Difference between revisions of "Terdzo-NI-016"

m (Text replace - "</div> </onlyinclude> = Tsagli = " to "</div></onlyinclude> = Tsagli = ")
(XML import Fill pdflink fields in text pages)
Line 1: Line 1:
{{UnderConstruction}}
+
{{UnderConstruction
 +
}}
 
{{RTZ Metadata
 
{{RTZ Metadata
 
|classification=Tibetan Publications
 
|classification=Tibetan Publications
|subclass = Tibetan Texts
+
|subclass=Tibetan Texts
 
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
 
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
 
|collectiontitletib=རིན་ཆེན་གཏེར་མཛོད་
 
|collectiontitletib=རིན་ཆེན་གཏེར་མཛོད་
Line 10: Line 11:
 
|tibgenre=Revelations - gter ma
 
|tibgenre=Revelations - gter ma
 
|terma=Yes
 
|terma=Yes
|language = Tibetan
+
|language=Tibetan
 
|pagestatus=Temporary stub only
 
|pagestatus=Temporary stub only
|volumenumber= 42
+
|volumenumber=42
|textnuminvol= 16
+
|textnuminvol=16
}}{{Header}}
+
|pdflink=File:Terdzo-NI-016.pdf
 +
}}
 +
{{Header
 +
}}
 
= Tibetan Text =
 
= Tibetan Text =
 
<onlyinclude>
 
<onlyinclude>
Line 27: Line 31:
 
<references/>
 
<references/>
 
==Other Information==
 
==Other Information==
{{Footer}}
+
{{Footer
 +
}}

Revision as of 16:42, 27 July 2015

This page is under construction. Check back later for updated content.









གདུང་ཆོག་དང་ཕུང་པོ་སྲེག་སྦྱོང་མཆོད་རྟེན་སཱཙྪའི་བྱ་བ་རྣམས་ཀྱི་ལག་ལེན་མདོར་གསལ་ཀུན་ཕན་བདུད་རྩི་

gdung chog dang phung po sreg sbyong mchod rten sAts+tsha'i bya ba rnams kyi lag len mdor gsal kun phan bdud rtsi

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  རྣམ་པར་འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཚུལ་ཚོགས་གཉིས་རིན་ཆེན་ཆུ་འཛིན་ (Rnam par 'dren mchog rnams kyi sku gdung mchod tshul tshogs gnyis rin chen chu 'dzin)
Volume 42 (ནི) / Pages 165-196 / Folios 1a1 to 16b1

[edit]

༄༅། །གདུང་ཆོག་དང་ཕུང་པོ་སྲེག་སྦྱོང་མཆོད་རྟེན་སཱཙྪའི་བྱ་བ་རྣམས་ཀྱི་ལག་ལེན་མདོར་གསལ་ཀུན་ཕན་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭཱ་ཡ། མཚན་ཙམ་ཐོས་ཀྱང་སྲིད་པའི་འཁྲུལ་འཁོར་ཀུན། །གཞོམ་པའི་ཐུགས་བསྐྱེད་སྟོབས་ཆེན་སྨོན་ལམ་གྲུབ། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ལ། །གུས་པས་འདུད་དོ་ཆུ་བཞིའི་འཇིགས་ལས་སྐྱོབས། །འདུས་བྱས་རང་བཞིན་ཆུ་བོ་བཞིའི། །མཐའ་རུ་གཏུགས་ཚེ་ཉེར་མཁོ་བའི། །ལས་ཐབས་ལག་ཏུ་བླང་བདེ་བ། །རྒྱུད་དང་མཁས་པའི་བཞེད་བཞིན་དགོད། །གང་ཞིག་དུས་ཐ་མ་ལ་བབས་པའི་ཚེ་ནའང་རྒྱལ་བ་ཐམས་ཅད་མཁྱེན་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིང་ཐར་པ་དང་བདེ་བའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཐབས། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་གསལ་བར་གསུངས་པ་ཉིད་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཕྱག་ལེན་དུ་བསྟར་ཞིང་། སྐྱེ་བོ་ཀུན་ལ་ལེགས་པའི་ལམ་སྲོལ་དབྱེ་བར་མཛད་པའི་རྒྱུན་བཟང་ཉིད་ད་དུང་དུའང་ཕྱོགས་ཙམ་སྣང་མོད། དུས་ཀྱི་དབང་གིས་ཚུལ་བཞིན་བྱེད་པ་ནི་ཤིན་ཏུ་དཀོན་པས་ཡིག་ཚོགས་སྤེལ་བ་ལ་དགོས་པས་དབེན་ཀྱང་། ཐོས་ཆུང་མོས་པ་ཅན་ལ་ཕྱོགས་མཚོན་ཙམ་བརྗོད་ན། ཐོག་མར་གཤིན་པོའི་ཆོ་ག་སྒྲུབ་པའི་གང་ཟག་ཀྱང་གཞན་ཕན་གྱི་ལྷག་བསམ་དང་ཁ་གཏིང་མེད་པའི་སྙིང་རྗེ་དང་ལྡན་པ་གཞིར་བྱས། དམ་ཚིག་དང་སྡོམ་པ་ལྡན་ཅིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཅི་རིགས་ཐོབ་པ་ཞིག་ནི་ངེས་པར་དགོས་ལ། དེས་སྒྲུབ་པའི་ཚུལ་ཡང་། གཤིན་པོ་ལ་ཕན་གདགས་པའི་ཚུལ་གསར་རྙིང་གི་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་པ་དེང་སང་ལག་ལེན་བྱེད་པ་མདོར་བསྡུ་ན། གནས་ལུང་། སྲེག་སྦྱོང་། རྟེན་བཞེངས་གསུམ་དུ་འདུ་བ་ཡིན་ལ། གནས་ལུང་ལ་དཀྱིལ་འཁོར་གྱི་ཆོ་ག །སྲེག་སྦྱོང་ལ་སྦྱིན་སྲེག་གི་ཆོ་ག །རྟེན་བཞེངས་ལ་རབ་གནས་ཀྱི་ཆོ་ག་རྣམས་ཤེས་དགོས་ཤིང་། དེ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་དེ་ཉིད་བཅུའི་རིམ་པ་ཡིན་པས་རབ་རྒྱུད་ལ་ཉན་བཤད་དང་། མ་བྱུང་ནའང་བླ་མ་བརྒྱུད་པའི་མན་ངག་དང་ལག་ལེན་ལེགས་པར་ཤེས་པ་ཞིག་ནི་གལ་ཆེའོ། །དེ་དག་ལའང་གང་ཟག་མཆོག་དམན་གྱི་ཁྱད་པར་དང་། ཆོ་ག་བླ་མེད་ལ་སྦྱོར་ན་ཚོགས་ཀྱི་བྱ་བའི་ཁྱད་པར་སོགས་མང་དུ་འབྱུང་བའང་ཤེས་པར་བྱའོ།། ༈ །།ལག་ལེན་དངོས་ལ་གཉིས། ཐ་མལ་དམན་པ་ལ་བྱ་བ་དང་། གང་ཟག་མཆོག་ལ་བྱ་བའི་ཚུལ་ལོ། །དང་པོ་ལ། འཆི་ཀ་མར་ཇི་ལྟར་བྱ་བའི་ཚུལ་ནི་རྗེ་དབོན་ཀརྨས་མཛད་པའི་དུས་ཐ་མའི་ཆོ་ག་སོགས་ལས་འབྱུང་བ་ལྟར་ཤེས་དགོས་ལ། འདིར་རོ་ལ་བརྟེན་ནས་སྡིག་པ་སྦྱོང་བའི་ཐབས་བསྟན་པ་ལ་གཉིས། བསྙེན་པ་དང་། ལས་སྦྱོར་གྱི་བྱ་བའོ། །དང་པོ་ནི། སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །དཀྲུས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ནི། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །ཅེས་དང་། རིན་ཆེན་འབར་བར། བདུད་རྩི་འཁྱིལ་པ་བཟླས་པ་ཡི། །དྲི་ཞིམ་ཆུ་ཡིས་དང་པོ་བཀྲུ། །དེ་ནས་རང་གི་རྣལ་འབྱོར་པས། །རྣམ་སྣང་མཛད་དུ་དེ་བསམས་ནས། །ཞེས་སོགས་གསུངས་པས། རང་ཉིད་རྣལ་འབྱོར་དང་ལྡན་པས་བུམ་པ་དྲིའི་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་ལ་བདུད་རྩི་འཁྱིལ་པའི་སྔགས་བརྒྱ་སྟོང་བཟླས་ནས་བྱིན་གྱིས་བརླབས་པའི་ཆུས་རྟེན་བཀྲུ། ག་པུར་གུར་གུམ་སོགས་དྲི་བཟང་གི་ཆུས་བྱུགས་ཤིང་ཁར་བླུགས། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་ཕུང་ཁམས་སྐྱེ་མཆེད་གདོད་ནས་རང་བཞིན་གྱིས་སྐུ་དང་ཡེ་ཤེས་སུ་དག་པར་མོས་ལ་དབང་ཐོབ་པ་དང་ཡི་དམ་ངེས་པ་ཅན་ལ་རང་གི་ལྷའི་སྙིང་པོ་སྙིང་གར་གདགས། མ་ཐོབ་པའམ་ངེས་གཟུང་མེད་པ་ལ་འོད་དཔག་མེད། སྤྱན་རས་གཟིགས། པད་འབྱུང་སོགས་ཀྱི་སྙིང་པོའམ། དབུགས་མ་ཆད་གོང་བཏགས་གྲོལ་གདགས་པ་ཡིན་ན་དེ་ཀས་འཐུས་ཤིང་། རྒྱུད་སྡེ་རྣམས་ལས་གསུང་པའི་སྒོ་གསུམ་དང་ཕུང་ཁམས་སྐྱེ་མཆེད་བྱིན་རླབས་ཀྱི་སྔགས་སམ། སྦྱོང་རྒྱུད་ཀྱི་གདགས་ཡིག །མི་འཁྲུགས་པའི་གཟུངས་སོགས་སོ་སོ་ནས་བཤད་པ་གང་རུང་དྲི་བཟང་གིས་བྲིས་པ་གདགས། རབ་བྱུང་ཡིན་ན་ཆོས་གོས་དང་། ཁྱིམ་པ་ཡིན་ན་གོས་དཀར་པོས་དྲིལ་ལ་ཁྲི་འམ་སྟན་དུ་བཞག་སྟེ་མདུན་དུ་མཆོད་པ་བཤམ། སྙིང་གར་གཟུངས་ཐག་བཏགས་པ་ཕྱིར་དྲང་། ལྷ་གང་ཡིན་པའི་བདག་བསྐྱེད་སྒོམ་བཟླས་བྱས་ལ་བགེགས་བསྐྲད། དེ་ནས་རྒྱ་གཞུང་གི་དགོངས་པ་ལྟར་ན་རོ་སྟོང་པར་སྦྱངས་ཏེ་ཞི་བའི་ལས་ལ་བསྔགས་པའི་ལྷ་བསྒོམ་དགོས་པས་ཕོ་ཡིན་ན་རྣམ་སྣང་དང་། མོ་ཡིན་ན་སྤྱན་མར་ཆོ་ག་གསུམ་གྱིས་བསྐྱེད་པའི་དཔྲལ་བའམ། མདུན་རྟེན་གང་རུང་དུ་དཀྱིལ་འཁོར་པ་རྣམས་ཞི་བའི་ལྷ་ཤ་སྟག་བསྒོམ། རང་གི་ཐུགས་ཀར་ཡང་ཞི་བའི་ལས་ཀྱི་ལྷ་བསྒོམ། ཚེ་འདས་ཀྱི་སྡིག་སྒྲིབ་ཞི་བའི་ཏིང་འཛིན་དང་ལྡན་པས་བཟླས་པ་སྤེལ་ཚིག་བཅས་བྱ་བར་བཤད་ཀྱང་། སྔ་འགྱུར་གྱི་མན་ངག་ལས་འབྱུང་བ་འདི་ཉིད་རྣམ་པ་གསལ་བས་དེ་ལྟར་ན། བགེགས་བསྐྲད། བསང་སྦྱང་། སྟོང་པའི་ངང་ལས་ནྲྀ་ལས་ཚེ་འདས་དེ་ཉིད་གསོན་པོའི་རྣམ་པ་ལྟར་གནས་པའི་སྤྱི་བོར་རྡོར་སེམས་སམ། སྤྱན་རས་གཟིགས་སོགས་སྒྲིབ་སྦྱོང་ལ་བསྔགས་པའི་ལྷ་གང་མོས་དང་། སྤྱི་འགྲོ་ལ་སྤྱན་མ། བསྐྱེད་པའི་སྐུ་ལས་བདུད་རྩི་བབས་པས་རོའི་དྲི་མ་སྦྱངས་ནས་འོག་ཏུ་སོང་། ལུས་ཤེལ་ལྟར་གྱུར་པར་མོས་ནས་དེ་དང་དེའི་གཟུངས་སྔགས་ཅི་ནུས་བཟླ། སླར་དཀྱིལ་འཁོར་གྱི་ལྷར་བསྐྱེད། ཅུང་ཟད་མཆོད་ནས་རྩ་སྔགས་དང་སྒྲིབ་སྦྱོང་གི་སྔགས་གཟུངས་ཐག་ལ་བརྟེན་ནས་བརྒྱ་སྟོང་སོགས་བཟླ། རྩ་སྔགས་ལ་ཚེ་འདས་ཀྱི་མིང་དང་སྤེལ་ཚིག་སྦྱར་བའི་ཏིལ་གྱི་སྦྱིན་སྲེག་ཀྱང་བྱ། མཐར་ལྷ་མི་དམིགས་པར་བཞག་པ་ནི་བཀའ་བརྒྱད་བདེ་འདུས་སོགས་ལས་གསུངས་པའི་རོ་ལ་བསྙེན་པ་བྱ་བའི་ཚུལ་ལོ།། ༈ །།གཉིས་པ་ལས་སྦྱོར་གྱི་བྱ་བ་ལ། རྒྱུད་སྡེ་རྣམས་ལས་དབང་བསྐུར་བ་དང་། སྲེག་པའི་ཐལ་རུས་སྔགས་ཀྱིས་བསྡུས་ནས་ཆུ་བོར་བསྐུར་བ་དང་། རུས་པ་ལ་སྐུ་དང་སྐུ་གདུང་བཏབ་པ་དང་། ཕྱིར་ཟློག་བྱ་བ་དང་། དྲི་གཙང་ཁང་དུ་བཞག་པ་དང་། མཆོད་རྟེན་བྱ་བ་དང་། བཟླས་པ་དང་། སྦྱིན་སྲེག་བྱས་ཏེ་སྡིག་པ་སྦྱོང་བ་རྣམས་སུ་གསུངས་པའི་གཙོ་བོ་དབང་བསྐུར་བ་ལའང་། རྒྱ་གཞུང་དང་མཁས་པ་རྣམས་ཀྱི་ཕྱག་བཞེས་སུ་དཀྱིལ་འཁོར་གྱི་ཆོ་ག །རྒྱས་པར་ས་ཆོག་དང་རོའི་སྟ་གོན་སྔོན་དུ་འགྲོ་བའི་དངོས་གཞི་དབང་བསྐུར་ཞག་བདུན་བྱ་བ་སྟེ། སྟ་གོན་ཞག་གཅིག །དབང་བསྐུར་ཞག་དྲུག་བཅས་ཡོངས་བསྡམས་ཞག་བདུན་དུ་བཞེད་པ་དང་། འབྲིང་པོར་བསྙེན་པ་དོར་ལ་དབང་བསྐུར་གྱི་གྲངས་ཚང་བར་བྱ་བ་དང་། བསྡུས་པར་སྟ་གོན་ཀྱང་བཞག་ནས་དངོས་གཞིའི་གྲངས་ཅི་རིགས་བྱ་བ་སྟེ་རྒྱས་འབྲིང་རྣམས་ནི་དེང་སང་ལག་ལེན་བྱེད་པ་མེད་པས་འདིར་མ་སྤྲོས་ལ། བསྡུས་པའི་དོན་ནི་དཀྱུས་སུ་བསྟན་པ་ཉིད་དོ། །དེ་རྣམས་ཀྱི་དོན་དྲིལ་ཏེ་ལག་ལེན་དུ་བྱ་བ་ལ་བདུན། ཕྱིར་ཟློག །དབང་བསྐུར། མཆོད་རྟེན་དུ་བཞག་པ། ཁྱིམ་དང་མཆོད་པར་བཞག་པ། སྦྱིན་སྲེག་བྱ་བ། རིའམ་ཆུར་དོར་བ། སཱཙྪ་གདབ་པས་སྡིག་པ་སྦྱོང་བ་རྣམས་སོ། །དེ་ལ་ཕྱིར་ཟློག་དང་དབང་བསྐུར་གྱིས་སྡིག་པ་སྦྱོང་བ་ནི་ལས་ལ་སྦྱོར་བའི་དངོས་གཞི་སྟེ་གནས་ལུང་སྤྱིའི་དཀྱུས་སུ་བཤད་པ་ལྟར་རྟེན་ཡོད་པའི་ཚེ་དེ་ལ་བྱ་བ་དང་། རྟེན་མེད་ན་བྱང་བུ་ལ་བརྟེན་ནས་ཆོ་ག་དེ་དག་བྱ་ཞིང་འདི་ལ་སྦྱོང་རྒྱུད་ནས་གསུངས་པའི་སྡིག་པའི་སྡིག་སྦྱོང་གི་སྒོ་རྣམས་ཚང་བར་བཞེད། རིགས་དྲུག་གནས་འདྲེན་རྣམས་ཀྱང་སྤྲོས་པ་རྒྱས་བསྡུས་ཙམ་ལས་ཕྱིར་ཟློག་གི་ཆོ་ག་དང་གནད་གཅིག་པའོ། ༈ །གསུམ་པ་མཆོད་རྟེན་དུ་བཞག་པ་ནི། ད་ལྟ་ལག་ལེན་དུ་བྱེད་པ་དཀོན་ཡང་། སྦྱོང་རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱི་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ལ་གཟུགས་སུ་བསྟན་ནས་ཀྱང་། །མཆོད་རྟེན་དབུས་སུ་བཞག་པར་བྱ། །ཞེས་གསུངས་པའི་དོན་ཏེ། རོ་མི་སྲེག་པར་བཞག་ན། དབང་བསྐུར་ལམ་སྦྱོང་བསྟན་བཅས་སྔོན་དུ་སོང་ནས། རོ་བཀྲུས་པའི་ཆུས་འཇིམ་པ་བྱ། མཆོད་རྟེན་གྱི་རྨང་ཞབས་སུ་ཚེ་འདས་ལ་བར་དུ་གཅོད་པ་ཐམས་ཅད་ཀྱི་མིང་སྤེལ་ཚིག་བཅས་པ་བྲིས་ལ་མནན། དེའི་སྟེང་དུ་གནོད་སྦྱིན་བང་མཛོད་བཅའ་བ་སོགས་མཆོད་རྟེན་ཚུལ་བཞིན་བརྩེགས་པའི་བུམ་པར་རོ་བཞག །སྦྱོང་ཁྲུས་སྔོན་དུ་འགྲོ་བས་ལྷར་བསྐྱེད་འགུགས་བསྟིམ་དབང་བསྐུར་མཆོད་བསྟོད་བཟླས་པ་སོགས་བྱས། མཆོད་རྟེན་ཚར་ནས་རབ་གནས་དགའ་སྟོན་རྣམས་བྱ། མཆོད་རྟེན་གྱི་དབྱིབས་ཀྱི་ཁྱད་པར་ལ་གསུམ། བིམྦ། ཁང་བརྩེགས། རྒྱལ་མཚན་ལྟ་བུའོ། །དང་པོ་ནི། ཟླ་གདན་ལ་ལྷུང་བཟེད་ཁ་སྦུབ་པ་ལྟ་བུའོ། །གཉིས་པ་ཁང་བརྩེགས་ནི། གྲུ་བཞི་རིམ་པ་རྐྱང་པ་དང་ཉིས་བརྩེགས་སུ་བྱས་པ་ནི། ཁང་བུ་དང་ཁང་བུ་བརྩེགས་པའོ། །གསུམ་པ་རྒྱལ་མཚན་ལྟ་བུ་ནི། པདྨ་སྤུངས་པ་དང་བྱང་ཆུབ་ཆེན་པོ་སོགས་བདེ་གཤེགས་མཆོད་རྟེན་བརྒྱད་བཅས་ཏེ་ཡོངས་སུ་གྲགས་པ་རྣམས་སོ། །དེ་ལས་འདིར་བསྟན་གྱི་གང་ཟག་ལ་སྔ་མ་གཉིས་དང་། གདུགས་མེད་པའི་བྱི་བོ་ཉིད་འོས་ཤིང་། རྣམ་པ་ཐམས་ཅད་པ་ནི་སངས་རྒྱས་ལས་གཞན་ལ་མི་འོས་པས་རིང་བསྲེལ་རྣམ་བཞི་བཞུགས་པའམ་མཆོག་གི་བླ་མ་དམ་པ་ལ་བྱ་བ་སོགས་གསུངས་སོ། ༈ །བཞི་པ་ཁྱིམ་གྱི་མཆོད་པར་བཞག་པ་ནི། རང་གི་ལྷ་དང་ལྷ་གཞན་གྱི། །སྙིང་པོ་སྙིང་ཁར་བྲིས་ནས་ནི། ཁྱིམ་གྱི་ནང་དུ་བཞག་པར་བྱ། །ཞེས་གསུངས་པའི་དོན་ལ། སྦྱོང་ཁྲུས་སོགས་སྔར་བཞིན་བྱས་ནས། རོ་སྒྲུབ་སྔོན་དུ་མ་སོང་བ་ཡིན་ན་རང་ངམ་ཚེ་འདས་ཀྱི་ལྷའི་སྙིང་པོ་གུར་གུམ་གྱིས་བྲིས་པ་སྙིང་གར་བཏགས། གནས་ཡིག་གཞན་ཡང་བཀོད། གསོན་པོའི་རྟེན་དང་མཐུན་པའི་གོས་ཀྱིས་བསྒྲིལ་ནས་རང་ཁྱིམ་གྱི་དབེན་པའམ་དུར་མཚེད་ཀྱི་གནས་སུ་རིན་པོ་ཆེའམ་ཤིང་ངམ་ས་ལས་བྱས་པའི་སྣོད། རབ་བྱུང་ལ་དཀར་པོ་མཆོད་རྟེན་གྱི་དབྱིབས། དགེ་བསྙེན་ལ་དམར་པོ་པདྨ་ཁ་སྦྱར་ལྟ་བུ། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་ལྟ་བུ། བློན་པོ་ལ་དམར་སྐྱ་ཟ་མ་ཏོག་ལྟ་བུ། གཞན་ཕོ་ལ་སེར་སྐྱ་གདན་ཁྲི་ལྟ་བུ། མོ་ལ་སྔོ་སྐྱ་བིལ་བ་ལྟ་བུ། བྱིས་པ་ལ་དམར་སེར་ལྷུང་བཟེད་ལྟ་བུ་རྣམས་བྱས་པའི་ནང་དུ་མགོ་ནུབ་དང་ཁ་ལྷོར་བསྟན་ལ་ཐལ་མོ་སྤྱི་བོར་སྦྱོར་ལ་བཞག །བར་རྣམས་ཚྭའམ་བྱེ་མས་འཐེམས་པར་སྟེམ། ཆུ་ཅན་ཡིན་ན་འོག་ཏུ་འཛག་སྣོད་སོལ་བས་བཀང་བའང་བྱ། སྐྲའམ་ཐལ་མོ་ལ་སྲད་བུ་དམར་པོ་བཏགས་པ་ཕྱིར་བཏོན་ནུབ་ངོས་ཀྱི་ས་ཐོག་ལ་བཏགས། སྟེང་དུ་གདུགས་ཕུབ། སྣོད་ཀྱི་ཕྱིར་རིན་ཆེན་བདུན་བྲི། མཆོད་རྫས་ཅི་འབྱོར་གྱིས་བསྐོར། ལྷར་བསྐྱེད་བསྟིམ་དབང་བསྐུར་མཆོད་བསྟོད་སོགས་སྔར་བཞིན་བྱས་ནས་རྒྱུན་དུའང་མཆོད་པ་བྱ་བར་བཤད་དོ། ༈ །ལྔ་པ་སྦྱིན་སྲེག་གིས་སྦྱོང་བ་ནི། རྒྱུད་ལས། དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ནི། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་གསུངས་པའི་དོན་ཏེ། གང་དུ་བྱ་བའི་ས་དེ་སྔར་མ་སྦྱང་པ་ཡིན་ན་བརྟག་བསླང་སོགས་ཀྱིས་ལས་རུང་དུ་བྱས་ནས། དེར་ཐབ་སྟེགས་རྒྱར་འདོམ་གང་གྲུ་བཞིར་བརྩིགས་པའི་ཁར་ས་བཀྲ་ཞེས་ལྷ་གང་ཡིན་པའི་དཀྱིལ་འཁོར་ལྷ་མཚན་བཅས་བྲི་བ་དང་། ཀུན་རིག་ལྟ་བུ་དཀྱིལ་འཁོར་གཉིས་སྦྲགས་ལ་ཐབ་ནང་རྩ་དཀྱིལ་དང་རྒྱབ་ཏུ་མགྲོན་ཐབས་ཀྱི་དཀྱིལ་འཁོར་བྲི་བ་སོགས་ཕྱག་ལེན་རྒྱས་པའི་ཕྱོགས་འགྲུབ་དཀའ་བས། ལྷ་གང་ཡིན་ཡང་སྦྱིན་སྲེག་གི་ཞི་ཐབ་ཁོ་ན་འབྲི་ཞིང་། དབུས་སུ་དཀྱིལ་འཁོར་གང་ཡིན་པའི་ལྷ་མཚན་ཚོམ་བུ་སོགས་བཀོད་པ་ཉིད་སྟབས་བདེ་ཞིང་དོན་ལ་འབྱོར་བས་དེ་ལྟ་ན། སྟེགས་ལ་བ་བྱུང་དང་དྲི་ཆུས་བྱུགས་ལ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་མཆུ་དང་ཁ་ཁྱེར་སོར་བཞི་པ་རེས་བསྐོར། ཟླུམ་སྐོར་ནང་མར་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་དབུས་སུ་ལྷ་མཚན་བཀོད། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་རྡུལ་ཚོན་གྱིས་བྲིས་པའི་ཁར་རས་དཀར་པོ་པདྨ་འདབ་བརྒྱད་བྲིས་པ་བུམ་ཆུ་ལ་དྲངས་པ་བཀབ། ཐབ་ཀྱི་ཁ་ཁྱེར་གྱི་ཕྱི་ནས་ཕག་གུ་སོགས་ཀྱི་རོ་ཁང་གྲུ་བཞི་ཇི་ལྟར་རིགས་པ་བརྩིགས་ནས། གནས་ལུང་གི་ཆོ་ག་ལམ་སྦྱང་བསྟན་ཡན་ཚར་བ་ན་རོ་ཁང་རྙིང་པ་ལས་ལོགས་སུ་ཕྱུང་ཏེ་བགེགས་བསྐྲད། སྒྲིབ་སྦྱོང་གི་གཟུངས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ། ཁྲུས་བུམ་གྱི་ཆུས་བཀྲུ་ཞིང་དར་རས་ཀྱིས་འཕྱི། དྲི་བཟང་དང་ཞུན་མར་གྱིས་བྱུག །གདགས་ཡིག་རྣམས་གནས་སོ་སོར་མར་སྦྲང་གིས་སྦྱར། དར་རས་ཀྱི་སྟོད་གཡོགས་སྨད་གཡོགས་སྲབ་མོ་མེ་ལེན་སླ་བས་གཡོགས་ལྷར་བསྐྱེད་ཅིང་ཅུང་མཆོད་ནས་ཐབ་ནང་དུ་ལྕགས་སྟེགས་སམ། ཤིང་སྡུམ་སྦོམས་སུ་མཐོ་དོ་མཁྱུད་གང་སྲིད་དུ་རྩེ་ཁྲུ་གང་བ་གཉིས་རྒྱབ་དང་། དེ་ལས་སོར་བཞིས་ཐུང་བ་གཉིས་མདུན་དུ་བཀོད་པའི་ཁར་ཙོག་པུའི་སྟབས་ཀྱིས་རྒུ་བར་བཞག་ནས་རྐང་པ་གཉིས་འོག་ཅུང་ཟད་བརྐྱང་པའི་མཐེ་བོང་ལ་རས་ལྡེ་མེ་སྦར་ཆོག་པས་བསྡམས། དེའི་འོག་ཏུ་མེ་ཚང་བཅས་ཏེ་མེའི་སྙིང་པོ་རྒྱུ་ཞབས་ལ་ཕོག་པ་བྱ་ཞིང་། མདུན་དང་ལོགས་རྣམས་སུ་བུད་ཤིང་གིས་བཅེར། སྔར་གྱི་ཁང་བུའི་སྟེང་ནས་བརྟན་པར་བརྩིགས་པའི་རྩ་བར་སྦར་ཁུང་། སྙིང་ཁར་རྫས་ཁུང་དང་། ལོག་གཉིས་སུའང་རླུང་སེང་གི་བུག་པ་རེ་བྱ། སྟེང་དུ་རྫ་མ་ཁ་སྦུབས་པ་བུམ་པའི་དབྱིབས་ཅན་དུད་ཁུང་དང་ལྡན་པའི་ཕྱི་ནས་ཞལ་བས་འཇམ་པོར་བྱས་པ་དཀར་རྩིས་བྱུགས། སྟེང་ནས་གདུགས་དང་ཟུར་དང་ལོགས་བཞིར་རྒྱལ་མཚན་དང་བ་དན་གྱིས་བརྒྱན། བསྲེག་རྫས་དང་མཆོད་རྫས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས་སྦྱིན་སྲེག་གི་ལས་ལ་འཇུག་ཅིང་། ཆོ་ག་ནི་དཀྱིལ་འཁོར་སོ་སོའི་ལུགས་ཀྱི་ཞི་བའི་སྦྱིན་སྲེག་གང་ཡིན་པ་གཏང་། ཐོག་མར་མེ་སྦར་བ་ན་བྱང་སྲེག་གི་ཚིག །ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། ལྟ་བུ་གང་ཡིན་བརྗོད་ལ་སྦར། དམིགས་པའི་ཁྱད་པར་སྔོན་གྱི་མཁས་པ་དག་གིས། མེ་ལྷའི་སྐབས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་དུཚེ་འདས་བཀུག་སྟེ་གནས་པ་ལ། འོད་ཟེར་གྱིས་ཚེ་འདས་དེའི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་རོ་དང་བསྲེག་རྫས་གཉིས་སུ་མེད་པར་བྱས་ནས་གསོལ་བར་བསམ་ལ། སྔགས་མཐར་ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ཏེ་འབུལ་བ་དང་། འདས་པའི་སྐབས། ཚེ་འདས་ངན་སོང་གསུམ་བཅས་བཀུག་ལ་སྡིག་པ་དྲལ་ནས་བསྟིམས་པའི་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔ། འབྱུང་བ་བཞི་ཡུམ་བཞི། དབང་རྟེན་སེམས་དཔའ་སོགས་ལ་འབུལ་བར་བཤད་པ་ལྟར་ད་ལྟ་ཕལ་ཆེར་གྱིས་དེ་ལྟར་བྱེད། དམ་པའི་ཞལ་ལུང་ལས། ཚེ་འདས་ཀྱི་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ནི་མཆོད་ཡུལ་དང་དབྱེར་མེད་དུ་བྱ་ཞིང་། དྲི་མ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་རོ་དང་ལྷན་ཅིག་མཆོད་རྫས་སུ་འབུལ་བར་བཞེད། འོན་ཀྱང་སྐྱེ་བོ་སྤྱི་ལ་བཤད་མ་ཐག་པ་ལྟར་དང་། དབང་མ་ཐོབ་པ་དང་སྡིག་ཅན་ལ་དམིགས་པ་སྔ་མ་སྦྱོར་ན་རྣམ་པ་ཕྱེད་པས་ལེགས་པར་སྣང་ངོ་། །གང་ལྟར་སྒྲིབ་སྦྱོང་གི་ཕྲིན་ལས་ཆེད་དུ་བསྐུལ་བའི་བསྒོམ་བཟླས་སྤྱི་དང་ཁྱད་པར་ཡུངས་ཀར་ལ་བསྔགས་པ་སྲེག་རྫས་སུ་ཕུལ་ནས་ཕྲིན་ལས་གསོལ་བར་ཡང་བཤད་དེ། དེ་ཡི་མིང་དང་ཡུངས་དཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་རྣམ་པར་ཐར། །ཅེས་གསུངས་པའི་དོན་ཡིན་པས་གལ་ཆེའོ། །མེའི་པྲ་བརྟག་བྱོན་སྐྱེམས་ཀྱི་རྗེས་སུ་བྱེད་པ་དངོས་བསྟན་དུ་མ་ཟད། སྤྱིར་མེའི་ནུས་པ་མ་རྫོགས་ཀྱི་བར་དེ་སྲིད་དུ་བརྟག་ཅིང་། ཁྱད་པར་སྒྲིབ་སྦྱོང་ཁོ་ནའི་ཆེད་དུ་བྱས་ན་ལས་དེའི་འབྲས་བུ་མཚོན་ཕྱིར་གཤེགས་སྐྱེམས་ཀྱི་མཐར་ཡང་བརྟག་དགོས་ཏེ། ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང་། །ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །དེ་ཡི་མཚན་མ་སྟོན་པར་བྱེད། །ཅེས་གསུངས་ཤིང་། དེ་ཡང་ཇི་ལྟར་ཞེ་ན། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བར། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་བ། །བཞིན་མདོག་བཟང་ཞིང་ལྷམ་མེར་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ཤིང་མི་དགེ་བའི་མཚན་མ་ནི། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་དང་། །དལ་བུས་མདོག་མི་གསལ་དང་ཞེན་པ་དང་། །མེ་ལྕེ་ཆད་པ་དང་། འོད་མེད་ཅིང་སྔོ་བ་དང་། མདུང་རྩེ་གསུམ་པ་ལྟ་བུ་དང་། མིག་ཚག་ཅན་དང་། བ་ལང་གི་གདོང་གི་དབྱིབས་ལྟ་བུ་དང་། མི་རོ་ལ་སོགས་པའི་དྲི་ང་བ་དང་། དྲི་མེད་པའམ། དྲག་ཏུ་འཚུབ་ཅིང་འབར་བ་རྣམས་སོ། །གལ་ཏེ་མཚན་མ་ངན་པ་མཐོང་ན། ལས་སྔགས་དང་དེའི་བུམ་ཆུས་བསང་གཏོར་བྱ་ཞིང་མར་གྱིས་དགང་བླུག་ཀྱང་འབུལ་ལོ། །བརྟག་པ་འདིས་ནི་བྱང་བུའི་མེ་པྲ་ཡང་ཤེས་པར་བྱའོ། །ཡང་རོ་དམུ་ཆུ་ཅན་ཡིན་ན་སྔོན་དུ་འཚག་པའམ། འོག་ཏུ་རྫ་སྣོད་དུ་མར་ནག་ལ་མུ་ཟི་དང་སྤོས་དཀར་བཏབ་པ་བཞག་ན་འབབས་པའི་ཆུ་ཡང་འབར་བྱེད་དུ་འགྱུར་རོ། །གལ་ཏེ་ཟ་འདྲེ་སྦུབས་ཞུགས་དོགས་པ་ཡོད་ན་རྐང་མཐིལ་གཉིས་སུ་སོ་ཝིའམ། ཁབ་སྦོམ་བཙུགས་པའི་རྩེ་མོ་བོལ་གོང་དུ་ཐོན་པར་བྱེད་པ་འདི་ནི་རིའམ་ཆུར་གཏོང་ཡང་བྱའོ། །དུར་ཁྲོད་སོགས་སུ་ཁྱེར་ནས་བསྲེག་ན་རོ་ཁྱེར་མཁན་རྣམས་ལ་ཡི་གེ་གསུམ་བཟླས་པའི་སྲུང་སྐུད་གདགས། དེ་ནས་གདུགས། རྔ་ཡབ། རལ་གྲི །བུམ་པ། དགང་བླུག །བཟའ་བཅའ། བ་དན་རྣམས་ཐོགས་པ་རིམ་བཞིན། དབང་པོ། ཚངས་པ། ཁྱབ་མཇུག །ཆུ་ལྷ། མེ་ལྷ། བདེན་བྲལ། བསྟོད་པ་འདོན་པ་བདེ་བྱེད། རོ་ལས་པ་གཤིན་རྗེ་རྣམས་སུ་མོས་ནས་ཡིག་བརྒྱ་ཚར་བདུན་བཟླས་ཏེ་དགེ་བ་བསྔོ། སློབ་དཔོན་གྱིས་སྒྲིབ་སྦྱོང་གི་སྔགས་བཟླ་བཞིན་དུ་སྣ་དྲངས་ནས་རོལ་མོ་དང་བཅས་པས་གང་བྱ་བའི་ས་དེར་འགྲོ་བར་བཤད་དོ། །སྦྱིན་སྲེག་གི་མཐར་ཞག་གསུམ་ལ་སོགས་པར་ཐབ་ཁུང་མི་བསྒུལ་བར་བཞག་ནས་ཤེར་ཕྱིན་གྱི་མདོ་འདོན། ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་མེ་གཞིལ། གང་ལྟར་ཡང་། སཾ་ཧ་ར་ཎ་ཧཱུྃ། ཞེས་རྡོ་རྗེ་བསྡུ་བའི་རྒྱས་རུས་བུ་རྣམས་བསྡུས་ནས་ལས་ཀྱི་རྗེས་མི་མངོན་པར་བྱ་སྟེ། དེ་ནས་ཐལ་བར་གྱུར་པ་དང་། རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་པ་བཞིན་ནོ། ༈ །དྲུག་པ་རིའམ་ཆུར་དོར་བ་ནི། བདེ་གཤེགས་གནས་འགོད་ལས། དེ་རྗེས་རུས་པ་རྣམ་སྦྱངས་ནས། །ཞིབ་མོར་རྡོ་ལ་བཏགས་ནས་ནི། །ཤིན་ཏུ་རྒྱ་ཆེའི་ཆུ་བོ་ལ། །མཆོད་པ་བྱས་ཏེ་བསྐུར་བར་བྱ། །ཞེས་པས་ཕུང་པོ་སྦྱངས་ཤིང་བཏང་བའི་མཐར་ཆུ་ཀླུང་གིས་སྦྱོང་བ་ལས། རིལ་པོར་འདོར་བ་སོགས་གསལ་བར་མ་གསུངས་ཀྱང་དོན་མཐུན་དུ་བྱེད་ན། གནས་ལུང་གི་ལམ་སྦྱོང་བསྟན་སོང་ནས། གང་དུ་འདོར་བའི་ས་དེར་ཁྱེར་ལ་སྒྲིབ་སྦྱོང་གི་གཟུངས་ཆུས་བཀྲུ་བ་དང་། བྱེ་ཐུན་གྱིས་བྲབ་པ་རྣམས་བྱས་ནས་བཏགས་གྲོལ་སོགས་གདགས་ཡིག་ཡོད་ན་སྲེག་པ་ནི། རང་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་བ་ལས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་གྱིས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དྲངས་པར་བསམ་སྟེ། གཟུངས་རྣམས་བརྗོད་རིམ་ནས་རྟེན་གྱི་སྙིང་གར་བསྲེག །དེ་དང་ཉེ་བར་ཐོད་པ་ཆང་གིས་གང་བ་ལ་བདུད་རྩི་རིལ་བུ་བཏབ་པ་དམ་ཚིག་གི་རྟེན་དུ་བཀོད་ནས། དམིགས་ཡུལ་བྱང་གྲོལ་གྱི་རྒྱུར་རྣམ་སྨིན་གྱི་ཕུང་པོ་མཆོད་སྦྱིན་དུ་སྤེལ་བའི་བསམ་པས་གཅོད་ཡུལ་གྱི་ཚོགས་ལས་ཆེ་ཆུང་གང་རུང་རྒྱས་པར་གཏང་བའི་ལག་ལེན་འདུག་པ་ལྟར་གྲུབ་ན་ལེགས། མདོར་བསྡུ་ན་ཚེ་འདས་དེའི་རྣམ་ཤེས་དང་རང་སེམས་དབྱེར་མེད་མཁའ་འགྲོ་གྲི་ཐོད་ཐོགས་པ་ཕྱིར་ཐོན། མདུན་དུ་རླུང་མེ་ཐོད་སྒྱེད་གསུམ་རང་བྱུང་གིས་གྲུབ་པའི་ཁར་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ་བཀོད་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ཁྲག་རུས་པ་ཐམས་ཅད་དུམ་བུར་གཏུབས་ཤ་ལྔ་བདུད་རྩི་ལྔར་གྱུར། འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཞིང་རོ་གཅིག་ཏུ་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་སྟེང་ནས་སྟེང་དུ་བརྩེགས་པ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་འདྲེས་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། སེམས་ཉིད་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་འདས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པར་བྱས། རྣལ་འབྱོར་མ་དེ་གྲངས་མེད་པའི་ལྷ་མོར་སྤྲོས་ནས་ཐོད་པས་བདུད་རྩི་བཅུས་ཏེ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན། ཆོས་སྐྱོང་སྲུང་མ། རིགས་དྲུག་ཡེ་ཤེས་ལྷའི་འཁོར་ལོར་ཤར་བ་རྣམས་ལ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་སྤྲིན་ཕུང་། རྣམ་པ་འདོད་ཡོན་ལྔའི་ལོངས་སྤྱོད་ཆར་དུ་འབེབ་པ། བྱེད་ལས་དབང་པོ་དྲུག་གི་ཡུལ་དུ་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བར་སྤེལ་ནས། ཨོཾ་ཨཱཿཧཱུྃ་ཞེས་སྔར་བཀོད་པའི་བདུད་རྩིས་མཚོན་བྱེད་བྱས་ཏེ་ཚིམས་པར་བསྔོས་ནས་རང་གིས་ཀྱང་མྱོང་ལ། འདི་ལྟར་མཆོད་སྦྱིན་བགྱིས་པའི་བསོད་ནམས་འདིས་མཚོན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་མཐུ་ལ་བརྟེན་ནས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་གྱུར་ཅིག་སྙམ་དུ་དམིགས་རྣམ་རྩེ་གཅིག་པས། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བརྗོད་ཅིང་དོན་དམ་སྤྲོས་བྲལ་འཁོར་གསུམ་རྟོག་པ་མེད་པའི་ཤེས་རབ་ཀྱིས་མཐའ་བསྐྱང་། དེ་ནས་ཕུང་པོ་ངོ་བོ་ཟག་མེད་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་ཤ་ཁྲག་སོགས་གང་འདོད་དུ་སྤེལ་ནས། སྦྱིན་ཡུལ་བྱ་དང་གཅན་གཟན་རྣམས་ཀྱང་རང་བཞིན་ལྷའི་འཁོར་ལོར་ངེས་པས་མཆོད་སྦྱིན་དུ་གཏོང་ཞིང་སྒྲིབ་སྦྱོང་གི་གཟུངས་སྔགས་དང་བདེན་ཚིག་བརྗོད་ཅིང་ཤེས་རབ་ཟབ་མོས་རྒྱས་ཐེབ་པར་བྱ་སྟེ། བསོད་ནམས་ནང་ནས་སྦྱིན་པ་མཆོག །སྦྱིན་པས་བསོད་ནམས་མཆོག་ཏུ་འགྱུར། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པས། །མྱུར་དུ་སངས་རྒྱས་ཉིད་འགྲུབ་འགྱུར། །ཞེས་པས་མཚོན་སྦྱིན་པ་ལ་ཕན་ཡོན་མཐའ་ཡས་པར་གསུངས་ན་ལུས་ཀྱི་སྦྱིན་པ་ནི་སྦྱིན་པའི་མཆོག་ཡིན་པས་སོ། །དེ་དག་ནི་བེམ་པོ་ཚོགས་སུ་བརླབས་ནས་ནང་གི་སྦྱིན་སྲེག་བྱ་ཚུལ་རྒྱུད་དང་གྲུབ་པའི་གདམས་ངག་ལས་འབྱུང་ཡང་དེང་སང་ལག་ལེན་བྱེད་པ་མི་སྣང་མོད་དེ་དང་འདི་དོན་གྱི་གནད་གཅིག་གོ ༈ །བདུན་པ་རུས་པ་སྦྱོང་ཞིང་སཱཙྪ་གདབ་པ་ནི། སྦྱིན་སྲེག་གིས་སྦྱོང་བ་སྔོན་དུ་སོང་ན་དང་མ་སོང་བའི་རུས་དུམ་ཡིན་ན་ཡང་། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ནས་གཟུངས་སྔགས་བཟླ་བཞིན་དུ་སོལ་མེ་སོགས་ཀྱིས་བསྲེགས་པ། རིན་པོ་ཆེའི་སྣོད་དུ་དྲི་བཟང་གིས་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག དེའི་སྟེང་དུ་མཉྫི་ལ་བུམ་པ་དྲི་བཟང་གི་ཆུས་གང་བ་དང་། དེ་དང་ཉེ་བར་བ་བྱུང་ལྔའི་སྣོད། གུར་གུམ་སོགས་དྲི་ཆུའི་སྣོད་ཀྱང་བཤམས་ནས། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས། སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ་ནས་རྩ་སྔགས་དང་ཡིག་བརྒྱ་སོགས་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་བུམ་ཆུས་རྫས་རྣམས་ལ་བཏབ་པས་རུས་བུ་རྣམས་དག་པར་བཀྲུས་ཏེ། དེ་ཉིད་ཞིབ་པར་བཏགས་ནས་སྔར་གྱི་བུམ་ཆུ་དང་དྲི་བཟང་བ་བྱུང་ལྔ་རྣམས་ས་སྤྱིན་བཟང་པོའི་འཇིམ་པ་དང་སྦྱར་བ་རིན་པོ་ཆེའི་ཕུང་པོར་བསམས་ཏེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང་། ལག་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་པ་གྱེན་བསྟན་དང་། གཡས་དེ་བཞིན་དུ་སྦུབ་པའི་བར་དུ་འཇིམ་པ་བཞག་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན། པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨེ། ས་མ་ས་མ་ཡེ། ཤཱནྟེ་ཤཱནྟེ། ཨ་ས་མ་རོ་སྱེ། ཨ་ན་ལམྦེ་ས་ཡ་ཤོ་པ་ཏི། མ་ཧཱ་ཏེ་ཛོ། ནི་རཱ་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱི་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་རྣམ་སྣང་གི་གཟུངས་རིང་ངམ། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཞེས་ཉེར་གཅིག་དང་ཡིག་དྲུག་མང་དུ་བཟླས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་གཅོད། ཨོཾ་བཛྲོད་བྷ་བ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་རྡུལ་བྲལ་དུ་བསམ་ལ་སྣུམ་བྱུག །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་གདབ་པར་བསམ་ལ་བཏབ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམ་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་གཟུངས་སུ་བཅུག །ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམ་ལ། མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་བགེགས་སྦྱང་བ་དང་། ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང་དབང་བསྐུར། མཆོད་པ་དང་བསྟོད་པ་བྱས་ནས་རང་གཟུགས་སུ་བསྒྱུར་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཡང་ཚེ་འདས་ཀྱི་སྒྲིབ་སྦྱོང་ཁོ་ན་ལ་ཆེད་དུ་བྱ་བའི་སྐབས་འཇིམ་པ་བྱིན་གྱིས་བརླབ་པ་ནས་གྲུབ་ཀྱི་བར་ཐམས་ཅད་དུ་ཡིག་བརྒྱའམ། ཀུན་རིག་དང་། མི་འཁྲུགས་པའི་གཟུངས་སོགས་ཀྱི་གཤམ་དུ། ཚེ་ལས་འདས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་པཱ་པཾ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྦྱར་ལ་བཏབ་ལ་རབ་ཏུ་གནས། སྦྱོང་ཁྲུས་བྱས་ལ་གོང་སྨྲོས་སོགས་ལས་སྒྲིབ་སྦྱོང་བ་ལ་བསྔགས་པའི་ལྷ་གང་འདོད་པ་བསྐྱེད་བསྟིམ་དབང་བསྐུར་མཆོད་བསྟོད་བྱ། སྡིག་སྒྲིབ་སྦྱོང་བའི་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་གཉིས་གསུམ་སོགས་བྱས་ན་སྡིག་སྒྲིབ་བྱང་བའི་རྟགས་མཐོང་བར་འགྱུར་ལ། མ་མཐོང་ན་མཚན་ཐོག་ཐག་གཅིག་ཏུ་བཟླས་པ་བྱས་པས་ངེས་པར་མཐོང་བར་འགྱུར་ཏེ། དེ་ལྟར་ཡང་སྔར་རུས་པ་བསྡུ་བར་གསུངས་པ་དེ་དང་འབྲེལ་བར། ཐལ་བ་དེ་དང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་ནས་བརྫིས་ནས་ནི། །ག་པུར་དྲི་ཡིས་བགོས་པ་ཡི། །འཇིམ་པ་དང་ཡང་བསྲེས་ནས་ཀྱང་། །གཟུགས་སུ་བྱ་འམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །སྔགས་དང་ཕྱག་རྒྱས་བཏབ་ནས་སུ། །འབུམ་ཕྲག་གཉིས་བརྒྱའི་བར་དུ་བཟླ། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་རུང་། །སྣང་ངམ་ཡང་ན་འོད་ལྡན་ནམ། །ཞེས་སོགས་གསུངས་པས། ཡང་ན་སཱཙྪའི་མལ་དུ་ལྷའི་སྐུ་གཟུགས་བྱས་ནས་བསྒྲུབ་པའང་བསྟན་ཏོ། །གཞན་ཡང་ལས་སྒྲིབ་རྒྱུན་གཅོད་ཀྱི་གཟུངས་མདོ་ལས། དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ། གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ་ཡང་ན་ཆུ་ཀླུང་དུ་བཏང་ན་དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་རྟེན་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ་སྔར་བཞིན་ལེགས་པར་མཆོད་ལ་འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས། འདི་ཆེ་གེ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །ཅེས་སྨྲོས་པས་མཐོ་རིས་སུ་སྐྱེ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །ཞེས་སཱཙྪ་འབུམ་ཐེར་བྱས་ལ་ཆུ་ཀླུང་དུ་དོར་བའམ། མཆོད་རྟེན་བརྩེགས་པའི་ཚུལ་གཉིས་གསུངས། གཞན་ཡང་རུས་པ་ལས་སཱཙྪ་ཚུལ་བཞིན་འདེབས་པ་མི་ནུས་ན། དེ་ལ་རྟེན་བསྐྱེད། རྣམ་ཤེས་བཀུག །ཕྱིར་ཟློག་གིས་སྡིག་པ་སྦྱང་། ལམ་སྦྱང་བསྟན་བྱས་ལ་ཐལ་བ་དང་རུས་པ་ཙན་དན་ལ་སོགས་པའི་དྲིས་སྦགས། རྡུལ་ཚོན་དང་སྔགས་བཏབ་པའི་བྱེ་ཡུངས་ལ་སོགས་པ་དང་བཅས་རྒྱ་མཚོར་འབབས་པའི་ཆུ་ཀླུང་དུ་དོར་ན་དེས་གང་ལ་རེག་པའི་སེམས་ཅན་རྣམས་ཀྱང་ངན་སོང་ལས་ཐར་བར་འགྱུར། དེ་བཞིན་དུ་རོའམ་གཟུགས་བརྙན་ལ་ཕྱིར་ཟློག་གི་སྡིག་སྦྱོང་བྱས་པའི་བྱེ་མ་དང་ཁྲུས་ཆུ་རྣམས་ཀྱང་རྒྱ་མཚོར་འབབ་པའི་ཆུར་དོར་ཅིང་མིང་ནས་སྨྲོས་པའི་སྔགས་བཏབ་ན་ངན་སོང་ལས་གྲོལ་ཏེ། ཐལ་བའམ་ཡུངས་དཀར་བྱེ་མ་སོགས། །རང་གི་མིང་སྨྲོས་སྔགས་བཏབ་པའི། །བཟླས་པ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོར་འབབས་པའི་ཀླུང་དུ་དོར། །དེ་ལྟར་བྱས་ན་སྡིག་ཅན་ཡང་། །ངན་སོང་ལས་ནི་ཐར་འགྱུར་ན། །ཞེས་སོ། །ཡང་ན་རུས་ཆོག་སྔར་སྨྲོས་པ་ལྟར་བྱས་པའི་རྗེས་སུ་ཞིབ་པར་བཏགས་ནས་རི་མཐོན་པོའི་རྩེར་རླུང་ལ་བསྐུར་ཏེ། ཇི་སྐད་དུ། ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་པོའི་རྩེ་མོར་འཛེགས་ནས་ནི། །ཤིན་ཏུ་ཤུགས་དྲག་མཐུན་པ་ཡི། །རླུང་ལ་དེ་ནི་བསྐུར་བར་བྱ། །ཞེས་སོ། །ཡང་སྦྱོང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་ལྟར་གསུངས་པའི་སྔགས་བཟླ་ཞིང་། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་གསུངས་པས། ལྷ་སྔགས་ཀྱི་ཤམ་དུ་ཚེ་འདས་ཀྱི་མིང་སྤེལ་ཚིག་དང་བཅས་པ་བཟླ་ཞིང་སྡིག་སྒྲིབ་སྦྱོང་བའི་ཏིང་ངེ་འཛིན་བྱས་ན་ངན་འགྲོ་ལས་གྲོལ་བ་དང་། ཡང་། དེ་ཡི་མིང་ནས་སྨྲོས་ནས་ཀྱང་། །སྔགས་པས་འབུམ་ཕྲག་བརྒྱ་འམ་ནི། །ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ཆེན་པོར་འགྱུར་བ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་པས་ཚེ་འདས་ཀྱི་དོན་དུ་དམིགས་པའི་ཞི་བའི་སྦྱིན་སྲེག་མིང་ནས་སྨྲོས་པའི་སྤེལ་ཚིག་དང་བཅས་པ་འབུམ་མམ་བྱེ་བ་བྱས་ན་ལྷར་སྐྱེས་ནས། དེའི་མཚན་མ་གཞན་ནམ་མེ་ཐབ་ཏུ་མེ་པྲ་བཟང་པོ་མཐོང་བར་གྱུར་པ་ན། བདེ་འགྲོར་སྐྱེས་པ་དེའི་ཚེ་དཔལ་ལ་སོགས་པ་སྤེལ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག །འདོད་དོན་དབང་དུ་བྱ་བའི་ཕྱིར་དབང་གི་སྦྱིན་སྲེག །གནོད་བྱེད་ཚར་གཅད་པའི་ཕྱིར་དྲག་པོའི་སྦྱིན་སྲེག་རྣམས་བྱ་བར་གསུངས་ཤིང་། དེ་ལྟར་བྱས་པས། དེ་ནས་དེ་ཡི་སྡིག་འཇོམས་ལུས། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་མི་ཡི་འཇིག་རྟེན་ན། ཁམས་གསུམ་བདེ་བ་ཅི་བདེར་སྤྱོད། །ཅེས་སྡིག་པ་བཅོམ་ཞིང་བགེགས་དང་བྲལ་ནས་ལྷ་མིའི་ནང་དུ་བདེ་བ་ལོངས་སྤྱོད་པར་གསུངས། དེ་ལྟར་སྡིག་སྦྱོང་གི་སྒོ་དུ་མ་ལ་འབད་པས་མཐོ་རིས་སུ་སྐྱེས་པའི་མཚན་མ་མཐོང་བ། དེའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྤེལ་བའི་ཐབས་ཀྱི་རིམ་པ་གཙུག་ལག་གི་གཞུང་གཞན་དུ་བཤད་པའང་བྱ་བར་གསུངས་ཏེ་དེ་དག་ནི་ཞར་ལས་འཕྲོས་པའོ།། ༈ །།སྤྱི་དོན་གཉིས་པ་གང་ཟག་མཆོག་ལ་ཇི་ལྟར་བྱ་བ་ནི། གུར་གྱི་ལེའུ་བཅོ་ལྔ་པ་ལས། སློབ་དཔོན་མཐར་བྱེད་དུས་ན་ནི། །འཇིག་རྟེན་པ་ནི་ཤི་ཞེས་རོལ། །རྨོངས་ལྡན་མི་རྣམས་གང་ཟེར་བ། །ཤི་ཞེས་པ་དེ་རྨོངས་པ་འོ། །ཤི་བ་ཞེས་བྱ་རྣམ་རྟོག་སྟེ། །དག་པའི་གནས་སུ་ཁྲིད་པ་འོ། །ཞེས་སོགས་ཀྱིས་བསྟན་པའི་དོན། སྤྱིར་སྡོམ་པ་དང་དམ་ཚིག་དང་ལྡན་ཅིང་ཐོས་བསམ་སྒོམ་གསུམ་གྱིས་ལམ་གོང་མར་གནས་པ་དང་། ཁྱད་པར་བསྐྱེད་རྫོགས་ཟབ་མོས་རྒྱུད་འབྱོངས་པའི་གང་ཟག་རྣམས་ནི་འདིར་བྱ་བའི་ཡུལ་ཡིན་ལ། ཇི་ལྟར་བྱ་བའི་ཐོག་མ་འདའ་ཁ་མའི་ངོ་སྤྲོད་ཀྱི་ཚུལ་རྣམས་གང་ཟག་སོ་སོའི་རྒྱུད་ཚོད་མཐོ་དམན་ཉམས་ལེན་གྱི་རིམ་པ་ཡུལ་དུས་གནས་སྐབས་དང་བསྟུན་ནས་ཐོས་གྲོལ་སོགས་གཞུང་དང་བརྒྱུད་པའི་ཕྱག་ལེན་འཁྲུལ་མེད་ལྟར་གྲུབ་ནས་ལག་ཏུ་བླང་བྱ་དངོས་ལ་བཞི། ཆས་སུ་འཇུག་པ། དབང་བསྐུར་བ། གདུང་བསྲེག་པ། མཆོད་རྟེན་བཞེངས་པའོ། །དང་པོ་ནི། སྔ་མ་ལས། རྡོ་རྗེ་དྲིལ་བུ་ལག་པར་བྱིན། །མགོ་བོར་དབུ་རྒྱན་བསྐོན་ནས་ནི། །ཞེས་གསུངས་པ་ལྟར། ཐོག་མར་གདུང་ལ་རེག་པའི་དགག་བྱ་མེད་པ་མཐོང་ནས། དྲི་བཟང་གི་ཆུས་ཁྲུས་གསོལ་ཞིང་། ག་པུར་དང་གུར་གུམ་སོགས་དྲིའི་བྱུག་པ་བྱ། ཇི་ལྟར་འོས་པའི་གནས་ཡིག་གདགས། དར་རས་དྲི་བཟང་གིས་སྦགས་པས་དྲིལ་བའི་ཕྱི་ནས་རྟེན་དང་མཚུངས་པའི་ན་བཟའ་དང་དར་གྱི་སྟོད་དང་སྨད་དཀྲིས་གསོལ་ཕྱག་ཏུ་རྡོར་དྲིལ་གཏད། དབུ་རྒྱན་སོགས་ལྷའི་རྒྱན་གྱིས་བརྒྱན་ནས་ཇི་ལྟར་འོས་པའི་ཁྲི་ལ་བརྟན་པར་བཀོད། མདུན་དུ་དམ་ཚིག་གི་ཡོ་བྱད་དང་མཆོད་རྫས་རྣམས་མཛེས་པར་བཤམ་མོ། །གཉིས་པ་དབང་བསྐུར་བ་ནི། རྡོ་རྗེ་སྡོམ་པ་བྱིན་ནས་ནི། །བུམ་པའི་དབང་བསྐུར་སོགས་བྱིན་ལ། །ཞེས་དང་། བདེ་འདུས་སོགས་ལས་རོ་སྒྲུབ་བྱ་བའི་ཚུལ་གསུངས་པའི་ལག་ལེན་རྒྱས་པར་བྱེད་ན། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བར་ཐོག་མར་སྟ་གོན་གྱི་རིམ་པས་བསྙེན་པ། དེ་ནས་དངོས་གཞིའི་སྒྲུབ་མཆོད་བདག་འཇུག་དབང་བསྐུར་དང་བཅས་པའི་ཞག་ཇི་ཙམ་འོས་པས་སྒྲུབ་པ། མཐར་ལས་ལ་སྦྱོར་བའི་ཚུལ་གྱིས་ཞུགས་ལ་འབུལ་བའི་ཚུལ་སོགས་བྱ་དགོས་པ་ཡིན་ཡང་། འདིར་མདོར་དྲིལ་བའི་དབང་དུ་བྱས་ན། སྤུར་དང་ཉེ་བར་ཡི་དམ་གང་ཡིན་པའི་དཀྱིལ་འཁོར་དབང་རྫས་མཆོད་གཏོར་ཚང་བ་བཤམ། བདག་མདུན་གྱི་སྒྲུབ་མཆོད་དབང་ལེན་པ་རྣམས་སྔོན་དུ་འགྲོ་བས་རྟེན་བསང་སྦྱང་། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། ཐུགས་རྗེའི་འོད་ཟེར་གྱིས་དུས་གསུམ་གྱི་བླ་མ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ཚིགས་བཅད་གང་འོས་སྔགས་དང་ཕྱག་རྒྱར་བཅས་པས་སྤྱན་དྲངས། དགུག་གཞུག་བཅིངས་མཉེས་བྱས་ཏེ་དབྱེར་མེད་དུ་བསམ། ཐུགས་དམ་དང་མཛད་པ་ཕྲིན་ལས་ལ་བར་དུ་གཅོད་པའི་བགེགས་སྦྱོང་བ་ཞི་དྲག་སྤྱི་ལྟར་ལ་ཤམ་བུ་ཁ་བསྒྱུར། ཇི་ལྟར་བལྟམས་པ་སོགས་དང་། ཕར་ཕྱིན་དྲུག་གི་ཁྲུས་གསོལ་སྐུ་ཕྱི་ཤིས་བརྗོད་རྣམས་བྱས་ནས་དབང་འབུལ་ཏེ། དེའང་བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་། སློབ་མའི་བྱ་བ་རྣམས་བླ་མ་ཉིད་ཀྱིས་མཛད། རང་ཉིད་ལས་ཀྱི་རྡོ་རྗེའི་ཚུལ་དུ་བྱས་ཏེ་དབང་རྣམས་ཕུལ། བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། ཕྱག་མཆོད་བསྟོད་པ་གསོལ་འདེབས་ནོངས་བཤགས་སོགས་གསག་སྦྱོང་གི་ཆོ་ག་རྒྱས་པར་བྱས་ནས་དབང་བཞི་བླང་། མཐར་བླ་མ་འོད་ཀྱི་གོང་བུར་ཞུ་བ་སྤྱི་བོ་ནས་གཉིས་མེད་དུ་བསྟིམས་ལ་རྣམ་ཐར་བཞི་ལྡན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དགེ་བ་བསྔོ། རང་དང་ཆོས་འབྲེལ་མེད་ཅིང་དེ་དང་གོ་འཕང་མཉམ་པར་བཞུགས་པ་དག་ལའང་རྗེས་ཀྱི་དབང་ལེན་པ་སོགས་བོར་ནས་གཞན་གོང་ལྟར་དང་། བླ་མའི་མིང་ཙམ་གྱིས་མཚོན་པ་དག་ལ་ཆོ་གའི་འདོར་ལེན་དམིགས་པའི་ཁྱད་པར་སོགས་དམན་མཆོག་གི་དབྱེ་བ་ཕྱེད་པ་དང་། བུ་སློབ་སྦྱིན་བདག་རྣམས་ཀྱི་བསམ་པ་དང་སྐབས་སུ་བབས་པའི་བྱ་བ་དགོས་པའང་ཤེས་པར་བྱའོ། །དེ་ལྟར་ཡང་ཏ་ཐཱ་ག་ཏ་རཀྵི་ཏས། རྡོ་རྗེ་སློབ་དཔོན་འགའ་ཞིག་ནི། །ཤི་ནས་རོ་རུ་གྱུར་ནས་ཀྱང་། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཡང་། །ཕྱི་ནས་ཆོ་ག་མཁས་པས་སྦྱིན། །མེ་ཏོག་སྤོས་ལ་སོགས་པས་མཆོད། །ཡང་དག་མཆོད་ཅིང་བསྟོད་པར་བྱ། །ཞེས་དང་། རང་གི་བླ་མ་དངོས་མ་ཡིན་ཡང་གང་ཟག་ཁྱད་པར་ཅན་རྣམས་ལ་ཆོ་ག་འདི་ལྟར་བྱའོ། །ཞེས་སོགས་འབྱུང་ངོ་། །གསུམ་པ་གདུང་སྲེག་པ་ནི། རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །འདུ་བྱེད་རབ་ཏུ་བྱ་བ་བརྟེན། །ཞེས་དང་། ཉི་མ་གསུམ་ནི་ལོན་པ་ན། །རུས་པའི་ཕྲེང་བ་བསྡུས་བྱས་ལ། །དྲི་དང་འོ་མས་བྲན་ནས་ནི། །དེ་ཡི་མཆོད་རྟེན་དུ་བྱ་འོ། །ཞེས་གསུངས་པས། ཞི་བའི་ཐབ་དང་སྤུར་ཁང་གི་གཞི་སྔར་ལྟར་ལས་ཁྱད་པར་མྱང་འདས་མཆོད་རྟེན་མཚན་ཉིད་ཚང་བའི་རྣམ་པ་ཅན་དུ་བྱས་ལ། དེར་རོལ་མོ་མཆོད་པ་དང་བཅས་པས་སྤྱན་དྲངས། ཁྲུས་གསོལ་གདགས་ཡིག་སོགས་སྔར་བཞིན་དང་། ལྷར་བསྐྱེད་ལ་མཆོད་ཅིང་བསྟོད་ནས། མེ་འཇུག་ཁར་ཡེ་ཤེས་པ་ནམ་མཁར་བཏེགས། ཆོས་འབྲེལ་མེད་པ་ཞིག་གིས་ཐོག་མའི་མེ་སྦོར་དུ་གཞུག །འཇིག་རྟེན་པའི་མེ་ལྷའི་སྦྱིན་སྲེག་ཚར་ནས་ཡེ་ཤེས་དཀྱིལ་འཁོར་གསལ་བཏབ། བླ་མ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱེར་མེད་དུ་སྤྱན་དྲངས་ནས་དམ་ཚིག་པ་ལ་བཞུགས་སུ་གསོལ་བ་མཆོད་ཡུལ་དུ་བྱས་ནས་བསྲེག་རྫས་རྣམས་མཆོད་པའི་རྣམ་པར་འབུལ་ཞིང་། དཔལ་ལྡན་བླ་མ་དམ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་སྤེལ་ཚིག་ཇི་ལྟར་འོས་པ་སྦྱར་ཏེ་འདས་པའི་སྦྱིན་སྲེག་གི་ཆོ་ག་རྣམས་བྱས་ནས། མཐར་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་གཤེགས་གསོལ་སོགས་སྲེག་ཆོག་དཀྱུས་བཞིན་བྱ། སྲེག་ཆོག་གྲུབ་ནས་འཕྲལ་དུ་བསྡུ་དགོས་པ་བྱུང་ན་མེ་དྲི་བཟང་གི་ཆུ་དང་འོ་མས་བསད་ནས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་བསྡུ། སྡུད་མི་དགོས་ན་གདུང་ཁང་གི་བུ་ག་རྣམས་འཇིམ་པས་བཅད། སྟེང་དུ་སྐུ་དང་གླེགས་བམ་བྱིན་རླབས་ཅན་འཇོག་སྲོལ་ཡང་སྣང་ཞིང་། བླ་མའི་གདུང་ལ་ཉིན་རེ་བཞིན་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་ཡང་རུང་བའི་སྒོ་ནས་ཕྱག་བཤགས་མཎྜལ་མཆོད་བསྟོད་གསོལ་འདེབས་དབང་ལེན་བྱ། དམ་སེལ་དང་གྲིབ་ཅན་ལ་འཛེམ། ཞག་གསུམ་སོགས་ནས་སྤུར་ཁང་འབྱེད་པའི་ཚེ་ནའང་མཆོད་པ་གསར་དུ་གཤམ། ཕྱག་མཆོད་སོགས་སྔར་བཞིན་བྱ། རང་ཉིད་ལྷའི་རྣལ་འབྱོར་གང་རུང་གི་སྒོམ་བཟླས་བྱས་ལ་སྣོད་གཙང་མར་པདྨ་འདབ་བརྒྱད་བྲིས་པ་ལ་གདུང་རུས་རྣམས་བསྡུའོ། །རང་གི་བླ་མའི་སྤུར་གྱི་ཡེ་ཤེས་པ་མ་གཤེགས་པར་བསྲེག་ན་ཉེ་བའི་མཚམས་མེད་དུ་འགྱུར་ཞིང་། བླ་མ་མ་ཡིན་ཡང་སྔོན་ནས་ལྷ་སྒོམ་པའི་གང་ཟག་བཟང་པོ་གཞན་ལའང་དེ་དང་མཚུངས་པར་བཤད་པས། གཤེགས་བསྟིམ་གྱི་ཕྱག་ལེན་རྒྱ་བོད་བཞེད་སྲོལ་འདྲ་མིན་འགའ་ཞིག་འབྱུང་ཡང་དཀྱུས་སུ་བཀོད་པ་འདི་ཉིད་མཆོག་དམན་ཀུན་ལ་སྟབས་བདེ་ཞིང་དོན་དང་འབྱོར་པ་ཡིན་ནོ། །སྤེལ་ཚིག་གི་སྐབས་ཆོས་འབྲེལ་མེད་པ་དང་བླ་མ་དཀྱུས་འགྲེའི་རིགས་ལ། སྐྱེས་བུ་དམ་པ་དེ་ཉིད་ཀྱི་ཞེས་སམ། དགེ་བའི་བཤེས་གཉེན་དེའི་ཞེས་སམ། རྣམ་པར་འདྲེན་པ་དེ་ཉིད་ཀྱི། དགོངས་པ་རྫོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་རོ། །བཞི་པ་མཆོད་རྟེན་བཞེངས་པ་ནི། ཏ་ཐཱ་ག་ཏས། དེ་ནས་རུས་བུ་བསྡུས་པ་རྣམས། །མཁས་པས་བ་ཡི་འོ་མས་བཀྲུས། །འཇིམ་པར་བསྲེས་ནས་སཱཙྪ་གདབ། །སྙིང་པོ་མཆོད་རྟེན་བརྩིག་པར་བྱ། །ཞེས་གསུངས་པ་ལྟར་གདུང་རུས་འོ་མ་དང་དྲི་བཟང་གིས་བཀྲུས་ནས་ཞིབ་མོར་བཏགས་པ་འཇིམ་པ་དང་སྦྱར་བ་ལས་ཆོ་ག་བཞིན་དུ་སཱཙྪ་བྱས་པ་རྟེན་གྱི་སྙིང་པོར་གཞུག་པའམ། ཡང་ན་གདུང་ལྷར་བསྐྱེད་མཆོད་བསྟོད་བྱས་པ་འོད་དུ་ཞུ་བ་རིན་པོ་ཆེའི་ངོ་བོ་རུས་པའི་རང་མཚན་ཅན་དྲི་བཟང་དང་ན་བཟའ་བཀུར་སྟི་དང་བཅས་པས་རྟེན་གྱི་སྙིང་པོར་བཞུགས་སུ་གསོལ་བའང་ལེགས། རྒྱ་གཞུང་ལས་སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་ཡོད་ན་སྐུ་ཁྲུས་གསོལ་ཏེ་དེ་གཟུངས་ཀྱིས་དཀྲིས་ནས་རྟེན་ལ་གཞུག་པ་དང་། གང་ཟག་ཕལ་པའི་རུས་པ་ལའང་དེ་ལྟར་བྱ་བར་བཤད་དེ། གཟུངས་ནི་ལྷ་དང་རྟེན་སྙིང་སོགས་སོ། །སྤྱིར་དགོངས་པ་རྫོགས་པའི་རྟེན་བཞེངས་པ་ལ། ཆོས་སྐུའི་རྟེན་ལ་མཆོད་རྟེན་དང་སཱཙྪ་ཡིན་ཞིང་། ལོངས་སྐུའི་རྟེན་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྔགས་ཀྱི་གླེགས་བམ། སྤྲུལ་སྐུའི་རྟེན་སངས་རྒྱས་སོགས་ཆགས་བྲལ་རབ་བྱུང་གི་རྣམ་པ་ཅན་ཡིན་པས་ཆེ་ཆུང་གང་འགྲུབ་ཆག་ཚད་རབ་གནས་དང་ལྡན་པ་གྲུབ་ན་ཤིན་ཏུ་ཕན་ཡོན་ཆེ། གདུང་རུས་རང་མཚན་པ་མཆོད་རྟེན་སོགས་སུ་གཞུག་པར་རུང་དང་མི་རུང་སྤྱིར་གང་ཟག་གི་རྒྱུད་ཚོད་མཐོ་དམན་ལ་རགས་ལས་ཤིང་། ཆོ་གས་ཚུལ་བཞིན་སྦྱོང་གྲུབ་ནས་དམན་པ་ལའང་ཉེས་པ་མི་འབྱུང་མོད། སཱཙྪ་བཏབ་ནས་གཞུག་པ་ཉིད་དགག་བྱ་ཆུང་བས་ལེགས། གདུང་ཐལ་སྤུར་ཁང་སོགས་ཆུར་གཤེགས་ནའང་ངན་སོང་སྦྱོང་བའི་སྔགས་རྣམས་བཟླ་བཞིན་དུ་དོར་ཞིང་། ཆུ་བོས་ཁྱབ་ཚད་ཀྱི་སེམས་ཅན་ངན་སོང་ལས་གྲོལ་བའི་སྨོན་ལམ་བཏབ་ན་དེར་འགྱུར་བའི་དགོས་པ་དང་ལྡན་པ་ཡིན་ནོ། །དུས་ཐ་མའི་ཆོ་ག་འདི་སྔགས་གསར་རྙིང་གི་རྒྱུད་སྡེ་རྣམས་ལས་ཐོར་བུ་ཅི་རིགས་པ་འབྱུང་ཞིང་། རྟེན་གཞིའི་གཙོ་བོ་སྦྱོང་རྒྱུད་ལ་བྱེད་པ་དང་། བཀའ་དགོངས་གཙོར་བྱས་གཏེར་མའི་ཕྱོགས་སུ་ནི་རྒྱས་བསྡུས་རྣམ་གྲངས་མཐའ་ཡས་པ་སྣང་མོད། རྒྱུད་དང་རྒྱ་གཞུང་གི་དགོངས་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དོན་བསྡུས་པའི་ལེགས་བཤད་སོགས་ལ་བརྟེན་ནས་ཕྱག་ལེན་འདྲ་མིན་མང་དུ་འདུག་ཀྱང་། ༧ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པའི་རྒྱ་ཅན་འཇིག་རྟེན་དབང་ཕྱུག་གི་གཤིན་པོ་རྗེས་འཛིན་ཉིད་ཁྱེར་བདེ་དོན་འདུས་རྣམ་པ་གསལ་བར་མཐོང་ནས་འདིར་སྤྱི་ཁྱབ་ཀྱི་ཚུལ་དུ་བཀོད་པའོ། །གོང་མ་མཆོག་རྣམས་དགོངས་པ་ཡོངས་སུ་རྫོགས། །དམན་རྣམས་ཐར་པ་ཞི་བདེའི་གནས་སུ་འཁོད། །ཀུན་ཀྱང་སྲིད་ཞིར་མི་གནས་མཐའ་ཡས་པའི། །འགྲོ་བ་འདྲེན་པའི་དཔལ་དང་མགོན་གྱུར་ཤོག །ཅེས་གཞན་ཕན་ལྷག་བསམ་གྱི་རྩོལ་འདོད་མཆིས་ཀྱང་དགོས་བྱ་ལག་ལེན་གྱི་གནད་ལ་རྨོངས་པ་དག་ལ་ཕན་འདོད་ལྷག་པའི་བསམ་པས་བློ་གྲོས་མཐའ་པའི་སྡེས། རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཕྲིན་ལས་སྤྱིའི་ཡན་ལག་གི་ཉེར་མཁོའི་བཙས་སུ་བྲིས་པ་དགེ་ལེགས་འཕེལ།། །།

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).