པ་ལྟ་བུ་དང་། དབང་པོ་འབྲིང་ཡན་ཆད་རྩོལ་མེད་དུ་འཚང་རྒྱ་བའི་ཐབས་གསང་ཆེན་གནད་ཀྱི་དོན་ཁྲིད་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །དང་པོ་ལ་བཞི། ཐོག་མར་ལྟ་བས་ཕུ་ཐག་བཀྲུས་པས་སྣང་སེམས་ཆིག་ཆོད་སྤྲུལ་སྐུར་ངོ་སྤྲད་པ་དང་། དེ་སྒོམ་པས་གཏན་ལ་ཕབ་པས་སེམས་སྟོང་པ་ཆིག་ཆོད་ལོངས་སྐུར་ངོ་སྤྲད་པ་དང་། དེ་སྤྱོད་པས་རྩལ་སྦྱངས་པས་སྟོང་པ་རང་གྲོལ་ཆིག་ཆོད་ཆོས་སྐུར་ངོ་སྤྲད་པ་དང་། དེ་འབྲས་བུ་ལྷུན་གྲུབ་ཆིག་ཆོད་སངས་རྒྱས་སུ་ངོ་སྤྲད་པའོ། །དང་པོ་ལ་གཉིས། སྣང་བ་སེམས་སུ་གཏན་ལ་དབབ་པ་དང་། ཡིན་ལུགས་རང་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། སྣང་བ་འདི་ཐམས་ཅད་སེམས་སུ་ངོ་མ་ཤེས་ན་མི་ཚེར་དགེ་བ་ལ་འབུངས་ཀྱང་སངས་རྒྱས་མི་ཐོབ་ཅིང་འཁོར་བར་འཁྱམས་དགོས་པས་འཁྲུལ་སྣང་སེམས་སུ་ཐག་གཅོད་པ་ནི། དབེན་པར་སྟན་བདེ་བ་ལ་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །རྒལ་ཚིགས་བསྲང་། མིག་ནམ་མཁའི་དབྱིངས་སུ་མ་ཡེངས་པར་གཏད། ལུས་བྱར་མེད་ཀྱི་ངང་དུ་ཀློད། ངག་སྨྲ་བརྗོད་མེད་པར་བཞག །སེམས་ཀྱི་རེ་དོགས་བསམ་མནོ་ཅིའང་མི་བྱ། འདས་པའི་རྣམ་རྟོག་འགགས། མ་འོངས་པ་མ་སྐྱེས། ད་ལྟ་རྟོག་མེད་ནམ་མཁའི་ངང་དུ་ས་ལེ་སིང་ངེ་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ནི་དབྱིངས་སུ་གནས་པའི་ཞི་གནས་སྟོང་པ་བྱ་བ་སྒོམ་གྱི་གཞི་ཡིན་པས་ཐོག་མར་སེམས་ཀྱི་གནས་ཆ་ཟིན་པའི་རྟགས་མ་བྱུང་བར་དེ་ཀ་བསྒོམ། དེ་ནས་གནས་པ་དེ་ཀའི་ངང་ལས་སེམས་ཀྱི་འཆར་སྒོ་མ་འགགས་པས་དུས་གསུམ་གྱི་རྟོག་པ་གང་རུང་ཞིག་ཤར་བ་ན་དེ་ལ་སྐྱོན་དུ་མི་བལྟ་བར་རྣམ་རྟོག་དེ་རང་གི་སེམས་སུ་འདུག་གམ། ལོགས་སུ་གྲུབ་ནས་བྱུང་། དེ་སེམས་མ་ཡིན་ན་སེམས་རྟོག་མེད་དུ་གནས་དུས་ཀྱང་རྣམ་རྟོག་གཞན་ནས་འོང་དགོས་པ་ལ་མི་འབྱུང་། སེམས་ཡིན་པས་ནམ་ཡེངས་ན་རྟོག་མེད་དེ་རྟོག་པར་ཐོལ་གྱིས་ཤར། ཤར་བ་དེ་ཀ་ལ་བལྟས་པས་དེ་རང་སེམས་ལས་ཤར་བར་ཤེས། ཡང་རྣམ་རྟོག་ངོ་ཤེས་ཙམ་ནས་དེའི་རྗེས་སུ་མ་འབྲང་བར་ངོ་བོའི་སྟེང་དུ་བཞག་པས་རང་ཞི་ལ་སོང་ནས་སེམས་སུ་ཤེས་པར་འགྱུར། དེ་བཞིན་འཆར་རྒྱུའི་ཡུལ་སྣང་། འཆར་མཁན་དྲན་བྱེད་ཀྱི་རྟོག་པ་ཐམས་ཅད་ལ་བལྟས་པས། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། རང་གི་སྒོ་ལྔའི་རྣམ་ཤེས་སོགས་བདག་གཞན་གྱི་སྣང་བ་གང་ཤར་ཐམས་ཅད་རང་སེམས་ཀྱིས་བྱས་ཤིང་སེམས་འཁྲུལ་པའི་འཆར་ཚུལ་ཙམ་ལས་གཞན་དུ་མེད་པར་རྟོགས་ནས་མཉམ་བཞག་གི་ཐོག་ཏུ་ལྷན་གྱིས་ཞི་བར་འགྱུར། དེས་ཀྱང་ཐག་མ་ཆོད་ན་རྟོག་པས་རྟོག་པ་འཇོམས་པ་བྱ་བ། རྣམ་རྟོག་གང་ཆེ་ཞིང་འདུལ་དཀའ་བ་དེ་དེ་བས་ཀྱང་ཆེ་བ་ཞིག་ཏུ་བསྒོམས་པས་གཞན་དེ་ཟིལ་གྱིས་ནོན་ནས་མེད་པར་འགྲོ། དེའང་གཞན་དུ་སོང་བ་མིན། རང་སེམས་གྲོལ་བ་ཡིན་པས་རྣམ་རྟོག་ཐམས་ཅད་ཀྱི་བྱུང་ས་བྱེད་མཁན་རང་སེམས་ཡིན་པར་ཐག་ཆོད་ནས་འོང་ངོ་། །ཆེར་སྒོམ་པ་དེའང་རང་སེམས་ཀྱིས་འཕྲལ་ལ་བཅོས་པ་ཡིན་པས་ངོ་བོ་བལྟས་པས་འཕྲལ་དུ་གྲོལ་ལོ། །སྣང་བ་གཞི་མེད་རྩ་བྲལ་རང་སེམས་སུ་ཐག་ཁྲིག་གེར་མ་ཆོད་བར་དུ་གནས་ལུགས་སྐྱོང་ཞིང་རྩད་གཅད། ཕུ་ཐག་ལན་གཅིག་ཆོད་ནས་རྣམ་རྟོག་ཇི་ཙམ་ཤར་ཡང་གཟིངས་ལས་འཕུར་བའི་བྱ་རོག་གཟིངས་ཐོག་ཏུ་ལོག་པ་ལྟར་སེམས་ལས་ལོགས་ན་མེད་པས་སེམས་ཐོག་ཏུ་ལོག །རྣམ་རྟོག་རང་གཟུགས་སུ་ཤར་ཡང་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་བརྟག་དཔྱད་བྱ་མི་དགོས་པར་རང་སེམས་སུ་ངོ་ཤེས་པས་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན། རྣམ་རྟོག་རང་སེམས་སུ་མ་ཤེས་ན༔ བཀག་པས་མི་ཁོག༔ སྤང་པས་མི་སྤང༔ བཟུང་བས་མི་ཟིན༔ བསྐལ་པར་བསྒོམས་ཀྱང་སངས་རྒྱས་མི་འཐོབ་བོ༔ འཁོར་འདས་གཉིས་ཀུན་གཞི་མཉམ་པོ་ལ་འགྱུ་བ་སྐད་ཅིག་མའི་སྣང་བ་སེམས་སུ་རིག་མ་རིག་ལས་བྱུང་སྟེ་སྣང་བ་སེམས་ལས་གཞན་དུ་མཐོང་བས་འཁྲུལ། སྙེམས་མེད་རང་སེམས་སུ་ཤེས་པས་རིག་པའི་ཡེ་ཤེས་ཏེ་སྣང་སེམས་ཆོས་ཉིད་དུ་རྟོགས་པའོ། །གཉིས་པ་ཡིན་ལུགས་རང་ཐོག་ཏུ་ངོ་སྤྲད་པ་ནི། རྒྱུད་ལས༔ རྣམ་རྟོག་སེམས་ཀྱི་རང་གཟུགས་ཏེ༔ སེམས་ལས་མ་གཏོགས་སྣང་སྲིད་གང་ཡང་མེད༔ ཅེས་གསུངས་པས༔ རང་སེམས་སྐྱེ་མེད་སྟོང་པའི་འཆར་ཚུལ་མ་འགགས་པས་སྣང་སྲིད་ཐམས་ཅད་ཤར༔ རང་ལ་རང་གིས་བདག་ཏུ་བཟུང་པས་དུག་ལྔའི་སྣང་བ་ཤར༔ དེ་ལ་ཆགས་སྡང་བྱས་པའི་མདངས་ཀྱིས་འབྱུང་བ་ལྔའི་ལུས་གྲུབ༔ དེ་ལ་ཨ་འཐས་པ་ལས་སྙིང་དྭངས་མ་ལྔ་ལས་གྲུབ་པའི་རྩ་སྒོ་ཁ་དོག་ལྔ་བྱུང༔ དེ་ལ་བརྟེན་ནས་རིག་པའི་ངོ་བོ་གཅིག་ལས་མེད་ཀྱང་རྩ་དེའི་མདངས་ཀྱིས༔ སྒོ་ལྔའི་རྣམ་རྟོག་གཟུགས་སྒྲ་དྲི་རོ་རེག་བྱ་བྱུང༔ དེའི་འདོད་པའི་མདངས་ཕར་འཕྲོས་ནས་སྣང་བ་གཡོས་པས་སེམས་ཅན་རྣམས་བྱུང༔ དེ་ལ་ཨ་འཐས་ཀྱིས་བེམ་པོ་དགག་སྒྲུབ་ཅན་གྱི་སྣང་བ་མཆེད་པ་བྱུང༔ དེ་རྣམས་རང་སེམས་ཡིན་པར་མ་རིག་ལོགས་ན་གྲུབ་འདུག་པར་བཟུང་པས༔ གཟུང་བའི་ཡུལ་བྱ་བ་ཡིན་ཏེ་འཁོར་བར་འཁྱམས་པ་ཡིན༔ རྒྱུད་ལས༔ སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད༔ ཅེས་པས༔ དེ་ཐམས་ཅད་སྣང་བ་རང་སེམས་ཀྱི་ཡུལ་ཡིན་པར་ངོ་སྤྲད་དོ༔ དེ་ནས་སྣང་བ་ཐམས་ཅད་སེམས་སུ་འདུག་པ་ལ༔ ཐམས་ཅད་ཀྱི་མཁན་པོ་སེམས་དེ༔ གང་ལྟ་བུ་གཅིག་འདུག༔ རང་གིས་རང་ལ་བལྟས་ཏེ༔ དང་པོ་བྱུང་ས༔ བར་དུ་གཟུགས་ཁ་དོག་གནས་ས༔ མཐར་འགྲོ་ས་འདུག་གམ་བལྟས་པས༔ གང་ཡང་མཐོང་བ་དང་རྙེད་པ་མེད༔ ཡོད་ནས་མ་མཐོང་བ་མ་ཡིན་ཏེ༔ སེམས་སྐྱེ་མེད་ཡིན་པས༔ གཞི་མེད་རྩ་བྲལ་འདི་ལས་བྱུང་ས་མི་རྙེད༔ གནས་མེད་ཡིན་པས་གཟུགས་ཁ་དོག་ཕྱོགས་བཅུ་གང་དུ་ཡང་མ་གྲུབ༔ འགག་མེད་ཡིན་པས་གང་མེད་པར་འགྲོ་རྒྱུ་མེད༔ སྐྱེ་འགག་གནས་གསུམ་དང་བྲལ་བ་དཔེ་ནམ་མཁའ་ལྟ་བུར་ངོ་སྤྲད༔ དེ་ལྟར་སྣང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངོ་བོ་རྟོགས་པས༔ ལྟ་བའི་ཕུ་ཐག་ཆོད་པ་ཡིན༔ དེ་ཉིད་སྤྲུལ་སྐུར་ངོ་སྤྲད་པ་ནི༔ རང་སེམས་གཅིག་ལ་སྣང་བ་མི་འདྲ་བ་དྲུག་ཏུ་ཤར༔ ཤར་ཙམ་ཉིད་ན་སེམས་སུ་འདུས༔ ཡང་དེ་ལས་སངས་རྒྱས་ཤཱཀ་ཐུབ་ལྟ་བུ་རང་གིས་གང་འདོད་པའི་རྟོག་པ་གཅིག་ཡིད་ལ་བྱས་པས་དེ་མ་ཐག་དེར་འཆར་བ་ནི་ལམ་སྣང་གི་སྐུ་བྱ་བ་ཡིན་ཏེ༔ རང་སྣང་སེམས་སུ་རྟོགས་ནས༔ སྐྱེ་བ་དང་འཇུག་པ་ལ་རང་དབང་ཐོབ་པ་ཡིན༔ དེ་ལ་རྩལ་སྦྱངས་པས་མཐར་ཐུག་སངས་རྒྱས་སྤྲུལ་སྐུ་གང་ལ་གང་འདུལ་དུ་འབྱུང་བ་ཡིན་ནོ༔ གཉིས་པ་དེ་སྒོམ་པས་ཉམས་སུ་བླང་ནས་སེམས་སྟོང་པ་ཆིག་ཆོད་ལོངས་སྐུར་ངོ་སྤྲད་པ་ལའང་གཉིས། སྟོང་པར་གཏན་ལ་དབབ་པ་དང་། ཡིན་ལུགས་གཅིག་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། སྣང་བ་སེམས་སུ་རིག་ཀྱང་སེམས་སྟོང་པར་མ་རྟོགས་ན། མཚན་མར་འཐས་ནས་གྲོལ་དུ་མི་བཏུབ་པས་དེ་ཉིད་སྟོང་པར་གཏན་ལ་དབབ་པ་ནི། དབེན་པར་ལུས་གནད་ལྟ་སྟངས་མཉམ་གཞག་གོང་བཞིན་བྱས་ལ། ལྟ་བས་སྣང་བ་སེམས་སུ་རྟོགས་པའི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་དེ་ལ་འཇོག་པ་ལས༔ བློས་བྱས་ཡིད་ཀྱིས་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྣང་བ་ཙམ་མ་ཡིན་པའི་སྙེམས་བྱེད་མེད་པར་དེ་ཀའི་ངང་ལ་མ་ཡེངས་པར་བྱས་པས༔ སྣང་བ་ཐམས་ཅད་འཛིན་མེད་དུ་བུན་སོང་ནས༔ རང་སེམས་ས་ལེ༔ སིང་ངེ༔ ཡེ་རེ་འོང༔ ཡང་སྐབས་སུ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟར་སྣང་བ་མ་འགགས་པར་ཐོལ་གྱིས་ཤར་བ་ན་དེ་ཀའི་སྟེང་དུ་བཞག་པས་རང་སར་གྲོལ་འགྲོ། རང་རྒྱུད་ཀྱི་སྣང་བ་འཆར་ནས་མི་གྲོལ་ན། སྣང་བ་ཨར་ལ་གནོན་པ་ཞེས་བྱ་སྟེ༔ གང་ཤར་དེའི་སྟེང་དུ་མ་ཡེངས་པ་རྩེ་གཅིག་ཏུ་གཏད་པས༔ སྨིག་རྒྱུའི་སྟེང་དུ་ཕྱིན་པ་ཙམ་གྱིས་མེད་པར་འགྲོ་བ་བཞིན༔ རྣམ་རྟོག་ལ་བལྟས་པ་ཙམ་གྱིས་རང་བཞིན་མེད་པར་སྟོང་པར་འགྲོ་བ་ཡིན༔ དེ་བཞིན་རྣམ་རྟོག་ཐམས་ཅད་ལ་གཏད་པས་རང་བཞིན་མེད་པར་གྲོལ་འགྲོ་བ་ཡིན༔ དེ་ཕྱིར་མ་བཅོས་ངང་ལ་བཞག་པ་ཙམ་གྱིས་ཆབ་རོམ་ཆུར་ཞུ་བ་བཞིན༔ རང་བཞིན་སེམས་ལ་དངོས་པོར་མ་གྲུབ་པས་སྟོང་པར་གྲོལ་འགྲོ་བ་ཡིན་ནོ༔ སྣང་བ་གྲུབ་ནས་ཡོད་པར་བཟུང་ན་རྟག་ལྟ། མེད་པར་བཟུང་ན་ཆད་ལྟ་ལོག་པར་ཤོར་བ་སྟེ་སྣང་བ་སེམས། སེམས་སྟོང་པ། སྟོང་པ་མ་ཡིན་ན་སྣ་ཚོགས་སུ་འཆར་དུ་མི་བཏུབ༔ སྟོང་པའི་རྩལ་ཅིར་ཡང་འཆར་བར་ཤེས་ནས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྲོལ་ན། གཞི་མེད་རྩ་བྲལ་ཕྱོགས་མེད་དུ་ཤར་ནས་རྟེན་མེད་བར་སྣང་གི་འཇའ་ཚོན་བཞིན་དུ་རང་གྲོལ་ལ་འགྲོ༔ སྣང་བ་སྟོང་པར་ཤེས་ཀྱང་འཆར་རྒྱུ་མེད་འགྲོ་བ་མ་ཡིན༔ ཤར་ཡང་རང་བཞིན་སྟོང་པར་ཤེས་པ་དེ་སྟོང་ཉིད་རྟོགས་པའི་ཡེ་ཤེས་བྱ་བ་ཡིན༔ དེ་ལྟར་སྟོང་ཉིད་ཀྱི་དོན་གཅིག་རྟོགས་ནས་རྣམ་རྟོག་ཇི་ལྟར་ཤར་ཡང༔ ནགས་ལ་མེ་མཆེད་དུས་རླུང་གྲོགས་སུ་སོང་བ་བཞིན༔ སླར་སྟོང་ཉིད་ཀྱི་རྩལ་ཐོན་ཅིང་ངེས་ཤེས་སྐྱེ་བའི་གྲོགས་སུ་སོང་ནས༔ ཉམས་འབར་བའི་གསལ་འདེབས་སུ་འགྲོ་བ་ཡིན་ནོ༔ གཉིས་པ་ཡིན་ལུགས་གཅིག་ཐོག་ཏུ་ངོ་སྤྲད་པ་ནི། རྒྱུད་ལས༔ སྣ་ཚོགས་ཤར་ཡང་སེམས་ཉིད་སྟོང་པར་གྲོལ༔ ཅེས་གསུངས་པས༔ ཕྱི་རོལ་དུ་སྣང་བ་སྣ་ཚོགས་བྱུང་ཡང་སེམས་ལས་བྱུང་བ་མ་གཏོགས་པ་ལོགས་ནས་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ བར་དུ་རང་གི་ལུས་ལ་ཡང་དོན་དམ་པར་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ ནང་གི་འཛིན་བྱེད་ཀྱི་ཤེས་པ་ཡང་འདི་ཡིན་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ དེས་ན་ཐམས་ཅད་ལ་བརྟགས་ན་དངོས་པོ་མི་འདུག་པས་སྟོང་པ་ཉིད་དུ་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སྟོང་པ་ཡིན་ཞེས་དངོས་པོ་མེད་པ་ལས༔ ཆད་ལྟའི་སྟོང་པ་ཧད་པོ་མ་ཡིན་ཏེ༔ རང་བཞིན་གསལ་བ་གོ་མ་འགགས་པར་ཡོད་པས༔ སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ༔ གསལ་སྟོང་ནམ་མཁའ་ལྟ་བུར་ངོ་སྤྲད་དོ༔ དེ་ལྟར་སྣང་བ་ཐམས་ཅད་རང་བཞིན་མེད་པར་རྟོགས་ཙ་ན༔ སྒོམ་པ་གཏན་ལ་ཕེབས་པ་ཡིན་ནོ༔ དེ་ཉིད་ལོངས་སྐུར་ངོ་སྤྲད་པ་ནི༔ རང་སྣང་ཇི་ལྟར་ཤར་ཡང་དངོས་པོ་མེད་པར་ཡེ་ནས་སྟོང་པ་ཡིན་པར་ཤེས༔ སྟོང་པ་ཡིན་བཞིན་དུ་འགག་མེད་དུ་ལོངས་སྤྱོད་དུ་ཡོད་པས་རྩལ་སྣང་གི་ལོངས་སྐུ་ཡིན༔ དེའི་རྩལ་རྫོགས་ནས་མཐར་ཐུག་ཟག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན་ནོ༔ གསུམ་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་ལའང་གཉིས། སྤྱོད་པས་རྩལ་སྦྱོང་བ་དང་། ཆོས་སྐུར་ངོ་སྤྲད་པའོ། །དང་པོ་ནི། སེམས་སྣང་སྟོང་གཉིས་མེད་དུ་མ་གྲོལ་ན་སྟོང་པར་ཤེས་ནས་བསྒོམས་ཀྱང་སྟོང་ཉིད་ལ་ཞེན། ཉན་ཐོས་ཀྱིས་སྣང་བ་བཀག་ནས་སྟོང་པར་བསྒོམས་པས་ཕྱོགས་རེའི་གཟུང་འཛིན་ཅན་སོང་བ་ལྟར་སྟོང་པ་ཉིད་གཟུགས་ཅན་དུ་སོང་ནས་གཉིས་མེད་ཆོས་སྐུར་མི་གྲོལ་བས། སྟོང་པ་ཉིད་ལ་སྟོང་ཉིད་ཡིན་སྙམ་གྱི་འཛིན་ཞེན་མི་བྱེད་པར་སྣང་སྟོང་ཟུང་འཇུག་གི་ངང་དུ་རྩལ་སྦྱངས་པས། ས་ལ་ཉིན་མཚན་གྱི་དཀར་ནག་བྱུང་ཡང་ནམ་མཁའ་ལ་ཉི་འོད་མུན་པ་རྣམས་དབྱེར་མེད་པ་བཞིན་དུ་སེམས་ཀྱི་སྟོང་འཛིན་དེ་ཁྲོལ་གྱིས་ཞིག་པས་སྣང་བ་དང་སྟོང་པ་གཉིས་སྐད་ཅིག་ཀྱང་དབྱེར་མེད་དུ་རྟོགས། དབྱིངས་རིག་གཉིས་མེད་ལྷན་ཅིག་སྐྱེས་པར་གྲོལ། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་རྣམ་རྟོག་སྐྱེས་གྲོལ་དུས་མཉམ། ཆུ་ནང་གི་ཟླ་བ་ལ་སྣང་སྟོང་གཉིས་སུ་ཕྱེ་རྒྱུ་མེད་པ་ལྟར་སྣང་སྟོང་སོ་སོར་མིང་དུ་བཏགས་པ་ཙམ་ལས་དོན་ལ་གཉིས་མེད་གཅིག་པུ་རང་ཤར་རང་གྲོལ་ཆེན་པོར་ངོ་འཕྲོད་པར་བྱ། དེའང་བཅོས་ནས་གསར་དུ་གྲོལ་བ་མ་ཡིན་ཏེ། སྣང་དུས་ཉིད་ནས་རང་བཞིན་གྱིས་སྟོང་པས་སྣང་བ་རང་སར་གྲོལ། སྟོང་དུས་ཉིད་ནས་རང་བཞིན་གྱིས་སྣང་བས་སྟོང་པ་རང་སར་གྲོལ། ཐམས་ཅད་མ་བཅོས་རང་བྱུང་རང་གྲོལ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུར་ངོ་ཤེས་པར་བྱས་ལ། སྔར་བསྒོམས་པས་གཏན་ལ་ཕབ་པའི་ཉམས་རྟོགས་དེའི་ངང་དུ་ཤུགས་འབྱུང་གི་སྤྱོད་པ་བསྐྱང་བ་ལས་སྤྱོད་རྒྱུ་ལོགས་སུ་མེད་པས་རང་ལ་ངང་གིས་གྲོལ་བ་ཞེས་བྱའོ། །སྣང་སྟོང་རང་བཞིན་གཅིག་གི་ངང་དུ་མ་གྲོལ་ན་ཆོས་གང་བསྒོམས་ཀྱང་སངས་རྒྱས་མི་འཐོབ་སྟེ་ཡོན་པོའི་ལམ་དུ་གོལ། ཉན་ཐོས་དང་ཐེག་ཆེན་གྱི་ཁྱད་པར་ཡང་སྣང་སེམས་འདྲེས་མ་འདྲེས་ཀྱིས་འབྱེད་པར་གསུངས། དེ་ལྟར་བསྒོམས་ཀྱང་སྔར་ཞེན་གྱི་བག་ཆགས་ཚན་ཆེ་བས་སྐབས་སུ་སྣང་བ་རང་ག་མའི་འཛིན་རྟོག་བྱུང་ན་བྱར་མེད་ལ་བཞག་པས་སྦྲུལ་གྱི་མདུད་པ་བཞིན་རང་གྲོལ་ལ་འགྲོ། གལ་ཏེ་མ་གྲོལ་ནས་མཚན་འཛིན་རྟོག་པ་འདུག་ན་མཚང་ཡུལ་ནས་འདོན་པའི་ལོག་གནོན་ཞེས་བྱ་བ། བཟང་པོ་ལ་ངན་པའམ། ཞེ་སྡང་ལ་འདོད་ཆགས་ལྟ་བུ་ཡུལ་ཤར་བ་དེ་ལས་གོ་ལྡོག་པ་ཞིག་ཡིད་ལ་བྱས་པས་སེམས་ཀྱི་ངོ་བོ་གཅིག་ལས་མེད་པའི་ཕྱིར་སྔར་གྱི་སྣང་བ་དེ་གཏད་མེད་ལ་འགྲོ། སེམས་གཉིས་ཡོད་ན་རྟོག་པ་གཉིས་མཉམ་པོར་ཡོད་དགོས་པ་ལ། དགའ་བ་བསམ་ན་མི་དགའ་བ་མེད། མི་དགའ་བ་བསམ་ན་དགའ་བའི་རྟོག་པ་ནུབ་འགྲོ་བ་བཞིན་སྣང་བ་དང་དེ་སྟོང་པར་ལྟ་བའི་གཉིས་འཛིན་བཅོས་མའི་སྒོམ་ལ་མ་ཞེན་པར། སྣང་སྟོང་གཉིས་པོ་རང་སེམས་ཀྱི་ངོ་བོ་གཅིག་ལས་མེད་པར་ཐག་ཆོད་ནས་རང་ཤར་རང་གྲོལ་དུ་སོང་ཙ་ན་སྟོང་པ་རང་གྲོལ་ཆིག་ཆོད་དུ་གྲོལ་བ་ཡིན་པར་གསུངས་སོ། །གཉིས་པ་ཆོས་སྐུར་ངོ་སྤྲད་པ་ནི། སྣང་བའི་འཛིན་པ་མེད་པའི་སྟོང་པ་ཉིད༔ སྟོང་པའི་ཞེན་པ་མེད་པས་རིག་ཅིང་གསལ༔ དབྱིངས་རིག་གཉིས་སུ་མེད་པར་ཤེས་པ་ནི་ལམ་གྱི་མཆོག་ཡིན༔ ཤེས་བྱ་དེའི་འཛིན་པ་དག་ཙམ་ན༔ མཐར་ཐུག་ཆོས་ཉིད་མཉམ་པ་ཉིད་ཆོས་སྐུ་འགྱུར་བ་མེད་པར་སངས་རྒྱས་ནས༔ མཁྱེན་པའི་ཡེ་ཤེས་རྩོལ་རྟོག་མེད་པར་འབྱུང་བ་ཡིན་ནོ༔ བཞི་པ་དེ་ཉིད་འབྲས་བུ་ལྷུན་གྲུབ་ཆིག་ཆོད་སངས་རྒྱས་སུ་ངོ་སྤྲད་པ་ནི། སྣང་སྟོང་གཉིས་མེད་རང་གྲོལ་དུ་སོང་ཡང༔ འབྲས་བུ་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པར་མ་སྐྱོལ་ན༔ ཡེ་ཤེས་ལྔ་ལ་སོགས་པའང་ཉམས་སྣང་ཙམ་ཡིན་པས། སྔར་རྟོགས་གོམས་གདིང་དུ་གྱུར་པ་དེ་ཉིད་ལ་རྩལ་སྦྱངས་པ་ལས། བསྒྲུབ་བྱ་སྒྲུབ་བྱེད་གཞན་མེད་པས་རྩལ་སྦྱོང་མཐར་ཕྱིན་པ་ན། འཛིན་བྱ་འཛིན་བྱེད་གཉིས་འཛིན་བློ་ལས་འདས་ཤིང༔ གཅིག་ཏུའང་མ་གྲུབ༔ ཤེས་བྱ་བག་ལ་ཉལ་གྱི་སྒྲིབ་པ་ཕྲ་མོའི་འཛིན་པ་ཡང་རང་དག་ཏུ་ཟད་ནས༔ འཛིན་མེད་མ་བཅོས་ལྷུན་གྲུབ་ཏུ་དབྱིངས་རིག་གཉིས་མེད་ཆོས་ཉིད་མ་བུ་གཅིག་ཏུ་འདྲེས་ཏེ༔ མཉམ་བཞག་གནས་པའི་སྟོང་ཞེན་མ་གྲུབ༔ རྗེས་ཤེས་འགྱུ་བྱེད་ཀྱི་རྟོག་པ་མི་འཆར༔ ཡོད་པའི་མཚན་མ་མི་དམིགས༔ མེད་པའི་རང་བཞིན་མི་གསལ༔ ཡོད་མིན་མེད་མིན་མ་ཡིན༔ ཡོད་མེད་ཀྱི་བློ་ལས་འདས་པ་ཕྱོགས་སུ་མ་ལྷུང་རྒྱ་གང་དུ་ཡང་མ་ཆད་པ༔ གསལ་འགྲིབ་འགྱུར་ལྡོག་མེད་པས་གང་ལྟར་བྱས་ཀྱང་དེ་ཉིད་མིན་པ་བྱེད་མི་ཤེས་པ༔ བསྒོམ་དུ་མེད་པ་ལ་འབྲལ་དུ་མེད་པ༔ རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར༔ ཐམས་ཅད་དེ་ཀའི་རང་བཞིན་གསལ་ལ་འཛིན་མེད་ངང་དྭངས་ཆེན་པོར་རིག་པའི་ངོ་བོ་གཅེར་བུར་ཁྲེས་ཀྱིས་སོང་བ་ནི་འབྲས་བུ་ལྷུན་གྲུབ་ཏུ་ལ་ཟློས་པ་ཡིན་ནོ༔ དེ་ཉིད་དབྱར་གྱི་ན་བུན་སངས་དགུན་གྱི་རླུང་མ་ལངས་པ་བཞིན༔ ཀུན་རྫོབ་སྣང་བ་གཟུང་འཛིན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སངས་ནས་འཁོར་བའི་དོགས་པ་མེད༔ དོན་དམ་ཆོས་ཉིད་བསྒོམ་བྱ་སྒོམ་བྱེད་ཤེས་བྱའི་སྒྲིབ་པ་རང་གྲོལ་ལ་སངས་ནས་སངས་རྒྱས་ལ་རེ་བ་མེད༔ གཉིས་འཛིན་གཉིས་མེད་ཀྱི་སྣང་བ་དེར་འཛིན་གང་ཡང་མེད་པའི་རང་གསལ་རྟོག་མེད་ཆིག་ཆོད་དུ་ཐམས་ཅད་ཀུན་ཏུ་ས་ལེ་མཁྱེན་པའི་ཡོན་ཏན་རང་བཞིན་རྒྱས་པ་ནི༔ རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཞེས་བྱ་བ༔ ད་ལྟ་ཆོས་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ འདི་ཀའི་དོན་སྐྱོང་ན་ད་ལྟ་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ༔ དེའི་ངང་ལ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས༔ རྒྱུན་དུ་རྩོལ་རྟོག་མེད་པར་ཡོད་པས༔ གདུལ་བྱ་དག་པ་ལ་ལོངས་སྐུ༔ མ་དག་པ་ལ་སྤྲུལ་སྐུ༔ ངེས་མེད་གང་ལ་གང་འདུལ་གྱི་རོལ་པ་ཤུགས་ཀྱིས་འབྱུང་ངོ༔ དེ་དག་ཐམས་ཅད་ཀྱང་མདོར་དྲིལ་ན། ལུང་ལས། སྣང་བ་རང་ཤར་སེམས་སུ་བསྟན༔ སེམས་ཉིད་རང་གྲོལ་ཆོས་ཀྱི་སྐུ༔ ཆོས་སྐུ་མ་བཅོས་ལྷུན་གྱིས་གྲུབ༔ ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཡིན༔ ཞེས་གསུངས་པའི་དོན་ཏོ།། །།རྩ་བའི་གཉིས་པ་དབང་འབྲིང་ཡན་ཆད་རྩོལ་མེད་དུ་འཚང་རྒྱ་བ་གསང་ཆེན་གནད་ཀྱི་དོན་ཁྲིད་ལ་བཞི། ལྟ་བ་གོ་ཡུལ་དུ་མ་ཤོར་བ་རིག་པ་མངོན་སུམ་གྱི་གནད་ཀྱིས་ངོ་རང་ཐོག་ཏུ་སྤྲད་པ། སྒོམ་པ་སེམས་འཛིན་དུ་མ་ཤོར་བ་མངོན་སུམ་ཉམས་མྱོང་གི་གནད་ཀྱིས་ཐག་གཅིག་ཐོག་ཏུ་གཅད་པའི་མན་ངག་ངོ་སྤྲོད་པ། སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱོང་བའི་ངོ་སྤྲོད་པ། འབྲས་བུ་རེ་དོགས་སུ་མ་ཤོར་བ་ཚད་ཟད་སར་སྐྱོལ་བའི་གནད་ཀྱིས་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲད་པའོ། །དང་པོ་ནི། ལུས་ཀྱི་འདུག་སྟངས་སྟན་བདེ་བའི་སྟེང་དུ༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ རྒལ་པ་བསྲངས་ལ༔ ལག་པ་མཉམ་གཞག་ཕྱག་རྒྱ་བྱ༔ གཉུག་མའི་གནས་ལུགས་རྟོགས་ཕྱིར་ལུས་མ་ཡོ་དྲང་པོར་བྱའོ༔ ངག་གི་རླུང་རོ་ཕྱིར་བསལ་ནས་ནང་དུའང་མི་གཟུང༔ ཕྱིར་ཡང་མི་སྨྲ༔ དབུགས་རང་ལུགས་སུ་དལ་བར་བྱ༔ བརྗོད་མེད་ཀྱི་དོན་རྟོགས་ཕྱིར་ངག་མི་སྨྲ་བར་བྱའོ༔ ཡིད་ཀྱི་གནད་དུ་ཆོས་སྐུའི་གཟིགས་སྟངས་མིག་སྟེང་གི་དབྱིངས་ལ་བལྟའོ༔ ཆོས་ཉིད་མངོན་སུམ་རིག་ཕྱིར་སེམས་མ་ཡེངས་པར་བལྟའོ༔ བལྟ་རྒྱུའི་དམིགས་པ་ཅི་ཡང་མེད་དེ་དེ་ཉིད་རང་ལ་བལྟ་བ་ཡིན་ནོ༔ བལྟས་པས་ལྟ་རུ་མེད་པའི་ལྟ་བ་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད་དུ་རིག་སྟེ༔ ཕྱིའི་འབྱུང་བ་ཐམས་ཅད་ནམ་མཁའ་ལས་བྱུང་བས༔ འབྱུང་ལྔ་རང་སར་དག་པའི་ཡེ་དྭངས་ཀྱི་ནམ་མཁའ་མཐོང་བ་ཕྱིའི་སེམས་སུ་རིག༔ ནང་ཉོན་མོངས་པ་དུག་ལྔ་ཐམས་ཅད་རང་གི་སེམས་ལས་བྱུང་བས༔ དུག་ལྔ་སེམས་ལ་རང་སར་དག་པའི་རང་དྭངས༔ ཡིད་འཛིན་མེད་རང་གི་སེམས་སུ་རིག༔ སྣང་བའི་འཆར་སྒོ་ཐམས་ཅད་སྒོ་ལྔའི་རྩ་ནང་གི་ཁ་དོག་ལས་བྱུང་བས༔ སྣང་བ་ཐམས་ཅད་སྟོང་པའི་ནང་དུ་དག་པའི་ངང་དྭངས་བར་གྱི་སེམས་སུ་རིག༔ དེ་ལྟར་མིང་གསུམ་དུ་བཏགས་ཀྱང༔ དོན་ལ་ཕྱི་ནང་མེད་པར་དབྱེར་མེད་གཅིག་ཏུ་འདྲེས་ནས༔ ཟང་ཐལ་དུ་གསལ་བའི་སིང་ངེ་ཡེ་རེ་བ་འདི་ཉིད་མིན་པ༔ གཞན་གྱིས་བར་དུ་ཆོད་པ་ཅི་ཡང་མི་འདུག་པས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་མིང་དུ་བཏགས་སོ༔ ཆོས་ཉིད་མངོན་སུམ་དུ་མཐོང་བས་འདི་ཉིད་གཏན་ལ་ཕེབས་ནས༔ རང་རིག་པ་ལ་དབང་བསྒྱུར་དུ་ཡོད་པས་སྤྲུལ་སྐུར་འཚང་རྒྱའོ༔ སེམས་ཅན་རྣམས་ཀྱིས་ཕྱིའི་སྣང་བ་སེམས་སུ་མ་ཤེས་གཞན་དུ་གཟུང་། བར་ལུས་ཕུང་བདག་གི་བར་བཟུང་ནས་སྒོ་ལྔའི་རྣམ་ཤེས་སོ་སོར་བལྟས། ནང་ང་དང་བདག་ཏུ་འཛིན་པའི་སེམས་རང་རྒྱུད་པར་བརྟགས་ཏེ་དེ་རྣམས་གཅིག་ཏུ་མ་རྟོགས་པ་སོ་སོར་འཁྲུལ་ནས་འཁོར་བར་འཁྱམས། འདིར་དེ་རྣམས་གཅིག་ཏུ་རྟོགས་ནས་ཕྱི་འབྱུང་བ་ལྔའི་སྣང་བ་ཆུ་ལས་ཆུ་རླབས་ལྟ་བུ། ནང་དུག་ལྔ་ཉི་མ་ལས་ཟེར་ལྟ་བུ། བར་སྒོ་ལྔའི་སྣང་བ་ཁང་སྟོང་གི་སྤྲེའུ་ལྟ་བུ་ཐམས་ཅད་སེམས་ལས་ཤར་ཅིང་སེམས་སུ་གཅིག་པར་ངོ་སྤྲད། དེ་རྣམས་སེམས་མིན་ན་རིག་པ་ནམ་མཁར་གཏད་མེད་དུ་བཞག་པའི་སྐབས་སུའང་འབྱུང་ལྔ་སོགས་འཆར་དགོས་པ་ལ་སེམས་ཡིན་པའི་གནད་ཀྱིས་རང་སར་དག་ནས་མི་འཆར། ཕྱི་ནང་བར་གསུམ་མིང་ཙམ་ལས་དོན་ལ་དབྱེར་མེད་གཅིག་ཏུ་རིག །སེམས་མིན་པའི་ཆོས་གང་ཡང་མེད་པར་ཐམས་ཅད་སེམས་ཀྱི་ཆོས་ཉིད་གཅིག་ཏུ་རིག་ཅིང་། རིག་པའི་ངོ་བོ་དེ་ལྟར་མངོན་སུམ་དུ་ལྷག་གེར་མཐོང་ནས་ཡིད་དཔྱོད་ཚིག་གི་གོ་ཡུལ་དུ་མ་ལུས་པར་གཏན་ལ་ཕེབས་པ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ། དེ་ཉིད་ཀྱི་དོན་ལས་མ་ཡེངས་པར་བལྟ་རུ་མེད་པའི་དོན་ལ་བལྟ་བ་ནི་མཐའ་བྲལ་གྱི་ལྟ་བ་ཞེས་བྱའོ། །གཉིས་པ་སྒོམ་པ་སེམས་འཛིན་དུ་མ་ཤོར་བ་མངོན་སུམ་ཉམས་མྱོང་གི་གནད་ཀྱིས་ཐག་གཅིག་ཐོག་ཏུ་གཅད་པའི་མན་ངག་ངོ་སྤྲོད་པ་ནི། ལུས་ངག་གི་གནད་དང་འདུག་སྟངས་གོང་དང་འདྲ་བ་ལ། ཡིད་ཀྱི་ལྟ་སྟངས་ལོངས་སྐུའི་གཟིགས་སྟངས་མིག་ཐད་ཀའི་ནམ་མཁར་མ་ཡེངས་པར་བལྟ༔ དེ་ལ་བལྟ་རུ་ཅི་ཡང་མེད་དེ་སྔར་ཐམས་ཅད་སེམས་སུ་རིག་ནས་རིག་པ་མངོན་སུམ་དུ་གསལ་བའི་དོན་ལ་མ་ཡེངས་པར་བྱེད་པ་ལ་སྒོམ་པ་ཞེས་མིང་དུ་བཏགས་པ་ལས༔ གཞན་དམིགས་འཛིན་གྱི་སྒོམ་རྒྱུ་ཅི་ཡང་མེད༔ དེ་ཀའི་ངང་དུ་བཞག་པས༔ རིག་པ་མངོན་སུམ་གྱི་འཆར་ཚུལ་ཐམས་ཅད་མངོན་ཞེན་མེད་པར་སྟོང་པ་ཉིད་དུ་གྲོལ་འགྲོ༔ དངོས་མེད་སྟོང་པའི་རང་རྩལ་མ་འགགས་པར་འཆར་བས་ཉམས་སྣང་ཐོག་མ་མངོན་སུམ་གྱི་བག་ཆགས་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འཆར༔ དེ་ནས་གོང་ནས་གོང་དུ་འཕར་ཏེ༔ དབྱིངས་རིག་པའི་མདངས་ཀྱི་འཇའ་འོད་དང་འོད་ཁྱིམ་གྱི་རྣམ་པ་ལྟ་བུར་འཆར༔ ཐིག་ལེ་དང་ཐིག་ཕྲན་ཆུང་ངུ་དང༔ ཐིག་ལེ་སྦྲེལ་མ་རྩིབས་ཤར་གྱེན་དུ་འགྲེང་བའི་རྣམ་པ་ལྟ་བུ་བུན་བུན་པ་འཆར༔ ཐིག་ལེ་གསལ་བའི་ནང་དུ་སྐུའི་རྣམ་པ་འོད་ཀོར་ཅན་ལམ་ལམ་པ་འཆར༔ ཤར་ཡང་དངོས་འཛིན་མེད་པར་རང་གིས་ཉམས་སུ་མྱོང་བས༔ མངོན་སུམ་གྱི་རིག་པ་དངོས་པོ་མ་ཡིན་སྟོང་པར་རྟོགས་པ་བྱ་བ་ཡིན་ནོ༔ དེ་ཉིད་གཏན་ལ་ཕེབས་ནས༔ རང་རིག་དངོས་པོར་མེད་པ་ལ་འཆར་སྒོ་ཡོད་པས་ལོངས་སྐུར་སངས་རྒྱ་བ་ཡིན་ནོ༔ གཞན་དག་གིས་རྟོག་པའི་འཆར་ཚུལ་རང་གི་སེམས་སུ་རིག་ཀྱང་སྟོང་པར་མ་ཤེས་འཆར་སྒོ་ཐ་དད་དུ་ཡོད་པར་བལྟས་པས་དངོས་མཚན་དུ་སོང་ནས་རྟག་ལྟར་གོལ། འདིར་ཇི་ལྟར་ཤར་ཡང་དངོས་འཛིན་མེད་པར་ཤེས་པས༔ སྔར་གྱི་བག་ཆགས་ཀྱི་སྣང་བའི་ཉམས་ཤར་ཡང༔ ཆུ་ནང་གི་ཟླ་བ་བཞིན་དུ་སྣང་བ་ཙམ་ལས་དངོས་པོར་མ་གྲུབ་སྟོང་པར་ངོ་སྤྲད་དོ༔ སྟོང་པ་མིན་ན་ཉམས་སྣང་འཆར་དུ་མི་བཏུབ་སྟེ༔ སྟོང་པ་ཡིན་པས་གང་ཡང་འཆར་དུ་བཏུབ་པས་རང་སེམས་སྟོང་པར་ངོ་སྤྲད༔ དུས་གསུམ་གྱི་སྣང་བ་ཐམས་ཅད་ཀྱང་འཆར་སྒོ་མ་འགགས་དངོས་མེད་སྟོང་པ་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སེམས་སུ་རིག༔ སེམས་ལས་ཤར༔ རིག་པ་འཆར་རམ་གནས་སམ་གང་བྱེད་ཀྱང་དངོས་པོར་མ་གྲུབ་སྟོང་པར་ངོ་སྤྲད་དོ༔ སྟོང་ཉིད་མིང་དུ་བཏགས་པ་ཙམ་ལས་དོན་ལ་འཛིན་པ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན༔ ཐམས་ཅད་རང་སེམས་སྟོང་པ་གཅིག་ཏུ་ཐག་ཆོད་པས༔ སྣང་བ་ཇི་ལྟར་ཤར་ཡང༔ སྟོང་པ་ལས་དངོས་པོ་མེད་པར་ཤེས་ནས༔ རྣམ་རྟོག་མཚན་མའི་དབང་དུ་མི་འགྲོ་བ་ཡིན་ནོ༔ དེ་ལྟར་གཏན་ལ་ཕེབས་ནས་སྟོང་པ་ཉིད་ལ་སྒོམ་དུ་མེད་པའི་ངང་ལ་བཞག་པ་ནི༔ དམིགས་མེད་ཀྱི་སྒོམ་ཞེས་བྱ་སྟེ༔ དམིགས་གཏད་མཚན་མ་མེད་པའི་ངང་སྒོམ་དེ༔ བསྒོམ་དུ་མེད་པའི་འོད་གསལ་འཛིན་མེད་དོ༔ ཞེས་གསུངས་པའི་དོན་ནོ༔ གསུམ་པ་སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱོང་བའི་ངོ་སྤྲོད་པ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་ལྟ་སྟངས་སྤྲུལ་སྐུའི་གཟིགས་སྟངས་མིག་འོག་གི་ནམ་མཁའ་ལ་བལྟ༔ དེ་ལ་བལྟ་རྒྱུ་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྔར་སེམས་ཉིད་སྟོང་པར་ཉམས་སུ་མྱོང་བའི་དོན་དེ་ཀ་སྐྱོང་བ་ལ༔ སྤྱོད་པ་ཞེས་མིང་དུ་བཏགས་པ་ཡིན༔ གཞན་ལོགས་ནས་སྤྱོད་རྒྱུ་ཅི་ཡང་མེད་པ་དེ་ཀའི་ངང་ལ་བཞག་པས༔ འཆར་ཚུལ་ཉམས་ཀྱི་འཕེལ་ཚོ་ཡང་རང་བཞིན་མེད་པར་སྟོང་པ་ཉིད་དུ་གྲོལ་ནས༔ ཉམས་ཀྱི་འཛིན་པ་མེད་པར་ཤར་གྲོལ་དུས་གཅིག་ཏུ་སྟོང་གསལ་ཆེན་པོ་ཕྱོགས་ཆ་མཚན་མའི་བག་ཆགས་མེད་པར༔ སྣང་སྟོང་གཉིས་ཀྱི་འཛིན་པ་རྩོལ་མེད་རང་སར་གྲོལ་ནས་ཇི་ལྟར་བྱས་ཀྱང་སྟོང་གསལ་གྱི་ངང་ལ་རང་ཤར་རང་གྲོལ་དུ་འགྲོ་བ་ནི༔ ཉམས་དང་སྟོང་པའི་ཞེན་པ་མེད་པས༔ མངོན་སུམ་སྟོང་པར་ཉམས་སུ་མྱོང་བའི་མྱང་བྱ་མྱོང་བྱེད་ཀྱི་འཛིན་པ་མེད་པར་རང་གྲོལ་དུ་ཚད་ལ་ཕེབས་པ་བྱ་བ་ཡིན་ནོ༔ འདི་ཉིད་གཏན་ལ་ཕེབས་ན༔ རང་བྱུང་ཕྱོགས་མེད་ཤར་ནས་རྟེན་མེད་དུ་རང་གྲོལ་བས་གསལ་འགྲིབ་མེད་པ་གཉིས་མེད་ཆོས་སྐུར་འཚང་རྒྱ་བ་ཡིན་ནོ༔ མ་རྟོགས་པ་རྣམས་ཀྱིས་སྣང་ཉམས་སྟོང་ཉིད་དུ་རྟོགས་ཀྱང་སྟོང་པ་ལ་སྟོང་པར་བཟུང་བའི་ཞེན་འཛིན་ཕྱོགས་ཆའི་ཆད་ལྟར་གོལ་བ་ཡིན། འདིར་སྣང་སྟོང་གཉིས་ཀ་འཛིན་མེད་སྦྲུལ་མདུད་བཞིན་བཅོས་མིན་རང་ཤར་རང་གྲོལ་དུ་ངོ་ཤེས་པས་འཕགས། དེ་ཉིད་བྱས་པས་གྲོལ་བ་དང་ཤར་བས་སྣང་བ་དང་བལྟས་པས་གསལ་བ་མ་ཡིན། རང་གྲོལ་རང་ཤར་རང་གསལ་གཉིས་སུ་མེད་པར་ངོ་སྤྲད་པ་ཡིན། འཕྲལ་ལ་སྟོང་པར་སོང་བ་མ་ཡིན། གདོད་མ་ནས་ངོ་བོ་ཡེ་སྟོང་། སྣང་སྟོང་གཉིས་ཀྱང་མིང་ཙམ་ལས་དོན་ལ་གཉིས་མེད་ཡིན། གཉིས་སུ་ཡོད་ན་སྣང་བ་སྟོང་པར་མི་འགྲོ། སྟོང་པ་སྣང་བར་མི་འཆར་བས་དབྱིངས་རིག་གཉིས་སུ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲད། མདོར་ན་ཐམས་ཅད་སེམས་ལས་ཤར་བས་སེམས་སུ་རིག །རིག་པའི་ངོ་བོ་སྟོང་པར་རྟོགས། གྲོལ་ཅེས་མིང་དུ་བཏགས་པ་ཙམ་ལས་འཛིན་མེད་རང་གསལ་ཡེ་ནས་རང་གྲོལ་རྩོལ་མེད་ཡིན། དེ་ཀའི་ངང་སྐྱོང་བ་ལ་སྤྱད་དུ་མེད་པའི་སྤྱོད་པ་ཤུགས་འབྱུང་ཞེས་བྱ་བ་ཡིན་ནོ། །བཞི་པ་འབྲས་བུ་རེ་དོགས་སུ་མ་ཤོར་བ་ཚད་ཟད་སར་སྐྱོལ་བའི་གནད་ཀྱིས་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲད་པ་ནི། ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་གནད་བདེ་བ་ཆེན་པོའི་གཟིགས་སྟངས་གང་བདེས་ནམ་མཁའ་ལ་བལྟ༔ དེ་ལ་མཚན་མའི་ལྟ་སྒོམ་སྤྱོད་རྒྱུ་ཅི་ཡང་མེད༔ ཤུགས་འབྱུང་རང་གྲོལ་གྱི་དོན་དེ་ཀའི་ངང་དུ་དབྱིངས་རིག་གཉིས་མེད་དུ་རྩལ་སྦྱངས་པས༔ སྣང་སྟོང་སེམས་གསུམ་དབྱེར་མེད་གཅིག་ཏུ་འདྲེས་ནས༔ གཟུང་བའི་ཡུལ་སྣང་། འཛིན་བྱེད་ཀྱི་ཤེས་པ་གཉིས་ཀ་ཟད་ནས། གཉིས་འཛིན་ཕྲ་མོ་བག་ལ་ཉལ་གྱི་ཤེས་པ་ཙམ་ཡང་མེད་པར༔ རང་དག་ལ་སོང་ནས་ཅིར་ཡང་མི་རྟོག་པའི་མཉམ་པ་ཉིད༔ གསལ་འགྲིབ་མེད་པར་ངང་གིས་གསལ་བར་འགྱུར་བ་ནི༔ ཆོས་ཉིད་ཟད་སར་སྐྱོལ་བའི་དོན་ཡིན་ནོ༔ དེ་ཉིད་ལ་གསལ་ཆ་ཕྱོགས་མེད་དུ་མ་འགགས་ཀྱང༔ འཛིན་ཆ་ཏིལ་འབྲུ་ཙམ་གཅིག་ཀྱང་མེད་པས་རིག་པའི་ཡེ་ཤེས་ཡིན་ལ༔ དེ་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པས་དབྱིངས་ཡིན༔ དེ་ལ་མིང་ཙམ་དུ་དབྱིངས་རིག་གཉིས་སུ་བཏགས་ཀྱང༔ རང་བཞིན་དབྱེར་མེད་གཅིག་ཡིན་པས༔ འབྲས་བུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ༔ རྩོལ་སྒྲུབ་ལས་འདས་པ་སྟོང་གསལ་འཛིན་མེད་ཀྱི་ངོ་བོ་ཟང་ཐལ་འདི་ཀ༔ རྒྱུ་ཡིས་མ་བསྐྱེད་ལྷུན་གྲུབ་ཡིན༔ རྐྱེན་གྱིས་མ་བཅོས་རང་བྱུང་ཡིན༔ རྟོག་མེད་གསལ་བས་ཡེ་ཤེས་ཡིན༔ ཀུན་ལ་ཁྱབ་པས་ཆེན་པོ་ཡིན༔ དེའི་ངང་ལ་ཡོན་ཏན་ཐམས་ཅད་རྫོགས་པས་རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ཡང་དག་པའི་དོན་ནོ༔ དེ་ལྟར་མ་རྟོགས་པ་རྣམས་ཀྱིས༔ དབྱིངས་རིག་སྣང་སྟོང་མིང་དུ་བཏགས་པ་ཙམ་ལ་གཉིས་སུ་བཟུང་བས༔ གྲོལ་བྱ་དང་གྲོལ་བྱེད་གཉིས་འཛིན་གྱི་བློ་མ་དག་པ༔ སྣང་བ་སྟོང་པར་ཤེས་ཀྱང་ཤེས་བྱའི་འཛིན་པས༔ ད་རུང་ལམ་གྱི་ཡེ་ཤེས་ལ་གནས་པ་ཙམ་ལས༔ ལྷུན་གྲུབ་ཏུ་སངས་མ་རྒྱས་པ་ཡིན་ནོ༔ འདིར་སྣང་བར་འཆར་རྒྱུ་མེད་སྟོང་པར་དག༔ སྟོང་པའི་ཞེན་རྒྱུ་མེད་རང་བཞིན་གསལ༔ གསལ་སྟོང་གཉིས་སུ་མ་ཕྱེད་གཅིག་ཏུ་མ་གྲུབ་པའི་མཐའ་བྲལ་བསམ་བརྗོད་བློ་ཡི་ཡུལ་ལས་འདས་པ༔ རང་གསལ་གྱི་ངོ་བོ་ཡིན་པ་ལ་གང་དུ་ཡང་མི་གནས་པའི་མྱ་ངན་ལས་འདས་པ༔ སངས་རྒྱས་ཀྱི་དགོངས་པ་ལྷུན་གྱིས་གྲུབ་པ་བྱ་བ༔ འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་ནས་ད་ལྟར་སངས་རྒྱས་མངོན་སུམ་དུ་གྱུར་པ་སྟེ༔ རྟོག་འཛིན་ཕྲ་མོ་ཙམ་ཡང་མེད་པར་མི་གཡོ་ལྷུན་གྲུབ་སྟོང་པ་ཆོས་སྐུ༔ གསལ་ཆ་མི་འགགས་པས་མཁྱེན་པའི་ཡེ་ཤེས་ཀྱི་རང་རྩལ་ཐུགས་རྗེས་ཀུན་ལ་ཁྱབ་ཅིང་གཟུགས་སྐུས་འགྲོ་བའི་དོན་འབྱུང་བ༔ དེ་ཀའི་ངང་ལ་ངང་གིས་རྩལ་སྦྱོང་བ་ལས་གཞན་ཅིར་ཡང་བྱར་མེད་པས་རྫོགས་པ་ཆེན་པོ་བྱར་མེད་ལྷུན་གྲུབ་ཅེས་བྱའོ༔ ཁྲིད་རིམ་འདིའི་ཡན་ལག་བརྡ་དོན་གསང་བ་སྙིང་ཐིག་གི་ངོ་སྤྲོད་དང་། ཐུན་མོང་ལམ་གྱི་ཆ་རྐྱེན་དུག་ལྔ་རང་གྲོལ་གྱི་ལམ་ཁྱེར། ཉམས་སུ་བླངས་པའི་རྟགས་ཚད་རྣམས་ནི་གཞུང་དུ་ཤེས་པར་བྱའོ།། །།གསུམ་པ་རྗེས་ཀྱི་མན་ངག་མཐར་ཐུག་ཏུ་ལ་ཟློ་བའི་ཚུལ་ལ་བཞི། གང་ཟག་དབང་པོ་རབ། འབྲིང་། ཐ་མ། ཡང་མཐའི་རིམ་པའོ། །དང་པོ་གང་ཟག་དབང་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས། མི་ཆེན་པོ་རང་གིས་རང་སྐྱོང་བ་དང་འདྲ་བར༔ རང་གིས་རྟོགས་ཤིང་བླ་མས་ངོ་སྤྲད་པའི་དོན༔ རང་སེམས་ཆོས་སྐུར་མངོན་སུམ་དུ་རྟོགས་པ་དེའི་ངང་ཟང་ཐལ་ངེས་མེད་གང་བདེར་སྐྱོང་བ་ལས༔ གཞན་ཅིའང་བྱར་མེད་དེ་ཟླ་བ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་སོ། །གཉིས་པ་གང་ཟག་དབང་པོ་དང་བརྩོན་འགྲུས་འབྲིང་རྣམས། བྱིས་པ་མི་ཡིན་ཡང་རྩལ་རིམ་གྱིས་རྫོགས་དགོས་པ་དང་འདྲ་བར༔ བལྟ་རུ་མེད་པའི་ལྟ་བ་ཕྱོགས་མེད་དུ་རྟོགས༔ སྒོམ་དུ་མེད་པའི་གསལ་སྟོང་འཛིན་མེད་ཉམས་སུ་མྱོང༔ སྤྱད་དུ་མེད་པའི་སྤྱོད་པ་ཤུགས་འབྱུང་རང་གྲོལ་གྱི་ངང་དུ་མ་ཡེངས་བྱར་མེད་ལྷུག་པར་ཉལ། ཞི་གནས་ལ་མི་ཞེན། ལྷག་མཐོང་གོ་ཡུལ་དུ་མ་ཤོར་བར་རྩལ་སྦྱངས་པས་ལོ་གསུམ་ན་འཚང་རྒྱ་བར་གསུངས་སོ། །གསུམ་པ་གང་ཟག་དབང་པོ་དང་བརྩོན་འགྲུས་ཐ་མ་ཅན་རྣམས། བུ་ཆུང་མི་ཡིན་ཡང་ཆེན་པོར་འགྲོ་བ་ལ་ཕ་མས་ལེགས་པར་བསྐྱང་དགོས་པ་ལྟར༔ གནས་དབེན་པ་བརྟེན་ནས་རང་སེམས་སངས་རྒྱས་སུ་ཤེས་པ་དེ་ཉིད་བལྟ་རུ་མེད་ཀྱང་བལྟ་བའི་ཉུལ་མ་བྱ། སྒོམ་དུ་མེད་ཀྱང་དམིགས་མེད་ཀྱི་ངང་དུ་མ་ཡེངས་པ་བྱ། སྤྱོད་པར་སྤང་བླང་མེད་ཀྱང་ཆོས་དང་མི་འགལ་བར་བྱ། འབྲས་བུ་ལྷུན་གྲུབ་ཡིན་ཀྱང་སྙོམ་ལས་ལེ་ལོའི་དབང་དུ་མ་ཤོར་བ་བྱས་པས་ལོ་བདུན་ན་འཚང་རྒྱ་བར་གསུངས་སོ། །བཞི་པ་གང་ཟག་དབང་པོ་དང་བརྩོན་འགྲུས་ཡང་མཐའ་ཅན་རྣམས། ལྟ་སྒོམ་གྱི་དོན་མཐོང་ཞིང་གོ་བ་ལ་བརྟེན་ནས་འབྲས་བུ་ལ་རེ་དོགས་མེད་པའི་ངང་ནས་མི་དགེ་བ་སྤང་། དགེ་བ་ཅི་ནུས་བསྒྲུབ། དམ་ཚིག་དང་སྡོམ་པ་ཉེས་ལྟུང་མེད་པར་བསྲུང་། བླ་མ་དང་རང་སེམས་གཉིས་སུ་མེད་པའི་ངང་ནས་མོས་གུས་དང་གསོལ་འདེབས་དང་ཞབས་ཏོག་བྱ༔ བདག་དང་སེམས་ཅན་གཉིས་སུ་མ་གྲུབ་པའི་ངང་ནས་མ་རྟོགས་འཁྲུལ་པའི་འགྲོ་བ་ལ་གང་ཕན་བྱ༔ རང་འདོད་ཀྱི་འདུན་པ་མེད་པའི་ངང་ནས་འགྲོ་བའི་དོན་དུ་བསྔོ་བ་སྨོན་ལམ་བྱ༔ དེ་རྣམས་ཐམས་ཅད་བདེན་མེད་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་ཀྱིས༔ དོན་རང་སེམས་ཆོས་ཉིད་ཡིན་པའི་དྲན་པས་ཟིན་པའི་ངང་ནས་གཏད་མེད་དུ་བསྐྱངས་པས༔ ཚེ་གཅིག་ལ་སངས་རྒྱས་ཏེ་སྲིད་པ་བར་དོར་མི་འཁྲུལ་བ་ཡིན་ནོ༔ ལེ་ལོ་ཅན་གཅིག་ཡིན་ཡང་ཆོས་འདི་ཐོས་པ་དང་བཅངས་པ་ཙམ་ལ་བརྟེན་ནས་མོས་གུས་བྱས་པས༔ འཆི་ཁར་རང་གར་འདོད་པའི་སར་འདུན་པ་གཏད་པས༔ བར་དོ་མེད་པར་སྐྱེ་བ་གང་ལ་འཇུག་པར་རང་དབང་ཐོབ་ནས་ལས་ཀྱི་འཕྲོ་མཐུད་ནས་ཕྱི་མར་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པ་ནི་རྫོགས་པ་ཆེན་པོའི་ཆོས་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡིན་པར་གསུངས་སོ། །ཨ་ཏི་གྲོལ་བ་བཞི་ལྡན་ཡང་ཟབ་བཅུད། །རྩོལ་མེད་སངས་རྒྱས་སྒྲུབ་ལ་ཉེ་བའི་ལམ། །ཀུན་བཟང་ཐུགས་ཀྱི་བསྟན་འདིར་རབ་སྣང་བས། །དབུལ་པོས་ནོར་བུ་རྙེད་ལྟར་གཅེས་པར་ཟུངས། །འདིར་འབྲེལ་དགེ་བས་བདག་གཞན་ཡིད་ཅན་ཀུན། །གཏད་མེད་རྒྱ་ཡན་དགོངས་པའི་བཙན་ས་ཟིན། །ཟག་བཅས་དབྱིངས་ཐིམ་ཟག་མེད་འཇའ་སྐུར་ཤར། །ཆོས་སྐུའི་ཀློང་ནས་གཟུགས་སྐུས་དོན་མཛད་ཤོག །ཅེས་པ་འདི་ཉིད་བཀའ་བབས་བདུན་གྱི་མངའ་བདག་འཁོར་ལོའི་དབང་ཕྱུག་རྗེ་བླ་མ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་རྗེས་སུ་གནང་བ་ཆེད་དུ་བསྩལ་ཅིང་། བསྟན་འགྲོའི་དཔལ་མགོན་ཛ་ཀ་མཆོག་གི་སྤྲུལ་པའི་སྐུ་དང་དགེ་མང་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ནས་ཀྱང་གསུང་བསྐུལ་གནང་བ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་ཉིད་སོར་བཞག་ལ། ཁ་གསལ་ཕྲན་བུ་དང་ཚིག་སྣ་ཅུང་ཟད་བསྡུས་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།

TSAGLI image gallery goes here

Footnotes[edit]


Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).