Terdzo-SA-025

Revision as of 05:06, 15 December 2017 by Jeremi (talk | contribs) (Text replacement - "{{UnderConstruction }} " to "")



Property "Author" has a restricted application area and cannot be used as annotation property by a user. 








གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཞེས་བྱ་བ་གནམ་སྐས་ཅན་ནས་བཏོན་པ་

gsang bdag rdo rje gtum po'i gsang sgrub me'i 'khor lo zhes bya ba gnam skas can nas bton pa

by  རཏྣ་གླིང་པ་ (Ratna Lingpa)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  རྟ་མགྲིན་གསང་བ་འདུས་པ་ (Rta mgrin gsang ba 'dus pa)
Volume 28 (ས) / Pages 495-514 / Folios 1a1 to 10b6

[edit]

ྈ གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཞེས་བྱ་བ་གནམ་སྐས་ཅན་ནས་བཏོན་པ་བཞུགས་སོ༔ ྈྈྈྈྈྈྈྈ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ༔ སྒོ་གསུམ་རབ་ཏུ་དད་པས་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱི༔ རྡོ་རྗེ་གཏུམ་པོའི་གསང་སྒྲུབ་འདི༔ སྒྲུབ་ཐབས་རྣམས་ཀྱི་སྙིང་ཁྲག་ཡིན༔ དབང་ཆེན་ཐུགས་ཀྱི་གདམས་པ་སྟེ༔ ཡང་ཟབ་མཐུ་སྟོབས་བསམ་མི་ཁྱབ༔ པད་འབྱུང་བོད་ཡུལ་སླེབས་པའི་དུས༔ མལ་གྲོ་མ་ར་གཟི་ཅན་དང༔ བསམ་ཡས་བྲག་དམར་འོམ་བུ་སོགས༔ ས་རྒོད་ཀླུ་རྒོད་ཐམས་ཅད་ཀྱང༔ ཁྲོ་རྒྱལ་འདི་ཡི་སྒོ་ནས་བཏུལ༔ ད་ལྟ་སྤེལ་བའི་གནས་མེད་དེ༔ རིན་ཆེན་གཏེར་དུ་བཙས་ཏེ་བཞག༔ དེ་ནས་ལོ་ཡང་བདུན་བརྒྱ་དང༔ དོན་གཉིས་ཁྱི་ལོ་ཤར་བའི་ཚེ༔ ཆོས་བདག་བུ་དང་འཕྲད་གྱུར་ཏེ༔ གཏེར་གྱི་འགྲོ་དོན་རྒྱས་པར་འགྱུར༔ དབང་ཆེན་ཐུགས་ཀྱི་སྒྲུབ་པ་གསང་བདག་གཏུམ་པོའི་ཡང་སྙིང་འདི་ལ་གསུམ་སྟེ༔ དང་པོ་དཀྱིལ་འཁོར་དང་རྫས་བསྟན་པ༔ གཉིས་པ་ལྷ་བསྐྱེད་ཅིང་བསྙེན་སྒྲུབ་བྱ་བ༔ ཐ་མ་ལས་སྦྱོར་དང་སྲུང་ཟློག་བསྟན་པའོ༔ དང་པོ་བཀྲ་ཤིས་བྱིན་ཆེ་བ་རྩི་ཤིང་ནགས་ཚལ་མེ་ཏོག་སྔོན་པོའི་གླིང་ཆགས་པར༔ ཟླ་བ་ཡར་ངོ་ལ་སྐར་མ་མགོ་དང་གཟའ་ཕུར་བུ་དར་བ་ལ༔ མཁོ་བའི་ཡོ་བྱད་ཐམས་ཅད་བསགས་ལ་དཀྱིལ་འཁོར་མུ་ཁྱུད་གསུམ་པའི་དབུས་སུ་ཨེ་མཐིང་ནག་ཟླ་གམ་དམར་པོ༔ དེ་ཡི་ཕྱི་འཁོར་ལོ་རྩིབས་བཞི༔ ཤར་སྔོ༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་ཁུའོ༔ དེའི་ཕྱི་འཁོར་ལོ་རྩིབས་བཅུ་པ་མཐིང་ག༔ རྩིབ་མཆན་དམར་པོའོ༔ དེའི་ཕྱི་རིམ་ཕྱོགས་བཞིར་རྡོ་རྗེའི་བྲག་བཞི༔ མཚམས་བཞིར་མེ་ཏོག་སྔོན་པོའི་ཕྲེང་བ་དང་བཅས་པ༔ སྒོ་རྟ་བབས་ལ་སོགས་དཀྱིལ་འཁོར་ཀུན་དང་མཐུན་པའོ༔ ཚོན་ལེགས་པར་བྱས་ཏེ་སླ་ཆོས་སྤངས༔ དེའི་དབུས་སུ་རིན་པོ་ཆེའི་བུམ་པ་བགེགས་བསྐྲད་གུ་གུལ་བདུག་ལ་འོ་མ་དང་ཆུ་གཙང་ལ་བུམ་རྫས་ཉེར་ལྔ་ཚང་བར་བླུགས༔ ཁ་རྒྱན་མགུལ་ཆིངས་རྡོ་རྗེ་འཛོམ་པའི་ཁ་ཚངས་དབུས་སུ་གསང་བདག་གི་སྐུ་བཞུགས༔ གཞན་སྨན་གཏོར་རཀྟ་ཚོགས་ལ་སོགས་པ་མཆོད་པ་ལྔ་རྣམས་ཅི་འབྱོར་བ་བཤམ༔ གཉིས་པ་ལྷ་བསྐྱེད་པ་ནི༔ མེ་ལྕེ་ཕྲེང་བའི་རྒྱུད་ལས༔ ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ ཅེས་པས་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་ནས༔ སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་སྔོན་དུ་སོང་ནས༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་ལ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་སྟོང་པར་གྱུར་པའི་ངང་ལས༔ བུམ་པ་བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་དབུས་སུ༔ ཉི་མ་པད་མ་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཧཱུྃ་མཐིང་ནག་གཅིག་ཆོས་ཀྱི་དབྱིངས་ནས་ཁྲ་ཐབས་སུ་བབས༔ དེ་ལས་འོད་ཟེར་དཔག་མེད་འཕྲོས་པས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་གྱི་ལས་དང་སྒྲིབ་པ་སྦྱངས༔ ཀླུ་དང་ས་བདག་གདུག་བྱེད་ཐམས་ཅད་དབང་དུ་བསྡུས་གདན་འོག་ཏུ་ཧྲིལ་བཅུག༔ སླར་འོད་ཟེར་ཐམས་ཅད་ཧཱུྃ་ལ་ཐིམ་རྩལ་རྫོགས་པའི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ཁུ༔ གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ༔ གཡོན་དངུལ་དཀར་གྱི་དྲིལ་བུ་འགྱིང་ཐབས་སུ་བརྟེན་པ༔ ཞལ་ཁྲོ་ཞིང་འཛུམ་པ་བཞད་པར་སྣང་བ༔ ཞབས་སྐྱིལ་ཀྲུང་ལ་སྟག་ལྤགས་གྱི་ཤམ་ཐབས་དཀྲིས་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ དར་རྣམ་པ་ལྔའི་ཅོད་པན་དབུ་སྐྲ་དམར་སེར་ཐོར་ཚུགས་ཅུང་ཟད་སྐུ་རྒྱབ་ན་ཕྱང་བ༔ དེ་ལྟར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གསལ་བས་བྱིན་བརླབས༔ ཐུག་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ལ༔ ཧཱུྃ་མཐིང་ནག་རྩ་སྔགས་ཀྱིས་བསྐོར་བ་བསྐྱེད་དེ༔ དེ་ནས་ལག་པ་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེངས་ལ༔ ཁྲོཾ་ཧཱུྃ་ཞེས་པ་བརྗོད་པས༔ བདག་ཉིད་གཞལ་ཡས་ཁང་གི་གཙོར་གྱུར་པའི་འཁོར་ལོ་རྩིབས་བཞིའི་སྟེང་དུ་བབ་པ་ལས༔ ཤར་དུ་ཐུགས་ཀྱི་བྱ་ཁྱུང་མཐིང༔ ལྷོར་ཡོན་ཏན་གྱི་བྱ་ཁྱུང་སེར༔ ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ༔ བྱང་དུ་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་གུ༔ དཔྲལ་བར་སྐུ་ཡི་བྱ་ཁྱུང་དཀར་པོ༔ དེ་རྣམས་ཀྱང་ཞི་མ་ཁྲོའི་ཚུལ༔ གཤོག་པ་བརྒྱངས་པ༔ སྦྲུལ་རིགས་ལྔ་འཛིན་པའོ༔ དེའི་ཕྱིར་གོང་ལྟར་ཧཱུྃ་བཅུ་སྤྲོས་པས་རྩིབས་སྟེང་དུ༔ རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ༔ མོས་པའི་ཡུལ་དུ་ཀྲོང་བསྐྱེད་ཙམ་བྱ༔ དེའི་ཕྱིར་བྲག་གི་སྟེང་དུ་སྒོ་མ་བཞི་ཡང་མོས་པས་བསྐྱེད༔ དེ་ནས་རང་གི་ལག་པ་དབང་སྡུད་ཀྱི་ཕྱག་རྒྱ་བྱས་ལ་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བརྗོད་པས་གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ བསྐྱེད་པའི་ལྷ་གཙོ་འཁོར་རྣམས་དང་བཅས་པ་བྱོན་ཏེ༔ བདག་དང་གཉིས་ཆུ་འདྲེས་པ་ལྟར་གྱུར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔའི་དབང་བསྐུར༔ མི་བསྐྱོད་པས་དབུ་བརྒྱན་པར་བསམ༔ དེ་ལྟར་བདག་རྩ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་ནས༔ དཀྱིལ་འཁོར་བུམ་པ་རྣམས་གོང་བཞིན་གསལ་བར་བསྐྱེད་ཅིང་ཡེ་ཤེས་པ་གཞུག་གོ༔ དེ་ནས་བདག་གི་ཐུགས་ཀ་ནས་སྔགས་ལས་འོད་འཕྲོས༔ དཀྱིལ་འཁོར་གྱི་ལྷ་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་བྱིན་རླབས་ཐམས་ཅད་བདག་ལ་ཐིམ༔ བུམ་པ་ལ་ཡང་ཐིམ༔ བུམ་པའི་ལྷ་ཚོགས་ཀྱི་ནུས་པ་ལས་ཀྱང་བདག་ལ་འོད་ཟེར་འཇའ་ཚོན་ལྟ་བུའི་ཕྲེང་བ་བར་མ་ཆད་དུ་བྱུང་བར་བསམས་ལ༔ དེ་ལྟ་བུའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་སྙིང་པོ་འདི་བཟླས་སོ༔ ཨོཾ་བཛྲ་པཱ་ཎི་ནཱི་ལཾ་བྷ་ར་དྷ་ར་ཧཱུྃ་ཕཊ༔ ཅེས་ཞག་བདུན་དུ་བསྙེན་ནོ༔ ཐུན་མཚམས་སུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ༔ རྫོགས་རིམ་དམིགས་མེད་སྟོང་པའི་ངང་ལ་མཉམ་པར་བཞག་གོ༔ རྟགས་སུ་མཚོན་རྣོན་པོ༔ མདའ་གཞུ་དང༔ རྡོ་རྗེ་ལ་སོགས་རྙེད་པ་དང༔ མེ་ཏོག་སྔོན་པོ་འཐུ་བ་དང༔ ཉི་ཟླ་ཤར་བ་དང༔ རི་ལ་འཛེགས་པ་དང༔ མཚོ་དང་ཆུ་ཆེན་བརྒལ་བ་དང༔ ཁྲུས་བྱེད་གོས་སྔོན་གྱོན་པ༔ མཁར་རྩིགས་པ༔ གཞན་གྱི་སྲོག་སྐྱོབ་པ༔ ལྷ་སྲིན་བཀའ་ཉན་གུས་པ་ཐོན་པ་ལ་སོགས་འབྱུང་ངོ༔ གྲངས་ཀྱི་བསྙེན་པ་འབུམ་འགྲུབ་ན་དངོས་གྲུབ་ཐོབ་བོ༔ དེ་ནས་བསྙེན་རྟགས་རྫོགས་ནས་ཁྲོ་བོར་བསྒྲུབ་པ་བྱ་སྟེ༔ གོང་ལྟར་བདག་ཉིད་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཏུ་གསལ་བ་ལས༔ སྟོང་པའི་རང་སྒྲ་ཧཱུྃ་ཞེས་བརྗོད་པ་ལས༔ བུམ་པ་གཞལ་ཡས་ཁང་གི་ལྟོ་བར༔ ཀླུ་རྒྱལ་ཕོ་མོ་རིགས་ལྔ་བསྣོལ་བའི་སྟེང་དུ༔ དགྲ་བགེགས་དང་དམ་སྲི་ཁ་སྦུབ་ཏུ་མནན་པའི་སྟེང་དུ༔ ཉི་མ་ཟླ་བ་པད་མའི་སྟེང་དུ་ཧཱུྃ་བབས་འོད་དུ་འབར༔ རྒྱལ་བ་རྣམས་ལ་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་ནུས་པ་ཐམས་ཅད་འཇོམས་བཏུལ༔ སླར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་ཧཱུྃ་ལ་ཐིམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཁྲོ་བོ་ཆེན་པོ་གསང་བའི་བདག་པོ་མཐིང་ནག་རབ་ཏུ་འབར་བ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བསྒྲད་པ༔ ཞལ་གཡས་དཀར་ལ་བཞད་པ༔ གཡོན་དམར་ལ་གཤེ་བ༔ དབུས་མཐིང་ནག་རྔམ་པ༔ ཕྱག་དྲུག་གཡས་དང་པོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ༔ བར་པ་ན་རལ་གྲི་མེ་འབར་བ༔ ཐ་མ་ན་གསེར་གྱི་འཁོར་ལོ་འབར་བ༔ གཡོན་གྱི་དང་པོ་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ་ཐུགས་ཀ་ན་བསྒྲེང་བ༔ བར་པ་ན་དྲིལ་བུ༔ ཐ་མ་ན་སྦྲུལ་ཞགས་འཛིན་པའོ༔ གཤོག་པ་བསྐལ་པའི་མེ་འབར་བ་རབ་ཏུ་བརྒྱངས་པ༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ༔ དབུས་ཞལ་གྱི་རྟ་མགོ་ལྗང་གུ་རྟ་སྐད་དུ་འཚེར་བ༔ དེའི་རྣ་བའི་བར་ན་སྐུའི་བྱ་ཁྱུང་དཀར་པོ༔ གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ ཁྲོ་ཆུའི་རྭ་རྩེ་ལ་མེ་འབར་བ༔ སྦྲུལ་རིགས་ལྔ་ཕྱག་གིས་བཟུང་ཞིང་ཟ་བ༔ ཞལ་ནས་མེ་འབར་བ༔ ཤངས་ནས་རླུང་འཚུབས་པ༔ སྤྱན་ནས་ཁྲག་ཁོལ་བ༔ ཀྲང་ཀྲང༔ ཀྲིང་ཀྲིང༔ ཀིང་ཀིང་ཞེས་སྟོང་གསུམ་ཁེངས་པའི་སྒྲ་སྒྲོག་པའོ༔ བདག་ཉིད་གཙོ་བོའི་ཡང་སྤྱན་དགུ་སྡང་མིག་ཏུ་བསྒྲད་པ༔ ཞལ་གསུམ་མཆེ་བ་གཙིགས་པ༔ ཨག་ཚོམ་མེ་འབར་བ༔ ཀླུ་རྒྱལ་རིགས་དཀར་ཁྲས་དབུ་ལ་བརྒྱན་པ༔ རྗེ་རིགས་སེར་པོའི་སྙན་རྒྱན༔ དམངས་རིགས་སྔོན་པོའི་མགུལ་རྒྱན༔ བྲམ་ཟེ་དམར་པོས་ཕྱག་ཞབས༔ གདོལ་པ་ནག་པོས་དོ་ཤལ་བྱས་པ༔ གླང་ཆེན་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ སྐུ་ལ་བ་སྤུའི་བུ་ག་རེ་རེ་ནས་མེ་འབར་བ༔ སྐུ་ཆེ་ལ་ཡན་ལག་རག་པ༔ འཇིགས་སུ་རུང་བ་རྡོ་རྗེའི་གད་རྒྱངས་ཧ་ཧ་ཧི་ཧི་ཞེས་བསྒྲགས་པས་རི་རབ་ལྡེག་པར་བྱེད་པ༔ བསྐལ་པའི་མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས་པ་ཞལ་གདངས་ནས་ཧཱུྃ་ཧཱུྃ་ཞེས་རྐན་སྒྲ་བརྡབས་པས་ཀླུ་དང་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་འབོག་ཅིང་བརྒྱལ་བར་བྱེད་པ་དེ་ལྟ་བུ་ཞིག་ཡང་ཡང་ནན་གྱིས་གསལ་བར་བྱའོ༔ དེ་ནས་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་ཞོར་ལ་ཞི་བའི་དུས་ལྟར་མོས་བསྐྱེད་ཙམ་བྱས་ཀྱང་རུང་ངོ༔ དེ་ནས་རྒྱས་པ་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ནི༔ བདག་གཙོ་བོ་བསྐྱེད་པ་ཅི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་དཀྱིལ་འཁོར་དབུས་སུ་བསྐྱེད་པར་གསལ་བ་ནན་དུ་བྱའོ༔ དེ་ནས་བདག་དང་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས༔ རྩིབས་ནང་མ་བཞིའི་སྟེང་དུ་ཁྲོཾ་བཞི་འཕྲོས་པ་ལས༔ ཤར་དུ་ཐུགས་ཀྱི་བྱ་ཁྱུང་དཀར་པོ་དུང་གི་མཆུ་སྡེར་ཅན་མེའི་གཤོག་པ་རྡེབས་པ༔ སྦྲུལ་རྒྱལ་རིགས་དཀར་པོ་ཟ་བ༔ རྡོ་རྗེས་སྤྱི་བོར་བརྒྱན་པའོ༔ ལྷོར་ཡོན་ཏན་གྱི་ཁྱུང་སེར་པོ་གསེར་གྱི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ སྦྲུལ་རྗེས་རིགས་སེར་པོ་ཟ་བ་རིན་པོ་ཆེས་དབུ་ལ་བརྒྱན་པའོ༔ ནུབ་ཏུ་གསུང་གི་བྱ་ཁྱུང་དམར་པོ་བྱེ་རུའི་མཆུ་སྡེར་ཅན༔ མེའི་གཤོག་པ་རྡེབ་པ༔ སྦྲུལ་བྲམ་ཟེ་དམར་པོ་ཟ་བ༔ པདྨས་སྤྱི་བོར་བརྒྱན་པའོ༔ བྱང་དུ་ཕྲིན་ལས་ཀྱི་ཁྱུང་ལྗང་གུ་གཡུའི་མཆུ་སྡེར་ཅན༔ མེ་ཡི་གཤོག་པ་རྡེབ་པ༔ སྦྲུལ་དམངས་རིགས་སྔོན་པོ་ཟ་བ༔ རྡོ་རྗེ་རྒྱ་གྲམ་གྱིས་སྤྱི་བོར་བརྒྱན་པའོ༔ གཙོ་བོའི་ཐུགས་ཀ་ནས་དེའི་ཕྱིར་རྩིབས་བཅུའི་སྟེང་དུ་ཧཱུྃ་བཅུ་ཡོངས་སུ་གྱུར་པ་ལས༔ ཤར་རྩིབས་དང་པོར་ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར་དཀར་པོ་མདའ་གཞུ་འགེང་བ༔ ཤར་རྩིབས་གཉིས་པ་ལ་རྣམ་རྒྱལ་སྔོ་སྐྱ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སེར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་མཐིང་ནག་སཏྭ་མོ་དང་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དབང་ཆེན་དམར་པོ་རལ་གྲི་དང་ལྕགས་སྒྲོག་སྡོམ་པ༔ ནུབ་བྱང་དུ་འདོད་པའི་རྒྱལ་པོ་མཐིང་སྐྱ་རྡོ་རྗེ་དང་བྷནྡྷ་བསྣམས་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོན་པོ་ཁ་ཊྭཱཾ་དང་རྒྱུ་ཞགས་འཛིན་པ༔ བྱང་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སཏྭ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་གཤོག་པ་ཅན་ཞིང་གི་གཡང་གཞི༔ སྟག་གི་ཤམ་ཐབས་ཁྲོ་ཞིང་རྔམ་པར་བསྐྱེད་དོ༔ དེའི་ཕྱི་རིམ་བྲག་བཞིའི་སྟེང་དུ༔ ཤར་དུ་སྒོ་མ་སྟག་གདོང་མ་དཀར་མོ་ལྕགས་ཀྱུ་མ༔ ལྷོར་ཕག་གདོང་མ་ནག་མོ་ཞགས་པ་གདེངས་པ༔ ནུབ་ཏུ་སེང་གདོང་མ་དམར་མོ་ལྕགས་སྒྲོག་སྡོམ་པ༔ བྱང་དུ་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཁྲོལ་བའོ༔ མཚམས་ཀྱི་མེ་ཏོག་ཕྲེང་བ་ལ༔ སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པས་གཏམས་པ་བསྐྱེད་དོ༔ དེ་ལྟར་གསལ་བར་བསྐྱེད་པའི་གཙོ་བོའི་ཐུགས་ཀར་སེམས་དཔའ་ཚོན་གང་བ་མཐིང་ནག་ཁྲོ་ཞིང་གཏུམ་པ་འོད་ཟེར་དུ་འབར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ནག༔ དེའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྐྱེད་ལ༔ ཧཱུྃ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་སྐད་ཅིག་ལ་སྤྱན་དྲངས་པར་བསམས་ལ༔ རྔ་བརྡུང་མཁར་རྔ་དྲིལ་བུའི་སྒྲ་སྒྲོག་ཅིང་སྤྱན་དྲང་བར་བྱ་སྟེ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་མཐུ་སྟོབས་བདག་པོ་གཤེགས་སུ་གསོལ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ འབར་བའི་ཆེ་མཆོག་ཁྲོ་རྒྱལ་ཀུན་གྱི་གཙོ༔ ལྷག་པའི་ལྷ་མཆོག་འབར་བའི་གར་དགུར་ལྡན༔ དངོས་གྲུབ་མྱུར་དུ་སྩོལ་མཛད་གཤེགས་སུ་གསོལ༔ ཀླུ་གཉན་ས་བདག་གདུག་པའི་ཚོགས་རྣམས་དང༔ སྡེ་བརྒྱད་འབྱུང་པོ་བགེགས་སོགས་འདུལ་མཛད་པ༔ མ་རུངས་འདུལ་བར་བྱེད་པའི་ཕྲིན་ལས་བདག༔ གཏུམ་ཆེན་ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ནི༔ པདྨའི་ཕྱག་རྒྱ་ས་ལ་དབབ་ཅིང༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར༔ མཐུ་སྟོབས་རྫུ་འཕྲུལ་ཐུགས་རྗེའི་བདག༔ བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང༔ གསང་སྔགས་རིག་སྔགས་ཀུན་གྱི་བདག༔ ཐུགས་རྗེའི་མཛད་ཕྲིན་བསམ་མི་ཁྱབ༔ ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཧཱུྃ༔ གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་སྤྲིན་གཏིབས༔ གཟུགས་སྒྲ་དྲི་རོ་ལ་སོགས་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས༔ ས་གཞི་ཁྱབ་པའི་གར་བྱེད་ཅིང༔ ནམ་མཁའ་གང་བའི་ཕྱག་རྒྱར་བསྒྱུར༔ ཨ་ལ་ལ་ཏེ་མཆོད་པ་བཞེས༔ བཛྲ་པུཥྤེ་ལ་སོགས་དང༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུྃ༔ ཐབས་དང་ཤེས་རབ་སྦྱོར་སྒྲོལ་མཆོད༔ ཏ་ན་གྷ་ན་མཆོག་ཆེན་པོ༔ གཉིས་མེད་རྟོགས་པའི་བདེ་བ་ཆེ༔ གསང་བ་མཆོག་གི་ཨ་མྲྀ་ཏ༔ རྨད་དུ་བྱུང་བའི་གཏོར་ཆེན་པོ༔ ཁམས་གསུམ་འཁོར་བ་བསྒྲལ་པའི་ཁྲག༔ མཆོད་སྤྲིན་རྒྱ་མཚོ་དཔག་མེད་གཏིབས༔ གསང་བདག་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་པཉྩཿམ་ཧཱ་བ་ལིཾ་ཏཿརཀྟ༔ ཏ་ན་གྷ་ན་གྷུ་ཡ་མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་དག་པའི་དཀྱིལ་འཁོར་ནས༔ སྣང་སྲིད་ཐམས་ཅད་མཆོད་པར་སྦྱར༔ དག་པ་སྐུ་ཡི་དཀྱིལ་འཁོར་ནི༔ གསང་བའི་གསུང་གི་དབྱངས་ཆེན་པོ༔ རོལ་པའི་དབྱངས་ཆེན་ཕྱག་རྒྱ་ཆེ༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ རང་ཉིད་ལྷ་ལ་རང་སྤྲུལ་ནས༔ རང་རིག་ལྷ་ལ་མཆོད་པར་འབུལ༔ བཛྲ་པཱ་ཎི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཞེས་མཆོད་ཚོགས་རིམ་པར་ཕུལ་ནས༔ དེ་ནས་ཉེ་བར་བསྙེན་པ་ལ་འཇུག་སྟེ༔ བདག་རྩ་བའི་དཀྱིལ་འཁོར་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་རྩ་སྔགས་དང་བཅས་པ་ལས་འོད་འཕྲོས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཚར་བཅད༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་བསྡུས༔ གཞལ་ཡས་ཁང་གི་གཙོ་འཁོར་རྣམས་ལ་ཐིམ་འོད་དུ་འབར༔ ཁྱད་པར་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཧཱུྃ་སྔགས་དང་བཅས་པ་ལ་ཐིམ་པས་མེ་འབར་བ་ལྟར་གྱུར༔ ནུས་པ་དང་བྱིན་རླབས་ཐམས་ཅད་གཟུངས་ཐག་ལ་བརྒྱུད་བདག་གི་ཐུགས་ཀར་བར་མ་ཆད་པར་ཐིམ་པས༔ བདག་ཀྱང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ མཐུ་དང་ནུས་པའི་རྩལ་ཐོབ༔ གཟི་བརྗིད་དང་དཔལ་དུ་འབར་བས༔ སྤྱིར་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད༔ ཁྱད་པར་དུ་གསང་བའི་བདག་པོའི་བྱིན་རླབས་ནུས་སྟོབས་བདག་ལ་རྫོགས་པར་བསམ་ཞིང༔ མི་ཚིག་བར་མ་ཆོད་པར་སྨྲ་བཅད་ལ༔ གསང་བ་ཁྲོ་བོའི་སྙིང་པོ་འབྲུ་བཅུ་གཅིག་པ་འདི་བཟླས་སོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་དུས་གནད་ནི་རབ་ཟླ་བ་བདུན༔ འབྲིང་ལྔ༔ ཐ་མ་གསུམ་བསྒྲུབ་བོ༔ གྲངས་ཀྱི་བསྙེན་པ་རབ་ས་ཡ་དང༔ འབྲིང་བྱེ་བ༔ ཐ་མ་བདུན་འབུམ་དུ་བསྙེན་ནོ༔ གནས་སྐབས་གང་ན་ཡང༔ ཞག་དང་གྲངས་བསྙེན་གང་ཡང་རུང་བར་བྱའོ༔ གོང་གི་བསྙེན་པ་ཐེམས་ན་མཐུ་སྟོབས་གསང་བའི་བདག་པོ་དང་མཉམ་པར་ངེས་སོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ ནམ་མཁར་འཕུར་བ༔ བམ་བརྩིགས་པ༔ རྡོ་རྗེ་ལ་སོགས་ཕྱག་མཚན་རྙེད་པ༔ མེ་འབར་བ༔ མཚོན་རྣོན་པོ་ཐོགས་པ༔ ཆུ་བོ་བརྒལ་བ༔ ཉི་ཟླ་ཤར་བ༔ གླང་གཡག་ཞོན་པ༔ མེ་ཏོག་སྔོན་པོ་ཐུ་བ༔ དམག་དཔོན་བྱེད་པ་ལ་སོགས་པ་འབྱུང་ངོ༔ ནང་རྟགས་སུ་བསྒྲུབ་རྫས་ལ་མེ་འབར་བ༔ འོད་འཕྲོ་བ༔ གཏོར་མ་དང་བུམ་ཆུ་ཁོལ་བ༔ དབྱར་མི་རུལ་བ༔ དགུན་མི་འཁྱག་པ༔ དཀྱིལ་འཁོར་དམ་རྫས་བཀྲག་མདངས་བཟང་བ༔ ལྷ་འདྲེ་སྐད་ངན་འདོན་པ་ལ་སོགས་འབྱུང་ངོ༔ གསང་བའི་རྟགས་སུ༔ ཏིང་འཛིན་གསལ་བ༔ ཉམས་སྤྲོ་བ༔ ཞལ་སྟོན་པ༔ གསུང་སྒྲོག་དག་སྣང་དཔག་མེད་འཆར་བ༔ བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ལ་སོགས་འབྱུང་ངོ༔ དེ་ལྟར་བཟང་བར་སྣང་ཡང་རློམ་སེམས་དང་དགའ་བ་མེད་པ༔ ངན་པར་སྣང་ཡང་རྟོག་པ་འཁུ་འཁྲིག་མེད་པར་ཐམས་ཅད་རྒྱུ་འབྲས་དང་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ནི་གནད་ཀྱི་གདམ་པའོ༔ དེ་ལྟར་རྩ་བའི་བསྙེན་པ་ཚར་ནས༔ དྲག་པོ་ཁྱུང་གི་ལས་སྦྱོར་བྱ་སྟེ༔ བདག་དང་ད་ལའི་ཁྱུང་རིགས་ལྔ་ཐམས་ཅད་ཀྱང་རང་སྔགས་དི་རི་རི་བཟླས་པས༔ ཀླུ་དང་ས་བདག་རྒྱལ་བསེན་ཐམས་ཅད་འབོག་བརྒྱལ་ཐུམ་ཐུམ་སོང་བར་བསམས་ལ༔ ཨོཾ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བདུད་ཏྲི་མཱ་ར་ཡ་རྦད༔ ཅེས་རབ་འབུམ༔ ཐ་མ་ལྔ་ཁྲི་བཟླས་པས་རྨིས་ལྟས་སུ༔ བྲག་གཤོག༔ མེ་འབར་མཚོ་སྐེམ༔ གླང་དམར་བསད༔ སྦལ་སྦྲུལ་བསད༔ ལྷ་ཁང་བཤིག༔ ལྡེར་སོ་བཅོམ༔ བནྡྷེ༔ བུད་མེད་ཁྱི་སྤྱང་བརྡུང་བསད་ལ་སོགས་འབྱུང་ངོ༔ ཁྱད་པར་གྱི་རྟགས་སུ༔ བཀའ་ཉན་སྲོག་སྙིང་འབུལ༔ བྲོ་བོར༔ ལོངས་སྤྱོད་འབུལ་བ་ལ་སོགས་འབྱུང་ངོ༔ དེ་ནས་ཁྲོ་བོ་བཅུའི་བསྙེན་པ་ལ༔ དྲག་སྔགས་ཁྲོ་འདུས་ཆེན་པོ་གནམ་ལྕགས་མེའི་སྤུ་གྲི་འདི་བཟླས་སོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཁྲི་སྟོང་དུ་བཟླས་པས༔ ལུས་གོས་ལ་མེ་འབར་བ༔ མཆིལ་མ་ཁོལ་བ༔ ནུས་པ་དང་བྱིན་རླབས་ཐོགས་པ་མེད་པ་འབྱུང་ངོ༔ རྗེས་སུ་ཀླུ་དང་ས་བདག་འདུལ་ན༔ ནཱ་ག་ཀླུ་འདུལ་དྲག་པོ་འདི་རྟགས་དང་སྦྱར་ལ་བཟླས་སོ༔ ཨོཾ་ནཱ་ག་དུ་ན་ཙན་དེ་ཙན་དེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་བཟླས་སོ༔ གདོན་བགེགས་ལ་སོགས་འདུལ་ན༔ བསད་པ་གནམ་ཐོག་འདི་བཟླས་སོ༔ དགྲ་བགེགས་དམ་སྲི་རྣྲི་ཏྲི་རྦད་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་ཕཊ༔ ཅེས་བརྒྱ་སྟོང་བཟླས་ཏེ༔ ཉུངས་དཀར་དུག་ཁྲག་སྦྱར་བ་དང༔ རྡོ་ཐུན་ལ་སོགས་བྲབ་ན་སྙིང་འགས་ཤིང་ཡུལ་འབྱིན་པར་འགྱུར་རོ༔ འདི་དག་གི་ཐུན་མཚམས་སུ་གོང་ལྟར་མཆོད་པ་འབུལ་ཞིང༔ རོལ་མོའི་སྒྲ་དབྱངས་དང་བཅས་ཏེ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཐུགས་རྗེས་དབྱིངས་ནས་བཞེངས་པའི་སྐུ་མཆོག་ནི༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཁྲོས་པའི་སྡང་མིག་སྤྱན་དགུ་ཕྱོགས་བཅུར་བསྒྲད༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་བཀླུབས༔ སྐུ་ཡི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཕྱག་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ རྡོ་རྗེ་རལ་གྲི་འཁོར་ལོ་འབར་བ་དང༔ སྡིགས་མཛུབ་དྲིལ་བུ་སྦྲུལ་ཞགས་འཆིང་བར་མཛད༔ ཕྱག་གཉིས་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་རབ་ཏུ་སྒྲོག༔ བདུད་དང་འབྱུང་པོ་ཀླུ་རྣམས་འདུལ་མཛད་ཅིང༔ རྒྱལ་བ་ཀུན་གྱིས་གསང་བའི་མངའ་ཡང་བསྐུར༔ མཐུ་སྟོབས་རྩལ་ཆེན་བདག་ལ་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང་རིགས་ལྔ༔ གནམ་ལྕགས་མཆུ་སྡེར་གདེངས་ཤིང་མེ་གཤོག་རྡེབ༔ ཀྲང་ཀྲིང་སྒྲ་འབྱིན་ཀླུ་བདུད་ཟས་སུ་ཟ༔ འཇིགས་བྱེད་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ སྒེག་པ་རྔམ་དང་ཟ་བྱེད་འཇིགས་པར་བྱེད༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ བགེགས་དཔུང་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད༔ སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཆེན་མོ་བཞི༔ འཛིན་འཆིང་བསྡོམ་བརྡེག་འཕྲིན་ལས་རྣམ་བཞི་མཛད༔ ལྷག་པའི་ཁྲོ་བོ་མཐུ་སྟོབས་མངའ་བའི་བདག༔ བདུད་འདུལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང༔ ཚོགས་ཀྱི་ཆོ་ག་ལ་སོགས་བྱེད་ན་གཞུང་གཞན་དང་མཐུན་པར་བྱའོ༔ དེ་ནས་ཐུན་མཚམས་སུ་རྫོགས་རིམ་བསྒོམ་པ་ནི༔ སྣང་སྲིད་ཐམས་ཅད་བཻ་ཌཱུརྻའི་ནམ་མཁའ་ལྟར་སྔོ་ལྟེམ་དུ་ཞུ༔ གཞལ་ཡས་ཁང་ལ་ཐིམ༔ གཞལ་ཡས་ཁང་སྒོ་མ༔ དེ་ནས་རིམ་པས་ཁྲོ་བོ་བཅུ༔ ཁྱུང་ལྔ་གཙོ་བོ༔ དེ་ཡང་ཡེ་ཤེས་སེམས་དཔའ༔ ཐུགས་ཀའི་ཧཱུྃ༔ དེ་ཡང་གྱེན་དུ༔ ཐིག་ལེ་ལ་ཐིམ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་སྤྲོས་པ་དང་བྲལ་བའི་ངང་དུ་བཞག་གོ༔ བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ༔ རང་དམ་ཚིག་པའི་ང་རྒྱལ་བརྟན་པའི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ༔ སྤྱི་དོན་གསུམ་གྱི་ཐ་མ་ལས་དངོས་གྲུབ་བླང་བ་ནི༔ བསྙེན་སྒྲུབ་དུས་གནད་དང༔ ཞག་གྲངས༔ དུས་ཀྱི་བསྙེན་པ་གང་ཡང་རུང་བའམ༔ རྟགས་ཁྱད་པར་ཅན་མཐོང་ཚེ༔ ཚེ་ཆང་དང༔ སྦྲང་བུར༔ སྤོད་དང་སྦྱར་བའི་དངོས་གྲུབ་རྫས་ཟླུམ་པོ༔ ཟླ་གམ༔ གྲུ་བཞི༔ གྲུ་གསུམ༔ ནས་འདྲ་འབྲང་རྒྱས༔ རིན་པོ་ཆེ་ལ་སོགས་མར་གྱིས་བྱུགས་པ་བཤམས་ལ༔ འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ༔ ཐལ་མོ་སྦྱར་ལ༔ ཧཱུྃ༔་་་སློབ་བུ་ལ་དབང་བསྡུས་པ་སྐུར་ན་ཚིག་འདིས་གསོལ་བ་གདབ་བོ༔ མཆན། དམ་ཚིག་ཆེན་པོའི་དུས་ལ་བབ༔ ལྷག་པའི་ལྷ་ཁྱེད་དགོངས་སུ་གསོལ༔ ད་ལྟ་བསྙེན་སྒྲུབ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་གསང་རྡོ་རྗེའི་ཉི་མ་ཤར༔ སྒྲུབ་པ་བདག་གི་སྙིང་ཁར་བབས༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་རྣམ་པ་བཞི་ལ་སོགས༔ རྡོ་རྗེ་ཚེ་མཆོག་མ་ལུས་དང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ས་མ་ཡ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧ་མཱ་ར་ཡ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་དང༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཅེས་པ་རྒྱ་རྩ་བརྒྱད་བཟླས་ནས་བུམ་པ་སྐུ་དང་བཅས་པ་སྤྱི་བོར་བཞག་ནས༔ ངོ་བོ་གསང་བའི་བདག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡིན་པ་ལ༔ རྣམ་པ་བདུད་རྩི་འོ་མ་ལྟ་བུ་སྤྱི་བོ་ནས་བབ་ལུས་རིམ་པར་གང་བར་བསྒོམ་ཞིང༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ན༔ བཅོམ་ལྡན་གསང་བདག་ལྷ་ཚོགས་བཞུགས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ བདག་ནི་སྐལ་ལྡན་སྒྲུབ་པ་པོ༔ འདོད་པའི་དོན་ལ་གསོལ་འདེབས་ན༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཡོན་ཏན་བྱིན་རླབས་ལུས་ལ་སྩོལ༔ ཕྲིན་ལས་བྱིན་རླབས་ནུས་པར་སྩོལ༔ ཡིད་བཞིན་དངོས་གྲུབ་མ་ལུས་སྩོལ༔ དུས་འདིར་བདག་ལ་བསྩལ་དུ་གསོལ༔ ཅེས་བུམ་པ་གནས་བཞིར་གཏུག་ཅིང་ནང་རྫས་རོལ༔ སྤྱི་བོ་ནས་ལུས་ཁྱབ་པར་ཁྲུས་བྱ༔ དངོས་གྲུབ་ཀྱི་འབྲང་རྒྱས་རྣམས་རོལ༔ ཚེ་ཆང་བཏུང༔ བུམ་ཆུས་ཀླུ་ནད༔ ནད་ཡམས༔ ནད་པ་གནོད་འཚེ་གྲིབ་ལ་སོགས་པ་གང་ཡང་སླེབ་པས་ཆོག་གོ༔ དེ་ནས་གོང་ལྟར་ལྷ་གཤེགས༔ དལ་བསྡུ་ཆད་མདོ་གཏོར་སྐྱོང་ལ་སོགས་གཞན་དང་མཐུན་པར་བྱའོ༔ རྟ་མགྲིན་གསང་བ་འདུས་པའི་ཐུགས་སྒྲུབ༔ གསང་བདག་ཐུགས་ཀྱི་གསང་སྒྲུབ༔ མེ་ལྕེ་ཕྲེང་བའི་རྒྱུད་ལས་བསྟན་ཏེ༔ བདག་འདྲ་པད་མའི་ཐུགས་ཀྱི་བཅུད་ཕྱུང་བ༔ ད་ལྟ་མངའ་བདག་རྒྱལ་པོའི་དོན་དང༔ མ་འོངས་ལས་ཅན་སྐྱེས་བུའི་བཙས་སུ་བཞག་གོ༔ ས་མ་ཡཱ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ མནྟྲ་གུ་ཡ་རྡ་ཐིམ༔ བདག་འདྲ་རྒྱ་གར་མཁས་པ་པད་མ་ལ༔ ཡི་དམ་སྒྲུབ་ཐབས་བྱེ་བ་དཔག་མེད་ཀྱང༔ ཐུགས་རྗེའི་ཡང་ཞུན་ཁྲོ་རྒྱལ་གསང་སྒྲུབ་འདི༔ བལ་པོའི་གྱམ་ནག་མལ་གྲོའི་གཟི་ཅན་དང༔ བྲག་དམར་བཏང་ཟུག་བསམ་ཡས་འོམ་བུའི་ཚལ༔ ཀླུ་དང་ས་བདག་གཉན་རྒོད་འདི་ཡིས་བཏུལ༔ མཐུ་རྩལ་ནུས་པ་བསམ་གྱིས་མི་ཁྱབ་ཕྱིར༔ ད་ལྟ་མངའ་བདག་ཡབ་སྲས་དང༔ གྲོགས་ཀྱི་དམ་པ་མཁར་ཆེན་བཟའ་ལ་གཏད༔ འདི་ནས་མ་འོངས་དུས་ཀྱི་ཐ་མ་ལ༔ ལང་གྲོའི་སྐྱེ་བ་རཏྣའི་མིང་ཅན་འབྱུང༔ གསང་གཏེར་འདི་སྤྱོད་བསྟན་པ་དར་བར་ཤོག༔ གནོད་སྦྱིན་དམར་ནག་སྔགས་ཀྱི་སྲུང་མ་དང༔ དམ་ཅན་གསུམ་ལ་ནང་གི་སྲུང་མར་བསྐོས༔ ཕྱི་ཡི་གཏེར་སྒོ་མཁའ་རི་ཀླུ་བདུད་ལ༔ ཆེད་དུ་གཉེར་རོ་བཀའ་འདི་ཐུབ་པར་སྲུངས༔ ྈྈྈྈ ྈྈྈྈྈྈྈྈྈྈྈྈ ྈྈྈྈ ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ། །བདག་འདྲ་གཏེར་སྟོན་རཏྣ་ཡིས། །གནམ་སྐས་ཅན་གྱི་བྲག་ལོགས་ནས། ཁྲོམ་གཏེར་བྱས་ཏེ་ཕྱུང་བ་ལགས། །ཤོག་སེར་ཞེང་སོར་བཞི་དཀྱུས་མཐོ་དོ་པ་གཅིག་ལ། བདེ་ཆེན་གླིང་དུ་ཞུས་ཏེ་དག་གོ །ཤིན་ཏུ་ཟབ་གསང་བ་གཅེས། ཤོག་སེར་ཚ་ལས་བཤུས་སོ།།

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).