Terdzo-PI-011: Difference between revisions

From Rinchen Terdzö
(Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
 
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
 
(11 intermediate revisions by 2 users not shown)
Line 1: Line 1:
{{UnderConstruction}}
{{RTZ Metadata
{{RTZ Metadata
|classification=Tibetan Publications
|classification=Tibetan Publications
|subclass = Tibetan Texts
|subclass=Tibetan Texts
|pagename=Terdzo-PI-011
|fulltitletib=ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ༔ ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་
|fulltitle=phrin las yongs rdzogs thugs rje'i sgron ma:_o rgyan bka' nan rab brjid don grub
|citation=[[byang chub gling pa]]. phrin las yongs rdzogs thugs rje'i sgron ma o rgyan bka' nan rab brjid don grub. In Rin chen gter mdzod chen mo pod zhe gsum pa (The Great Treasury of Rediscovered Teachings Volume 43) by 'jam mgon kong sprul, 277-296. New Delhi: Shechen Publications, 2007-2016.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition

|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|totalvolumes=70
|author=Byang chub gling pa
|sourcerevealer=Byang chub gling pa
|compiler='jam mgon kong sprul
|authortib=བྱང་ཆུབ་གླིང་པ་
|sourcerevealertib=བྱང་ཆུབ་གླིང་པ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compiler='jam mgon kong sprul
|tiblittype=Buddhist
|tibgenre=Revelations - gter ma
|tibgenre=Revelations - gter ma
|terma=Yes
|terma=Yes
|language = Tibetan
|rtzcategory=Mahayoga
|pagestatus=Temporary stub only
|deity=pad+ma 'byung gnas
|volumenumber= 43
|cycle=phrin las yongs rdzogs thugs rje'i sgron ma
|textnuminvol= 11
|cycletib=ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ་
}}{{Header}}
|language=Tibetan
 
|volumenumber=43
|volnumtib=༤༣
|volyigtib=པི
|totalvolumes=70
|textnuminvol=11
|pagenumbers=277-296
|totalpages=20
|beginfolioline=1a1
|endfolioline=10b3
|totalfolios=10
|multivolumework=Yes
|rectonotes=bka' nan
|versonotes=gter mdzod thung mong las tshogs byang gling
|colophontib=དེ་ཉིད་གཏེར་སྟོན་མང་སོ་བྱང་ཆུབ་གླིང་པ་ཤྲཱི་དྷྭ་ཛས་གདན་དྲངས་ཏེ་ལྷོ་བོད་མཚམས་སུ་ཤོག་སེར་ལས་བཤུས་པའོ། །འདིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །འདི་བྱེད་པ་མི་དཔོན་ཆོས་ལྡན་ནས། སྡེ་བ་ཆོས་མཐུན་ནམ། མདོར་ན་རྒྱལ་ཁྲིམས་ཚུལ་བཞིན་དུ་བྱེད་ཅིང་དམ་ལ་གནས་པའི་དོན་དུ་བྱེད་དེ་ཤིན་ཏུ་ཕན་ཡོན་ཆེའོ། །བྱེད་མཁན་ཡང་ལུང་དང་མན་ངག་ཐོབ་པ། ལྷ་བསྙེན་ཚད་དུ་ཐེམས་པ། སློབ་དཔོན་པདྨ་ལ་མི་ཕྱེད་པའི་དད་པ་ཐོབ་པས་བྱས་ན་ཤིན་ཏུ་ཉན། དམ་མེད་བདུད་རིགས་ཀྱི་ས་རུ་ལུང་མེད་གང་བྱུང་བྱུང་གིས་བྱས་ན་ལྷ་སྲིན་ཁྲོས་ཏེ་གནོད་པར་འགྱུར་སྲིད་པས་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ། །སློབ་དཔོན་པདྨའི་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་བྱ་བ་དགེ་ལེགས་འཕེལ
|colophonwylie=de nyid gter ston mang so byang chub gling pa shrI d+h+wa dzas gdan drangs te lho bod mtshams su shog ser las bshus pa'o/_/'dis sems can mang po la phan thogs par gyur cig_/'di byed pa mi dpon chos ldan nas/_sde ba chos mthun nam/_mdor na rgyal khrims tshul bzhin du byed cing dam la gnas pa'i don du byed de shin tu phan yon che'o/_/byed mkhan yang lung dang man ngag thob pa/_lha bsnyen tshad du thems pa/_slob dpon pad+ma la mi phyed pa'i dad pa thob pas byas na shin tu nyan/_dam med bdud rigs kyi sa ru lung med gang byung byung gis byas na lha srin khros te gnod par 'gyur srid pas bka' rgya shin tu dam par bya'o/_/slob dpon pad+ma'i bka' nan rab brjid don grub ces bya ba dge legs 'phel
|pdflink=File:Terdzo-PI-011.pdf
|pagestatus=Phase I Complete
|pagecreationdate=4/11/2016
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
= Tibetan Text =
<div id='tibetan' class='tib-text'>
<div id='tibetan' class='tib-text'>
༄༅༔ ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ༔ ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་བྱ་བ་བཞུགས༔

ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ཉམ་ཐག་འགྲོ་བའི་གཉེན་གཅིག་པུ༔ གདུག་པའི་ལྷ་སྲིན་འདུལ་མཛད་པ༔ ཆེ་མཆོག་ཐོད་ཕྲེང་རྩལ་ལ་འདུད༔ མ་འོངས་སྙིགས་མ་ལྔ་སྤྱོད་དུས༔ ཉོན་མོངས་དུག་ལྔའི་རང་སྐྱོན་གྱིས༔ ནད་མཚོན་མུ་གེས་རང་སྲོག་འདོར༔ བོད་ཁམས་སྡུག་བསྔལ་སྤྱོད་པའི་ཚེ༔ དམག་དཔུང་གདུག་པས་འཚེ་བའམ༔ སད་སེར་ལོ་དགྲ་འབྱུང་འགྱུར་རོ༔ ནད་བདག་ངེས་མེད་རིམས་འབེབ་ཅིང༔ ནད་ངན་གདུག་པས་ཉེན་གྱུར་ན༔ ཡུལ་ཁམས་གྲོང་ངམ་གྲོང་རྡལ་དུ༔ སྲུང་ཟློག་ཞི་བར་བྱ་འདོད་ན༔ འཁོན་གྲིབ་གོང་མ་འཆོས་པ་དང༔ དུས་ཀྱི་རིམ་གྲོ་ལུགས་བཞིན་བྱ༔ ཆོས་སྤྱོད་དགེ་ལ་བརྩོན་པས་འབད༔ དཀར་ཆོས་གསུང་རབ་སྒྲོག་པ་མངགས༔ ཁྱད་པར་དམག་དཔུང་ཟློག་པ་ནི༔ མ་གཤིན་ཕུར་པའི་མདོས་སྒྲུབ་བྱ༔ གཙུག་ཏོར་དཀར་མོ་སྟོབས་པོ་ཆེཿ གཙུག་གི་ནོར་བུ་གཟུངས་གྲྭ་ལྔ༔ ཕྱིར་ཟློག་རྣམ་རྒྱལ་སྡོང་རྒྱན་སོགས༔ གཟུངས་འདོན་རྒྱལ་མཚན་རྩེ་ལ་འཕྱར༔ ཁྲོ་བོ་རོལ་པའི་གཏོར་ཟློག་བྱ༔ གཤིན་རྗེ་ནག་པོའི་ཟོར་མདོས་འཕང༔ ཁྱད་པར་ཟློག་ཐབས་གཞན་དུ་ལྟོས༔ འབྱུང་བའི་ལོ་དགྲ་བསྲུང་འདོད་ན༔ བུམ་གཏེར་གཞུག་ཅིང་ཀླུ་མཆོད་གསོ༔ ནོར་རྒྱུན་མདོ་སྒྲོགས་ཛཾ་ལ་མཆོད༔ གཞི་བདག་བཅོས་ཤིང་ལོ་ཆོག་བྱ༔ ཐོ་ཕུར་སྟངས་སྟབས་རྫས་དང་སྔགས༔ སྲུང་བའི་རིམ་པ་རྫོགས་པར་བྱ༔ ཁྱད་པར་ཟློག་ཐབས་གཞུང་དུ་ལྟོས༔ ནད་ངན་གདུག་པ་བསྲུང་འདོད་ན༔ དཔའ་བོ་བཞི་ལྡན་སྲུང་འཁོར་རྣམས༔ གཞུང་བཞིན་བྲིས་ལ་དར་ལ་གྲིལ༔ རྒྱལ་མཚན་བྱས་ཏེ་རྩེ་ལ་འཕྱར༔ རང་རང་གང་བྱེད་ལས་གཞུང་བསྲང༔ དཔག་མེད་སྨན་གྱི་དུད་པ་གཏང༔ ཐོ་བརྩེགས་སྔགས་ཕུར་འཁོར་ལོ་གདགས༔ ཆོས་མཛད་བན་བོན་ཅི་ཡོད་ཀྱང༔ སྐྱེ་བོ་མཐུན་པ་ཀུན་ཚོགས་ལ༔ དཀར་དམར་ཕུད་ཀྱི་གཏོར་མ་སྐྱེལ༔ རང་རང་གང་བྱེད་ལས་གཞུང་བསྲང༔ མ་ཉམས་ཚོགས་འཁོར་དགའ་སྟོན་བྱ༔ དཀར་ཆོས་གསུང་རབ་མང་དུ་སྒྲོགས༔ གཙུག་ཏོར་ནག་མོ་མ་མོའི་མདོས༔ བརྟན་མའི་མདོས་བརྒྱ་ལྷ་སྲིན་སྐོང༔ བརྒྱ་བཞི་ཁ་འབར་མ་ཡང་བྱ༔ ནད་རིམས་ཞི་བྱེད་མདོ་གཟུངས་འདོན༔ སྡོམ་གསུམ་ལྡན་པས་རི་ཁྲོད་མ༔ ལོ་མ་གྱོན་མའི་གཟུངས་བསྒྲུབ་བྱ༔ གཞན་ཡང་གཟུངས་སྒྲུབ་ཅི་མང་ཤིས༔ ཁྲུས་ཀྱིས་སྣོད་བཅུད་དག་པར་སྦྱང༔ སྲུང་ཟློག་ཁྱད་པར་གཞུང་དུ་ལྟོས༔ དེ་དག་གང་དུ་བྱེད་འདོད་དམ༔ ཡུལ་གསར་འཛིན་ནམ་ལས་སྒོ་འབྱེད༔ མཁར་བརྩེགས་ཀླུ་འདུལ་སྲི་འུ་གསོ༔ བྱ་བ་གང་དང་གང་བྱེད་ཀྱང༔ ཨོ་རྒྱན་བརྒྱུད་འཛིན་རྣལ་འབྱོར་པས༔ དབེན་ཞིང་གཙང་མ་མཐོ་བའི་སར༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མཆོད་པའི་བྱེ་བྲག་དཔག་མེད་བཤམ༔ སྣང་སྲིད་ཡོངས་ལ་མཐུན་པའི་རྫས༔ མ་ནོར་མ་ཉམས་བཟང་བར་བཀོད༔ ཕྱི་རུ་དམ་ཅན་སྐོང་བའི་རྫས༔ འབྲུ་བཅུད་མར་དང་རྒུ་འབྲུའི་ཆང༔ གསེར་ཕྱེ་བཏབ་པའི་ཞལ་སྐྱེམས་དང༔ གཙང་ཕྱེ་ལས་བྱས་འབྲང་རྒྱས་དག༔ རིམ་གསུམ་ལྡན་པ་རྩི་མར་སྤྲས༔ བསང་བཤོས་འོལ་སྐོམ་འབྲུ་ལྔ་བཤམ༔ མདའ་བཟང་རྒོད་སྒྲོ་བསྒྲོན་པའི་མགུལ༔ དར་སྣ་ལྔ་དང་རིན་ཆེན་ལྔ༔ མེ་ལོང་གསལ་བས་བརྒྱན་པ་བཤམ༔ ཤིང་སྣ་སྤོས་བཟང་དུད་པ་གཏང༔ སྔགས་མཁན་ཏིང་འཛིན་ཆས་ལྡན་གྱིས༔ ཁ་གསེར་ཁ་གཡུ་བེར་གོན་ཞིང༔ སྣ་ལྔ་དར་གྱིས་ཐོད་བཅིངས་ལ༔ ཀུན་གྱིས་སྒོ་གསུམ་དྭངས་བས་མཆོད༔ ཁྱེ་འུ་བུ་མོ་གཙང་མ་དང༔ སྤྱན་གསལ་སྒྲོན་མ་དག་ཀྱང་བཤམ༔ ཐམས་ཅད་བསམ་པ་རྩེ་གཅིག་པསཿ ཨོ་རྒྱན་བདག་ལ་གསོལ་བ་གདབ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ལྷ་སྲིན་ཀུན་ལ་སྐོང་གསོ་བྱ༔ འབྲུ་སྣ་གསེར་སྐྱེམས་ཕུད་ཀྱིས་མཆོད༔ ལན་ཆགས་སྦྱང་ཞིང་གཏོར་མ་བཏང༔ དེ་རྗེས་སྔགས་འཆང་རྣལ་འབྱོར་པ༔ རང་ལུས་ཆེ་མཆོག་པདྨར་སྒོམས༔ ལུས་ལ་ལྷ་ཡི་དཀྱིལ་འཁོར་སྐྱེད༔ དྲག་སྔགས་ངར་ལྡན་དྲག་པོར་བཟླ༔ རྩེ་གཅིག་མི་འགྱུར་ཏིང་འཛིན་གསལ༔ དེ་ཡི་ངང་ནས་ལྷ་སྲིན་ཀུན༔ བཀའ་འབངས་བྲན་བསམ་འདི་སྐད་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ང་ནི་ཀུན་ཏུ་བཟང༔ ང་ནི་སྤྱི་དཔལ་བླ་ན་མེད༔ ཆོས་ཉིད་འགྱུར་མེད་རང་བྱུང་སྐུ༔ སྐྱེ་མེད་རང་བྱུང་མཐའ་ལས་འདས༔ ཧཱུྃ༔ ང་ནི་ཡེ་ཤེས་ལྔ་ཡི་ཀློང༔ རང་བྱུང་ཐབས་ལས་སྐུ་ལྔར་གསལ༔ འགག་མེད་ཐུགས་རྗེའི་རང་རྩལ་འབར༔ དབྱེར་མེད་རྒྱལ་བའི་ཕྲིན་ལས་རྫོགས༔ ཧཱུྃ༔ ང་ནི་དུག་གསུམ་འཇོམས་པའི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ བྱེ་བ་དཔག་མེད་འགྱེད་པ་པོ༔ ཧཱུྃ༔ ང་ནི་རྒྱལ་བ་ཀུན་གྱི་དངོས༔ ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ༔ ང་ནི་མཁའ་འགྲོ་ཀུན་གྱི་གཙོ༔ ང་ནི་མ་མོ་ཀུན་གྱི་བདག༔ ང་ནི་འབྱུང་བ་ལྔ་ཡི་དབྱིངས༔ ང་ནི་སྲིད་པ་གསུམ་གྱི་མེས༔ ང་ནི་སྐྱེ་འགྲོ་ཡོངས་ཀྱི་ཡབ༔ ང་ནི་བདུད་བདུལ་དྲག་པོ་རྩལ༔ ཁམས་གསུམ་ཀུན་གྱི་སྲོག་གི་བདག༔ སྐྱེ་མེད་འཆི་བྲལ་རྡོ་རྗེའི་སྐུ༔ འགག་མེད་རང་སྟོང་དྲག་པོའི་གསུང༔ སྤྲོས་མེད་བརྗོད་བྲལ་འགྱུར་མེད་ཐུགས༔ སངས་རྒྱས་ཆེ་བའི་ཡོན་ཏན་རྫོགས༔ ཕྲིན་ལས་ལྷུན་གྲུབ་འགྲོ་བ་འདུལ༔ ཐོགས་མེད་སྤྲུལ་པའི་འོད་ཟེར་འགྱེད༔ སྲིད་པའི་མ་མོ་དམ་ཅན་ཚོགས༔ ཀུན་ཀྱང་སྔོན་གྱི་ཐ་ཚིག་བཞིན༔ དཔལ་གྱི་སྐུ་ལ་ད་ཚུར་ཆུམས༔ སྣང་སྲིད་དྲེགས་པའི་ལྷ་སྲིན་ཚོགས༔ ཀུན་ཀྱང་ང་ཡི་བཀའ་འབངས་ཡིན༔ བཀའ་ལས་མ་འདའ་དམ་ལ་འདུས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་ས་མ་ཡ༔ གསུམ་བརྗོད༔ ཧཱུྃ༔ ཨོ་རྒྱན་པདྨ་རྒྱལ་པོ་ཡིས༔ རྒྱལ་པོའི་སྲས་མཛད་རྒྱལ་སྲིད་བསྐྱངས༔ ཨོ་རྒྱན་རྒྱལ་ཁམས་བདེ་ལ་བཀོད༔ རྒྱལ་པོ་ཐོར་ཅོག་ཅན་ཞེས་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དུར་ཁྲོད་བདག་པོའི་སྤྱོད་པ་མཛད༔ ལས་ཀྱི་མ་ཚོགས་དམ་ལ་བསྡུས༔ སྲིན་པོ་ཤཱནྟ་རཀྵིར་བཏགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ མཁའ་འགྲོ་ཆེན་མོ་བདུད་འདུལ་མས༔ དབང་བསྐུར་རྗེས་གནང་བྱིན་གྱིས་བརླབས༔ བདུད་དཔུང་འདུལ་བའི་དཔའ་བོར་བསྐོས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ སོ་ས་གླིང་གི་དུར་ཁྲོད་དུ༔ མ་གཅིག་མཁའ་འགྲོ་ཞི་བ་འཚོས༔ དབང་བསྐུར་མཚོ་སྐྱེས་རྡོ་རྗེར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ མ་མོ་མཁའ་འགྲོ་ཀུན་གྱི་གཙོ༔ མཚོ་གླིང་མེ་ཏོག་མདངས་ཅན་དུ༔ རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས༔ མཁའ་འགྲོ་རྣམ་བཞི་དབང་དུ་བསྡུས༔ བར་སྣང་གཟའ་སྐར་བྲན་དུ་ཁོལ༔ རྡོ་རྗེ་དྲག་པོ་རྩལ་དུ་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ བྲག་དམར་བྱ་ཁྱུང་སྐྱེད་ཚལ་དུ༔ སློབ་དཔོན་པྲ་བྷ་ཧསྟི་ཡིས༔ རབ་བྱུང་སྡེ་སྣོད་ཆོས་ལ་སྦྱངས༔ ཀྲི་ཡོག་སྡེ་གསུམ་བདག་པོར་བསྐོས༔ མཚན་ཡང་ཤཱཀྱ་སེང་གེར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ གསང་སྔགས་བདག་པོ་ཀུན་དགའ་མོས༔ ཕྱི་ནང་གསང་གསུམ་དབང་རྫོགས་བསྐུར༔ སློབ་དཔོན་བོ་དྷི་སཏྭ་ཡིས༔ མཚན་ཉིད་སྡེ་སྣོད་ཆོས་རྣམས་བསྟན༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས༔ འཇམ་དཔལ་ཕྱི་ནང་བདག་པོར་བསྐོས༔ སློབ་དཔོན་ནཱ་གཱརྫུ་ན་ཡིས༔ དབང་ཆེན་རྟ་མགྲིན་བདག་པོར་བསྐོས༔ ཛོ་ཀི་ཧཱུྃ་ཆེན་ཀཱ་ར་ཡིས༔ ཡང་དག་གྲུབ་པའི་བདག་པོར་བསྐོས༔ སློབ་དཔོན་རྡོ་རྗེ་མི་འགྱུར་གྱིས༔ བདུད་རྩི་ཡོན་ཏན་བདག་པོར་བསྐོས༔ སློབ་དཔོན་ཤཱཀྱ་དེ་བ་ཡིས༔ ཕུར་བུ་སྒྲུབ་པའི་བདག་པོར་བསྐོས༔ སློབ་དཔོན་དྷ་ན་སཾསྐྲྀ་ཏས༔ སྲིད་པ་མ་མོའི་བདག་པོར་བསྐོས༔ སློབ་དཔོན་སངས་རྒྱས་གསང་བ་ཡིས༔ སྒྱུ་འཕྲུལ་ཆོས་བཀའི་བདག་པོར་བསྐོས༔ སློབ་དཔོན་ཤྲཱི་སིཾ་ཧ་ཡིས༔ རྫོགས་ཆེན་ཆོས་ཀྱི་བདག་པོར་བསྐོསཿ རོམ་བུ་གུ་ཡ་དེ་ཝ་ཡིས༔ ངན་སྔགས་བསྟན་སྲུང་བདག་པོར་བསྐོས༔ ཀུན་གྱི་ཞལ་མཐོང་དངོས་གྲུབ་བརྙེས༔ བཀའ་སྲུང་རྣམས་ཀྱིས་བྲན་དུ་བཅས༔ མཚན་ཡང་བློ་ལྡན་མཆོག་སྲེད་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པའི་རྡོ་རྗེར་གྲུབ༔ ཟ་ཧོར་ཡུལ་དུ་རྫུ་འཕྲུལ་བསྟན༔ ཐམས་ཅད་ལམ་མཆོག་ཆོས་ལ་བཙུད༔ མཚན་ཡང་པདྨ་སམ་བྷར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ ཨོ་རྒྱན་རྒྱལ་ཁམས་གནས་སུ་བྱོན༔ གཤེད་མས་མེ་དཔུང་དབུས་སུ་བཅུག༔ ཚ་བའི་མེ་ཆེན་བསིལ་མཚོར་བསྐྱིལ༔ མཚན་ཡང་པདྨ་རྒྱལ་པོར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ རྒྱ་གར་ཡུལ་དུ་ཕྱིར་རྒོལ་རྩོད་པ་བཟློགས༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ སངས་རྒྱས་བསྟན་པ་རབ་ཏུ་རྒྱས་པར་མཛདཿ མཚན་ཡང་སེང་གེ་སྒྲ་སྒྲོག་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ རྒྱ་གར་ཕྱོགས་བཞིའི་ལྷ་སྲིན་རྣམས༔ བཀའ་དང་དམ་ལ་མ་འདུས་མེད༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ རྒྱ་གར་ཡུལ་གྱི་ཚུ་རོལ་དུ༔ བལ་པོའི་ཡུལ་གྱི་ཕ་རོལ་ན༔ མེ་ཏོག་དགུན་ཡང་སྐྱེ་བའི་གནས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་དངོས་གྲུབ་སྒྲུབ་པའི་ཚེ༔ བལ་ཡུལ་ས་བདག་ཀླུ་སྲིན་དང༔ བྱི་ཐུར་བར་སྣང་གློག་མ་སྤྲིན༔ གནོད་སྦྱིན་གཙོ་བོ་རྒོད་མ་ཁ༔ ཀུན་གྱིས་མ་རུངས་བར་གཅོད་བྱས༔ བལ་ཡུལ་མི་རྣམས་བྲེད་ཅིང་བསྔངས༔ སློབ་དཔོན་པདྨ་ཐུགས་ཁྲོས་ནས༔ རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད༔ གདུག་པའི་དགྲ་བགེགས་ཐམས་ཅད་བསྒྲལ༔ བར་ཆད་ཐམས་ཅད་རང་སར་ཞི༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས༔ ནམ་སྲོད་དུས་སུ་ཤྭ་ན་མ༔ མཆེད་བཞི་དམ་བཏགས་སྲོག་སྙིང་ཕུལ༔ གུང་ལ་མ་མོ་རེ་མ་ཏིས༔ རང་སྲོག་ཕུལ་ཏེ་འབངས་སུ་བྱས༔ ཐོ་རངས་བསེ་ཡི་བུ་མོ་བཞི༔ དམ་ལ་བཏགས་ཏེ་སོ་སོར་བསྐོས༔ མིང་པོ་ཕོ་རྒྱུད་དྲེགས་པའི་འཁོར༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ སློབ་དཔོན་བཀའ་འབངས་བྲན་དུ་བྱས༔ རྡོ་རྗེ་ཕུར་བུའི་སྲུང་མར་བསྐོས༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ གཞན་ཡང་བལ་ཡུལ་ལི་ཡུལ་གྱི༔ ལྷ་སྲིན་གདུག་པ་ཐམས་ཅད་བཏུལ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ མ་བདུད་དྲེགས་པའི་ཚོགས་རྣམས་བཏུལ༔ ཀུན་གྱིས་སྲོག་ཕུལ་བྲན་དུ་བྱས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ མ་མོ་བརྟན་མའི་ཚོགས་རྣམས་བཏུལ༔ སྲོག་ཕུལ་གསང་བའི་དམ་ལ་བཏགས༔ བལ་བོད་སོ་མཚམས་ཀྱི་ཕུག་ཏུ༔ ལྷོ་བལ་ལྷ་སྲིན་ཀུན་གྱིས་བསྐྱལ༔ ཕྱག་འཚལ་རང་དམ་སྲོག་སྙིང་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ མང་ཡུལ་བྱམས་སྤྲིན་ལྷ་ཁང་དུ༔ ལྷ་གསོས་མང་ཡུལ་ལྷ་འདྲེ་བཏུལ༔ སྲིད་པའི་མ་བདུན་དམ་ལ་བཏགས༔ མ་གསུམ་བཀའ་ཡི་སྲུང་མར་བསྐོས༔ གདུག་པའི་སྨྱོ་འདྲེ་རྡུལ་དུ་བརླགས༔ བྲག་སྲིན་གདུག་པ་ཚར་ཡང་བཅད༔ ཐམས་ཅད་བཀའ་ཡི་འབངས་སུ་བྱས༔ བཀའ་རྟགས་མཚམས་སུ་ཞབས་རྗེས་བཞག༔ དུས་མཐར་བསྟན་པ་དར་བར་བྱས༔ རྡོ་རྗེ་ལེགས་པ་ལ་སོགས་པ༔ ཆོས་འཁོར་གཙུག་ལག་སྲུང་མར་བསྐོས༔ མང་ཡུལ་གུང་ཐང་དགུན་ཐར་བྱོན༔ ཞང་ཞུང་དགྲ་བླ་ལ་སོགས་པ༔ མངའ་རིས་སྟོད་ཀྱི་ལྷ་སྲིན་ཚོགས༔ ཀུན་གྱིས་རང་རང་རྫུ་འཕྲུལ་གྱིས༔ བར་ཆོད་ཐོ་འཚམས་བྱ་བ་བརྩམས༔ ཐམས་ཅད་ཏིང་འཛིན་ཆེན་པོ་ཡིས༔ དབང་བསྡུས་ཟིལ་མནན་དམ་ལ་བཏགས༔ དགྲ་བླའི་རྒྱལ་པོ་མུ་ཚ་མེད༔ སྔངས་ཤིང་བྲེད་དེ་སྲོག་སྙིང་ཕུལ༔ སྟག་རི་རོང་གིས་འབངས་སུ་བྱས༔ ཁྱུ་ལུང་རྡོ་རྗེ་སྤྱན་གཅིག་སོགས༔ ཕུག་བདག་དགུ་བཏུལ་དམ་ལ་བཏགས༔ ཏི་སེ་ལྷ་བཙན་ལ་སོགས་པ༔ བཙན་རིགས་ཆེ་དགུ་དམ་ལ་བཏགས༔ སྲིད་པའི་གདུང་དགུས་སྲོག་སྙིང་ཕུལ༔ རྫུ་འཕྲུལ་མཐུ་ཡིས་གནམ་ཐང་མོར༔ གནམ་སྨན་དཀར་མོ་ལ་སོགས་བཏུལ༔ བྱང་གི་སྨན་དགུ་བྲན་དུ་བཀོལ༔ འབྲོག་མོ་དགུ་ཡིས་རང་དམ་ཕུལ༔ ཡང་ནེ་ཝེར་ལ་སོགས་པ་ཡི༔ སྟོད་ལུང་བཙན་རྣམས་སྲུང་མར་བྱས༔ བཙན་རྟོགས་བརྡུངས་ལ་སོགས་པ་ཡི༔ བྱ་བཙན་རྣམས་ཀྱིས་བྲན་དུ་བྱས༔ གུ་གེ་སྟོད་སྨད་ལྷོ་བྱང་དང༔ དོལ་པོ་གློ་བོ་ཀྲོ་ཏི་ཕུག༔ རོང་ཁང་མ་ཡུལ་གུ་ཐང་གི༔ ཆེ་བའི་བདུད་དང་དྲག་པོའི་བཙན༔ བཙུན་པའི་ཀླུ་དང་དྲག་པོའི་ཀླུ༔ དབྱིངས་ཀྱི་རྒྱལ་པོ་ཐེའུ་རང་དང༔ གཉན་པོ་ཁ་བཞི་སྡེ་བརྒྱད་ཚོགས༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ བཀའ་འབངས་བྲན་གཡོག་བྱེད་པར་བྱས༔ མང་ཡུལ་ཁ་ལའི་ལ་ཐོག་ཏུ༔ འོད་དེ་གུང་རྒྱལ་ལ་སོགས་པ༔ སྲིད་པའི་ལྷ་ཆེན་ཐམས་ཅད་དང༔ དཔལ་མོའི་མཚོ་སྨན་མིང་སྲིང་སོགས༔ སྨན་དང་ཡུལ་ས་ཐམས་ཅད་དང༔ བྲིན་གྱི་ལྷ་སྨན་ལ་སོགས་པ༔ ལྷོ་བོད་ཕུག་བདག་ཐམས་ཅད་དང༔ རོང་ཁ་སྡེ་བཞི་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་ཚོགས༔ རང་རང་ནུས་པ་ཆེར་བཏོན་ནས༔ བར་ཆད་ཐོ་འཚམས་བྱས་པའི་ཚེ༔ སློབ་དཔོན་པདྨའི་སྐུ་གསུང་ཐུགས༔ དཀྱིལ་འཁོར་ལྷ་ཡི་རྫུ་འཕྲུལ་གྱིས༔ ལྷ་སྲིན་ཐམས་ཅད་རྡུལ་དུ་བརླགས༔ གདུང་བའི་སྨྲེ་སྔགས་སྣ་ཚོགས་ཤོར༔ བཀའ་ཉན་བྲན་འཁོར་བྱེད་པར་བྱས༔ རང་སྲོག་མདོངས་གསོལ་དག་ཏུ་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ དཔལ་མོ་དེ་ཡི་དཔལ་ཐང་དུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ བརྟན་མའི་ཚོགས་ཀྱིས་རང་སྲོག་ཕུལ༔ གཙང་ལྷ་སྒང་དམར་སྤུ་ཀྲ་སོགས༔ ལ་སྟོད་ལྷ་སྲིན་ཐམས་ཅད་ཀྱིས༔ སྟངས་ཕུལ་མཉེས་པའི་མཆོད་པ་བྱས༔ གནམ་མཚོ་ཕྱུག་མོའི་མཚོ་འགྲམ་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ གཡས་རུ་ལྷོ་བྱང་ལྷ་སྲིན་ཚོགས༔ མ་ལུས་བཀའ་ཡིས་དམ་ལ་བཏགས༔ ཤངས་དང་འུ་ཡུག་སོ་མཚམས་སུ༔ བརྟན་མ་དང་ནི་སྐྱོང་མ་དང༔ ཡ་མ་ལ་སོགས་བཅུ་གཉིས་རྣམས༔ དམ་ལ་བཏགས་ཤིང་བྲན་དུ་བྱས༔ ལྕེ་ཕུ་ཤ་ཕོ་ལུང་ཤེད་དུ༔ ཡར་ལྷ་ཤམ་པོ་དམ་ལ་བཏགས༔ སྐུ་ལྷ་ཐང་ལྷའི་ལ་བཙས་སུ༔ ཐང་ལྷ་ཡར་ཞུར་དམ་ལ་བཏགས༔ བྱང་ཐང་དེ་ནི་ཕན་ཡུལ་དུ༔ བྱང་ཕུག་མ་རྣམས་དབང་དུ་བསྡུས༔ ཡེ་ཤེས་མེ་ཡི་ཏིང་འཛིན་གྱིས༔ བོད་ཀྱི་གནོད་སྦྱིན་ཐམས་ཅད་གཟིར༔ བཀའ་ཉན་བྲན་ཁོལ་བྱེད་པར་བྱསཿ སྟོད་ལུང་འགྲམ་ཚལ་གོང་ག་རུ༔ བཙན་རྣམས་ཐམས་ཅད་དམ་ལ་བཏགས༔ ཟམ་ཕུག་དེ་ནི་གནམ་ཕུག་ཏུ༔ བདུད་ཀྱི་ཚོགས་རྣམས་དམ་ལ་བཏགས༔ གཡའ་རི་དེ་ནི་གཡའ་གོང་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ མལ་གྲོལ་ལུང་པའི་ཕུ་སྟོད་དུ༔ མལ་གྲོལ་གཟི་ཆེན་ལ་སོགས་པའི༔ ཀླུ་གཉན་ཐམས་ཅད་དམ་ལ་བཏགས༔ ཧས་པོ་རི་ཡི་རྩེ་མོ་རུ༔ རྨ་ཆེན་སྤོམ་ར་དམ་ལ་བཏགས༔ གཞན་ཡང་དབུས་གཙང་རུ་བཞི་དང༔ མདོ་ཁམས་སྒང་གསུམ་རྒྱ་བོད་ཀྱི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀུན༔ ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན༔ མཐུན་པའི་དམ་རྫས་གཏོར་མ་བཤམས༔ ཏིང་འཛིན་སྔགས་རྒྱས་སྦྱང་སྤེལ་བསྒྱུར༔ སོ་སོའི་རེ་འདོད་གནས་སུ་བསྐངས༔ བཀའ་ནན་ཆེན་པོས་འདི་སྐད་བརྗོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ སྐྱེ་འཆི་མི་མངའ་ཚེ་ཡི་རིག་འཛིན་གྲུབ༔ སྒོ་གསུམ་ལྷ་རུ་གསལ་བས་དྲེགས་པ་ཟིལ་གྱིས་གནོན༔ ལྷ་འདྲེའི་རྟོག་འཛིན་ཆོད་པས་འཇིགས་པས་སྡིགས་སུ་མེད༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ༔ འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ༔ ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པ་དམིགས་མེད་ལ༔ ལྷ་ཡང་མེད་དེ་འདྲེ་ཡང་མེད༔ ང་ལ་ཆོ་འཕྲུལ་ཅི་བསྟན་ཀྱང༔ ང་ལ་གཡོས་པ་རྡུལ་ཙམ་མེད༔ མཆོད་སྦྱིན་གཏོར་མ་ཆེན་པོ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་འཐབ་རྩོད་ཕམ་རྒྱལ་མེད༔ ཚིགས་བཅད་བདེན་པས་བཀྲོལ་ཏེ་བསྔོ༔ འདི་བཞེས་ས་གཞི་སྣང་བར་བྱིན༔ ཁྲི་སྲོང་ལྡེའུ་བཙན་བཀའ་ལུང་སྒྲུབས༔ ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས༔ སྔགས་འཆང་ང་ཡི་བཀའ་མ་བཅག༔ གུམ་གུམ་ཆུམ་ཆུམ་དམ་ལ་འདུས༔ དེ་སྐད་བཀའ་བསྩལ་གསུངས་པ་དང༔ བོད་ཁམས་ཁ་བ་ཅན་ལྗོངས་ཀྱི༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ཀུན་གྱིས་རང་གི་གཟུགས་མཆོག་བསྟན༔ ལ་ལས་རང་སྲོག་མདོངས་གསོལ་ཕུལ༔ ལ་ལས་བཀའ་འབངས་བྲན་དུ་བྱས༔ ལ་ལས་བསྟན་པ་སྲུང་བར་བྱས༔ ལ་ལས་རང་གི་ཐ་ཚིག་བཅས༔ ཀུན་གྱིས་ཆོས་འཁོར་སྐྱོང་བར་བྱས༔ ཐམས་ཅད་ལོག་པའི་ལས་ལས་བཟློགས༔ སློབ་དཔོན་པདྨའི་གསུང་བཞིན་བསྒྲུབས༔ ལྷ་ཁང་བརྩིགས་ཤིང་མཐུན་རྐྱེན་བསྒྲུབས༔ ཁྲི་སྲོང་ལྡེའུ་བཙན་དགོངས་པ་བསྐངས༔ བོད་ཁམས་ཁ་ལོ་དཀར་པོར་བསྒྱུར༔ བསམ་ཡས་ལྷུན་གྱིས་གྲུབ་པར་མཛད༔ བསམ་ཡས་ཆུ་རྒྱུན་ནེའུ་སེང་དུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སློབ་མ་བོད་ཀྱི་རྗེ་འབངས་ལ༔ མན་ངག་ལྟ་ཕྲེང་བཤད་པའི་ཚེ༔ ཕྱི་ནང་བཀའ་སྲུང་ལྷ་སྲིན་དང༔ ཁྱད་པར་བོད་ཁམས་ལྷ་སྲིན་ལ༔ བཀའ་ནན་བསྩལ་ཏེ་བཀའ་སྲུང་བསྐོས༔ ཁྲིམས་གཉིས་ལེགས་ཉེས་བྱ་རར་བཞག༔ ལྷ་སྲིན་ཀུན་གྱིས་ཐ་ཚིག་བཅས༔ སློབ་དཔོན་བཀའ་བཞིན་བསྒྲུབ་པ་དང༔ རྒྱལ་པོའི་ཁྲིམས་བཞིན་སྐྱོང་བ་ལ༔ དུས་རྣམས་ཀུན་ཏུ་བསྲུང་བར་བྱས༔ ཁྲིམས་གཉིས་གཞུང་བཞིན་མི་སྐྱོང་བའི༔ ཉམས་པ་བདུན་སོགས་ཞིང་བཅུ་ལ༔ བཀའ་ཁྲིམས་ཆད་པ་འབེབ་པར་བྱས༔ དཔལ་གྱི་བསམ་ཡས་ལ་སོགས་པའི༔ ཆོས་འཁོར་བསྟན་པ་བསྲུང་བར་བྱས༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་ན༔ ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན༔ སྤྱན་དྲངས་པེ་དཀར་གླིང་དུ་བཞུགས༔ ཆོས་འཁོར་དཀོར་ཁང་སྲུང་མར་བསྐོས༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ སྲོག་ཕུལ་བྲན་དུ་ཁས་བླངས་ནས༔ མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་བཞེངས༔ གསང་སྔགས་བསྟན་པ་དར་རྒྱས་མཛད༔ མཁའ་འགྲོ་གིང་དང་ལང་ཀ་དང༔ དབང་ཕྱུག་དཔལ་ལྡན་རེ་མ་ཏི༔ མ་མོ་བདུན་དང་སྲིང་མོ་བཞི༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ དབང་དམ་བྱིན་ནས་སྲུང་མར་བསྐོས༔ སློབ་དཔོན་བསྟན་པ་བསྲུང་བར་བྱས༔ མ་འོངས་སྙིགས་མའི་དོན་གྱི་ཕྱིར༔ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ དྲག་པོ་ཡོངས་རྫོགས་སྒྲུབ་པ་མཛད༔ དྲེགས་པའི་འཁོར་ཚོགས་འབངས་སུ་བསྡུས༔ ཕྱི་རབས་དོན་དུ་གསང་བ་ཡི༔ ཐུགས་གཏེར་བླ་གཏེར་དཔག་མེད་རྣམས༔ ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སྦས༔ གཏེར་བདག་གཏེར་སྲུང་མང་པོ་བསྐོས༔ སློབ་དཔོན་རྡོ་རྗེ་གྲོ་ལོད་ཀྱིས༔ ལྷ་སྲིན་ཀུན་ལ་བཀའ་ནན་གསུངས༔ ཕྱི་མ་མ་འོངས་དུས་དག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ མཚན་ཙམ་འཛིན་ཅིང་སྨྲོས་པ་ཡང༔ ལྷ་སྲིན་གཏེར་སྲུང་ཐམས་ཅད་ཀྱིས༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་ནས་ཁུར་བར་བྱས༔ དེ་ཡི་དགོངས་པ་གང་ཡང་རུང༔ མ་ལུས་རྫོགས་པར་བསྒྲུབ་པར་བྱས༔ གལ་ཏེ་བཀའ་བཞིན་མ་བྱས་ན༔ ལྷ་སྲིན་ཁྱོད་ཀྱི་མགོ་ལུས་སྙིང༔ བཀས་གཏུབ་དུམ་བུར་རུལ་མྱག་འགྱུར༔ ཡཀྴ་མེ་དབལ་ཁྲོ་བོ་ཡིས༔ སྙིང་ཁྲག་འཇིབས་ཏེ་འཐུང་བར་འགྱུར༔ ཕྱི་མ་རབ་ཏུ་ཚ་བ་སོགས༔ དམྱལ་བར་ལྟུང་སྟེ་འབོད་དོ་ཞེས༔ བཀའ་བསྩལ་རང་གིས་ཁས་བླངས་པ༔ སྔོན་གྱི་ཐུགས་དམ་དྲན་པར་མཛོད༔ དམ་ནོས་བཞིན་དུ་དམ་ལ་འདུས༔ བདག་ནི་སྔགས་འཆང་རྣལ་འབྱོར་པ༔ སློབ་དཔོན་པདྨའི་བཀའ་བརྒྱུད་འཛིན༔ གསང་སྔགས་ཐེག་པའི་དམ་ཚིག་འཆང༔ ཆོས་ཉིད་ལྟ་བའི་ཀློང་ན་འཕྱོ༔ རྩེ་གཅིག་ཏིང་འཛིན་ལྷ་སྐུར་གསལ༔ རང་རིག་ཡེ་ཤེས་རང་དབང་ཐོབ༔ རང་བྱུང་མཐའ་བྲལ་འགག་མེད་སྤྱོད༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་སྨིན༔ དམ་ཅན་ཀུན་དང་དམ་ཚིག་ཅན༔ མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པར་བྱས༔ རང་རང་ཆད་ཐོ་ཇི་ལྟ་བཞིན༔ དམ་ཚིག་བསྲུང་དུ་གནས་འདིར་བྱོན༔ དམ་བཅའ་ལ་སོགས་དམ་མ་འདའ༔ ཚུར་འདུས་ཞི་ཞིང་འཁུ་མ་ལྡོག༔ ཁྱོད་ལ་མཐུན་པའི་ཡས་འབུལ་ལོ༔ དགའ་བའི་ལས་སུ་འབད་ནས་མཆོད༔ དཀོན་པའི་རྒྱུ་རུ་བཤམས་ནས་འབུལ༔ རི་རབ་གླིང་བཞི་གཏོར་མ་དང༔ མདའ་འཕང་ནམ་མཁའ་གོས་རྒྱན་དང༔ འབྲུ་བཅུད་གསེར་སྐྱེམས་བསང་བཤོས་དང༔ འབྲང་རྒྱས་ཞལ་དཀར་མདའ་དར་དང༔ གསེར་གཡུ་རིན་ཆེན་དར་ཟབ་དང༔ སྤྱན་གཟིགས་མཛེས་པའི་ཡོ་བྱད་སོགས༔ ནངས་ཀྱི་དྲོ་རུ་བཤམས་ནས་འབུལ༔ ནུབ་ཀྱི་དགོང་དང་སྦྱར་ཏེ་འདྲེན༔ གསོལ་ལོ་རོལ་ཅིག་དགྱེས་པར་མཛོད༔ ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ཀྱིས༔ སྔགས་འཆང་བསམ་པ་སྒྲུབ་ཏུ་གསོལ༔ སྔོན་གྱི་ཐུགས་རྗེ་རྗེས་སུ་དགོངས༔ དཀོན་མཆོག་གསུམ་གྱི་བཀའ་མ་བཅག༔ དམ་པ་ཆོས་ཀྱི་ཚུལ་མ་དབྲལ༔ དགེ་འདུན་འདུས་པའི་གནས་མ་བཤིགས༔ པདྨ་འབྱུང་གནས་བཀའ་མ་བཅག༔ དམ་རྫས་མཆོད་པ་ཆུད་མ་གསན༔ བདེན་པའི་སྨྲང་འདི་ཟུར་མ་གཅོག༔ ཞི་བདེའི་ཆོས་ལས་ཡིད་མ་གཡེལ༔ བཀའ་མ་གཅོག་ཅིང་དམ་མ་དབྲལ༔ གནས་འདི་སློབ་དཔོན་པདྨའི་གནས༔ བཀའ་འདི་ཨོ་རྒྱན་པདྨའི་བཀའ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྟོད༔ མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས༔ འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློགས༔ ནད་ཁ་ཆིངས་ཤིག་དལ་ཁ་སྒྱུར༔ ཁྲམ་བམ་ཕྱིས་ཤིག་ཤོ་རྡེ་སོལ༔ མི་ཕྱུགས་ནད་དང་གོད་ཁ་སྡོམས༔ མཐའ་ཡི་དམག་འཁྲུགས་ཕྱིར་ལ་ཟློགས༔ དམག་དཔུང་ཆོམས་ལ་མཚོན་ཆ་བཏུལ༔ དབུས་གཙང་ནད་འཁྲུགས་ཞི་བར་སྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ཟློགས༔ འབྲུ་ཕྱུགས་རྩི་བཅུད་འཕེལ་བར་མཛོད༔ སད་སེར་བཙའ་དང་འབུ་སྲིན་སྲུངས༔ རང་རང་ཁས་བླངས་དམ་བཅས་བཞིན༔ བཅོལ་པའི་དམ་ཚིག་དྲན་པར་མཛོད༔ སློབ་དཔོན་བཀའ་ལས་འདའ་བ་དང༔ སྔགས་འཆང་བརྙས་པར་བྱེད་པ་དང༔ བོད་ཁམས་མ་རུངས་བྱེད་པ་ཡི༔ བདུད་དང་འགོང་པོ་དམ་སྲི་དང༔ དམག་དཔོན་དམག་དཔུང་བདུད་ཀྱི་རིགས༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་རློགས༔ རང་གིས་སྦྱོར་ངན་རང་ལ་ཟློགས༔ ལུས་ངག་ཡིད་གསུམ་ནུས་པ་ཆོམས༔ བདུད་དང་བར་ཆད་ཐམས་ཅད་ཟློགས༔ སྔགས་འཆང་ང་ཡི་རེ་བ་སྐོངས༔ བདེན་པའི་ངག་འདི་མཐར་ཕྱིན་མཛོད༔ དེ་ལྟར་སྔོན་གྱི་ཆད་ཐོ་བཞིན༔ བཀའ་བསྒོས་དམ་ཚིག་མ་ཉན་ན༔ བཀའ་ཡི་ཆད་པས་མི་སྡིགས་སམ༔ ངན་སོང་དམྱལ་བར་མི་འཚེར་རམ༔ ཁྲོ་བོ་ཡཀྴ་མེ་དབལ་གྱིས༔ ལུས་ངག་རྡུལ་དུ་མི་རློག་གམ༔ རང་སྔགས་ནུས་པ་རང་ཉིད་ཀྱིས༔ རང་སྲོག་གཅོད་པས་མི་འཆི་འམ༔ དེ་བས་དམ་ཚིག་གཉན་ལ་དགོངས༔ དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས༔ ང་ཡང་གསང་བའི་དམ་མི་འདའ༔ ཁྱེད་ཀྱང་གསང་བའི་དམ་མ་འདའ༔ ཁྱེད་ཀྱང་བཀའ་ལས་མ་འདའ་ཞིག༔ ས་མ་ཡ་ལ་རྩེན་པར་མཛོད༔ ཅེས་པས་དམ་བརྡར་ཕྲིན་ལས་གཞོལ༔ བདུད་རིགས་གདུག་པའི་དམ་ལོག་རྣམས༔ ལིངྒ་བཅས་ལ་རྣམ་ཤེས་བཀུག༔ པདྨ་དྲག་པོའི་སྐུར་བསྒོམས་ལ༔ ཤིན་ཏུ་བརྟན་པའི་ང་རྒྱལ་སྐྱེད༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་འབར་བ་གདེངས༔ ཕྱག་གཡོན་ཕུར་པས་དགྲ་སྙིང་གཟིར༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་ནས༔ བཀའ་བརྒྱད་ཁྲོ་བོའི་འཁོར་དང་བཅས༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ མངོན་སྤྱོད་ཕྲིན་ལས་སྒྲུབ་ལ་བརྩོན༔ བདེན་པའི་བཀའ་ལ་མི་ཉན་ཅིང༔ སྐྱེ་འགྲོ་ཡོངས་ཀྱི་དགྲར་གྱུར་པའི༔ གནོད་བྱེད་ཐམས་ཅད་རྡུལ་དུ་རློགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ དུས་ལ་བབ་བོ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧཱུྃ༔ ཀཱི་ལི་ཀཱི་ལ་ཡ༔ ནྲྀ་ཏྲི་སརྦ་དུཥྚཱཾ༔ ཏྲིག་ནན་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ ཅེས་པས་ཕུར་བུ་གདབ་ལ་བསྒྲལ༔ བསྟབ་བསྲེག་འཕང་དང་མནན་པ་སོགས༔ སྐབས་ཀྱིས་ཇི་ལྟར་རིགས་པ་བྱ༔ ལྷ་སྲིན་ཟིལ་གྱིས་མནན་པ་ནི༔ བཛྲ་སརྦ་དུཥྚཱཾ་ཨེ་ཡ་མ་ཡ་མ་མ་ཧཱ་དེ་ཝ་ཨ་རུ་དྲ་མུན་མུ་ཐུན་མུ་ཐུཾ༔ ཤུ་ལ་ཛ༔ རཱ་ཙ་ཙ༔ གྷྲི་བ་ཙ་ཛ༔ རཀྴ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ཧུར་ཐུམས་ཛ༔ ཞེས་པས་གཟིར་ཞིང་ཟིལ་གྱིས་མནན༔ ཚོགས་འཁོར་མ་ཉམས་དགའ་སྟོན་བྱ༔ སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ ཉམས་ཀྱིས་བྲོ་བརྡུང་གླུ་སྐད་བླང༔ སློབ་དཔོན་ཡོན་གྱིས་དགྱེས་པར་བྱས༔ བཀའ་བསྒྱུར་གཏོར་ཟློག་ཟོར་ཐུན་བྲིམ༔ བྷྱོཿདང་ཟློག་གི་གདངས་སྒྲ་བརྗོད༔ བོད་ལྟར་མཚོན་དབལ་ཕྱི་རུ་བསྟན༔ དེ་ལྟར་བྱས་པར་གྱུར་པ་ན༔ དམག་ཟློག་ནད་རིམས་ཡོད་ན་ཆད༔ དམོད་ངན་ཐུབ་ཅིང་ཟོར་ཁ་ཟློག༔ སད་སེར་ལོ་དགྲ་འབྱུང་མི་འགྱུར༔ ལེགས་པའི་ཡོན་ཏན་བརྗོད་ལས་འདས༔ ལ་སྒོ་ས་འབྱེད་བདེ་བར་འགྱུར༔ ཡུལ་མཁར་འཛིན་ན་བཀྲ་ཤིས་བརྟན༔ གཡུལ་འཐབ་པ་ན་རྒྱལ་བར་འགྱུར༔ བན་སྔགས་མཐུ་བྱེད་ནུས་པ་ཆེ༔ སྲི་དང་ཤི་ཁ་ཆོད་པར་འགྱུར༔ ལོ་ལེགས་འབྲུ་ཕྱུགས་སྨིན་པར་འགྱུར༔ དགེ་ལེགས་ཚོགས་འཕེལ་བདེ་སྐྱིད་འབྱུང༔ ཕྱི་རབས་ལས་ཅན་པདྨའི་སྲས༔ བྱང་སེམས་བརྩོན་འགྲུས་ཅན་དང་འདི་འཕྲད་ནས༔ ལྷ་སྲིན་དམ་ལ་འདོགས་པར་ཤོག༔ ཅེས་གསུངས་ཏེ་གཏེར་དུ་སྦས་སོ༔ དེ་ཉིད་གཏེར་སྟོན་མང་སོ་བྱང་ཆུབ་གླིང་པ་ཤྲཱི་དྷྭ་ཛས་གདན་དྲངས་ཏེ་ལྷོ་བོད་མཚམས་སུ་ཤོག་སེར་ལས་བཤུས་པའོ། །འདིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །འདི་བྱེད་པ་མི་དཔོན་ཆོས་ལྡན་ནས། སྡེ་བ་ཆོས་མཐུན་ནམ། མདོར་ན་རྒྱལ་ཁྲིམས་ཚུལ་བཞིན་དུ་བྱེད་ཅིང་དམ་ལ་གནས་པའི་དོན་དུ་བྱེད་དེ་ཤིན་ཏུ་ཕན་ཡོན་ཆེའོ། །བྱེད་མཁན་ཡང་ལུང་དང་མན་ངག་ཐོབ་པ། ལྷ་བསྙེན་ཚད་དུ་ཐེམས་པ། སློབ་དཔོན་པདྨ་ལ་མི་ཕྱེད་པའི་དད་པ་ཐོབ་པས་བྱས་ན་ཤིན་ཏུ་ཉན། དམ་མེད་བདུད་རིགས་ཀྱི་ས་རུ་ལུང་མེད་གང་བྱུང་བྱུང་གིས་བྱས་ན་ལྷ་སྲིན་ཁྲོས་ཏེ་གནོད་པར་འགྱུར་སྲིད་པས་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ། །སློབ་དཔོན་པདྨའི་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་བྱ་བ་དགེ་ལེགས་འཕེལ།། །།

</div>
</div></onlyinclude>
 
{{TsagliCall}}
= Tsagli =
TSAGLI image gallery goes here
<headertabs/>
<headertabs/>
== Footnotes ==
== Footnotes ==
<references/>
<references/>
</onlyinclude>
==Other Information==
==Other Information==
{{Footer}}
{{Footer
}}

Latest revision as of 02:14, 30 December 2017

ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ༔ ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་

phrin las yongs rdzogs thugs rje'i sgron ma:_o rgyan bka' nan rab brjid don grub

by  བྱང་ཆུབ་གླིང་པ་ (Jangchub Lingpa)
revealed by  བྱང་ཆུབ་གླིང་པ་ (Jangchub Lingpa)
in cycle  ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ་ (Phrin las yongs rdzogs thugs rje'i sgron ma)
Volume 43 (པི) / Pages 277-296 / Folios 1a1 to 10b3

[edit]

༄༅༔ ཕྲིན་ལས་ཡོངས་རྫོགས་ཐུགས་རྗེའི་སྒྲོན་མ༔ ཨོ་རྒྱན་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་བྱ་བ་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ཉམ་ཐག་འགྲོ་བའི་གཉེན་གཅིག་པུ༔ གདུག་པའི་ལྷ་སྲིན་འདུལ་མཛད་པ༔ ཆེ་མཆོག་ཐོད་ཕྲེང་རྩལ་ལ་འདུད༔ མ་འོངས་སྙིགས་མ་ལྔ་སྤྱོད་དུས༔ ཉོན་མོངས་དུག་ལྔའི་རང་སྐྱོན་གྱིས༔ ནད་མཚོན་མུ་གེས་རང་སྲོག་འདོར༔ བོད་ཁམས་སྡུག་བསྔལ་སྤྱོད་པའི་ཚེ༔ དམག་དཔུང་གདུག་པས་འཚེ་བའམ༔ སད་སེར་ལོ་དགྲ་འབྱུང་འགྱུར་རོ༔ ནད་བདག་ངེས་མེད་རིམས་འབེབ་ཅིང༔ ནད་ངན་གདུག་པས་ཉེན་གྱུར་ན༔ ཡུལ་ཁམས་གྲོང་ངམ་གྲོང་རྡལ་དུ༔ སྲུང་ཟློག་ཞི་བར་བྱ་འདོད་ན༔ འཁོན་གྲིབ་གོང་མ་འཆོས་པ་དང༔ དུས་ཀྱི་རིམ་གྲོ་ལུགས་བཞིན་བྱ༔ ཆོས་སྤྱོད་དགེ་ལ་བརྩོན་པས་འབད༔ དཀར་ཆོས་གསུང་རབ་སྒྲོག་པ་མངགས༔ ཁྱད་པར་དམག་དཔུང་ཟློག་པ་ནི༔ མ་གཤིན་ཕུར་པའི་མདོས་སྒྲུབ་བྱ༔ གཙུག་ཏོར་དཀར་མོ་སྟོབས་པོ་ཆེཿ གཙུག་གི་ནོར་བུ་གཟུངས་གྲྭ་ལྔ༔ ཕྱིར་ཟློག་རྣམ་རྒྱལ་སྡོང་རྒྱན་སོགས༔ གཟུངས་འདོན་རྒྱལ་མཚན་རྩེ་ལ་འཕྱར༔ ཁྲོ་བོ་རོལ་པའི་གཏོར་ཟློག་བྱ༔ གཤིན་རྗེ་ནག་པོའི་ཟོར་མདོས་འཕང༔ ཁྱད་པར་ཟློག་ཐབས་གཞན་དུ་ལྟོས༔ འབྱུང་བའི་ལོ་དགྲ་བསྲུང་འདོད་ན༔ བུམ་གཏེར་གཞུག་ཅིང་ཀླུ་མཆོད་གསོ༔ ནོར་རྒྱུན་མདོ་སྒྲོགས་ཛཾ་ལ་མཆོད༔ གཞི་བདག་བཅོས་ཤིང་ལོ་ཆོག་བྱ༔ ཐོ་ཕུར་སྟངས་སྟབས་རྫས་དང་སྔགས༔ སྲུང་བའི་རིམ་པ་རྫོགས་པར་བྱ༔ ཁྱད་པར་ཟློག་ཐབས་གཞུང་དུ་ལྟོས༔ ནད་ངན་གདུག་པ་བསྲུང་འདོད་ན༔ དཔའ་བོ་བཞི་ལྡན་སྲུང་འཁོར་རྣམས༔ གཞུང་བཞིན་བྲིས་ལ་དར་ལ་གྲིལ༔ རྒྱལ་མཚན་བྱས་ཏེ་རྩེ་ལ་འཕྱར༔ རང་རང་གང་བྱེད་ལས་གཞུང་བསྲང༔ དཔག་མེད་སྨན་གྱི་དུད་པ་གཏང༔ ཐོ་བརྩེགས་སྔགས་ཕུར་འཁོར་ལོ་གདགས༔ ཆོས་མཛད་བན་བོན་ཅི་ཡོད་ཀྱང༔ སྐྱེ་བོ་མཐུན་པ་ཀུན་ཚོགས་ལ༔ དཀར་དམར་ཕུད་ཀྱི་གཏོར་མ་སྐྱེལ༔ རང་རང་གང་བྱེད་ལས་གཞུང་བསྲང༔ མ་ཉམས་ཚོགས་འཁོར་དགའ་སྟོན་བྱ༔ དཀར་ཆོས་གསུང་རབ་མང་དུ་སྒྲོགས༔ གཙུག་ཏོར་ནག་མོ་མ་མོའི་མདོས༔ བརྟན་མའི་མདོས་བརྒྱ་ལྷ་སྲིན་སྐོང༔ བརྒྱ་བཞི་ཁ་འབར་མ་ཡང་བྱ༔ ནད་རིམས་ཞི་བྱེད་མདོ་གཟུངས་འདོན༔ སྡོམ་གསུམ་ལྡན་པས་རི་ཁྲོད་མ༔ ལོ་མ་གྱོན་མའི་གཟུངས་བསྒྲུབ་བྱ༔ གཞན་ཡང་གཟུངས་སྒྲུབ་ཅི་མང་ཤིས༔ ཁྲུས་ཀྱིས་སྣོད་བཅུད་དག་པར་སྦྱང༔ སྲུང་ཟློག་ཁྱད་པར་གཞུང་དུ་ལྟོས༔ དེ་དག་གང་དུ་བྱེད་འདོད་དམ༔ ཡུལ་གསར་འཛིན་ནམ་ལས་སྒོ་འབྱེད༔ མཁར་བརྩེགས་ཀླུ་འདུལ་སྲི་འུ་གསོ༔ བྱ་བ་གང་དང་གང་བྱེད་ཀྱང༔ ཨོ་རྒྱན་བརྒྱུད་འཛིན་རྣལ་འབྱོར་པས༔ དབེན་ཞིང་གཙང་མ་མཐོ་བའི་སར༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མཆོད་པའི་བྱེ་བྲག་དཔག་མེད་བཤམ༔ སྣང་སྲིད་ཡོངས་ལ་མཐུན་པའི་རྫས༔ མ་ནོར་མ་ཉམས་བཟང་བར་བཀོད༔ ཕྱི་རུ་དམ་ཅན་སྐོང་བའི་རྫས༔ འབྲུ་བཅུད་མར་དང་རྒུ་འབྲུའི་ཆང༔ གསེར་ཕྱེ་བཏབ་པའི་ཞལ་སྐྱེམས་དང༔ གཙང་ཕྱེ་ལས་བྱས་འབྲང་རྒྱས་དག༔ རིམ་གསུམ་ལྡན་པ་རྩི་མར་སྤྲས༔ བསང་བཤོས་འོལ་སྐོམ་འབྲུ་ལྔ་བཤམ༔ མདའ་བཟང་རྒོད་སྒྲོ་བསྒྲོན་པའི་མགུལ༔ དར་སྣ་ལྔ་དང་རིན་ཆེན་ལྔ༔ མེ་ལོང་གསལ་བས་བརྒྱན་པ་བཤམ༔ ཤིང་སྣ་སྤོས་བཟང་དུད་པ་གཏང༔ སྔགས་མཁན་ཏིང་འཛིན་ཆས་ལྡན་གྱིས༔ ཁ་གསེར་ཁ་གཡུ་བེར་གོན་ཞིང༔ སྣ་ལྔ་དར་གྱིས་ཐོད་བཅིངས་ལ༔ ཀུན་གྱིས་སྒོ་གསུམ་དྭངས་བས་མཆོད༔ ཁྱེ་འུ་བུ་མོ་གཙང་མ་དང༔ སྤྱན་གསལ་སྒྲོན་མ་དག་ཀྱང་བཤམ༔ ཐམས་ཅད་བསམ་པ་རྩེ་གཅིག་པསཿ ཨོ་རྒྱན་བདག་ལ་གསོལ་བ་གདབ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ལྷ་སྲིན་ཀུན་ལ་སྐོང་གསོ་བྱ༔ འབྲུ་སྣ་གསེར་སྐྱེམས་ཕུད་ཀྱིས་མཆོད༔ ལན་ཆགས་སྦྱང་ཞིང་གཏོར་མ་བཏང༔ དེ་རྗེས་སྔགས་འཆང་རྣལ་འབྱོར་པ༔ རང་ལུས་ཆེ་མཆོག་པདྨར་སྒོམས༔ ལུས་ལ་ལྷ་ཡི་དཀྱིལ་འཁོར་སྐྱེད༔ དྲག་སྔགས་ངར་ལྡན་དྲག་པོར་བཟླ༔ རྩེ་གཅིག་མི་འགྱུར་ཏིང་འཛིན་གསལ༔ དེ་ཡི་ངང་ནས་ལྷ་སྲིན་ཀུན༔ བཀའ་འབངས་བྲན་བསམ་འདི་སྐད་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ང་ནི་ཀུན་ཏུ་བཟང༔ ང་ནི་སྤྱི་དཔལ་བླ་ན་མེད༔ ཆོས་ཉིད་འགྱུར་མེད་རང་བྱུང་སྐུ༔ སྐྱེ་མེད་རང་བྱུང་མཐའ་ལས་འདས༔ ཧཱུྃ༔ ང་ནི་ཡེ་ཤེས་ལྔ་ཡི་ཀློང༔ རང་བྱུང་ཐབས་ལས་སྐུ་ལྔར་གསལ༔ འགག་མེད་ཐུགས་རྗེའི་རང་རྩལ་འབར༔ དབྱེར་མེད་རྒྱལ་བའི་ཕྲིན་ལས་རྫོགས༔ ཧཱུྃ༔ ང་ནི་དུག་གསུམ་འཇོམས་པའི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ བྱེ་བ་དཔག་མེད་འགྱེད་པ་པོ༔ ཧཱུྃ༔ ང་ནི་རྒྱལ་བ་ཀུན་གྱི་དངོས༔ ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ༔ ང་ནི་མཁའ་འགྲོ་ཀུན་གྱི་གཙོ༔ ང་ནི་མ་མོ་ཀུན་གྱི་བདག༔ ང་ནི་འབྱུང་བ་ལྔ་ཡི་དབྱིངས༔ ང་ནི་སྲིད་པ་གསུམ་གྱི་མེས༔ ང་ནི་སྐྱེ་འགྲོ་ཡོངས་ཀྱི་ཡབ༔ ང་ནི་བདུད་བདུལ་དྲག་པོ་རྩལ༔ ཁམས་གསུམ་ཀུན་གྱི་སྲོག་གི་བདག༔ སྐྱེ་མེད་འཆི་བྲལ་རྡོ་རྗེའི་སྐུ༔ འགག་མེད་རང་སྟོང་དྲག་པོའི་གསུང༔ སྤྲོས་མེད་བརྗོད་བྲལ་འགྱུར་མེད་ཐུགས༔ སངས་རྒྱས་ཆེ་བའི་ཡོན་ཏན་རྫོགས༔ ཕྲིན་ལས་ལྷུན་གྲུབ་འགྲོ་བ་འདུལ༔ ཐོགས་མེད་སྤྲུལ་པའི་འོད་ཟེར་འགྱེད༔ སྲིད་པའི་མ་མོ་དམ་ཅན་ཚོགས༔ ཀུན་ཀྱང་སྔོན་གྱི་ཐ་ཚིག་བཞིན༔ དཔལ་གྱི་སྐུ་ལ་ད་ཚུར་ཆུམས༔ སྣང་སྲིད་དྲེགས་པའི་ལྷ་སྲིན་ཚོགས༔ ཀུན་ཀྱང་ང་ཡི་བཀའ་འབངས་ཡིན༔ བཀའ་ལས་མ་འདའ་དམ་ལ་འདུས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་ས་མ་ཡ༔ གསུམ་བརྗོད༔ ཧཱུྃ༔ ཨོ་རྒྱན་པདྨ་རྒྱལ་པོ་ཡིས༔ རྒྱལ་པོའི་སྲས་མཛད་རྒྱལ་སྲིད་བསྐྱངས༔ ཨོ་རྒྱན་རྒྱལ་ཁམས་བདེ་ལ་བཀོད༔ རྒྱལ་པོ་ཐོར་ཅོག་ཅན་ཞེས་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དུར་ཁྲོད་བདག་པོའི་སྤྱོད་པ་མཛད༔ ལས་ཀྱི་མ་ཚོགས་དམ་ལ་བསྡུས༔ སྲིན་པོ་ཤཱནྟ་རཀྵིར་བཏགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ མཁའ་འགྲོ་ཆེན་མོ་བདུད་འདུལ་མས༔ དབང་བསྐུར་རྗེས་གནང་བྱིན་གྱིས་བརླབས༔ བདུད་དཔུང་འདུལ་བའི་དཔའ་བོར་བསྐོས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ སོ་ས་གླིང་གི་དུར་ཁྲོད་དུ༔ མ་གཅིག་མཁའ་འགྲོ་ཞི་བ་འཚོས༔ དབང་བསྐུར་མཚོ་སྐྱེས་རྡོ་རྗེར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ མ་མོ་མཁའ་འགྲོ་ཀུན་གྱི་གཙོ༔ མཚོ་གླིང་མེ་ཏོག་མདངས་ཅན་དུ༔ རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས༔ མཁའ་འགྲོ་རྣམ་བཞི་དབང་དུ་བསྡུས༔ བར་སྣང་གཟའ་སྐར་བྲན་དུ་ཁོལ༔ རྡོ་རྗེ་དྲག་པོ་རྩལ་དུ་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ བྲག་དམར་བྱ་ཁྱུང་སྐྱེད་ཚལ་དུ༔ སློབ་དཔོན་པྲ་བྷ་ཧསྟི་ཡིས༔ རབ་བྱུང་སྡེ་སྣོད་ཆོས་ལ་སྦྱངས༔ ཀྲི་ཡོག་སྡེ་གསུམ་བདག་པོར་བསྐོས༔ མཚན་ཡང་ཤཱཀྱ་སེང་གེར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ གསང་སྔགས་བདག་པོ་ཀུན་དགའ་མོས༔ ཕྱི་ནང་གསང་གསུམ་དབང་རྫོགས་བསྐུར༔ སློབ་དཔོན་བོ་དྷི་སཏྭ་ཡིས༔ མཚན་ཉིད་སྡེ་སྣོད་ཆོས་རྣམས་བསྟན༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས༔ འཇམ་དཔལ་ཕྱི་ནང་བདག་པོར་བསྐོས༔ སློབ་དཔོན་ནཱ་གཱརྫུ་ན་ཡིས༔ དབང་ཆེན་རྟ་མགྲིན་བདག་པོར་བསྐོས༔ ཛོ་ཀི་ཧཱུྃ་ཆེན་ཀཱ་ར་ཡིས༔ ཡང་དག་གྲུབ་པའི་བདག་པོར་བསྐོས༔ སློབ་དཔོན་རྡོ་རྗེ་མི་འགྱུར་གྱིས༔ བདུད་རྩི་ཡོན་ཏན་བདག་པོར་བསྐོས༔ སློབ་དཔོན་ཤཱཀྱ་དེ་བ་ཡིས༔ ཕུར་བུ་སྒྲུབ་པའི་བདག་པོར་བསྐོས༔ སློབ་དཔོན་དྷ་ན་སཾསྐྲྀ་ཏས༔ སྲིད་པ་མ་མོའི་བདག་པོར་བསྐོས༔ སློབ་དཔོན་སངས་རྒྱས་གསང་བ་ཡིས༔ སྒྱུ་འཕྲུལ་ཆོས་བཀའི་བདག་པོར་བསྐོས༔ སློབ་དཔོན་ཤྲཱི་སིཾ་ཧ་ཡིས༔ རྫོགས་ཆེན་ཆོས་ཀྱི་བདག་པོར་བསྐོསཿ རོམ་བུ་གུ་ཡ་དེ་ཝ་ཡིས༔ ངན་སྔགས་བསྟན་སྲུང་བདག་པོར་བསྐོས༔ ཀུན་གྱི་ཞལ་མཐོང་དངོས་གྲུབ་བརྙེས༔ བཀའ་སྲུང་རྣམས་ཀྱིས་བྲན་དུ་བཅས༔ མཚན་ཡང་བློ་ལྡན་མཆོག་སྲེད་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པའི་རྡོ་རྗེར་གྲུབ༔ ཟ་ཧོར་ཡུལ་དུ་རྫུ་འཕྲུལ་བསྟན༔ ཐམས་ཅད་ལམ་མཆོག་ཆོས་ལ་བཙུད༔ མཚན་ཡང་པདྨ་སམ་བྷར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ ཨོ་རྒྱན་རྒྱལ་ཁམས་གནས་སུ་བྱོན༔ གཤེད་མས་མེ་དཔུང་དབུས་སུ་བཅུག༔ ཚ་བའི་མེ་ཆེན་བསིལ་མཚོར་བསྐྱིལ༔ མཚན་ཡང་པདྨ་རྒྱལ་པོར་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ རྒྱ་གར་ཡུལ་དུ་ཕྱིར་རྒོལ་རྩོད་པ་བཟློགས༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ སངས་རྒྱས་བསྟན་པ་རབ་ཏུ་རྒྱས་པར་མཛདཿ མཚན་ཡང་སེང་གེ་སྒྲ་སྒྲོག་གྲགས༔ དེ་ཡི་བཀའ་ལས་མ་འདའ་ཞིག༔ རྒྱ་གར་ཕྱོགས་བཞིའི་ལྷ་སྲིན་རྣམས༔ བཀའ་དང་དམ་ལ་མ་འདུས་མེད༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ རྒྱ་གར་ཡུལ་གྱི་ཚུ་རོལ་དུ༔ བལ་པོའི་ཡུལ་གྱི་ཕ་རོལ་ན༔ མེ་ཏོག་དགུན་ཡང་སྐྱེ་བའི་གནས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་དངོས་གྲུབ་སྒྲུབ་པའི་ཚེ༔ བལ་ཡུལ་ས་བདག་ཀླུ་སྲིན་དང༔ བྱི་ཐུར་བར་སྣང་གློག་མ་སྤྲིན༔ གནོད་སྦྱིན་གཙོ་བོ་རྒོད་མ་ཁ༔ ཀུན་གྱིས་མ་རུངས་བར་གཅོད་བྱས༔ བལ་ཡུལ་མི་རྣམས་བྲེད་ཅིང་བསྔངས༔ སློབ་དཔོན་པདྨ་ཐུགས་ཁྲོས་ནས༔ རྡོ་རྗེ་ཕུར་པའི་སྒྲུབ་པ་མཛད༔ གདུག་པའི་དགྲ་བགེགས་ཐམས་ཅད་བསྒྲལ༔ བར་ཆད་ཐམས་ཅད་རང་སར་ཞི༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས༔ ནམ་སྲོད་དུས་སུ་ཤྭ་ན་མ༔ མཆེད་བཞི་དམ་བཏགས་སྲོག་སྙིང་ཕུལ༔ གུང་ལ་མ་མོ་རེ་མ་ཏིས༔ རང་སྲོག་ཕུལ་ཏེ་འབངས་སུ་བྱས༔ ཐོ་རངས་བསེ་ཡི་བུ་མོ་བཞི༔ དམ་ལ་བཏགས་ཏེ་སོ་སོར་བསྐོས༔ མིང་པོ་ཕོ་རྒྱུད་དྲེགས་པའི་འཁོར༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ སློབ་དཔོན་བཀའ་འབངས་བྲན་དུ་བྱས༔ རྡོ་རྗེ་ཕུར་བུའི་སྲུང་མར་བསྐོས༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ གཞན་ཡང་བལ་ཡུལ་ལི་ཡུལ་གྱི༔ ལྷ་སྲིན་གདུག་པ་ཐམས་ཅད་བཏུལ༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ མ་བདུད་དྲེགས་པའི་ཚོགས་རྣམས་བཏུལ༔ ཀུན་གྱིས་སྲོག་ཕུལ་བྲན་དུ་བྱས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ མ་མོ་བརྟན་མའི་ཚོགས་རྣམས་བཏུལ༔ སྲོག་ཕུལ་གསང་བའི་དམ་ལ་བཏགས༔ བལ་བོད་སོ་མཚམས་ཀྱི་ཕུག་ཏུ༔ ལྷོ་བལ་ལྷ་སྲིན་ཀུན་གྱིས་བསྐྱལ༔ ཕྱག་འཚལ་རང་དམ་སྲོག་སྙིང་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ མང་ཡུལ་བྱམས་སྤྲིན་ལྷ་ཁང་དུ༔ ལྷ་གསོས་མང་ཡུལ་ལྷ་འདྲེ་བཏུལ༔ སྲིད་པའི་མ་བདུན་དམ་ལ་བཏགས༔ མ་གསུམ་བཀའ་ཡི་སྲུང་མར་བསྐོས༔ གདུག་པའི་སྨྱོ་འདྲེ་རྡུལ་དུ་བརླགས༔ བྲག་སྲིན་གདུག་པ་ཚར་ཡང་བཅད༔ ཐམས་ཅད་བཀའ་ཡི་འབངས་སུ་བྱས༔ བཀའ་རྟགས་མཚམས་སུ་ཞབས་རྗེས་བཞག༔ དུས་མཐར་བསྟན་པ་དར་བར་བྱས༔ རྡོ་རྗེ་ལེགས་པ་ལ་སོགས་པ༔ ཆོས་འཁོར་གཙུག་ལག་སྲུང་མར་བསྐོས༔ མང་ཡུལ་གུང་ཐང་དགུན་ཐར་བྱོན༔ ཞང་ཞུང་དགྲ་བླ་ལ་སོགས་པ༔ མངའ་རིས་སྟོད་ཀྱི་ལྷ་སྲིན་ཚོགས༔ ཀུན་གྱིས་རང་རང་རྫུ་འཕྲུལ་གྱིས༔ བར་ཆོད་ཐོ་འཚམས་བྱ་བ་བརྩམས༔ ཐམས་ཅད་ཏིང་འཛིན་ཆེན་པོ་ཡིས༔ དབང་བསྡུས་ཟིལ་མནན་དམ་ལ་བཏགས༔ དགྲ་བླའི་རྒྱལ་པོ་མུ་ཚ་མེད༔ སྔངས་ཤིང་བྲེད་དེ་སྲོག་སྙིང་ཕུལ༔ སྟག་རི་རོང་གིས་འབངས་སུ་བྱས༔ ཁྱུ་ལུང་རྡོ་རྗེ་སྤྱན་གཅིག་སོགས༔ ཕུག་བདག་དགུ་བཏུལ་དམ་ལ་བཏགས༔ ཏི་སེ་ལྷ་བཙན་ལ་སོགས་པ༔ བཙན་རིགས་ཆེ་དགུ་དམ་ལ་བཏགས༔ སྲིད་པའི་གདུང་དགུས་སྲོག་སྙིང་ཕུལ༔ རྫུ་འཕྲུལ་མཐུ་ཡིས་གནམ་ཐང་མོར༔ གནམ་སྨན་དཀར་མོ་ལ་སོགས་བཏུལ༔ བྱང་གི་སྨན་དགུ་བྲན་དུ་བཀོལ༔ འབྲོག་མོ་དགུ་ཡིས་རང་དམ་ཕུལ༔ ཡང་ནེ་ཝེར་ལ་སོགས་པ་ཡི༔ སྟོད་ལུང་བཙན་རྣམས་སྲུང་མར་བྱས༔ བཙན་རྟོགས་བརྡུངས་ལ་སོགས་པ་ཡི༔ བྱ་བཙན་རྣམས་ཀྱིས་བྲན་དུ་བྱས༔ གུ་གེ་སྟོད་སྨད་ལྷོ་བྱང་དང༔ དོལ་པོ་གློ་བོ་ཀྲོ་ཏི་ཕུག༔ རོང་ཁང་མ་ཡུལ་གུ་ཐང་གི༔ ཆེ་བའི་བདུད་དང་དྲག་པོའི་བཙན༔ བཙུན་པའི་ཀླུ་དང་དྲག་པོའི་ཀླུ༔ དབྱིངས་ཀྱི་རྒྱལ་པོ་ཐེའུ་རང་དང༔ གཉན་པོ་ཁ་བཞི་སྡེ་བརྒྱད་ཚོགས༔ ཀུན་གྱིས་རང་དམ་སྲོག་སྙིང་ཕུལ༔ བཀའ་འབངས་བྲན་གཡོག་བྱེད་པར་བྱས༔ མང་ཡུལ་ཁ་ལའི་ལ་ཐོག་ཏུ༔ འོད་དེ་གུང་རྒྱལ་ལ་སོགས་པ༔ སྲིད་པའི་ལྷ་ཆེན་ཐམས་ཅད་དང༔ དཔལ་མོའི་མཚོ་སྨན་མིང་སྲིང་སོགས༔ སྨན་དང་ཡུལ་ས་ཐམས་ཅད་དང༔ བྲིན་གྱི་ལྷ་སྨན་ལ་སོགས་པ༔ ལྷོ་བོད་ཕུག་བདག་ཐམས་ཅད་དང༔ རོང་ཁ་སྡེ་བཞི་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་ཚོགས༔ རང་རང་ནུས་པ་ཆེར་བཏོན་ནས༔ བར་ཆད་ཐོ་འཚམས་བྱས་པའི་ཚེ༔ སློབ་དཔོན་པདྨའི་སྐུ་གསུང་ཐུགས༔ དཀྱིལ་འཁོར་ལྷ་ཡི་རྫུ་འཕྲུལ་གྱིས༔ ལྷ་སྲིན་ཐམས་ཅད་རྡུལ་དུ་བརླགས༔ གདུང་བའི་སྨྲེ་སྔགས་སྣ་ཚོགས་ཤོར༔ བཀའ་ཉན་བྲན་འཁོར་བྱེད་པར་བྱས༔ རང་སྲོག་མདོངས་གསོལ་དག་ཏུ་ཕུལ༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ དཔལ་མོ་དེ་ཡི་དཔལ་ཐང་དུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ བརྟན་མའི་ཚོགས་ཀྱིས་རང་སྲོག་ཕུལ༔ གཙང་ལྷ་སྒང་དམར་སྤུ་ཀྲ་སོགས༔ ལ་སྟོད་ལྷ་སྲིན་ཐམས་ཅད་ཀྱིས༔ སྟངས་ཕུལ་མཉེས་པའི་མཆོད་པ་བྱས༔ གནམ་མཚོ་ཕྱུག་མོའི་མཚོ་འགྲམ་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ གཡས་རུ་ལྷོ་བྱང་ལྷ་སྲིན་ཚོགས༔ མ་ལུས་བཀའ་ཡིས་དམ་ལ་བཏགས༔ ཤངས་དང་འུ་ཡུག་སོ་མཚམས་སུ༔ བརྟན་མ་དང་ནི་སྐྱོང་མ་དང༔ ཡ་མ་ལ་སོགས་བཅུ་གཉིས་རྣམས༔ དམ་ལ་བཏགས་ཤིང་བྲན་དུ་བྱས༔ ལྕེ་ཕུ་ཤ་ཕོ་ལུང་ཤེད་དུ༔ ཡར་ལྷ་ཤམ་པོ་དམ་ལ་བཏགས༔ སྐུ་ལྷ་ཐང་ལྷའི་ལ་བཙས་སུ༔ ཐང་ལྷ་ཡར་ཞུར་དམ་ལ་བཏགས༔ བྱང་ཐང་དེ་ནི་ཕན་ཡུལ་དུ༔ བྱང་ཕུག་མ་རྣམས་དབང་དུ་བསྡུས༔ ཡེ་ཤེས་མེ་ཡི་ཏིང་འཛིན་གྱིས༔ བོད་ཀྱི་གནོད་སྦྱིན་ཐམས་ཅད་གཟིར༔ བཀའ་ཉན་བྲན་ཁོལ་བྱེད་པར་བྱསཿ སྟོད་ལུང་འགྲམ་ཚལ་གོང་ག་རུ༔ བཙན་རྣམས་ཐམས་ཅད་དམ་ལ་བཏགས༔ ཟམ་ཕུག་དེ་ནི་གནམ་ཕུག་ཏུ༔ བདུད་ཀྱི་ཚོགས་རྣམས་དམ་ལ་བཏགས༔ གཡའ་རི་དེ་ནི་གཡའ་གོང་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ མལ་གྲོལ་ལུང་པའི་ཕུ་སྟོད་དུ༔ མལ་གྲོལ་གཟི་ཆེན་ལ་སོགས་པའི༔ ཀླུ་གཉན་ཐམས་ཅད་དམ་ལ་བཏགས༔ ཧས་པོ་རི་ཡི་རྩེ་མོ་རུ༔ རྨ་ཆེན་སྤོམ་ར་དམ་ལ་བཏགས༔ གཞན་ཡང་དབུས་གཙང་རུ་བཞི་དང༔ མདོ་ཁམས་སྒང་གསུམ་རྒྱ་བོད་ཀྱི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀུན༔ ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན༔ མཐུན་པའི་དམ་རྫས་གཏོར་མ་བཤམས༔ ཏིང་འཛིན་སྔགས་རྒྱས་སྦྱང་སྤེལ་བསྒྱུར༔ སོ་སོའི་རེ་འདོད་གནས་སུ་བསྐངས༔ བཀའ་ནན་ཆེན་པོས་འདི་སྐད་བརྗོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ སྐྱེ་འཆི་མི་མངའ་ཚེ་ཡི་རིག་འཛིན་གྲུབ༔ སྒོ་གསུམ་ལྷ་རུ་གསལ་བས་དྲེགས་པ་ཟིལ་གྱིས་གནོན༔ ལྷ་འདྲེའི་རྟོག་འཛིན་ཆོད་པས་འཇིགས་པས་སྡིགས་སུ་མེད༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ༔ འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ༔ ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པ་དམིགས་མེད་ལ༔ ལྷ་ཡང་མེད་དེ་འདྲེ་ཡང་མེད༔ ང་ལ་ཆོ་འཕྲུལ་ཅི་བསྟན་ཀྱང༔ ང་ལ་གཡོས་པ་རྡུལ་ཙམ་མེད༔ མཆོད་སྦྱིན་གཏོར་མ་ཆེན་པོ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་འཐབ་རྩོད་ཕམ་རྒྱལ་མེད༔ ཚིགས་བཅད་བདེན་པས་བཀྲོལ་ཏེ་བསྔོ༔ འདི་བཞེས་ས་གཞི་སྣང་བར་བྱིན༔ ཁྲི་སྲོང་ལྡེའུ་བཙན་བཀའ་ལུང་སྒྲུབས༔ ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས༔ སྔགས་འཆང་ང་ཡི་བཀའ་མ་བཅག༔ གུམ་གུམ་ཆུམ་ཆུམ་དམ་ལ་འདུས༔ དེ་སྐད་བཀའ་བསྩལ་གསུངས་པ་དང༔ བོད་ཁམས་ཁ་བ་ཅན་ལྗོངས་ཀྱི༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ཀུན་གྱིས་རང་གི་གཟུགས་མཆོག་བསྟན༔ ལ་ལས་རང་སྲོག་མདོངས་གསོལ་ཕུལ༔ ལ་ལས་བཀའ་འབངས་བྲན་དུ་བྱས༔ ལ་ལས་བསྟན་པ་སྲུང་བར་བྱས༔ ལ་ལས་རང་གི་ཐ་ཚིག་བཅས༔ ཀུན་གྱིས་ཆོས་འཁོར་སྐྱོང་བར་བྱས༔ ཐམས་ཅད་ལོག་པའི་ལས་ལས་བཟློགས༔ སློབ་དཔོན་པདྨའི་གསུང་བཞིན་བསྒྲུབས༔ ལྷ་ཁང་བརྩིགས་ཤིང་མཐུན་རྐྱེན་བསྒྲུབས༔ ཁྲི་སྲོང་ལྡེའུ་བཙན་དགོངས་པ་བསྐངས༔ བོད་ཁམས་ཁ་ལོ་དཀར་པོར་བསྒྱུར༔ བསམ་ཡས་ལྷུན་གྱིས་གྲུབ་པར་མཛད༔ བསམ་ཡས་ཆུ་རྒྱུན་ནེའུ་སེང་དུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སློབ་མ་བོད་ཀྱི་རྗེ་འབངས་ལ༔ མན་ངག་ལྟ་ཕྲེང་བཤད་པའི་ཚེ༔ ཕྱི་ནང་བཀའ་སྲུང་ལྷ་སྲིན་དང༔ ཁྱད་པར་བོད་ཁམས་ལྷ་སྲིན་ལ༔ བཀའ་ནན་བསྩལ་ཏེ་བཀའ་སྲུང་བསྐོས༔ ཁྲིམས་གཉིས་ལེགས་ཉེས་བྱ་རར་བཞག༔ ལྷ་སྲིན་ཀུན་གྱིས་ཐ་ཚིག་བཅས༔ སློབ་དཔོན་བཀའ་བཞིན་བསྒྲུབ་པ་དང༔ རྒྱལ་པོའི་ཁྲིམས་བཞིན་སྐྱོང་བ་ལ༔ དུས་རྣམས་ཀུན་ཏུ་བསྲུང་བར་བྱས༔ ཁྲིམས་གཉིས་གཞུང་བཞིན་མི་སྐྱོང་བའི༔ ཉམས་པ་བདུན་སོགས་ཞིང་བཅུ་ལ༔ བཀའ་ཁྲིམས་ཆད་པ་འབེབ་པར་བྱས༔ དཔལ་གྱི་བསམ་ཡས་ལ་སོགས་པའི༔ ཆོས་འཁོར་བསྟན་པ་བསྲུང་བར་བྱས༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་ན༔ ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན༔ སྤྱན་དྲངས་པེ་དཀར་གླིང་དུ་བཞུགས༔ ཆོས་འཁོར་དཀོར་ཁང་སྲུང་མར་བསྐོས༔ བསྟན་པ་བསྲུང་བར་ཆད་མདོ་བྱས༔ སྲོག་ཕུལ་བྲན་དུ་ཁས་བླངས་ནས༔ མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་བཞེངས༔ གསང་སྔགས་བསྟན་པ་དར་རྒྱས་མཛད༔ མཁའ་འགྲོ་གིང་དང་ལང་ཀ་དང༔ དབང་ཕྱུག་དཔལ་ལྡན་རེ་མ་ཏི༔ མ་མོ་བདུན་དང་སྲིང་མོ་བཞི༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ དབང་དམ་བྱིན་ནས་སྲུང་མར་བསྐོས༔ སློབ་དཔོན་བསྟན་པ་བསྲུང་བར་བྱས༔ མ་འོངས་སྙིགས་མའི་དོན་གྱི་ཕྱིར༔ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ དྲག་པོ་ཡོངས་རྫོགས་སྒྲུབ་པ་མཛད༔ དྲེགས་པའི་འཁོར་ཚོགས་འབངས་སུ་བསྡུས༔ ཕྱི་རབས་དོན་དུ་གསང་བ་ཡི༔ ཐུགས་གཏེར་བླ་གཏེར་དཔག་མེད་རྣམས༔ ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སྦས༔ གཏེར་བདག་གཏེར་སྲུང་མང་པོ་བསྐོས༔ སློབ་དཔོན་རྡོ་རྗེ་གྲོ་ལོད་ཀྱིས༔ ལྷ་སྲིན་ཀུན་ལ་བཀའ་ནན་གསུངས༔ ཕྱི་མ་མ་འོངས་དུས་དག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ མཚན་ཙམ་འཛིན་ཅིང་སྨྲོས་པ་ཡང༔ ལྷ་སྲིན་གཏེར་སྲུང་ཐམས་ཅད་ཀྱིས༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་ནས་ཁུར་བར་བྱས༔ དེ་ཡི་དགོངས་པ་གང་ཡང་རུང༔ མ་ལུས་རྫོགས་པར་བསྒྲུབ་པར་བྱས༔ གལ་ཏེ་བཀའ་བཞིན་མ་བྱས་ན༔ ལྷ་སྲིན་ཁྱོད་ཀྱི་མགོ་ལུས་སྙིང༔ བཀས་གཏུབ་དུམ་བུར་རུལ་མྱག་འགྱུར༔ ཡཀྴ་མེ་དབལ་ཁྲོ་བོ་ཡིས༔ སྙིང་ཁྲག་འཇིབས་ཏེ་འཐུང་བར་འགྱུར༔ ཕྱི་མ་རབ་ཏུ་ཚ་བ་སོགས༔ དམྱལ་བར་ལྟུང་སྟེ་འབོད་དོ་ཞེས༔ བཀའ་བསྩལ་རང་གིས་ཁས་བླངས་པ༔ སྔོན་གྱི་ཐུགས་དམ་དྲན་པར་མཛོད༔ དམ་ནོས་བཞིན་དུ་དམ་ལ་འདུས༔ བདག་ནི་སྔགས་འཆང་རྣལ་འབྱོར་པ༔ སློབ་དཔོན་པདྨའི་བཀའ་བརྒྱུད་འཛིན༔ གསང་སྔགས་ཐེག་པའི་དམ་ཚིག་འཆང༔ ཆོས་ཉིད་ལྟ་བའི་ཀློང་ན་འཕྱོ༔ རྩེ་གཅིག་ཏིང་འཛིན་ལྷ་སྐུར་གསལ༔ རང་རིག་ཡེ་ཤེས་རང་དབང་ཐོབ༔ རང་བྱུང་མཐའ་བྲལ་འགག་མེད་སྤྱོད༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་སྨིན༔ དམ་ཅན་ཀུན་དང་དམ་ཚིག་ཅན༔ མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པར་བྱས༔ རང་རང་ཆད་ཐོ་ཇི་ལྟ་བཞིན༔ དམ་ཚིག་བསྲུང་དུ་གནས་འདིར་བྱོན༔ དམ་བཅའ་ལ་སོགས་དམ་མ་འདའ༔ ཚུར་འདུས་ཞི་ཞིང་འཁུ་མ་ལྡོག༔ ཁྱོད་ལ་མཐུན་པའི་ཡས་འབུལ་ལོ༔ དགའ་བའི་ལས་སུ་འབད་ནས་མཆོད༔ དཀོན་པའི་རྒྱུ་རུ་བཤམས་ནས་འབུལ༔ རི་རབ་གླིང་བཞི་གཏོར་མ་དང༔ མདའ་འཕང་ནམ་མཁའ་གོས་རྒྱན་དང༔ འབྲུ་བཅུད་གསེར་སྐྱེམས་བསང་བཤོས་དང༔ འབྲང་རྒྱས་ཞལ་དཀར་མདའ་དར་དང༔ གསེར་གཡུ་རིན་ཆེན་དར་ཟབ་དང༔ སྤྱན་གཟིགས་མཛེས་པའི་ཡོ་བྱད་སོགས༔ ནངས་ཀྱི་དྲོ་རུ་བཤམས་ནས་འབུལ༔ ནུབ་ཀྱི་དགོང་དང་སྦྱར་ཏེ་འདྲེན༔ གསོལ་ལོ་རོལ་ཅིག་དགྱེས་པར་མཛོད༔ ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ཀྱིས༔ སྔགས་འཆང་བསམ་པ་སྒྲུབ་ཏུ་གསོལ༔ སྔོན་གྱི་ཐུགས་རྗེ་རྗེས་སུ་དགོངས༔ དཀོན་མཆོག་གསུམ་གྱི་བཀའ་མ་བཅག༔ དམ་པ་ཆོས་ཀྱི་ཚུལ་མ་དབྲལ༔ དགེ་འདུན་འདུས་པའི་གནས་མ་བཤིགས༔ པདྨ་འབྱུང་གནས་བཀའ་མ་བཅག༔ དམ་རྫས་མཆོད་པ་ཆུད་མ་གསན༔ བདེན་པའི་སྨྲང་འདི་ཟུར་མ་གཅོག༔ ཞི་བདེའི་ཆོས་ལས་ཡིད་མ་གཡེལ༔ བཀའ་མ་གཅོག་ཅིང་དམ་མ་དབྲལ༔ གནས་འདི་སློབ་དཔོན་པདྨའི་གནས༔ བཀའ་འདི་ཨོ་རྒྱན་པདྨའི་བཀའ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྟོད༔ མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས༔ འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློགས༔ ནད་ཁ་ཆིངས་ཤིག་དལ་ཁ་སྒྱུར༔ ཁྲམ་བམ་ཕྱིས་ཤིག་ཤོ་རྡེ་སོལ༔ མི་ཕྱུགས་ནད་དང་གོད་ཁ་སྡོམས༔ མཐའ་ཡི་དམག་འཁྲུགས་ཕྱིར་ལ་ཟློགས༔ དམག་དཔུང་ཆོམས་ལ་མཚོན་ཆ་བཏུལ༔ དབུས་གཙང་ནད་འཁྲུགས་ཞི་བར་སྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ཟློགས༔ འབྲུ་ཕྱུགས་རྩི་བཅུད་འཕེལ་བར་མཛོད༔ སད་སེར་བཙའ་དང་འབུ་སྲིན་སྲུངས༔ རང་རང་ཁས་བླངས་དམ་བཅས་བཞིན༔ བཅོལ་པའི་དམ་ཚིག་དྲན་པར་མཛོད༔ སློབ་དཔོན་བཀའ་ལས་འདའ་བ་དང༔ སྔགས་འཆང་བརྙས་པར་བྱེད་པ་དང༔ བོད་ཁམས་མ་རུངས་བྱེད་པ་ཡི༔ བདུད་དང་འགོང་པོ་དམ་སྲི་དང༔ དམག་དཔོན་དམག་དཔུང་བདུད་ཀྱི་རིགས༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་རློགས༔ རང་གིས་སྦྱོར་ངན་རང་ལ་ཟློགས༔ ལུས་ངག་ཡིད་གསུམ་ནུས་པ་ཆོམས༔ བདུད་དང་བར་ཆད་ཐམས་ཅད་ཟློགས༔ སྔགས་འཆང་ང་ཡི་རེ་བ་སྐོངས༔ བདེན་པའི་ངག་འདི་མཐར་ཕྱིན་མཛོད༔ དེ་ལྟར་སྔོན་གྱི་ཆད་ཐོ་བཞིན༔ བཀའ་བསྒོས་དམ་ཚིག་མ་ཉན་ན༔ བཀའ་ཡི་ཆད་པས་མི་སྡིགས་སམ༔ ངན་སོང་དམྱལ་བར་མི་འཚེར་རམ༔ ཁྲོ་བོ་ཡཀྴ་མེ་དབལ་གྱིས༔ ལུས་ངག་རྡུལ་དུ་མི་རློག་གམ༔ རང་སྔགས་ནུས་པ་རང་ཉིད་ཀྱིས༔ རང་སྲོག་གཅོད་པས་མི་འཆི་འམ༔ དེ་བས་དམ་ཚིག་གཉན་ལ་དགོངས༔ དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས༔ ང་ཡང་གསང་བའི་དམ་མི་འདའ༔ ཁྱེད་ཀྱང་གསང་བའི་དམ་མ་འདའ༔ ཁྱེད་ཀྱང་བཀའ་ལས་མ་འདའ་ཞིག༔ ས་མ་ཡ་ལ་རྩེན་པར་མཛོད༔ ཅེས་པས་དམ་བརྡར་ཕྲིན་ལས་གཞོལ༔ བདུད་རིགས་གདུག་པའི་དམ་ལོག་རྣམས༔ ལིངྒ་བཅས་ལ་རྣམ་ཤེས་བཀུག༔ པདྨ་དྲག་པོའི་སྐུར་བསྒོམས་ལ༔ ཤིན་ཏུ་བརྟན་པའི་ང་རྒྱལ་སྐྱེད༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་འབར་བ་གདེངས༔ ཕྱག་གཡོན་ཕུར་པས་དགྲ་སྙིང་གཟིར༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་ནས༔ བཀའ་བརྒྱད་ཁྲོ་བོའི་འཁོར་དང་བཅས༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ མངོན་སྤྱོད་ཕྲིན་ལས་སྒྲུབ་ལ་བརྩོན༔ བདེན་པའི་བཀའ་ལ་མི་ཉན་ཅིང༔ སྐྱེ་འགྲོ་ཡོངས་ཀྱི་དགྲར་གྱུར་པའི༔ གནོད་བྱེད་ཐམས་ཅད་རྡུལ་དུ་རློགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ དུས་ལ་བབ་བོ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧཱུྃ༔ ཀཱི་ལི་ཀཱི་ལ་ཡ༔ ནྲྀ་ཏྲི་སརྦ་དུཥྚཱཾ༔ ཏྲིག་ནན་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ ཅེས་པས་ཕུར་བུ་གདབ་ལ་བསྒྲལ༔ བསྟབ་བསྲེག་འཕང་དང་མནན་པ་སོགས༔ སྐབས་ཀྱིས་ཇི་ལྟར་རིགས་པ་བྱ༔ ལྷ་སྲིན་ཟིལ་གྱིས་མནན་པ་ནི༔ བཛྲ་སརྦ་དུཥྚཱཾ་ཨེ་ཡ་མ་ཡ་མ་མ་ཧཱ་དེ་ཝ་ཨ་རུ་དྲ་མུན་མུ་ཐུན་མུ་ཐུཾ༔ ཤུ་ལ་ཛ༔ རཱ་ཙ་ཙ༔ གྷྲི་བ་ཙ་ཛ༔ རཀྴ་ར༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ ས་ནཱ་ག་ཕུ༔ ཧུར་ཐུམས་ཛ༔ ཞེས་པས་གཟིར་ཞིང་ཟིལ་གྱིས་མནན༔ ཚོགས་འཁོར་མ་ཉམས་དགའ་སྟོན་བྱ༔ སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ ཉམས་ཀྱིས་བྲོ་བརྡུང་གླུ་སྐད་བླང༔ སློབ་དཔོན་ཡོན་གྱིས་དགྱེས་པར་བྱས༔ བཀའ་བསྒྱུར་གཏོར་ཟློག་ཟོར་ཐུན་བྲིམ༔ བྷྱོཿདང་ཟློག་གི་གདངས་སྒྲ་བརྗོད༔ བོད་ལྟར་མཚོན་དབལ་ཕྱི་རུ་བསྟན༔ དེ་ལྟར་བྱས་པར་གྱུར་པ་ན༔ དམག་ཟློག་ནད་རིམས་ཡོད་ན་ཆད༔ དམོད་ངན་ཐུབ་ཅིང་ཟོར་ཁ་ཟློག༔ སད་སེར་ལོ་དགྲ་འབྱུང་མི་འགྱུར༔ ལེགས་པའི་ཡོན་ཏན་བརྗོད་ལས་འདས༔ ལ་སྒོ་ས་འབྱེད་བདེ་བར་འགྱུར༔ ཡུལ་མཁར་འཛིན་ན་བཀྲ་ཤིས་བརྟན༔ གཡུལ་འཐབ་པ་ན་རྒྱལ་བར་འགྱུར༔ བན་སྔགས་མཐུ་བྱེད་ནུས་པ་ཆེ༔ སྲི་དང་ཤི་ཁ་ཆོད་པར་འགྱུར༔ ལོ་ལེགས་འབྲུ་ཕྱུགས་སྨིན་པར་འགྱུར༔ དགེ་ལེགས་ཚོགས་འཕེལ་བདེ་སྐྱིད་འབྱུང༔ ཕྱི་རབས་ལས་ཅན་པདྨའི་སྲས༔ བྱང་སེམས་བརྩོན་འགྲུས་ཅན་དང་འདི་འཕྲད་ནས༔ ལྷ་སྲིན་དམ་ལ་འདོགས་པར་ཤོག༔ ཅེས་གསུངས་ཏེ་གཏེར་དུ་སྦས་སོ༔ དེ་ཉིད་གཏེར་སྟོན་མང་སོ་བྱང་ཆུབ་གླིང་པ་ཤྲཱི་དྷྭ་ཛས་གདན་དྲངས་ཏེ་ལྷོ་བོད་མཚམས་སུ་ཤོག་སེར་ལས་བཤུས་པའོ། །འདིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །འདི་བྱེད་པ་མི་དཔོན་ཆོས་ལྡན་ནས། སྡེ་བ་ཆོས་མཐུན་ནམ། མདོར་ན་རྒྱལ་ཁྲིམས་ཚུལ་བཞིན་དུ་བྱེད་ཅིང་དམ་ལ་གནས་པའི་དོན་དུ་བྱེད་དེ་ཤིན་ཏུ་ཕན་ཡོན་ཆེའོ། །བྱེད་མཁན་ཡང་ལུང་དང་མན་ངག་ཐོབ་པ། ལྷ་བསྙེན་ཚད་དུ་ཐེམས་པ། སློབ་དཔོན་པདྨ་ལ་མི་ཕྱེད་པའི་དད་པ་ཐོབ་པས་བྱས་ན་ཤིན་ཏུ་ཉན། དམ་མེད་བདུད་རིགས་ཀྱི་ས་རུ་ལུང་མེད་གང་བྱུང་བྱུང་གིས་བྱས་ན་ལྷ་སྲིན་ཁྲོས་ཏེ་གནོད་པར་འགྱུར་སྲིད་པས་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ། །སློབ་དཔོན་པདྨའི་བཀའ་ནན་རབ་བརྗིད་དོན་གྲུབ་ཅེས་བྱ་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).