Terdzo-PI-013

From Rinchen Terdzö
Revision as of 03:54, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
(diff) ← Older revision | Latest revision (diff) | Newer revision → (diff)

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ལྷ་སྲིན་དམ་བསྒྲག་བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་

bla ma'i thugs sgrub bar chad kun sel gyi cha lag lha srin dam bsgrag bka' nan rab brjid rdo rje'i ri dbang

by  མཆོག་གྱུར་གླིང་པ་ (Chogyur Lingpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 43 (པི) / Pages 313-324 / Folios 1a1 to 6b1

[edit]

༁ྃ༔ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ལྷ་སྲིན་དམ་བསྒྲག་བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་ཞེས་བྱ་བ་བཞུགས་སོ། ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ལྷ་སྲིན་དམ་བསྒྲགས་དཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་ཞེས་བྱ་བ། བླ་མ་ཁྱད་པར་འཕགས་པའི་རིག་འཛིན་མཐུ་སྟོབས་ཀྱི་མངའ་བདག་ལ་ཕྱག་འཚལ་ལོ། །མཁྱེན་བརྩེས་མངོན་མཐོ་རྒྱལ་སྲས་ཀྱི། །དབང་པོ་པདྨ་ཐོད་ཕྲེང་རྩལ། །མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་པས། །ལྷ་དང་ལྷ་མིན་འདུལ་ལ་འདུད། །གང་གི་བཀའ་ནན་རྡོ་རྗེའི་ཚིག །རྡོ་རྗེའི་རི་དབང་ལྟར་བརྗིད་པ། །ལྷ་སྲིན་རྣམས་ལ་བསྒྲག་པའི་ཐབས། །སླར་ཡང་འདི་ན་གསལ་བར་བཀོད། །དེ་ཡང་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་འབྱུང་པོ་རྣམས་བཀའ་འབང་རྩིས་སུ་ཕབ་སྟེ། སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་འཇིག་རྟེན་སྐྱོང་བར་བསྒོས་པ་ལྟར། དེང་སང་བསྟན་པ་ཉམས་ཤིང་འཇིག་རྟེན་མི་བདེ་བ། ལེགས་ཉེས་གོ་ལོག་པའི་སྐབས་འདིར་སྔོན་གྱི་ཐ་ཚིག་བསྒྲག་ཅིང་བསྟན་འགྲོ་བདེ་བའི་ཕྲིན་ལས་བཅོལ་བ་གལ་ཆེ་ཞིང་། བོད་ཡུལ་འདིར་གློ་བུར་ལྷགས་པའི་འབྱུང་པོ་རྣམས་ཀྱིས་ལྷ་སྲིན་འཁྲུགས་པའི་རྒྱུ་བྱེད་པས་དེ་དག་དམ་ལ་བཞག་ཅིང་། ནག་ཕྱོགས་བསྒྲལ་བ་ལ་ནུས་པ་ཐོགས་མེད་དུ་མངའ་བའི་རིག་འཛིན་རྣམས་ཀྱིས་བྱ་བ་ལ་བཞི། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ། ཕན་ཡོན་སོགས་འཕྲོས་དོན་ནོ། །དང་པོ་ལ་གསུམ། ཡོ་བྱད་བཤམ་པ། རྒྱབ་རིམ་སྒྲུབ་པ། བདག་གི་རྣལ་འབྱོར་རོ། །དང་པོ་ནི། ཡར་མར་གྱི་ཚེས་བཅུ་སོགས་དུས་དང་གཟའ་སྐར་བཟང་བའི་ཉི་མ་ལ། དབེན་ཞིང་སྦས་པའི་གནས་སམ་རིའི་རྩེ་མཁར་གྱི་ཡང་ཐོག་སོགས་ཕྱོགས་ཐམས་ཅད་མཐོང་ཞིང་གཉན་ཅིང་བཀྲ་ཤིས་པའི་གནས་སུ། བདག་གི་རྣལ་འབྱོར་གང་ལ་བསྟེན་པའི་རྩ་བ་གསུམ་གྱི་དཀྱིལ་འཁོར་བཞེངས་པའི་རྟེན་ཡོད་ན་རྒྱས་པར་བཀྲམ། སྡེ་བརྒྱད་འབྱུང་པོའི་བརྔན་རྫས་ཀྱི་མདོས་སྡེ་བརྒྱད་སྲིད་པའི་སྤྱི་མདོས་ལྟར་བཤམ། གྲོ་ལོད་ལྟ་བུའི་ཟོར་གཏོར། ལིངྒ། ཐུན་རྫས། མཚོན་ཆ། བསང་བརྔན་གསེར་སྐྱེམས་ཀྱི་ཡོ་བྱད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། གཉིས་པ་རྒྱབ་རྟེན་རིམ་གྲོ་ཚོགས་གསག་གི་རིམ་པ། སྒྲོལ་མའི་མཎྜལ་བཞི་ཆོག །ཆུ་གཏོར་བརྒྱ་རྩ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་རྒྱལ་བའི་གསུང་རབ་ཀློག །སཱཙྪ་གདབ། སྲོག་བསླུ་ཉེའུ་འདོན་པ་རྣམས་རང་གིས་སྒྲུབ་པ་དང་གཞན་ལ་བྱེད་དུ་བཅོལ། གསུམ་པ་བདག་གི་རྣལ་འབྱོར་ནི། བླ་མའི་ཐུགས་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲངས་ན། གཙོ་བོ་ལས་ལོགས་སུ་ཁྱད་པར་འཕགས་པ་བསྒོམ་པ་ནི། ཧྲཱི༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ཧྲཱིཿཡིག་དཀར་པོ་འོད་འབར་ལས༔ འོད་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས༔ སྟོང་གསལ་འདུས་མ་བྱས་པའི་ངང༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ བདག་ཉིད་ཧྲཱིཿལས་སྐད་ཅིག་གིས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཕྱག་གཡས་སྡིགས་མཛུབ་དང་བཅས་པའི༔ རྡོ་རྗེ་རྩེ་ལྔས་ལམ་སྟོན་ཅིང༔ གཡོན་པས་ཁ་ཊྭཱཾ་རྩེ་གསུམ་པ༔ འཁར་བའི་ཚུལ་གྱིས་བརྟེན་ཅིང་འཛིན༔ དབུ་ལ་པད་ཞྭ་བརྗིད་པར་གསོལ༔ སྐུ་ལ་གསང་གོས་བེར་མཐིང་དང༔ ཆོས་གོས་གསུམ་གྱིས་མཛེས་པར་བཀླུབས༔ ཞབས་གཉིས་མཆིལ་ལྷྭམ་དང་བཅས་ཏེ༔ གཤེགས་པའི་སྟབས་ཀྱིས་གདན་ལ་བཞེངས༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཕྱག་རྒྱས་འདེབས་པའི་སྐུ་རུ་གསལ༔ ཁྱད་པར་འཕགས་པ་ཁོ་ན་ལ་བརྟེན་ན་འདིར། དབང་བསྐུར། སྤྱན་འདྲེན་མཆོད་བསྟོད། ཛཔ྄་བསྐུལ་རྣམས་བྱ། བསྙེན་དམིགས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་གི་སྔགས་ཀྱི་སྒྲ་བསྒྲགས་པས༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་དང༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང༔ ཆོས་སྐྱོང་སྲུང་མའི་ནུས་སྟོབས་ཀུན༔ ལྷ་སྔགས་ཕྱག་མཚན་རྣམ་པར་ནི༔ ནམ་མཁའ་གང་བ་བདག་ལ་ཐིམ༔ ཡེ་ཤེས་གཟི་བྱིན་ཆེར་འབར་ཞིང༔ དམ་ཅན་ཚོགས་ཀུན་ལས་ལ་བཀོལ༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་གཅུན༔ དམ་སྲི་གདོན་བགེགས་ཐལ་བར་བརླགས༔ དཀར་ཕྱོགས་ཚོགས་རྣམས་བྲན་དུ་འདུས༔ ཁམས་གསུམ་བརྟན་གཡོའི་སྣང་ཆ་ཀུན༔ རིག་འཛིན་བླ་མའི་ཕྱག་རྒྱར་སད༔ གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་ཡིས༔ མཐའ་ཡས་ཞིང་ཀུན་རྒྱས་པར་གང༔ རྟོག་ཚོགས་རང་གྲོལ་གཉུག་མའི་ངང༔ མི་གཡོ་དགོངས་པའི་ཛཔ྄་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་བཟླས་ཀ་དག་དབྱིངས་སུ་བཞག༔ རེས་འགའ་རང་འདྲའི་ཡེ་ཤེས་སྐུ༔ དཔག་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ ལྷ་འདྲེ་མི་གསུམ་སྙིང་ལ་ཐིམ༔ ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར༔ ཀུན་གྱི་ཤེས་རྒྱུད་དབང་མེད་དུ༔ བྱང་ཆུབ་སེམས་གཉིས་ངོ་བོར་བསྒྱུར༔ བདག་ལ་འདུད་ཅིང་རབ་དད་པས༔ ཐར་པའི་ལམ་ལ་ཞུགས་པར་བསམ༔ རྩ་སྔགས་ཤམ་བུར་འདི་བཟླས་བསྙེན༔ སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ སྡུས་སྡུས་སརྦ་ལོ་ཀ་བཱ་ཤཾ་ཀུ་རུ་ཧོ༔ རེས་འགའ་ཀུན་ལ་སྙིང་རྗེ་བསྐྱེད༔ རེས་འགའ་སྟོང་ཉིད་ཕྱག་རྒྱས་གདབ༔ དེ་ལྟར་རྒྱུན་དུ་བརྩོན་པ་ཡིས༔ མི་དང་མི་མིན་ཐམས་ཅད་ཀུན༔ ཆོས་བཞིན་དབང་དུ་འདུ་བ་དང༔ འགྲོ་འདུལ་ཕྲིན་ལས་མཐའ་ཡས་པ༔ པདྨ་བདག་དང་མཉམ་པར་འགྱུར༔ ས་མ་ཡ༔ ཞེས་གསུངས་པ་ལྟར་དགོངས་པ་བསྐྱང་། རྩ་བའི་དཀྱིལ་འཁོར་ཁོ་ན་དང་། གྲོ་ལོད་ཁོ་ནར་བསྟེན་ཀྱང་བསྙེན་དམིགས་ངེས་པར་དགོས། བདག་གི་རྣལ་འབྱོར་ཁྱད་པར་བ་འདི། གནས་ཆེན་བྱིན་འབེབས། སྡེ་བརྒྱད་ཀྱི་མདོས། ལྷ་སྲིན་དམ་བསྒྲག་ཐམས་ཅད་ཀྱི་གོང་གནོན་ཡིན་པས་ངེས་པར་སྐབས་སོ་སོར་བདག་གི་རྣལ་འབྱོར་དུ་བྱ་བ་གནད་ཆེ། དེ་ནས་ཚོགས་དང་སྐོང་བཤགས་བསང་བརྔན་གསེར་སྐྱེམས་རྒྱས་པར་བྱ། གཉིས་པ་དངོས་གཞི་ལ་བཅུ་ལས། དང་པོ་གསེར་སྐྱེམས་མཆོད་པ་སྔོན་དུ་སོང་ནས་ས་ཁོངས་གཟུང་། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ སྣང་སྲིད་འཁོར་འདས་ཟིལ་གནོན་པའི༔ རྡོ་རྗེའི་བརྟུལ་ཞུགས་གྲུབ་པ་ཡིན༔ རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ དམ་ཅན་སྲུང་མས་ཕྲིན་ལས་སྒྲུབས༔ སྡེ་བརྒྱད་འབྱུང་པོ་དམ་ལ་འདུས༔ ནག་ཕྱོགས་བགེགས་རིགས་ཕྱིར་དེངས་ཤིག༔ གསུམ་པ་ནག་ཕྱོགས་བསྐྲད་པ་ནི། སྦྱོང་ཆས་བྱིན་གྱིས་བརླབ་པ་སོགས་ལས་བྱང་འབྲིང་པོ་ལྟར་བྱས། གཏོར་མ་དང་མར་མེ་བསྐོར་ཞིང་། ཞི་བ། ཕྱེད་མ། དྲག་པོའི་སྦྱོང་བ་ནི་ཁྲུས་ཆོག་ལྟར་བྱ། བཞི་པ་ཁྲུས་བྱ་བ་ནི་རི་ཁྲུས་ལྟར་བྱ། ལྔ་པ་སྡེ་བརྒྱད་སྙིང་ནས་དྲང་ཞིང་བཀུག་པ་ནི། ཧཱུྃ་ཧཱུྃ༔ ང་ནི་སངས་རྒྱས་ཀུན་གྱི་ཡབ༔ ང་ནི་སེམས་ཅན་ཀུན་གྱི་སྲོག༔ ང་ནི་བརྟན་གཡོ་ཀུན་ལ་ཁྱབ༔ ང་ནི་སྲིད་ཞིའི་སྤྱི་དཔལ་ཡིན༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱས་འདེབས༔ ཐ་ཚིག་གཉན་པོའི་བཀར་བཏགས་ནས༔ ཐམས་ཅད་ཐམས་ཅད་བྲན་དུ་ཁོལ༔ ཚུར་གཤེགས་དམ་ལོངས་འབྱུང་པོའི་ཚོགས༔ ཕྱོགས་བཅུ་དུས་བཞིར་ཁྱབ་པ་ཡི༔ མ་མོ་མཁའ་འགྲོ་སྡེ་བརྒྱད་ཚོགས༔ གུམ་གུམ་ཆུམ་ཆུམ་དམ་ལ་འདུས༔ གལ་ཏེ་འདུ་བར་མི་བྱེད་ཅིང༔ བསྒོ་བའི་བཀའ་ལ་མི་ཉན་ན༔ ཡཀྴ་ཀྲོ་དྷས་སྙིང་ཁྲག་འཐུང༔ དེ་བས་མྱུར་དུ་འདིར་འདུས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུ་ཏ་ས་མ་ཡ་ཙིཏྟ་དུང་དུང་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛ་ཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཐུགས་ནས་སྤྲོས་པའི་འོད་ཟེར་ལས༔ རིགས་བཞིའི་གིང་ཆེན་གྲངས་མེད་པས༔ སྲིད་པ་གསུམ་གྱི་སྡེ་བརྒྱད་ཀུན༔ དབང་མེད་མདུན་དུ་བཀུག་ཅིང་བཅིངས༔ ཅི་བགྱིའི་བཀའ་ཉན་འབངས་སུ་གྱུར༔ དྲུག་པ་དམ་ཚིག་བདུད་རྩི་སྦྱིན་པའི་སྒོ་ནས་དམ་ལ་གཞག་པ་ནི། བདུད་རྩི་འཐོར་ཞིང་། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས༔ དམ་ལ་བཞག་པའི་ལྷ་འདྲེ་ཀུན༔ བསྟན་འགྲོར་ཕན་བདེ་སྒྲུབ་པ་ཡི༔ རྡོ་རྗེའི་ཐ་ཚིག་བྲོ་བོར་བ༔ དྲན་ནམ་ལྷ་ཡི་དགེ་བསྙེན་ཚོགས༔ དམ་ཚིག་བདུད་རྩི་འདི་གསོལ་ལ༔ མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ནས༔ བཀའ་ལས་མ་འདའ་བོད་ཀྱི་ཡུལ༔ མཐའ་དབུས་མེད་པར་སྲུང་བ་དང༔ སངས་རྒྱས་བསྟན་པ་ཡུན་དུ་སྲིངས༔ རྒྱལ་ཁམས་ཐམས་ཅད་བདེ་བ་དང༔ བཀྲ་ཤིས་དགེ་མཚན་ཕུན་ཚོགས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུ་ཏ་མ་ཧཱ་པཉྩ་ཨ་མྲྀཏ་བཛྲ་ས་མ་ཡ་ཨུ་ད་ཀ་ཋཿཋཿཋ༔ བདུན་པ་མདོས་གཏོར་གྱི་བརྔན་སྦྱིན་པའི་སྒོ་ནས་དམ་ལ་གཞག་པ་ནི། མདོས་སྔར་བྱིན་གྱིས་བརླབས་པ་ཡིན་ན་མི་དགོས་ཀྱང་། མ་བརླབ་པ་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས་ནས། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གཞིར་བཞེངས་གཏོར་ཆེན་པོ༔ འཁོར་འདས་འདོད་ཡོན་རྒྱ་མཚོའི་སྤྲིན༔ མ་ཚང་མེད་པའི་མཁོ་དགུའི་གཏེར༔ རྒྱ་ཆེ་རྒྱུན་མི་འཆད་པར་བསམ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུ་ཏ་ས་པ་རི་བཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བཱ་ལིནྟ་སྭཱ་ཧཱ༔ ཧཱུྃ༔ སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས༔ འདོད་དགུའི་མཆོད་སྦྱིན་འདི་བཞེས་ལ༔ དཔལ་གྱི་བཀའ་ལས་མ་འདའ་བར༔ བཅོལ་བའི་ལས་ཀུན་མྱུར་དུ་སྒྲུབས༔ རིག་འཛིན་པདྨའི་སྔགས་རྒྱུད་དང༔ ཁྲི་སྲོང་ལྡེའུ་བཙན་ལྷ་རྒྱུད་ཀྱིས༔ བདེ་བར་བསྐྱངས་པའི་བོད་ཁམས་ཀུན༔ རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་མཛོད༔ དེ་ལྟར་ཡང་ཡང་བསྐྱར་ཏེ་བསྔོ༔ བརྒྱད་པ་དམ་ཚིག་རྡོ་རྗེས་གཟིར་ཞིང་ཆད་མདོ་བསྒྲག་པའི་སྒོ་ནས་དམ་ལ་བཞག་པ་ནི། ཕྱག་མཚན་རྡོ་རྗེ་གདེངས་ཤིང་། ལས་བྱང་ཆད་མདོ་ལན་གསུམ་གྱི་མཐར། ཨཿཡཿམཿདུཿརུཿཙཿཤཿནཿསརྦ་བྷཱུ་ཏ་བཛྲ་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ སྐབས་འདིར་སྡེ་བརྒྱད་སོ་སོའི་སྔགས་གཅུན་དང་ཤི་ས་བསྟན་པ་སོགས་ནི་རྒྱུན་དུ་མི་རུང་ངོ་། །དགུ་པ་སླར་ཡང་ནན་ཏན་བཀའ་བསྒོ་བའི་སྒོ་ནས་དམ་ལ་བཞག་པ་ནི། གསེར་སྐྱེམས་ཁྲག་ཆང་ཕུད་བདུད་རྩིས་བྲན་པ་མཆོད་ལ། ཧཱུྃ་བྷྱོ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ ང་ནི་པདྨ་ཧེ་རུ་ཀ༔ སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཆེ༔ ཁྱེད་རྣམས་ང་ཡི་བྲན་དང་གཡོག༔ འབངས་དང་ཁོལ་པོ་ཡང་གཡོག་ཡིན༔ སྔོན་ཆད་ཇི་ལྟར་ཁས་བླངས་བཞིན༔ དེང་འདིར་དྲན་ཞིང་བསྐུལ་བའི་ཕྱིར༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ དམ་རྫས་བདུད་རྩི་ལྕེ་ལ་བསྟིམས༔ འཁོར་འདས་གཞིར་བཞེངས་གཏོར་མས་བསྐངས༔ ཐ་ཚིག་གཉན་པོ་རྣ་བར་བསྒྲགས༔ རྡོ་རྗེའི་སྔགས་ཀྱིས་གནད་ལ་ཕབ༔ གངས་ཅན་འགྲོ་ཀུན་བདེ་བ་དང༔ བསྟན་པ་སྤེལ་བར་གཉེར་གཏད་པའི༔ ཡལ་གམ་འདི་ལས་ཁྱོད་མ་འདའ༔ གཡར་དམ་འདི་ལས་ཁྱོད་འདས་ན༔ སྙིང་གི་དཀྱིལ་ན་གནས་པ་ཡི༔ དམ་ཚིག་བདུད་རྩི་སེམས་དཔའ་ཆེ༔ ཡཀྴ་ཀྲོ་དྷའི་སྐུར་བཞེངས་ནས༔ སྙིང་ཁྲག་འཇིབ་ཅིང་མྱུར་དུ་གསོད༔ རྡོ་རྗེའི་དམྱལ་བར་འཕེན་ཏ་རེ༔ དེ་བས་དམ་ལས་མ་འདའ་བར༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ དྲག་པོར་ཁྲོས་པའི་བརྟུལ་ཞུགས་ཀྱིས༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ༔ ཉི་ཟླ་ཀུན་ཀྱང་ཚོགས་པོར་འཕེན༔ གདོན་བགེགས་འབྱུང་པོ་དཔུང་བཅས་ཀྱི༔ བདུན་རྒྱུད་རིགས་ཀྱང་སྐད་ཅིག་བརླག༔ དེ་བས་དམ་ལ་མ་འདའ་བར༔ རྒྱལ་ཁམས་བདེ་བའི་ཕྲིན་ལས་མཛོད༔ དེ་ལྟར་དམ་ལ་བཞག་པ་ཡིས༔ ཇི་ལྟར་བཀའ་བསྩལ་བགྱིད་དོ་ཞེས༔ ཞི་ཞིང་གུས་པའི་སེམས་ཀྱིས་སུ༔ རྡོ་རྗེའི་ཐ་ཚིག་བྲོ་བོར་གྱུར༔ བཅུ་པ་ནག་ཕྱོགས་བཀའ་ལ་མི་ཉན་ཅིང་དམ་ལ་འཁུ་བ་རྣམས་བསྒྲལ་ཞིང་བསྟབ་པ་ནི། གྲོ་ལོད་ཀྱི་ལས་མཐའ་དང་ཞལ་བསྟབ་ཀྱི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་བཱ་ར་སརྦ་དུཥྚཱན་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པས་ཤ་ཁྲག་རིག་འཛིན་དྲག་པོ་སྡེ་བརྒྱད་ཀྱི་འཁོར་དང་བཅས་པས་ཧབ་དིར་གྱིས་ཟོས་པར་བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཞི། ཟོར་འཕང་བ། མདོས་གཏོར་གཤེགས་པ། རྗེས་བསྡུ། དགའ་སྟོན་བྱ་བའོ། །དང་པོ་ནི་ལིང་རོ་གཏོར་མར་བསྟབ་སྟེ་ཚོགས་ལྷག་མ་བཏང་། ལིང་རོ་ལྷག་མའི་ནང་དུ་དམར་གཏོར་བཞག་ལ་སྡེ་བརྒྱད་ཀྱིས་ཟོས་ལྷག་ནད་མཚོན་དུག་གི་རང་བཞིན་དུ་བསམ་ལ། གྲོ་ལོད་ཀྱི་གཏོར་ཟོར་དང་འབྲེལ་ན་ཟོར་འཕེན་སྐབས་འཕེན་ཞིང་། མ་འབྲེལ་ན་དྲག་སྔགས་འཆམས་སྟབས་བཅས་གནོད་པའི་ཕྱོགས་ལ་འཕངས་པས། སྡེ་བརྒྱད་འབྱུང་པོ་བཀའ་ལ་མི་ཉན་པ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་བརླག་པར་བསམ། གཉིས་པ་མདོས་གཏོར་མཆོད་པ་རྣམས་སྤྱི་མདོས་དང་འབྲེལ་ན་ཞི་མདོས་གཏང་བ་ལྟར་དང་། མ་འབྲེལ་ན་རོལ་མོ་དང་བཅས་པས་གཙང་སར་གཤེགས་སོ། །གསུམ་པ་རྗེས་བསྡུ་ནི། བརྟན་སྐྱོང་། བྲོ་བརྡུང་། དངོས་གྲུབ་བླང་བ་སོགས་རྗེས་ཆོག་ལས་གཞུང་ལྟར་བྱ། བཞི་པ་དགའ་སྟོན་ནི། དེ་ཉིན་ཁྲོམ་ཚོགས་མང་འདུས་ལ༔ ཆས་ལྡན་རྟ་རྒྱུག་གོ་ཡང་ཕྱར༔ ལྷ་རྒྱལ་འབོད་ཅིང་གླུ་བྲོ་བྱ༔ བཀྲ་ཤིས་མེ་ཏོག་རྒྱ་ཆེར་འཐོར༔ ཞེས་གསུངས་པ་ལྟར་ཅི་འབྱོར་བྱ་འོ། །བཞི་པ་ཕན་ཡོན་སོགས་འཕྲོས་དོན་ནི། ཞི་བས་བརྔན་དང་དྲག་པོས་གཟིར༔ ཤིན་ཏུ་དྲག་པོས་ཚར་གཅོད་པའི༔ མན་ངག་ཁྱད་པར་འཕགས་པའི་མཆོག༔ རྡོ་རྗེའི་བཀའ་ནན་ཆོ་ག་འདི༔ ནུས་ལྡན་གང་གིས་བརྩམ་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་དགུ་འདུ༔ ནག་ཕྱོགས་འབྱུང་པོ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ནར་བརྩོན་པར་བྱ༔ ས་མ་ཡ༔ ཞེས་གསུངས་སོ། །བསྡུ་ན་མདོས་མ་གྲུབ་ཀྱང་དཔལ་གཏོར་སྡེ་བརྒྱད་བཤོས་བུས་བསྐོར་བས་རུང་བར་གསུངས་ཀྱང་བརྔན་རྫས་མདོས་ནི་རྒྱ་ཆེན་པོར་བྱེད་པ་ལེགས་སོ། །འདི་བྱེད་པ་པོའི་གང་ཟག་གུ་རུའི་ལུང་གིས་བསྔགས་པའི་རྒྱལ་ཚབ་ལྟ་བུ་དང་། དེའི་གདུང་རིགས་ནུས་ལྡན་མཁྱེན་རྟོགས་ལྡན་པས་བྱ་བ་ལས་གཞན་ཕལ་གྱི་སྤྱོད་ཡུལ་མ་ཡིན་ནོ། །སྡེ་བརྒྱད་སྤྱི་མདོས་གྲོ་ལོད་ཀྱི་གཏོར་ཟློག་སོགས་ལ་འབྲེལ་ན་ལེགས་ཆ་ཆེ། དམ་ཚིག་ཕྱག་རྒྱའི་ཉི་འོད་ཀྱིས། །ཐ་ཚིག་པདྨའི་ཚོགས་བཞད་ནས། །ཕན་བདེའི་ཟིལ་དངར་ཕྱོགས་བརྒྱར་སྤྲོ། །བསྟན་འགྲོའི་གསོས་ཀྱི་རྒྱུ་རུ་ཤོག །ཅེས་པ་མཆོག་གྱུར་གླིང་པས་གཏེར་གཞུང་ལས་ཁོལ་དུ་ཕྱུང་ཞིང་མན་ངག་གིས་གསལ་བར་བྱས་ཏེ་བཀོད་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).