Terdzo-SHA-017

Revision as of 13:54, 29 June 2015 by Jeremi (talk | contribs) (Text replace - "= Tsagli = TSAGLI image gallery goes here <headertabs/> == Footnotes == <references/> </onlyinclude> " to "</onlyinclude> = Tsagli = TSAGLI image gallery goes here <headertabs/> == Footnotes == <references/> ")
This page is under construction. Check back later for updated content.









ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ་

yang dag snying po'i bsnyen yig nyung gsal

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཡང་དག་སྙིང་པོ་གསེར་ཞུན་མར་མེ་གཅིག་པ་ (Yang dag snying po gser zhun mar me gcig pa)
Volume 27 (ཤ) / Pages 305-325 / Folios 1a1 to 11a5


[edit]

༄༅། །ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ་བཞུགས་སོ། ། ཨོཾ་སྭསྟི། བདེ་ཆེན་ཁྱབ་བདག་ཧེ་རུ་ཀ །སྟོང་ཉིད་དབྱིངས་ཀྱི་དབང་ཕྱུག་མ། །ཟུང་འཇུག་བླ་མ་ཡང་དག་ལྷར། །བཏུད་ནས་བསྙེན་ཡིག་འཇུག་བདེར་སྤེལ། །འདིར་དཔལ་ཡང་དག་གི་བསྙེན་པ་ལ་འཇུག་པར་འདོད་པས་ཤེས་པར་བྱ་བ་ནི་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་དམིགས་པའི་ཡུལ་ནི་གང་ཞེ་ན། བསྒྲུབ་གཞིའི་ལྷ་དེ་རང་ལ་ཡེ་ནས་གནས་པས་ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པའི་ཕྱིར། འཐོབ་བྱའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་སྤྲོ་བ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་ཀྱང་གསུངས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་ལྔ་སྟེ། སྒྲུབ་པའི་གང་ཟག །སྒྲུབ་པའི་གནས། སྒྲུབ་པའི་དུས། བརྟེན་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་གང་ཟག་ནི། དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་གཞིར་བྱས་ནས། དེའི་སྟེང་དུ་དངོས་གྲུབ་ཐོབ་པ་ལ་རྒྱུ་རྐྱེན་གཉིས་ཚང་དགོས་ཏེ། བསྒྲུབ་བྱའི་འབྲས་བུ་ཐོབ་འདོད་ཀྱི་བསམ་པ་དང་ལྡན་པ་ནི་རྒྱུ། ལྷ་དང་གདམས་ངག་ལ་ཡིད་ཆེས་ཀྱི་དད་པས་ཐང་ལྷོད་མེད་པའི་བརྩོན་འགྲུས་དང་། དག་བྱ་དང་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་པ་ནི་རྐྱེན་ཡིན་ནོ། །གཉིས་པ་གནས་ནི། རྡོ་རྗེའི་ཚིག་བདུན་མར། ཆུ་གླིང་ངམ། གངས་ཕུག་གམ། དུར་ཁྲོད་དམ། ལྷ་སྲིན་འཁྲུགས་པའི་གནས་སམ་མི་མི་འགྲིམ་པའི་ས། སྔོན་སྒྲུབ་པ་པོས་བསྙེན་པ་ཤིན་ཏུ་དབེན་པ་བཙལ་ཞེས་གསུངས་ཀྱང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ལ་དེ་དག་འགྲུབ་དཀའ་བས། གང་དུ་ཡིད་སྤྲོ་ཞིང་འཚེ་བ་མེད་པའི་གནས་དབེན་པ་ཞིག་ནི་ངེས་པར་དགོས་ཏེ། ལྷ་དགུའི་སྒྲུབ་ཐབས་རྩ་བར། རྣལ་འབྱོར་པ་གང་དུ་འདུག་པ་དེ་ཕྱིའི་གནས། སྒྲུབ་པ་པོའི་ལུས་ནི་ནང་གི་གནས། རང་སེམས་རང་ལ་གནས་པ་ནི་གསང་བའི་གནས། ཞེས་གསུངས་སོ། །གསུམ་པ་དུས་ནི། བསྙེན་པ་ལ་འཇུག་པའི་དུས་དང་། ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་གཞུང་ལས། ལོ་དང་ཟླ་བ་ཡར་གྱི་ངོ་ལ། ཚེས་བརྒྱད་དམ་ཉའམ་བཟང་པོ་ལ་དཀྱིལ་འཁོར་བཞེངས་ལ་བསྒྲུབ་པར་བྱའོ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་གཟའ་སྐར་འཕྲོད་སྦྱོར་དགེ་ན་མར་ངོ་ལ་ཡང་རུང་ངོ་། །གཉིས་པ་ཇི་ཙམ་སྒྲུབ་པའི་དུས་ནི། གཞུང་ལས། ཞག་ཐེམས་པའམ། རྟགས་ཕེབས་ཚེ་དངོས་གྲུབ་བླང་། ཞེས་པས། དུས་ལོའམ་ཟླ་བ་དྲུག་གམ་གསུམ་སོགས། གྲངས་ནི་འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅུ་དྲུག་དང་། གཅིག་གི་བར་དང་། མཚན་མ་ནི། རྟགས་དང་ནུས་པ་ཅི་རིགས་པ་མ་ཐོན་གྱི་བར་དེ་སྲིད་དུ་བཟླ་བའོ། །བཞི་པ་ཡོ་བྱད་ནི། རྩ་བ་ལས། ཕྱི་ཐོད་པ་ལ་དཔལ་ཆེན་པོའི་ཞལ་དང་བཅས་པ། ཐོད་ཚལ་ཀཽ་རཱི་མའི་ཞལ་དང་བཅས་པ་དགུ །ནང་གི་རྫས་དཔལ་བཤོས་རཀྟའི་ཐིག་ལེ་དགུ་བཏབ་པ། གསང་བའི་རྫས་ཀོང་བུ་གཅིག་ལ་མར་མེ་དགུ་བཏང་བའོ། །ཞེས་གསུངས་པས་མཚོན་ནས་དཀྱིལ་འཁོར་སོགས་བསྙེན་སྒྲུབ་ཀྱི་རྫས་དང་། འཚོ་བའི་ཟས་སྐོམ་རྐྱེན་ཟློག་གི་སྨན་དང་སྨན་པ། མཆོད་རྫས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཐབས་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། རྡོ་རྗེའི་ཚིག་བདུན་མར། དེ་ཡང་རྣལ་འབྱོར་པའི་ལས་དང་བག་ཆགས་ཀྱི་དྲི་མ་དག་པར་བྱ་བའི་ཕྱིར། དགེ་བའི་ལས་ཀ་ལྕོགས་ཚད་བྱ། ཞི་ཁྲོ་དང་མཁའ་འགྲོ་ལ་ཚོགས་འཁོར་བྱ། རྒྱུ་ཚོགས་གཉིས་བསགས་པས་སྒྲིབ་པ་གཉིས་དག་ནས་ལྷའི་དངོས་གྲུབ་མི་འདོད་ཀྱང་ཤུགས་ལ་ཡོང་བ་ཡིན་ནོ། །ཞེས་གསུངས་པས་དཀོན་མཆོག་གི་རྟེན་ལ་མཆོད་འབུལ། འབུམ་ལྔ་སོགས་གསུང་སྒྲོག །དགེ་འདུན་ལ་བསྙེན་བསྐུར། སཱཙྪ་གདབ་པ། སྲོག་བསླུ། ཉེ་འདོན། བྱིས་སྟོན། ཆབ་གཏོར་སོགས་རང་ངམ་གཞན་ལ་བཅོལ་ཀྱང་རུང་སྟེ་དགེ་བའི་དཔུང་བསྐྱེད་པ་ཅི་ནུས་སུ་འབད་དོ། །གནས་དེ་སྒྲུབ་ཁང་གསར་པ་ཡིན་ན་ས་ཆོག་སྒྲུབ་གཞུང་ལྟར་བྱ་དགོས་ཀྱང་འདིར་སྒྲུབ་ཁང་རྙིང་པའི་དབང་དུ་བྱས་ཏེ། གནས་ཁང་ལ་ཕྱག་བདར་བྱས་ལ། དེར་བདག་གི་རྣལ་འབྱོར་བཟླས་པའི་བར་ཆོ་ག་མདོར་བསྡུས་པ་ཙམ་བསྒོམས་རྗེས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ནས། བདག་ཉིད་དཔལ་ཆེན་པོ་གཙོ་རྐྱང་གི་སྐུར་ལངས་ཏེ་ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་རྣམས་ལ་བགེགས་གཏོར་བཏང་ནས་བཀའ་བསྒོ་དྲག་སྔགས་ཐུན་བྲབས་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་ཙཀླི་རབ་གནས་ཅན་གཟུག །དེའི་མདུན་དུ་མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབ། ཐོ་ལྷར་བསྐྱེད་བསྟིམ་མཆོད་ནས་ཕྲིན་ལས་གསོལ་བ་རྣམས་བྱས་པས་ཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིའི་སྲུང་བའི་རྭ་བས་མཚམས་བཅད་པར་བསམ་པ་ནི་ཕྱི་མཚམས་སོ། །ནང་མཚམས་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ སོགས་ཤོ་ལོ་ཀ་གཅིག་དང་། ཨཱོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཞེས་པས་རྡོ་རྗེ་འཁོར་ལོ་རལ་གྲི་ཕུར་བུ་སོགས་མཚོན་ཆ་སྣ་ཚོགས་སྤྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་མཚོན་ཆའི་གུར་ཁང་མེའི་ར་བ་དང་བཅས་པས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་རྣམ་པར་རྟོག་པ་ཙམ་སྟེ། སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཡིན་པས་སུས་ཀྱང་གཞིག་ཏུ་མེད་པའོ། །དེ་ལྟར་མཚམས་བཅད་ཕྱིན་ཆད་ནས་སྔར་དམིགས་ཁོངས་སུ་མ་བཅུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་མི་བྱ། སྲུང་འཁོར་འདི་ཉིད་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་སྐྱོར་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཡོད། དེ་ནས་ཡོ་བྱད་བཤམ་པ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་ཐིག་ཚོན་བྱིན་བརླབས་དང་ལྡན་པས་དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གླིང་དགུ་ཟླ་གམ་དང་བཅས་པ་བྲི་བའམ། སྐབས་འདིར་ཡུན་རིང་བས་ཟུབ་པ་སོགས་ཀྱིས་དགག་བྱ་ཆུང་ཞིང་འཇུག་པ་བདེ་བས་རས་བྲིས་དགྲམ། དེ་ཡང་མ་འབྱོར་ན་སྟེགས་བུ་ཁེབས་ལྡན་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་སྟེང་དུ་ཕྱི་རྟེན་ཐོད་པ་ཚད་ལྡན་ལ་བྱང་སེམས་དཀར་དམར་སྦྱར་བའི་ཚོན་གྱིས་དཔལ་ཆེན་པོའི་སྐུ་རྫོགས་པའམ། སྔགས་དང་ཕྱག་མཚན་གང་འབྱོར་བྲིས་པ་དང་། དེའི་ཕྱོགས་མཚམས་བརྒྱད་དུ་བྲམ་ཟེ་ལ་སོགས་པའི་ཐོད་ཚལ་བརྒྱད་ལ་མ་མོ་བརྒྱད་ཀྱི་སྐུའམ་སྔགས་དང་ཕྱག་མཚན་བྲིས་པའམ། མ་འབྱོར་ན་ཐོད་པ་གཅིག་གི་ནང་ལ་དཔལ་ཆེན་པོ་དང་ཕྱོགས་མཚམས་བརྒྱད་ལ་ཧ་བརྒྱད་མགོ་ཕྱིར་བསྟན་དུ་བྲིས་པ་དབུས་སུ་བཀོད། ནང་རྟེན་དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པ་དཀྱིལ་འཁོར་གྱི་ནུབ་དང་། གསང་རྟེན་ཀོང་བུ་གཅིག་ལ་སྡོང་བུ་དགུ་པའི་མར་མེ་བྱས་པ་ཐོད་སྐུའི་མདུན་ངོས་སུ་བཤམ། གཞན་ཡང་ཡི་དམ་ཆོས་སྐྱོང་དང་གཏེར་སྲུང་སོགས་ཀྱི་གཏོར་མ་དང་། དེའི་གཡས་གཡོན་དུ་སྨན་ཕུད་དང་རཀྟའི་ཞལ་བུ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཁྱད་པར་ལ་སོགས་པ་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཁ་སྤྲོད་དུ་ཡོང་བའི་སར་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲིས་ཤིང་ཀུ་ཤ་བཀྲམ་པའི་ཁར་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བ་འདིང་། དེའི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་སོགས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། ཐོག་མར་རྙེད་པར་དཀའ་ཞིང་འཇིག་པར་སླ་བའི་རྟེན་ལ་བསམས་ནས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལུས་ཀྱི་བྱ་བྱེད་ངག་གི་སྨྲ་བརྗོད་སེམས་ཀྱི་ཆགས་སྡང་སོགས་སྤངས་ཏེ་སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ཐག་བཅད། རྐྱེན་ཅི་བྱུང་ཡང་ཆོས་མིན་པའི་བྱ་རྒྱུ་མེད་པས་ཉམས་ལེན་མཐར་བསྐྱེལ་གྱི་ཞེ་དམ་དྲག་པོས་བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ཏིང་ངེ་འཛིན་གྱི་ཕན་ཡོན་ཤེས་པས་ལྷ་འདི་བསྒྲུབ་ཏུ་ཡོད་པ་སྐལ་པ་རེ་བཟང་སྙམ་དུ་ཡང་ཡང་གསལ་གདབ། །ཚུལ་དེ་ལྟ་བུས་རྒྱུད་བསྐུལ་ནས་ལྷ་སྔགས་མཚན་བཅས་ཀྱི་རྣལ་འབྱོར་དང་། དེ་ཉིད་རང་བཞིན་མེད་པར་རྟོགས་པས་འཁོར་གསུམ་ཡང་དག་མཚན་མེད་ཀྱིས་ཟིན་པར་བྱས་ནས། ཐུན་མཚམས་སུ་ཡང་ཉམས་ཆག་བཤགས་སྡོམ་གྱི་བསམ་པ་དྲག་པོས་ཕྱག་མཆོད་སོགས་གསག་སྦྱོང་དང་། བསྙེན་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་ལ་ནན་ཏན་དུ་བྱའོ། །དེ་ལྟར་བསྙེན་པ་དངོས་མ་ཚུགས་པའི་གོང་གི་ཞག་བདུན་ནམ་གསུམ་དང་གཅིག་སོགས་གང་འབྱོར་ལ། ཐུན་བཞིའམ་གཉིས་སོགས་གང་འོས་ཁོངས་གྲིམ་ཞིང་སྤྱོད་ལམ་སྙོམས་པས་བྱ་ཞིང་འདི་རྣམས་ཐོ་མཚམས་མ་བཅད་པའི་གོང་དུ་བྱེད་པའང་ཡོད་དེ། དགོས་པ་ལྷག་པོ་མེད་ན་སྐབས་འདིར་བྱེད་པ་གཞུང་གིས་ཟིན་ཅིང་རྣམ་གཡེང་གཞན་གྱིས་བར་མི་ཆོད་པས་ལེགས་པར་འགྱུར་རོ། །གཉིས་པ་དངོས་གཞི་ནི། ཐུན་བཞིའི་རིམ་པས་བསྒྲུབ་པ་སྟེ། དེ་ཡང་ཐོ་རེངས་དང་། སྔ་དྲོ། ཕྱི་དྲོ། སྲོད་ཐུན་དང་བཞིར་བྱས་པས་སྤྱོད་ལམ་འཇུག་པ་བདེ་ཞིང་ཁྲིགས་མཚམས་པར་འགྱུར་བའི་ཕྱིར། སྔར་སྨོས་པའི་གསག་སྦྱོང་རྣམས་རེ་ཞིག་ཆོག་པའི་དབང་དུ་བྱས་པའི་དགོང་མོ་དེ་ནས་སམ། སང་སྔ་ཐུན་གང་བདེ་ནས་འགོ་འཛིན་པ་ལ་འདི་ཕྱི་མའི་དབང་དུ་བྱས་ཏེ། ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་བཅས་ལ། མཚམས་གཅོད། བརྡ་སྒོ །བརྡ་ཕྱག །དམ་བཅའ། བྱིན་འབེབ། མཆོད་རྫས་བརླབ་པ། བཤགས་པ་སྟེ། སྔོན་འགྲོའི་ལས་བདུན་གསང་རྫོགས་ལས་བྱང་ལྟར་བྱས་ནས། དངོས་གཞི་ཏིང་ངེ་འཛིན་གསུམ་ནས་བཟུང་སྒྲུབ་རྫས་བསྒྲུབ་གཞི་བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པར་བསྒོམ་པ་ནི་གཞུང་འདིའི་དོན་ལ་གནས་པ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སོ་སྙམ་དུ་གནས་ལུགས་ལ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་བཞིན་ཧཱུྃ་ཡིག་མཐིང་གར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན། འདི་གསུམ་གྱིས་སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་དང་སྦྱོར་ཏེ། དེ་ཏིང་གིས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུའི་དཀྱིལ་འཁོར་གྱི་འཁོར་དང་བཅས་པས་སྐྱེ་སྲིད་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད། མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་ལྡངས་པས་ནི་ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་སྦྱོང་ཞིང་རང་བཞིན་ཆོས་སྐུའི་ངང་ནས་འགྲོ་བའི་དོན་མཛད་པ་མཚོན་པ་ཡིན་ནོ། །དེ་ཡང་སྔགས་ལམ་གྱི་སྦྱང་བྱར་གྱུར་པའི་སྡུག་བསྔལ་ནི་དོན་དུ་ཐ་མལ་གྱི་སྣང་ཞེན་ཉིད་ལས་གཞན་དུ་མེད་ཅིང་། དེ་ཡང་སྣང་བ་ནི་སེམས་འཁྲུལ་པའི་སྣང་བ་མ་དག་པའི་སྣོད་བཅུད་འདི་ཡིན་ལ། ཞེན་པ་ནི་ཡུལ་སྔ་མ་ལ་ཕྱི་མ་མུ་མཐུད་པའི་རྟོག་པ་ལུ་གུ་རྒྱུད་དེ་ཡིན་ཞིང་། རྟོག་པ་ལ་མཚམས་སྦྱོར་བཅོལ་ནས་དེའི་ངང་རང་སར་བཞག་པའི་སྣང་ཆ་ལྷར་བསླང་བ་ཡིན་ལ། མཚམས་སྦྱོར་གྱི་རྟོག་པ་དེ་ལ་ནང་གི་ཡིད་བྱེད་ཕྲ་མོ་ཟེར་ཡང་མུ་མི་མཐུད་པའི་ཕྱིར་རྟོག་པ་ཕལ་པ་མ་ཡིན་ནོ། །དེས་མ་དག་པའི་སྣང་བ་ཐམས་ཅད་དེ་ཏིང་གིས་སྟོང་ཉིད་དུ་སྦྱངས་པའི་ངང་ལས་རྩལ་སྙིང་རྗེར་ལངས་པའི་འཕེན་ཤུགས་ལྷ་སྐུའི་གསལ་སྣང་ལམ་མེ་བ་གཅིག་ཅར་དུ་གསལ་བ་ལ་སེམས་བཟུང་ཞིང་། དེ་ལྟར་མ་གསལ་ན་བྱིང་རྒོད་ཀྱི་མཐའ་བརྟགས་ནས། བྱིང་ན་མས་རིམ་དང་རྒོད་ན་ཡས་རིམ་གྱིས་སྐུའི་ཆ་ཤས་ལ་སེམས་བཟུང་ནས། མཐར་གཅིག་ཅར་དུ་གསལ་བ་ལ་སྦྱངས་པས། དང་པོ་ཡིད་ཀྱི་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་འཆར། དེ་ནས་རེག་མཐོང་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས། ལྷའི་གསལ་སྣང་དང་ང་རྒྱལ་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། དེ་གསུམ་ལ་ཡིད་ཀྱི་ཡུལ། སྣང་བའི་ཡུལ། ཞེན་པའི་ཡུལ་དུ་གསལ་བ་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་། རྒྱན་ཆ་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཅིང་། དེ་ལས་ལྷ་སྐུ་ཆེ་ཆུང་མང་ཉུང་ཐུན་རིང་ཐུང་སོགས་མ་ངེས་པ་ལ་རྩལ་སྦྱངས་པས་ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ་ཇི་ལྟར་བསྒོམས་ཀྱང་བདེ་བར་འགྱུར་བ་ལ་བསླབ་ཅིང་། ཚུལ་དེས་རྟེན་དང་བརྟེན་པའི་གསལ་སྣང་འཐོན་པ་ན་སེམས་ཉིད་གདོད་ནས་ལྷར་དག་པ་ལས་གཞན་ནས་བཙལ་དུ་མེད་པ་དང་། སེམས་དང་ལྷ་སྐུ་དབྱེར་མེད། དེ་ཡང་གསལ་སྟོང་འཛིན་མེད་དུ་ཤེས་པ་ནི་གནད་དམ་པའོ། །དེ་ལྟར་ངེས་པར་བྱས་ནས་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་གཞུང་བསྲངས་རྗེས། ༈ བཟླས་པ་ལ་འཇུག་སྟེ་རྩ་བའི་གཞུང་ལས། སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ་སྟེ༔ ཞེས་གསུངས་པས། ཐོག་མར་ཕྲེང་བ་བྱིན་རླབས་སྔོན་དུ་འགྲོ་བས། དང་པོ་སྐུའི་བསྙེན་པ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་བསྒོམས་པའི་སྐུ་ལ་ལྷ་དགུ་རང་བཞིན་ལྷུན་གྲུབ་ཏུ་རྫོགས་པའི་ངེས་ཤེས་བསྐྱེད་དེ། ཁྱད་པར་གཙོ་བོའི་རྒྱན་ཆ་ཕྲ་མོའི་བར་ཡང་གསལ་བའི་ངང་ནས་བཟླས་པ་བྱའོ། །གཉིས་པ་ཐུགས་ཀྱི་བསྙེན་པ་ནི། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་པ་མཐིང་གསལ་བཻ་ཌཱུརྻ་ལྟ་བུའི་ཟུར་བརྒྱད་ལ་འབྲུ་བརྒྱད་ལྗང་དམར་ཡུངས་འབྲུ་ཕྱེད་པ་ཙམ་གྱིས་བསྐོར་བ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དོང་རྩེ་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ་ཙམ། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དེའི་ཐུགས་ཀར་མ་ལས་ཉི་དཀྱིལ་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་ག་སྤུས་བྲིས་པ་ལྟ་བུ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་དང་། རྡོ་རྗེའི་ལྟེ་བའི་ཕྱིར་ཡང་འབྲུ་བརྒྱད་ཀྱིས་བསྐོར་བར་བསམས་ནས་སྔགས་བཟླས་པས། རུ་ལུ་ལས་ཡེ་ཤེས་ལྔའི་འོད་ཟེར་དབུགས་དང་ལྷན་ཅིག་ཕྱོགས་བཅུར་འཕྲོས། འཕགས་པ་དང་མ་མོ་བརྒྱད་ཀྱི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། དངོས་གྲུབ་ཐམས་ཅད་བསྡུས་ནས་དབུགས་དང་བསྟུན་བདག་གི་ཐུགས་ཀར་ཐིམ་པའི་འཕྲོ་འདུ་འགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུས་བཟླས་པ་བྱའོ། །གསུམ་པ་གསུང་གི་བསྙེན་པ་ནི། ཡང་ཐུགས་ཀའི་རུ་ལུའི་འོད་ཟེར་སྲོག་དག་པ་ནས་བྱུང་སྟེ་ལྗགས་པདྨ་འདབ་མ་བརྒྱད་པའི་སྟེང་ན་རྡོ་རྗེ་ནས་འགྲེང་ཙམ་གྱི་ཆངས་ཟུང་གི་དབུས་སུ་ཟླ་བ་དམར་པོའི་སྟེང་ན་ཨཱཿདམར་པོ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་ཏེ་ཡོད་པ་ལ་ཕོག །རྐན་དང་ལྕེའི་བར་ནས་འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས་པས། གཟུགས་སུ་སྣང་བ་ཐམས་ཅད་དཔལ་ཆེན་ཁྲག་འཐུང་གི་ལྷ་ཚོགས་རུ་ལུའི་སྒྲ་སྒྲོག་པར་བསམས་ནས་བཟླའོ། །དེ་ལྟར་དམིགས་སྐོར་གསུམ་པོ་ཕྲུགས་གཅིག་ཏུ་གསལ་ནུས་ན་ཐུན་གསུམ་ཆའི་དབྱེ་བས་བཟླ་མི་དགོས་ལ། མི་ནུས་ན་ཛཔ྄་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་བགོས་ཏེ་སྔར་གྱི་སྒོམ་བརྒྱུད་རྣམས་རིམ་བཞིན་གསལ་ལ་སེམས་རྩེ་གཅིག་པས་བཟླའོ། །བཟླ་བྱའི་སྔགས་ནི་དེ་གསུམ་ཀ་ལ། ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་ཁོ་ན་ཡིན་ཏེ། རྩ་བར་འབྲུ་བརྒྱད་མ་མོ་བརྒྱད་དང་རེ་རེ་བཞིན་སྦྱར་བའི་རྗེས་ཉིད་དུ། ཀུན་འདུས་དཔལ་ཆེན་ཡབ་ཡུམ་གཉིས༔ མན་ངག་དོན་གྱི་ལྷ་དགུ་གསལ༔ ཞེས་གསུངས་སོ། །དེ་ཡང་ཧ་ཅང་མྱུར་བ་དང་། བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་། གཉིད་རྨུགས་སོགས་བྱིང་བ་དང་། འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ་ཅིང་། ཐུན་མཐར་དབྱངས་གསལ་ཁ་ཤས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་ཕཊ་གསུམ་གྱིས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ཏེ་སྣོད་བཅུད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྦྱོར། དེ་ལ་ཐུན་གྱི་གཅོད་ཚུལ་ནི། ཐོག་མར་ཐོར་ཐུན་ནས་འགོ་བཟུང་ན་སྨོས་མ་དགོས། གཞན་དུ་ཉིན་གཉིས་པ་མན་ཆད་ཐོར་ཐུན་གྱི་འགོར་སྔོན་འགྲོའི་ལས་བདུན་ཚང་བར་བྱ་ཞིང་། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་ཀྱང་བྱ། དེའི་ཕྱི་ཐུན་གཞན་གསུམ་གྱི་འགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་འཛིན་གསུམ་ལ་ཞུགས་ཆོག་ཅིང་ཕྲེང་བ་བྱིན་རླབས་ཀྱང་མི་དགོས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབས་ནུས་ན། ཕྱི་ཐུན་གསུམ་པོར་མངོན་རྟོགས་སྒོམ་བྱང་རྣམས་ངག་ཏུ་མ་བརྗོད་ཀྱང་ཆོག་ཅིང་། དབང་བསྐུར་བྱིན་རླབས་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱང་མདོར་བསྡུས་ཀྱིས་ཆོག །གང་ལྟར་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་རྣམས་དང་ཚོགས་མཆོད་རེ་ཡང་བྱ། གལ་ཏེ་ཚོགས་མཆོད་མ་འབྱོར་ན་ཚུགས་གྲོལ་གཉིས་ཀྱི་ཐུན་ཐོག་མཐའ་དང་ཡར་ངོ་མར་ངོའི་བརྒྱད་གཉིས་དང་ཉ་སྟོང་དུས་བཞིར་ཆག་ཏུ་མི་རུང་། ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་དམ་བཅའ་ཅན་ཡོད་ན་ཐུན་མཚམས་གང་བདེར་བྱས་ཆོག་ཅིང། གཞན་ཐུན་མཚམས་སུ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཡང་གྲངས་ལ་མི་བརྩི། ཁམས་གསེང་བ་སོགས་ཀྱི་ཚེ་ཕྲེང་བ་ལ་མདུད་པ་བརྒྱབས་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་སྲུང་། གཞན་འགྲོ་འཆག་སོགས་རྣམ་གཡེང་ཐམས་ཅད་སྤངས་ནས་སྟན་གྱི་དྲོད་མ་ཡལ་བ་བྱེད་པ་གལ་ཆེ། སྲོད་ཐུན་གྱི་མཐར་དཀྱིལ་འཁོར་ཡོངས་རྫོགས་བསྡུས་ནས་གཏོར་བསྔོ་སོགས་བྱས་པ་ཡིན་ན། ཐུན་མཚམས་ཀྱི་ལྷ་དེ་འོད་གསལ་དུ་བཅུག་སྟེ་བརྗོད་མེད་བསམ་འདས་ཆོས་ཉིད་བདེ་ཆེན་གྱི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཐོ་རེངས་གཞོམ་མེད་སྔགས་ཀྱི་རང་སྒྲ་གྲགས་པས་སད་པར་མོས་ལ་སྣང་གྲགས་རིག་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གསལ་བས་རྒྱས་བཏབ་སྟེ་ལྡང་ཞིང་། ཐུན་མཚམས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་ལ་ནང་གི་སྦྱིན་སྲེག་གིས་ལོངས་སྤྱོད་པ་ལ་སོགས་ཉལ་ལྡང་འགྲོ་འདུག་ཟ་གྱོན་གྱི་བྱ་བ་རྣལ་འབྱོར་དང་ལྡན་པས་དོན་ཡོད་པར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་མཚན་མའི་བསྙེན་པ་གསུམ་གང་རུང་བྱ་སྟེ། ལས་གཞུང་ལས། ཞག་གྲངས་ཐེམས་པའམ་རྟགས་ལ་ཕེབས་ཚེ༔ དངོས་གྲུབ་བླང་ངོ༔ ཞེས་གསུངས་པས། ཞག་ནི་དུས་ཀྱི་དབང་དུ་བྱས་པས་ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་དམ་བཅས་པ་ལས་མ་འདས་པ་བྱ་ཞིང་། དེ་ཡང་རབ་ལོ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གཅིག་སོགས་ཀྱིས་མཚོན་པའོ། །གྲངས་ཐེམས་པའམ་ཞེས་པས་གྲངས་ཀྱི་དབང་དུ་བྱས་པས། འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅུ་བདུན་དང་དགུ་ལ་སོགས་པ་སྟེ། མ་མཐའ་ལ་ཡང་འབུམ་ཕྲག་གཅིག་གིས་མཐའ་རྟེན་པའོ། །རྟགས་ལ་ཕེབས་ཚེ་ཞེས་པ་མཚན་མའི་དབང་དུ་བྱས་པས། དངོས་ཉམས་རྨི་ལམ་གང་རུང་དུ་དངོས་གྲུབ་ཐོབ་པའི་མཚན་མ་མཐོང་གི་བར་དེ་སྲིད་དུའོ། །གསུམ་པ་རྗེས་ནི་དངོས་གྲུབ་ལེན་པ་སྟེ། དེ་ལྟར་དུས་གྲངས་མཚན་མའི་བསྙེན་པ་གང་ཡིན་ཡང་། ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསོས་ལ་བསྟོད་པའི་བར་སྔར་ལྟར་ལས། བཟླས་པའི་ཚེ། བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར། རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ཞིང་སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། སླར་ཡང་བགེགས་བསྐྲད། སྲུང་འཁོར་བསྒོམ། མཁོན་བཅུག་སྦྱོང་བའི་བཤགས་པ་དང་ཡིག་བརྒྱ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། གཟི་བྱིན་བསྐྱེད་པའི་བྱིན་དབབ། སྨན་གཏོར་རཀྟས་མཆོད་ནས་རུ་ལུས་སྣ་དྲངས་ཏེ། ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་ཏཱི་ཤྭ་རཱི་ཡུམ། །སྔོན་ཚེ་བདག་གིས་བསྙེན་པའི་ལྷ༔ ད་ལྟ་གཉིས་སུ་མེད་པར་སྒྲུབ༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཽ་རཱི་ཙཽ་རཱི་པྲ་མོ་ཧ། །བེ་ཏ་པུཀྐ་གྷསྨ་རཱི། །སྨ་ཤ་ནི་དང་ཙཎྜ་ལཱི། །གནས་ཀྱི་མ་མོ་བརྒྱད་རྣམས་ཀྱང༔ སྔོན་ཚེ་བདག་གིས་བསྙེན་པའི་ལྷ༔ ད་ལྟ་གཉིས་སུ་མེད་པར་སྒྲུབ༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ མི་འགྱུར་གཡུང་དྲུང་ཚེ་ཡི་དངོས་གྲུབ་དང༔ ཅིར་ཡང་ཐོགས་པ་མེད་པའི་དངོས་གྲུབ་དང༔ རྒྱུན་གྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་དང༔ རིག་འཛིན་མཁའ་འགྲོའི་དངོས་གྲུབ་དང༔ མི་འབྲལ་གཟུངས་ཀྱི་དངོས་གྲུབ་རྣམས༔ བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དུག་གསུམ་རྩད་ནས་གཅོད་པའི་དངོས་གྲུབ་དང༔ ཐུགས་དམ་དབྱིངས་ནས་བསྐུལ་བའི་དངོས་གྲུབ་དང༔ ཆགས་མེད་དབང་དུ་སྡུད་པའི་དངོས་གྲུབ་དང༔ ཕྲིན་ལས་གྲུབ་པར་བྱེད་པའི་དངོས་གྲུབ་དང༔ དུག་གསུམ་གཏིང་ནས་འབྱིན་པའི་དངོས་གྲུབ་དང༔ རྒྱུད་དྲུག་གནས་ནས་འདྲེན་པའི་དངོས་གྲུབ་དང༔ སྣ་ཚོགས་དབྱིངས་སུ་སྡུད་པའི་དངོས་གྲུབ་དང༔ རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་རྣམས༔ བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དངོས་གྲུབ་བསྐུལ་ཞིང་སྒྲུབ་རྟེན་གནས་གསུམ་དུ་གཏུགས། མཐར་མདུན་གྱི་ལྷ་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་ལ། གཏོར་རྫས་སོགས་དངོས་གྲུབ་ཀྱི་བདུད་རྩིར་རེ་མོས་ནས་མྱོང་བས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམ་ཞིང་མཉམ་པར་བཞག །དེ་ནས་ཚོགས་མཆོད་སྤྱི་བྱེ་བྲག་གི་གཏོར་འབུལ་རྣམས་ཀྱང་བྱ་དགོས་ཏེ། དེ་དག་དངོས་གྲུབ་ལེན་པའི་གོང་དུ་བྱ་བའམ། སྐབས་འདིར་བྱས་ཀྱང་མི་འགལ་ཞིང་ལག་ལེན་བདེ། གང་ལྟར་ཡང་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་རྟེན་ལ་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལྡངས་ཏེ། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་ཐོ་ལ་མཆོད་གཏོར་སྔར་ལྟར་ཕུལ་ལ་གཤེགས་སུ་གསོལ་ནས་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་སྲུང་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་དང་། བསྙེན་པའི་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བཅུ་ཆའི་གྲངས་ལོངས་སུ་བསགས་ཤིང་། འགྲུབ་ན་ཐོ་གྲོལ་གོང་དང་སྐབས་འདི་དག་ཏུ་བྱས་ཀྱང་འགལ་བ་མེད་དོ། །གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ནི། རྩ་སྒྲུབ་ལས། གྲུབ་པའི་རྟགས་ནི་དྲོད་ཆེན་པོ་གསུམ་འབྱུང་སྟེ༔ མངོན་སུམ་གྱི་དྲོད་དང༔ འོད་ཀྱི་དྲོད་དང༔ དྲོད་ཀྱི་དྲོད་དང་གསུམ་མོ༔ ཞེས་གསུངས་པས་དང་པོ་ནི། བདག་དཔལ་ཆེན་པོར་རང་ཤུགས་སུ་གསལ་ཞིང་རྐྱེན་གྱིས་མི་གཡོ་བ་དང་། བྲིས་སྐུ་འཛུམ་པ་དང་། གཏོར་མ་འབར་ཞིང་རཀྟ་ཁོལ་བ་སོགས་སོ། །གཉིས་པ་ནི། རང་ལུས་ལས་འོད་འཕྲོ་བ་དང་། མར་མེ་སྲིས་རྨེ་བར་འབར་བ་སོགས་སོ། །གསུམ་པ་ནི། ལྷ་སྔགས་ཆོས་ཉིད་གདིང་དུ་གྱུར་པས་ཐ་མལ་གྱི་རྣམ་རྟོག་མི་འབྱུང་། ལུས་ཤིང་བལ་ལྟར་ཡང་ཞིང་ཡོད་དུ་མི་ཚོར་བ་དང་། སྲིན་བུ་མི་འབྱུང་ཞིང་དྲི་ཞིམ་པ་དང། མཁའ་འགྲོ་རྣམས་རུ་ལུའི་དབྱངས་ཀྱིས་མཚོ་ལ་ངང་པ་ལྟར་འདུ་ཞིང་ལས་བྱེད་པའོ། །དེ་ཡང་ཕྱིའི་སྒྲུབ་རྫས་རྣམས་བསྒྲུབ་བྱའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མཚོན་པའི་བརྡར། ནང་བདག་གི་སྒོ་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་ཡེ་ནས་རྫོགས་པའི་ཆོས་ཉིད་རྩ་རླུང་ཐིག་ལེའི་དྲི་མ་དྭངས་པར་བྱས་ཏེ། འབྲས་བུ་མི་ཤིགས་པ་སྐུ་གསུམ་གྱི་ངོ་བོར་བྱང་ཆུབ་པར་བྱེད་པའི་ཕྱིར། སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ ཞེས་གསུངས་པ་དང་། མདོར་ན་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་དང་པོ་སྣེ་ཟིན་པ་ནས་ཕྱིས་མཐར་ཕྱིན་པར་གྱུར་གྱི་བར་ཉམས་རྟོགས་ཡོན་ཏན་གྱིས་མཚོན་པ་སྟེ། རྩ་བའི་སྒྲུབ་པ་འདིར་ཟླ་གམ་གཅིག་པ་དང་། ལྔ་བཅུ་རྩ་བརྒྱད་པ་དང་། ལྷ་དགུ་པ་རྣམས་གསུངས་པ་ལས། ཡང་དག་གྲུབ་པའི་དོན་གྱི་སྙིང་པོ་ལྷ་དགུ་པ་ཉིད་ཡིན་ཏེ། གཙོ་བོའི་གཡས་གཡོན་གྱི་ཞལ་དང་ཕྱག་དྲུག་ལ་མ་མོ་བརྒྱད་སྦྱོར་བས་ཀྱང་ལྷ་དགུར་ངེས་པ་དང་། འདི་ཉིད་ལས། གདམས་པ་ཁྱད་འཕགས་ཡང་དག་སྙིང་པོའི་སྐོར༔ སྤྲོས་བཅས་ལྷ་སྒོམ་བསམ་གྱིས་མི་ཁྱབ་ཀྱང༔ དོན་གྱི་སྙིང་པོ་ལྷ་དགུ་ཁོ་ན་ཡིན༔ ཞེས་ལྷ་དགུའི་སྒྲུབ་པ་ཕུལ་དུ་བྱུང་བར་རྐང་ཚུགས་སུ་གསུངས་ཤིང་། ཉམས་ལེན་འཇུག་པ་བདེ་བས་གནད་འདྲིལ་བ་དང་། རྒྱས་བསྡུས་འཚམ་པའང་ཡིན་པས་བསྙེན་སྒྲུབ་ཆིག་ཆོད་ཀྱི་དབང་དུ་བྱས་ནས་བཀོད་པ་ཡིན་ལ། ཡང་ཤིན་ཏུ་བསྡུས་པ་ཉམས་ལེན་གནད་འདྲིལ་དུ་བྱེད་ན་རུ་ལུ་འབྲུ་བརྒྱད་བདུན་ཚན་གསུམ་དུ་བྱས་པའི། དང་པོ་ཆོ་ག་བདུན་གྱིས་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ལྷ་སྐུའི་ལམ་ཁྱེར་དང་། གཉིས་པ་ཡན་ལག་བདུན་གྱིས་ངག་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་གྲགས་པ་གསུང་གི་ལམ་ཁྱེར་དང་། གསུམ་པ་ཐིམ་པ་བདུན་གྱིས་ཡིད་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་དང་སྦྱར་ཏེ་རིམ་པ་བཞིན་དུ་རུ་ལུའི་བཟླས་པ་ཉིད་ལ་རྩེ་གཅིག་ཏུ་འབད་ཅིང་། སྤྱོད་ལམ་ཀུན་ཏུ་ཡང་སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པས་རྩལ་སྦྱོང་བ་སོགས་ཉིན་མཚན་གྱི་རྣལ་འབྱོར་བྱ་བའི་ཚུལ་རྣམས་ནི་རྩ་བའི་གཞུང་ཉིད་བློའི་རིམ་པ་དང་འཚམ་པར་ཉམས་སུ་བླང་བར་བྱའོ། །དཔལ་ཆེན་ཡང་དག་སྙིང་པོ་ལྷ་དགུའི་བསྙེན་པའི་ཡི་གེ་ཉུང་ངུར་བསྡུས་པ་འདི་ནི་དད་བརྩོན་བློ་གྲོས་ཀྱི་ནོར་ལྡན་ངག་དབང་པདྨའི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་རྒན་པོ་འགྱུར་མེད་རྡོ་རྗེས་རང་ལོ་ང་དགུ་པ་ལ་བཀོད་པའོ། །སརྦ་དཱ་མངྒ་ལཾ།། །།


TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).