Terdzo-RI-004
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གསང་དབང་གི་ལག་ལེན་
by ཀུན་དགའ་འབུམ་མ་ (Kunga Buma)
revealed by ཀུན་དགའ་འབུམ་མ་, མཆོག་གྱུར་གླིང་པ་ (Kunga Buma, Chogyur Lingpa)
in cycle རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ (Rdzogs chen ma rgyud mkha' 'gro gsang ba lam khyer)
Volume 55 (རི) / Pages 253-256 / Folios 1a1 to 2b3
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གསང་དབང་གི་ལག་ལེན་བཞུགས་སོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གསང་དབང་བསྐུར་བ་ནི༔ སྔོན་འགྲོའི་གདམས་པ་ཉམས་སུ་ལེན་པ་ནི༔ འོད་གསལ་མའི་ངོ་སྤྲོད་དང༔ བར་དོའི་ངོ་སྤྲོད་མཐར་ཐུག་པ་བྱས་ལ༔ སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་བྱ༔ མེ་གཅོད་དང་སྔོན་འགྲོ་རྣམས་བྱེད༔ དེ་ནས་རྟ་ཕག་གསང་བ་ཡབ་ཡུམ་གྱི་བསྐྱེད་རིམ་རྣམས་བསྒོམ་དུ་བཅུག༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་དབྱེར་མེད་ལྔའི་དམིགས་པ་ཕོག་ལ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ལས་ཀྱི་ཡུམ་གཅིག་བྱས་ལ༔ དེ་ནས་དངོས་གཞི་དབང་བསྐུར་བ་ནི༔ དམིགས་པའི་རྟེན་གྱི་ཙཀ་ལི་ཕྱག་ཏུ་བསྣམས་ནས་ཚིག་འདི་སྐད་དོ༔ ཧཱུྃ༔ ང་ནི་སྣང་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ སྣང་སྟོང་དབྱེར་མེད་དབང་བསྐུར་བས༔ གཏི་མུག་རང་སར་དག་ནས་ནི༔ ལྷུན་གྲུབ་ཞིང་ཁམས་མཐོང་བ་དང༔ སྐུ་ཡི་རིག་འཛིན་ཐོབ་པར་ཤོག༔ བུདྡྷ་དཔའ་བོ་ཛཿཛ༔ ང་ནི་རིག་པ་ཡབྎ ཁྱོད་ནི་སྟོང་པ་ཡུམྎ རིག་སྟོང་དབྱེར་མེདྎ ཞེ་སྡང་རང་སརྎ མངོན་དགའི་ཞིང་ཁམསྎ ཆོས་སྐུའི་རིག་འཛིནྎ བཛྲ་དཔའ་བོ་ཛ་ཛ༔ ང་ནི་བདེ་བ་ཡབྎ ཁྱོད་ནི་སྟོང་པ་ཡུམྎ བདེ་སྟོང་དབྱེར་མེདྎ ང་རྒྱལ་རང་སརྎ དཔལ་གྱི་ཞིང་ཁམསྎ ལོངས་སྐུའི་རིག་འཛིནྎ རཏྣ་དཔའ་བོ་ཛཿཛ༔ ང་ནི་གསལ་བ་ཡབྎ ཁྱོད་ནི་སྟོང་པ་ཡུམྎ གསལ་སྟོང་དབྱེར་མེདྎ འདོད་ཆགས་རང་སརྎ བདེ་ཆེན་ཞིང་ཁམསྎ སྤྲུལ་སྐུའི་རིག་འཛིནྎ པདྨ་དཔའ་བོ་ཛཿཛ༔ ང་ནི་གྲགས་པ་ཡབྎ ཁྱོད་ནི་སྟོང་པ་ཡུམྎ གྲགས་སྟོང་དབྱེར་མེདྎ ཕྲག་དོག་རང་སརྎ ལས་རབ་ཞིང་ཁམསྎ ངོ་བོ་ཉིད་སྐུའི་རིག་འཛིན་ཐོབ་པར་ཤོག༔ ཀརྨ་དཔའ་བོ་ཛཿཛ༔ གསང་བ་བུམ་པའི་དབང་བསྐུར་བ་ནི༔ དེ་རིང་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོས་བྱིན་བརླབས་པའི༔ སྣ་ཚོགས་བུམ་པ་གཞལ་ཡས་ཁང༔ སྣང་སྟོང་དབྱེར་མེད་བདུད་རྩི་བུམ་པའི་དབང་བསྐུར་བས༔ གཏི་མུག་དྲི་མ་དག་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་ཨོཾ་བྷྲཱུྃ༔ རྡོ་རྗེ་མཁའ་འགྲོས་བྱིནྎ ཞི་བའི་བུམ་པ་གཞལ་ཡས་ཁང༔ རིག་སྟོང་དབྱེར་མེད་བདུད་རྩིྎ ཞེ་སྡང་དྲི་མྎ མེ་ལོང་ཡེ་ཤེས་དབངྎ བཛྲ་ཧཱུྃ་བྷྲཱུྃ༔ རིན་ཆེན་མཁའ་འགྲོས་བྱིནྎ རྒྱས་པའི་བུམ་པ་གཞལ་ཡས་ཁང༔ བདེ་སྟོང་དབྱེར་མེད་བདུད་རྩིྎ ང་རྒྱལ་དྲི་མྎ མཉམ་ཉིད་ཡེ་ཤེས་དབངྎ རཏྣ་ཏྲཱཾ་བྷྲཱུྃ༔ པདྨ་མཁའ་འགྲོས་བྱིནྎ དབང་གི་བུམ་པ་གཞལ་ཡས་ཁང༔ གསལ་སྟོང་དབྱེར་མེད་བདུད་རྩིྎ འདོད་ཆགས་དྲི་མྎ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཧྲཱིཿབྷྲཱུྃ༔ ལས་ཀྱི་མཁའ་འགྲོས་བྱིནྎ དྲག་པོའི་བུམ་པ་གཞལ་ཡས་ཁང༔ གྲགས་སྟོང་དབྱེར་མེད་བདུད་རྩིྎ ཕྲག་དོག་དྲི་མྎ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཨཱཿབྷྲཱུྃ༔ གསང་བ་ཤོག་དྲིལ་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ ཞེ་སྡང་རྡོ་རྗེའི་ཤོག་དྲིལ་དབང་བསྐུར་བས༔ ཞེ་སྡང་ལམ་དུ་ལོངས་ནས་ནི༔ དམྱལ་བའི་འཁྲུལ་སྣང་དག་པ་དང༔ རྩེ་གཅིག་རིག་འཛིན་ཐོབ་པར་ཤོག༔ བཛྲ་ཌཱ་ཀི་ནཱི་ཧཱུྃ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལྎ འདོད་ཆགས་ལམ་དུྎ ཡི་དྭགས་འཁྲུལ་སྣངྎ བདེ་གསལ་རིག་འཛིན་ཐོབྎ པདྨ་ཌཱ་ཀི་ནཱི་ཧྲཱི༔ གཏི་མུག་རྡོ་རྗེའི་ཤོག་དྲིལྎ གཏི་མུག་ལམ་དུྎ དུད་འགྲོའི་འཁྲུལ་སྣངྎ སྤྲོས་བྲལ་རིག་འཛིན་ཐོབྎ བུདྡྷ་ཌཱ་ཀི་ནཱི་ཨོཾ༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལྎ ཕྲག་དོག་ལམ་དུྎ ལྷ་མིན་འཁྲུལ་སྣངྎ རོ་གཅིག་རིག་འཛིན་ཐོབྎ ཀརྨ་ཌཱ་ཀི་ནཱི་ཨཱ༔ ང་རྒྱལ་རྡོ་རྗེའི་ཤོག་དྲིལྎ ང་རྒྱལ་ལམ་དུྎ ལྷ་ཡི་འཁྲུལ་སྣངྎ འགྱུར་མེད་རིག་འཛིན་ཐོབྎ རཏྣ་ཌཱ་ཀི་ནཱི་ཏྲཱཾ༔ མེ་ཏོག་དར་གྱི་ཅོད་པན་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྡེ་ལྔའི་མཚན་གྱི་དབང་ཐོབ་ཤོག༔ རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཆོས་ཉིད་གཏོར་མའི་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་ཐོབ་པར་ཤོག༔ རྩ་བ་གསུམ་གྱི་ཡང་སྙིང་འདྲེན་པར་བྱའོ༔ དེ་ནས་ལས་གཏོར་འཕང༔ མེ་ཏོག་སྐྱུར༔ དཀྱིལ་འཁོར་ངོ་སྤྲོད་བྱ༔ བཀྲ་ཤིས་སྨོན་ལམ་གྱི་རྒྱས་བཏབ་བོ༔ ས་མ་ཡ༔ ཁ་ཐཾ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེས་ཀྱང་འགྲོ་བ་འདྲེན་པར་ཤོག༔ བཀའ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ནས་གཏེར་བཏོན་པའི་ཤོག་སེར་ཡང་ཚ་ལས་ཞལ་བཤུས་པའོ།། །།
TSAGLI image gallery goes here