Terdzo-NI-062
བླ་མ་དགོངས་པ་འདུས་པ་ལས༔ རྨི་ལམ་བཟང་ངན་བརྡ་རྟགས་ཀྱི་རིམ་པ་
by སངས་རྒྱས་གླིང་པ་ (Sangye Lingpa)
revealed by སངས་རྒྱས་གླིང་པ་ (Sangye Lingpa)
in cycle བླ་མ་དགོངས་པ་འདུས་པ་ (Bla ma dgongs pa 'dus pa)
Volume 42 (ནི) / Pages 961-971 / Folios 1a1 to 6a4
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྨི་ལམ་བཟང་ངན་བརྡ་རྟགས་ཀྱི་རིམ་པ་ཞེས་བྱ་བ་བཞུགས་སོ༔ གནས་སྐབས་རྟེན་འབྲེལ་གྱི་མངོན་ཤེས་དྲུག་གོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས༔ རྨི་ལམ་བཟང་ངན་གྱི་ལ་ཉེ་བརྟག་པར་འདོད་ན༔ དབེན་པའི་གནས་སུ་གཟའ་སྐར་བཟང་ཞིང་ཚེས་བརྒྱད་ལ་སོགས་པ་ཡར་ངོ་ལ་གནས་གཙང་མའི་སར་བརྟག་པར་བྱ་སྟེ༔ འདི་ལ་གསུམ་སྟེ༔ དང་པོ་བསྙེན་ཅིང་བསྒྲུབ་པ༔ དེ་ནས་ལས་ལ་སྦྱར་བ༔ དེ་ནས་བརྟག་པ་དངོས་སོ༔ དང་པོ་ནི༔ གཙང་མའི་གནས་སུ་ཕྱག་བརྡར་དང་རྐྱང་ནུལ་བྱ༔ དྲི་བཟང་པོའི་ཆུས་ཆག་ཆག་གདབ༔ གུ་གུལ་ལམ་སྤོས་ཀྱིས་བདུག༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོའི་སྐུ་རྟེན་དང་མཆོད་པ་བཤམ༔ དཀར་གསུམ་མངར་གསུམ་གྱི་གཏོར་མ་བཅའ༔ སྒྲུབ་པ་པོ་རང་ཉིད་ཁྲུས་བྱ༔ སྤོས་ཀྱིས་བདུག༔ གོས་གསར་དྲི་མ་མེད་པ་གོན༔ ཤ་ཆང་སྒོག་གསུམ་སྤངས་ལ༔ སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས༔ སྐད་ཅིག་གིས་རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཐུགས་ཀར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ༔ གཡས་ས་གནོན་གཡོན་མཉམ་གཞག་མཛད་དེ༔ སྤྲུལ་པ་སྐུའི་ཆ་ལུགས་ཅན་བསྒོམས་ལ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང༔ མཆོད་པས་ཀྱང་མཆོད་དེ༔ གཞན་དང་ངག་མ་འདྲེས་པར༔ ཨོཾ་བུདྡྷ་ཙུ་རུ་ཀེ༔ མ་ཧཱ་ཙུ་རུ་ཀེ་ཧྲཱིཿམུཾ་སྭཱ་ཧཱ༔ ཞེས་ཞག་གསུམ་གྱི་བར་དུ་བཟླས་ཤིང༔ ཙནྡན་དཀར་དམར༔ རུ་རྟ་རྣམས་རྩི་བཞིན་བཏགས་ཏེ༔ བུད་མེད་དམ་མོ་གསར་གཙང་མ་ལ་ཁྱེའུ་གཅིག་སྐྱེས་པས་ཞོ་མ་འཐུངས་པའི་འོ་མ་དང༔ ར་མར་སྦྱར་བའི་འདེ་གུ་ལ་བཏབ༔ དེ་གཞན་སྐྱེ་འགྲོ་གང་གིས་ཀྱང་མ་མཐོང་བ་དང༔ སྒྲུབ་པ་བྱེད་པ་གཞན་གྱིས་མ་རིག་པར་གསང་བར་བྱའོ༔ དེས་དབང་པོ་གསལ༔ རིགས་པ་དྭངས༔ རྨི་ལམ་གང་རྨིས་ཐམས་ཅད་མི་འགྲིབ་པར་ས་ལེ་འབྱུང་ཞིང༔ སྒྲིབ་པ་བྱང་བའི་ལྟས་སྤྱི་མཐུན་དང༔ གྲོགས་རྨིས་ཀྱང་འབྱུང་བར་འགྱུར་རོ༔ ཐུན་གྱི་བར་སྐབས་སུ་བླ་མ་ཡི་དམ་མཁའ་འགྲོ་དང༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་གཏོར་མ་ཀྲི་ཡ་ལྟར་འབུལ་བར་བྱའོ༔ ༈ གཉིས་པ་ལས་ལ་སྦྱར་བ་ནི༔ རྨི་ལམ་ནམ་བརྟག་པར་འདོད་པའི་ཚེ༔ སྔ་མ་ལྟར་ཡར་ངོ་ལ་བབ་པའི་དུས༔ ཡིད་དང་མཐུན་པའི་གནས་གཙང་མར་བྱུག་བདུག་བྱ་ཞིང༔ སྔས་བྱང་དུ་གཏད་པའི་སྔས་མགོར༔ གནས་གསུམ་གྱི་ལྷའི་སྐུ་རྟེན་ཙཀ་ལི་ལ་སོགས་བཀྲམ་པའི་མདུན་དུ་མཆོད་པ་རྣམ་ལྔ་དང༔ དཀར་གསུམ་མངར་གསུམ་གྱིས་བརྒྱན་པའི་གཏོར་མ་བཤམ༔ གོས་གདན་རྣམས་གཙང་མར་བགོ༔ རང་ཉིད་ཁྲུས་བྱ༔ སྤོས་ཀྱིས་བདུག༔ རྨི་ལམ་བརྟག་སྙམ་པའི་འདུན་པ་མ་ཡེངས་པར་དྲག་ཏུ་གཏད་དེ༔ སྔས་ཀྱི་རྟེན་གསུམ་གསལ་གདབ་ལ་ཡན་ལག་བདུན་པ་དང་གཏོར་མ་འབུལ༔ དེ་ནས་དང་པོ་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཡི་གེ་བརྒྱ་པའི་བཟླས་པ་ཅི་འགྲུབ་བྱ༔ དེ་ནས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ༔ རང་ཉིད་ཀྱི་ལུས་ཤེལ་དཀར་གྱི་གོང་བུ་དྲི་མ་དང་བྲལ་བ་ངང་ཧྲི་ལེ་བ་གཅིག་ཏུ་བསམ༔ རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་གཅིག་ཤེལ་གྱི་ཁང་བུའི་དཀྱིལ་དུ་ལམ་མེར་འདུག་པ་ལ༔ ཤེས་པ་མ་ཡེངས་པར་གཏད་དེ༔ གོང་གི་རྩ་སྔགས་དང༔ ཨོཾ་མུ་ཙི་ནི་སྭཱ་ཧཱ༔ ཨོཾ་མུ་ཁ་ལེ་ནི་སྭཱ་ཧཱ༔ ཨོཾ་མོ་ཧཱ་ནི་སྭཱ་ཧཱ༔ ཨོཾ་དན་ཏ་ལི་སྭཱ་ཧཱ༔ ཨོཾ་སུ་ཏེ་ལ་དུར་མི་སིདྡྷི་སྭཱ་ཧཱ༔ ཞེས་སྟོང་བཟླས་ཏེ་སྔར་བསྙེན་པ་བྱས་པའི་རྗེས་ལ་གཉིད་དུ་འགྲོ་ལ་ཁད་པའི་ཚེ༔ རང་གི་གནས་གསུམ་དུ་ཐིག་ལེ་རེ་བྱ༔ ལྟག་རྩར་ཡང་ཐིག་ལེ་བྱ༔ དབང་པོའི་སྒོ༔ མིག༔ རྣ་བ༔ སྣ༔ ལྕེ་རྣམས་ལ་ཡང་ཐིག་ལེ་རེ་བྱ༔ དེ་ནས་མདུན་གྱི་དམིགས་རྟེན་སྣང་བ་མཐའ་ཡས་ཚུར་རྒྱངས་ཀྱིས་བྱོན་ནས་སྤྱི་བོར་ཐིམ༔ དེ་བཞིན་དུ་སྤྱན་རས་གཟིགས་མགྲིན་པར༔ ཐུབ་པ་སྙིང་གར་ཐིམ་པར་བསམ་ཞིང༔ སེང་གེའི་ཉལ་སྟབས་སུ་ཉལ་ནས་ འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས༔ བདག་གི་རྨི་ལམ་དུ་དགེ་མི་དགེ་དང༔ དུས་གསུམ་གྱི་སྐྱེ་བ་སོགས་ལེགས་པར་བསྟན་དུ་གསོལ༔ ཞེས་སོགས་གང་འདོད་པའི་དོན་ཡིད་ལ་མ་ཡེངས་པར་བསམ༔ ངག་ནས་ཀྱང་འདོད་གསོལ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ༔ དེ་ལྟར་བརྟག་པའི་དུས༔ ཕྱི་དྲོའི་ཁ་ཟས་སྤངས་ནས་བརྟགས་ཤིང༔ གོས་ཧ་ཅང་དྲོ་བ་མ་ཡིན༔ གྲང་བ་མ་ཡིན་པར་གྱོན་ནས་ཉལ་ཅིང༔ ཁྱད་པར་དུ་གཉིད་ལ་འགྲོ་ལ་ཁད་པའི་ཚེ༔ འདོད་པའི་དོན་ཡིད་ལ་བསམ་ནས༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་བྱ༔ གཉིད་ནམ་སད་པའི་དུས་སུ་དྲན་ཤེས་ཀྱིས་བཟུང་ཞིང་དམིགས་པ་གསལ་གདབ༔ རྨི་ལམ་ཅི་རྨིས་ངོས་བཟུང་བར་བྱའོ༔ ༈ གསུམ་པ་རྨི་ལམ་བརྟག་པར་བྱ་བ་ནི༔ ནམ་སྲོད་ཀྱི་དུས་ཕལ་ཆེར་བག་ཆགས་ཀྱི་རྨི་ལམ་འཆར༔ གུང་ལ་ཉོན་མོངས་པའི་རྨི་ལམ་འཆར༔ ཐོ་རངས་རྟེན་འབྲེལ་བཟང་ངན་གྱི་རྨི་ལམ་འཆར་ཞིང༔ ལ་ལར་ངེས་མེད་དུ་འབྱུང་བའང་ཡོད་དེ༔ འདི་ལ་བདུན༔ བརྡ་བརྟག་པ༔ བཟང་པོ་བརྟག་པ༔ ངན་པ་བརྟག་པ༔ སྤེལ་མ༔ བཟང་བཟང་འདྲ་ལ་ངན་པ༔ ངན་ངན་འདྲ་ལ་བཟང་བར་འབྱུང་བ༔ ལུང་མ་བསྟན་བརྟག་པའི་རིམ་པའོ༔ དེ་ཡང་དང་པོ་ནི༔ རྨི་ལམ་དུ་ལུང་བསྟན་པའི་བརྡ་འབྱུང་བ་ནི༔ བུ་མོ་གཙང་མའམ༔ ཁྱེའུ་ཟུར་ཕུད་ཅན་ནམ༔ བཙུན་པ་ཆས་བཟང་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་ཏེ༔ མདོར་ན་གཙང་ཞིང་ཡིད་དང་མཐུན་པས་བརྡ་སྣ་ཚོགས་སྟོན་ཅིང༔ རབ་ངག་གིས་བརྗོད༔ འབྲིང་རྣམ་འགྱུར་དང་ཡི་གེ་སྟོན༔ ཐ་མ་བརྡ་རིས་བྱེད་པ་འབྱུང་བས༔ དེ་རྣམས་ཀྱི་བྱེ་བྲག་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱའོ༔ དེ་ཡང་ཡང་ནས་ཡང་དུ་བསྐྱར་བས་ཇེ་གསལ་ཇེ་གསལ་དུ་འབྱུང་ངོ༔ གཉིས་པ་བཟང་པོ་ངོས་གཟུང་བ་ནི༔ ནམ་ལངས་པ༔ ཉི་མ་ཤར་བ༔ རྩི་ཤིང་ནགས་ཚལ་རྒྱས་པ༔ ལོ་འབྲས་དར་ཞིང་སྨིན་པ༔ གྲུ་ཟམ་བཙུགས་པ༔ ཆུ་བོ་ཆེ་ལས་བརྒལ་པ༔ འཇིགས་པའི་འཕྲང་ལས་ཐར་པ༔ གྱེན་དུ་འགྲོ་བ༔ རང་ལུས་ཆས་བཟང་པོས་བརྒྱན་པ༔ རང་རང་གི་ལག་ཆ་བཟང་ཞིང་མ་རྨོངས་པ༔ གོས་གསར་གྱོན་པ༔ སྣོད་ཀྱི་རིགས་གང་བ༔ རང་ལ་གཞན་གྱིས་བཀུར་སྟི་དང་ཕུ་དུད་བྱེད་པ༔ གཞན་དང་འཐབ་རྩོད་བྱས་པས་རང་རྒྱལ་བ༔ ལོངས་སྤྱོད་ཀྱི་རྫས་དངོས་གྲུབ་ཏུ་ཚུར་ལ་བྱུང་ཞིང༔ རང་གིས་ལོངས་སྤྱོད་པ༔ ཁྲུས་བྱས་པ༔ ཡིད་འོང་གྲོགས་དང་འཕྲད་པ༔ རོལ་མོ་འབུད་དཀྲོལ་བྱེད་པས༔ སྐད་བཟང་པོ་གྲགས་པ༔ ཤིང་བསྐྲུན་བཙུགས་པ༔ དར་ཆེན་འཕྱར་བ༔ མཁར་ལེན་བཟང་པོ་བྱེད་པ༔ རྫིང་བསྐྱིལ་བ༔ ཡུར་བ་དྲོངས་པ༔ ལྕགས་རི་ལ་སོགས་རིབ་མས་བསྐོར་པ༔ གཞན་བཅོམ་བརྡུངས་བྱས་ནས་ཐུལ་པ༔ མདའ་རྡོ་ལ་སོགས་པ་འཕངས་པས་གཏད་པའི་འབེན་ལ་ཕོག་པ༔ འབྲུའི་ཚོགས་ལ་ལོངས་སྤྱོད་པ༔ བཟའ་བཏུང་ངོམས་འགྲངས་སུ་སྤྱད་པ༔ མཆོད་རྫས་བཟང་པོ་བཤམས་པ༔ གཏེར་རྙེད་པ་ལ་སོགས་པ་མདོར་ན༔ སྒྲིབ་པ་དག་པ༔ ལོངས་སྤྱོད་འཕེལ་བ༔ ཚེ་རྒྱས་པ༔ རང་གིས་ཅི་ལྟར་འདོད་པའི་ལྟས་རྨི་བར་འགྱུར་རོ༔ གསུམ་པ་ངན་པའི་རྟགས་ནི༔ སྤྱིར་གོང་མའི་བཟང་པོ་དེ་རྣམས་ལས་ལོག་པ༔ མུན་པ་སྲོས་པ༔ རྩི་ཤིང་ནགས་ཚལ་སྐམ་པ༔ ལོ་འབྲས་སད་སེར་གྱིས་བཅོམ་པ༔ ཉི་ཟླ་ནུབ་པ་དང་གཟས་ཟིན་པ༔ གྲུ་ཟམ་ཞིག་པ༔ ལ་ཆུ་འཕྲང་གསུམ་ལས་མ་ཐར་བ༔ ཐུར་དུ་རྒྱུག་པ༔ བཙོན་དུ་བཟུང་བ་དང༔ ཁྲི་མུན་དོང་དུ་བསྐྱུར་བ་དང༔ རང་གི་ཆས་གོས་ངན་པ༔ ལུས་རྒུད་པ༔ སྐྲ་དང་ཁ་སྤུ་བྲེགས་སམ་ཚིག་པ་བྱི་བ༔ ལག་ཆ་ཕྱག་མཚན་དང་མདའ་གཞུ་གྲི་སོགས་ཆག་པ་ལ་སོགས་སྔ་མ་ལས་ལོག་ཅིང༔ ཐོག་སེར་གྱི་རྦབ་ཀྱིས་དེད་པ༔ གཡང་ལ་ལྷུང་བ༔ གོས་ངན་གྱོན་ནས་ཉལ་བ༔ ལུས་ལ་ཁྲག་ངན་ལ་སོགས་པ་དང་རྫས་ངན་གྱིས་བྱུག་ཅིང་གོས་པ༔ མི་གཙང་བའི་འདམ་དུ་བྱིང་བ༔ ལུས་ལ་འབུ་སྦྲང་ལ་སོགས་པས་བཟའ་བ༔ ཟས་ངན་ཟོས་པ༔ བྱ་གཅན་དེད་པ༔ ས་རྡིབ་ཀྱིས་ནོན་པ༔ ས་མཁར་ཞིག་དང་གས་པ་དང༔ ལམ་སྟོར་བ༔ གཤིན་པོའི་ཚོགས་ཀྱིས་བསྐོར་དང་ཁྲིད་པ༔ རླུང་དམར་འཚུབས་མས་དེད་པ༔ ལུས་དྲྭ་བའི་ནང་དུ་ཚུད་པ༔ མདའ་མདུང་ལ་སོགས་པའི་མཚོན་ཆས་གཟིར་བ༔ མཛེ་ཕོ་དང་ལོང་སྤྲང་ལ་སོགས་པས་བཟའ་བཏུང་བསླང་ཞིང་བསྙད་པ་དང༔ བུ་ལོན་དེད་པ༔ མི་དགའ་བའི་མིས་རང་དབང་མེད་པར་ཁྲིད་པ༔ རླུང་དམར་འཚུབ་མས་དེད་པ༔ བོང་བུ་ནག་པོ་ལ་ཞོན་པ༔ རྟ་རྒོད་ལ་ཞོན་ནས་དབང་མེད་དུ་ཁྲིད་པ༔ རམ་རུག་སྦང་གཡེར་ལ་སོགས་མི་ཁའི་རྫས་ལ་སྤྱོད་པ༔ རང་ཉིད་གཅིག་པུར་རྒྱུས་མེད་འཁྱམས་པ་ལ་སོགས་པ་མདོར་ན༔ ཚེ་ལ་བར་ཆད་འབྱུང་བ་དང༔ དངོས་གྲུབ་ཉམས་པ་དང༔ ལན་ཆགས་འདུ་བ་དང༔ ཕ་རོལ་གྱི་བྱད་ཟུག་པ་དང༔ ནད་འཇུག་པ་དང༔ མི་ཁ་འདུ་བ་དང༔ བསམ་པའི་དོན་མི་འགྲུབ་པ་དང༔ ཁ་སྨྲས་གླེང་གཞི་གྱོད་ཐུག་འབྱུང་བ་དང༔ ལས་ཀྱི་སྒྲིབ་པ་ཆེ་བ་དང༔ ངན་སོང་དུ་འགྲོ་བ་ལ་སོགས་པའི་ལྟས་མང་པོ་འབྱུང༔ ལ་ལར་གདོན་གྱི་ཆོ་འཕྲུལ་དང་སློང་དང༔ ཆོས་སྐྱོང་དང་ཕོ་ཉ་ལ་སོགས་པའི་ཆོ་འཕྲུལ་འཁུ་ལྡོག་འབྱུང་བ་རྣམས་ནི་མ་ངེས་པས་བརྟག་པར་བྱའོ༔ བཞི་པ་བཟང་ངན་སྤེལ་མར་འབྱུང་བ་ནི༔ སྲོད་ཐོ་རངས་ཀྱི་བཟང་ངན་སྤེལ་མ་ལ་ངེས་པ་མེད་ཅིང༔ དང་པོ་བཟང་ནས་ཕྱིས་ངན་ན༔ ངན་པའི་ཕྱོགས་སུ་འགྱུར༔ དང་པོ་ངན་ནས་ཕྱིས་བཟང་ན་བཟང་པོར་འགྱུར༔ སྤེལ་ཞིང་མ་ཤེས་ན་ཆོ་འཕྲུལ་དུ་ཤེས་པར་བྱའོ༔ ལྔ་པ་བཟང་བཟང་འདྲ་ལ་ངན་པའི་རིགས་ནི༔ རང་གི་ཁང་པ་དང་ས་ཆར༔ གཞན་གྱི་དར་ཆེན་འཕྱར་བ་དང༔ མང་པོས་བཏེགས་ནས་ཁྱེར་བ་དང༔ ལུས་ལ་གོས་དམར་པོ་གསར་པ་གོན་ཅིང༔ མགོ་ཞྭ་ནག་གིས་གཏུམ་པའམ༔ ཐོད་ནག་པོ་དང་སྔོན་པོ་བཅིང་བ༔ ཤིང་ཆེན་གྱི་རྩེ་ལ་འཛེག་པ་དང༔ ལ་བོ་ཆེ་བརྒལ་ནས་ལུང་པ་སྔར་མ་ཕྱིན་པའི་སར་ཕྱིན་པ་དང༔ མར་ཁུ་བུ་རམ་ལ་སོགས་པའི་བཟའ་བཏུང་ནག་པོ་བྱིན་ནས་ལོངས་སྤྱོད་པ་དང༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན་ནས་ལུས་ལ་བརྒྱན་པ་དང༔ ཆོ་ལོ་བཀྱེ་བ་དང༔ གཞན་ལ་གུས་པ་འབུལ་བ་དང༔ གོས་དར་གྱིས་བཀླུབས་ཅིང་ནོན་པ་དང༔ མར་ལ་ལོངས་སྤྱོད་བྱས་པ་ལ་སོགས་ཏེ༔ མདོར་ན་འཕྲལ་བཟང་བཟང་འདྲ་ལ་ངན་པའི་རིགས་སོ༔ དྲུག་པ་ངན་ངན་འདྲ་ལ་བཟང་བ་ནི༔ རང་ལུས་རང་གིས་ཁུར་རམ་བསྲེག་གམ་ཟོས་སམ་གཏུབ་པ་དང༔ རོ་ཆེན་ཁུར་བ་དང༔ ལུས་བཤའ་གཏུབ་བྱས་པ་དང༔ ཁྲག་རྣག་འབབ་པ་དང༔ ལུས་གཞན་གྱིས་ཟོས་ནས་ལྷག་མ་མ་ལུས་པ་དང༔ ཆུས་ཁྱེར་ནས་རྐྱལ་བྱེད་པ་དང༔ ནམ་མཁའ་ལ་འཕུར་བ་དང༔ སྣང་སྲིད་ཐམས་ཅད་མེས་ཚིག་པ་དང༔ ཆུས་བཤལ་བ༔ རླུང་གིས་གཏོར་བ༔ ཆར་ཆེན་པོ་སི་ལི་ལི་འབབ་པ་ལ་སོགས་པ་སྟེ༔ འཕྲལ་ངན་ངན་འདྲ་ཞིང་སྐྲག་དངངས་ཆེན་པོ་འབྱུང་ཡང༔ ནད་གདོན་ལས་ཐར་བ་དང༔ སྒྲིབ་པ་དག་པ་དང༔ དངོས་གྲུབ་ཉེ་བའི་ལྟས་ཡིན་པས་བཟང་པོར་འགྱུར་རོ༔ བདུན་པ་ལུང་མ་བསྟན་གྱི་རིགས་ལ་བསམ་གྱིས་མི་ཁྱབ་པས་ཤེས་པར་བྱའོ༔ རྨི་ལམ་ནི༔ རྩ་རླུང་དར་རྒུད༔ བག་ཆགས་ཀྱི་མཚམས་སྦྱོར་བཟང་ངན་དང༔ རང་དང་ལྷན་ཅིག་སྐྱེས་པའི་ལྷ་དང༔ མཉམ་པོར་འོང་བའི་བདུད་དང༔ ཕྱི་རོལ་གྱི་ལྷ་འདྲེ་འཁྲུགས་པའི་ཆོ་འཕྲུལ་ལ་སོགས་པ་ལས་འབྱུང་བས་ངེས་པ་མེད་ཀྱང་གནས་སྐབས་ཀྱི་ལ་ཉེ་བཟང་ངན་རྟེན་འབྲེལ་དུ་འཆར་བས་ལེགས་པར་བརྟགས་ལ་ངན་པ་བྱུང་ན་ཟློག་པའི་རྟེན་འབྲེལ་ལ་སོགས་པ་བྱའོ༔ ཡང་རྣལ་འབྱོར་པ་རབ་ཀྱིས་རྨི་ལམ་བདེན་མེད་དུ་ཤེས་ཤིང་རྨི་ལམ་དུ་ཤེས་པས་དཔྱད་ར་མེད༔ ཐ་མས་རྨི་ལམ་ཉིང་འཁྲུལ་དུ་འགྲོ་ནས་རྨི་ལམ་གྱི་རྟགས་མི་ཟིན༔ འབྲིང་པོ་རྣམས་ཀྱིས་རང་གཞན་ལ་ཉེ་བརྟགས་པར་བྱས་ཏེ༔ ཕལ་ཆེར་བཟང་ངན་རྣམས་རང་རང་གི་འོས་པར་སྦྱར་ཞིང་དཔྱད་དེ་ཤེས་པར་བྱའོ༔ ས་མ་ཡཱ༔ རྨི་ལམ་གྱི་བརྡ་རྟགས་བཟང་ངན་ཤན་འབྱེད་ཀྱི་རིམ་པ༔ ཕྱི་རབས་ཀྱི་དོན་དུ་བཀོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།
TSAGLI image gallery goes here