Terdzo-NA-022

From Rinchen Terdzö
Revision as of 15:36, 28 November 2018 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

དག་སྣང་བླ་མ་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཀྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཕྲེང་བ་

dag snang bla ma drag po kI la ya'i byin rlabs kyi cho ga bklag chog tu bkod pa ye shes 'od kyi phreng ba

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  པདྨ་དཀར་པོ་ (The Fourth Drukchen Pema Karpo)
in cycle  དག་སྣང་གུ་རུ་དྲག་པོ་ཀཱི་ལ་ཡ་ (Dag snang gu ru drag po kI la ya)
Volume 12 (ན) / Pages 505-518 / Folios 1a1 to 7b6

[edit]

༄༅། །དག་སྣང་བླ་མ་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཀྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་འོད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། སྲིད་པ་ཕུར་བུས་གདུག་ཅན་དཔུང་། །ཐལ་བར་འབྱིན་ལ་ཡེ་ཤེས་ཀྱི། །བླ་མ་དྲག་པོའི་སྲོག་ཞུགས་པ། །བླ་མེད་སྟོབས་འཆང་དེར་བཏུད་ནས། །འཇིག་རྟེན་དབང་ཕྱུག་པདྨ་དཀར། །དག་པའི་གཟིགས་མོར་འབྱམས་ཀླས་ཚེ། །མ་ཧཱ་གུ་རུས་གདམས་པའི་བཅུད། །སྨིན་བྱེད་ལག་ལེན་ཉུང་ངུར་བསྡེབ། །བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་ཐུགས་སྒྲུབ་འདིའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་ལ་སྦྱོར་བ་དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཉྫིའི་ཁར་སྐུ་རྟེན་ཐོད་པའམ་རིན་པོ་ཆེའི་སྣོད་དུ་སྨན་སྤོས་ལ་ཨ་མྲྀཏ་བསྲེས་པའི་ཕྱེ་ལ་དབལ་གཏོར་དཔལ་ཅན་པད་འདབ་བཞི་པ་རྒྱན་ལྡན་ལ་སྐུ་ཙཀ་དང་དར་གདུགས་དམར་པོས་མཚན་པ། གཡས་སུ་གསུང་རྟེན་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དར་གྱི་ཁ་ཆོད་བཀབ་པ། གཡོན་དུ་ཐུགས་རྟེན་གསེར་གྱི་རྡོ་རྗེ་རྩེ་དགུ་པ། མདུན་དུ་ཡོན་ཏན་རྟེན་བུམ་པ་རྫས་དང་བཅུད་ལྡན་མགུལ་ཆིངས་སྣ་ལྔ་ཁ་རྒྱན་གསེབ་ཏུ་ཐོད་ཕྲེང་རིགས་ལྔའི་སྐུ་ཙཀ་བཙུགས་པ། རྒྱབ་ཏུ་ཕྲིན་ལས་རྟེན་ལྕགས་ཕུར་དར་མཐིང་ནག་གི་ཅོད་པན་ཅན་ཕུར་གདན་ལ་བཙུགས་པ། གཡོན་མདུན་སྡེ་བརྒྱད་གཏོར་མ་ཤ་ཁྲག་མཚེ་ཡུངས་རྩང་གིས་བརྒྱན་པ། དེ་དག་གི་མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཤམ། ལས་བུམ་མགུལ་ཆིངས་དམར་པོ་ཅན། བྲུབ་ཁུང་། ཉ་བོ། ཕྲིན་ལས་ལ་མཁོ་བའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་བདག་མདུན་སྒྲུབ་པ་ནི། བརྒྱུད་འདེབས། སྔོན་གཏོར། བགེགས་བསྐྲད། སྲུང་འཁོར། སྐྱབས་སེམས། ལྷ་བསྐྱེད་སྤྱན་འདྲེན་མཚམས་བྱིན་རླབས་བསྡུ་བའི་དམིགས་པ་བཅས་ཛཔ྄་ལན་བདུན་ནམ་ཉེར་གཅིག་བརྗོད། དེ་ནས་གསོལ་གདབ་བཅས་ཐོད་ཕྲེང་རིགས་ལྔ་ལས་དབང་ལེན་བྱ། བསྙེན་ཡིག་ལྟར་བཟླས་དམིགས་རྣམས་གསལ་བཏབ་ལ་ཛཔ྄་ཅི་ནུས་བཟླ། དེ་ནས་མཆོད་གཏོར་བྱིན་བརླབ། མདུན་གྱི་སྐུ་རྟེན་གཏོར་མ་དྲག་པོར་གསལ། གསུང་རྟེན་ཐོད་པའི་ནང་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཀྱི་ཕྲེང་བ་གསལ། ཐུགས་རྟེན་ཟླ་སྟེང་རྡོ་རྗེ་རྩེ་དགུར་གསལ། བུམ་ནང་ཐོད་ཕྲེང་རིགས་ལྔ་བཞུགས་པར་བསྒོམ། ཕུར་པ་ཡང་རིག་འཛིན་དྲག་པོར་གསལ་ཏེ་མངོན་རྟོགས་ནས་སྤྱན་འདྲེན། མཆོད་པ་བསྟོད་པའི་བར་སོང་རྗེས། བདག་མདུན་གྱི་འོད་ཟེར་སྤྲོ་བསྡུ་བཅས་བཟླས་པ་ཅི་ནུས་སྤྱིར་བྱ། བྱེ་བྲག་རྟེན་ལྔ་པོ་རེ་རེ་བཞིན་དམིགས་པ་གཏད་ལ་བཟླས་པས་བྱིན་བརླབ། དེ་ནས་ཚོགས་བསང་སྦྱང་བྱིན་བརླབ། བྱིན་འབེབ། ཚོགས་འབུལ་རིམ་གསུམ་གྲུབ་ནས། ཆོས་སྲུང་སྤྱི་སྒོས་ཀྱི་གཏོར་འབུལ། གཞི་བདག་ལ་གཏོར་མ་འབུལ་བ་རྣམས་བྱ། ལས་བུམ་བསང་སྦྱང་། བུམ་པ་མི་དམིགས་སྟོང་པར་གྱུར། སྟོང་པའི་ངང་ལས་ཕྱི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། པད་ཉི་ལ་ཁྲོ་བོ་ཡཀྴ་མེ་དབལ་སྨུག་ནག་གཡས་ཐོ་བ་ཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་གནས་པར་གྱུར་པའི་ཐུགས་ཀ་ནས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་བསྟིམ། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཨ་བྷི་ཥིཉྩ་མཱཾ༔ རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས། །གཅིག་བསྡུས་མ་རུངས་གདུག་པ་འདུལ། །ལས་ཀྱི་ཁྲོ་ཆེན་འབར་བའི་སྐུ །ཡཀྴ་མེ་དབལ་ཕྱག་འཚལ་བསྟོད། ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་གནས་པ་ལ་སྔགས་ཀྱི་ཕྲེང་བ་བཀོད་ལ། ཨོཾ་བཛྲ་ཡཀྴ་ཧཱུྃ། ཞེས་བཟླས་ལ་བཞག །ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར་བ་གང་རུང་བྱའོ། །དེ་ནས་སློབ་མ་རྗེས་སུ་བཟུང་བ་ནི། ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་པ་དང་། དམིགས་བསལ་དུ། དེ་ལ་འདིར་གསང་སྔགས་སྔ་འགྱུར་བ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་བཞུགས་ཤིང་། དེ་གསུམ་ཡང་སྔ་མ་ལས་ཕྱི་མ་རིམ་གྱིས་ཟབ་པར་བཞེད་པ་ལས་འདིར་ཟབ་མོ་དག་སྣང་གི་ཆོས་སྡེ་ཡིན་ལ། དེ་ལའང་གཏན་ལ་དབབ་བྱའི་ཆོས་དང་། འབེབ་པ་པོ་གང་ཟག་གི་དབྱེ་བས་རྣམ་གྲངས་མཐའ་ཡས་པར་བཞུགས་པ་ལས་འདིར་ཆོས་ནི། གུ་རུ་རིན་པོ་ཆེའི་ཞལ་ནས། པདྨ་ང་བསྒོམ་མཆོད་དང་སུས་སྒྲུབ་པ། །རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང་། །དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབ། །སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་སྒྲུབ། །ཅེས་སོགས་རྡོ་རྗེའི་གསུང་གིས་ཡང་ཡང་བསྔགས་པ་བྱིན་རླབས་ཀུན་གྱི་རྒྱལ་པོ་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་ཡིན་ལ་དེ་ལ་ཞི་དྲག་གཉིས་ལས་འདིར་ནི། ཇི་སྐད་དུ། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་སྒོམས། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །ཞེས་ཞལ་གྱིས་བཞེས་པ་པདྨ་དྲག་པོར་སྒྲུབ་པའི་སྐོར་ཡིན། དེ་ལའང་དཀྱིལ་འཁོར་དང་། དཔའ་བོ་གཅིག་པ་དང་། དེ་རེ་རེ་ལའང་རིགས་ལྔའི་དབྱེ་བ་ཅན་དང་། བླ་ཕུར་སྦྲགས་མར་སྒྲུབ་པའི་སྐོར་སོགས་མང་དུ་མཆིས་པ་ལས། འདིར་སྙིགས་དུས་ཀྱི་དམ་སྲི་འབྱུང་པོ་མཐུ་བོ་ཆེ་རྣམས་ཀྱི་གཉེན་པོར་ཆེད་དུ་བསྔགས་པ་བླ་ཕུར་སྦྲགས་མ་སྤུ་གྲི་གཅིག་ཤུར་གྱི་ཚུལ་དུ་སྒྲུབ་པ་ཡིན། དག་སྣང་འབེབ་པ་པོ་ནི། ཆོས་དབང་རིན་པོ་ཆེའི་གཏེར་ལུང་ལས། ས་རལ་ཞེས་པའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་འབྱུང་། །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ། །ཞེས་དང་། ནཱ་རོ་པཎ་ཆེན་སྒྱུ་མའི་གར་བསྒྱུར་བ། །གཙང་པ་རྒྱ་རས་འབྲུག་དང་ར་ལུང་འབྱོན། །ཞེས་དང་། གནོན་སྦྱིན་གང་བ་བཟང་པོའི་ཞོལ། །ང་ཉིད་རྒྱ་ཡི་མིང་དུ་སྤྲུལ། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་འཛུགས། །ཞེས་གུ་རུ་རིན་པོ་ཆེ་རང་ཉིད་དུའང་ཞལ་གྱིས་བཞེས་ཤིང་། གཏེར་ལུང་གཞན་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བར་ལུང་བསྟན་པ་འགྲོ་མགོན་གཙང་པ་རྒྱ་རས་ཉིད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསྒྱུར་བའི་སྐུ་ཕྲེང་བཞི་པ། ཕྲེང་པོ་གཏེར་ཆེན་གྱི་ལུང་བྱང་དུ། ཤར་གྱི་ཕྱོགས་ནས་ངག་དབང་ཀུན་དགའི་མིང་། །ལུས་ལ་དཔའ་བོ་སྟག་ཤམ་སྨད་དཀྲིས་ཅན། །མཁའ་འགྲོའི་གསང་ལམ་རྩ་འཁོར་ཕྱི་རུ་གསལ། །ལྟོ་བ་བུམ་པའི་ཕྱག་རྒྱས་མཚན་པ་ཞིག །མ་ངེས་ཐོགས་མེད་རླུང་ལྟར་རྒྱུ་བའི་ཚེ། །སོགས་དང་། དེ་དང་སུ་འཕྲད་དཔའ་བོ་མཁའ་འགྲོའི་ཞིང་། །སྔགས་ལ་སྤྱོད་པའི་ས་སྤྱོད་ལ་ཁྲིད་ནས། །ཅེས་སོགས་འབྲེལ་ཚད་དོན་ལྡན་གྱི་སྤྲུལ་པའི་སྐུར་བསྔགས་པ། མཁས་ཤིང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོའམ། ངག་དབང་ནོར་བུ་ཉིད་གཉལ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་དབུས། དཔལ་གྱི་རི་བོའི་ངོགས། རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་བཞུགས་པའི་ཚེ་སློབ་དཔོན་ཆེན་པོས་སྲིན་པོའི་གཟུགས་ཅན་གྱི་རིག་པ་འཛིན་པ་གཉིས་ལ་གདམས་ངག་བཀའ་ཕྲིན་གྱི་ཚུལ་དུ་བརྫངས་པ་སྙན་ལ་གསན་པའི་མཐར། མདུན་གྱི་ནམ་མཁར་དྲག་པོ་ཀཱི་ལ་ཡ་གཞུང་དང་མཐུན་པས་དངོས་སུ་བྱིན་གྱིས་བརླབས། དེ་ནས་བརྩམས་ད་ལྟའི་བར་བྱིན་རླབས་ཀྱི་གཟི་བརྗིད་མ་ཡལ་ཅིང་བརྒྱུད་འཛིན་དང་བཅས་པ་ལྷ་འདི་ཉིད་ཀྱི་སྒོ་ནས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་པའི་གདམས་ཟབ་ཁྱད་པར་ཅན་འདི་ཉིད་ཀྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་རིག་འཛིན་ཆེན་པོ་དྲག་པོ་རྩལ་དངོས་སུ་གསལ་བ་ལ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ལུས་ལ་བརྟུལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་ལན་གསུམ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་དྲག་པོ་རྩལ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་མཆི་ན་འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་མ་འདོར་ཅིག་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་པདྨ་དྲག་པོའི་དགོངས་སྤྱོད་མཛད་པ་ཐམས་ཅད་ལ་སློབ་པར་བགྱིའོ་སྙམ་དུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་འདིའི་རྗེས་ཟློས། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱེད་ལ་བསྐྱབ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་པ་དང་། ཁྱོད་ཀྱི་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱི། གསག་སྦྱོང་ཐམས་ཅད་ཀྱི་གནད་དམ་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་ལ། གཏོར་མ་སྐུ །བདུད་རྩི་གསུང་། ཕྱག་མཚན་ཐུགས། བུམ་པ་ཡོན་ཏན། ཕུར་པ་ཕྲིན་ལས་ཀྱི་དབང་བསྐུར་བ་སྟེ་རྣམ་པ་ལྔར་ཡོད་པ་ལས་དང་པོ་སྐུའི་དབང་བསྐུར་བྱིན་རླབས་གསན་པའི་དོན་དུ་ཁྱེད་རང་རྣམས་པདྨ་དྲག་པོའི་སྐུ་འདི་བཞིན་དུ་གསལ་ཐོབ་མཛོད། ཨོཾ་སྭ་བྷཱ་བ་སོགས་གཏེར་གཞུང་ལྟར་ལྷ་བསྐྱེད། སྤྱན་འདྲེན་ཚིག་ལྷུག་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས་གཏོར་མ་སྐུ་རྟེན་བཅས་པ་དང་དབྱེར་མེད་པར་མདུན་གྱི་ནམ་མཁར་བཞུགས་པར་མོས་མཛོད། གཏོར་མ་སྐུ་ཙཀ་བཅས་ཐོགས་ལ། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ལུས་ལ་གཉིས་མེད་ཐིམ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། བཏགས་པ་བརྗོད་ལ་གཏོར་མ་སྤྱི་བོར་བཞག །ནམ་མཁའ་གང་བར་བཞུགས་པའི་རྡོ་རྗེ་དྲག་པོ་རྩལ་ཁྱེད་རང་ལ་ཐིམ། ལུས་ལ་དབང་དྲག་འབར་བའི་བརྟུལ་ཞུགས་ཀྱི་གཟི་བརྗིད་རྒྱས་པར་མོས་མཛོད། གཉིས་པ་གསུང་གི་དབང་བསྐུར་བྱིན་རླབས་སྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བནྡྷ་ཐོགས་ལ། ཐོད་པའི་བདུད་རྩིའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྔགས་ཀྱི་ཕྲེང་བ་གསལ་འཚེར་འབར་བའི་རང་བཞིན་ཅན་མགྲིན་པར་བཞག་པར་མོས་ཤིག །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ངག་ལ་གཉིས་མེད་ཐིམ་གྱུར་ཅིག །སྔགས་མཐར། ཝཱ་ཀ་སིདྡྷི་ཨཱཿབརྗོད་ལ་བནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་བླུད། གསུང་སྔགས་ཀྱི་ཚོགས་ཁྱེད་རང་གི་མགྲིན་པར་ཐིམ། ངག་ལ་གསང་བ་སྔགས་ཀྱི་ནུས་པའི་སྟོབས་རྩལ་ཆེར་འབར་བའི་མོས་པ་མཛོད། གསུམ་པ་ཐུགས་ཀྱི་བྱིན་རླབས་དབང་བསྐུར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཐུགས་རྟེན་ཕྱག་མཚན་ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འབར་བར་གྱུར། རྡོ་རྗེ་ཐོགས་ལ། སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །སྐལ་ལྡན་ཡིད་ལ་གཉིས་མེད་ཐིམ་གྱུར་ཅིག །སྔགས་མཐར། ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ལ་སྙིང་གར་བཞག །ཟླ་བ་རྡོ་རྗེ་དང་བཅས་པ་ཐུགས་ཀའི་ཕྱག་མཚན་ལ་ཐིམ། སེམས་ལ་རྟོགས་པའི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བའི་འོད་གསལ་མཐའ་དབུས་མེད་པ་ཀ་དག་ཀུན་བཟང་གི་དགོངས་པ་རྩོལ་བྲལ་ལྷུན་གྲུབ་ཏུ་སྐྱེས་པར་མོས་མཛོད། བཞི་པ་ཡོན་ཏན་གྱི་དབང་བསྐུར་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བུམ་པ་གཞལ་ཡས་ཁང་དུ་གྱུར་པའི་ནང་པད་ཟླའི་གདན་ལྔ་ཚོམ་གྱི་དབུས་སུ་བུདྡྷ་ཐོད་ཕྲེང་རྩལ། ཤར་དུ་བཛྲ་ཐོད་ཕྲེང་རྩལ། ལྷོར་རཏྣ་ཐོད་ཕྲེང་རྩལ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་སོ་སོའི་ཡུམ་དང་བཅས་ཤིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སློབ་དཔོན་གྱི་རྗེས་སུ་གསོལ་བ་འདེབས་པའི་འདུན་པ་མཛོད། བུམ་པ་ཐོགས། ཀྱཻ། དུས་གསུམ་སངས་རྒྱས་སོགས་གཏེར་གཞུང་ལྟར་གསོལ་འདེབས་འགྲེས་བཤང་རྒྱས་པ་ནུས་ན་རྗེས་ཟློས་བྱ། མི་ནུས་ན་སློབ་དཔོན་གྱིས་དལ་བུས་དབྱངས་སྙན་བཅས་བརྗོད་ལ། ཚིག་མཐར། བདག་ལ་ཞེས་པ་འདི་ལ་ཞེས་བསྒྱུར། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྒྱུད་བསྐུལ། །ཐོད་ཕྲེང་རིགས་ལྔ་སྙོམས་པར་ཞུགས་པ་ལས། །བདེ་བ་རྒྱས་པའི་བྱང་སེམས་སྦྱོར་མཚམས་ལྷུང་། །སྤྱི་བོ་གང་བས་ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་འགྲུབ། །མགྲིན་པ་གང་བས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་འགྲུབ། །སྙིང་ག་གང་བས་ཡིད་ཀྱི་དྲི་མ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་འགྲུབ། །ལྟེ་བ་གང་བས་ཐ་དད་དྲི་མ་དག །བཞི་པའི་དབང་ཐོབ་རྫོགས་པའི་སངས་རྒྱས་འགྲུབ། །ཅེས་དང་། རྩ་སྔགས་ཤམ་བུར་གོང་གི་སྔགས་གསུམ་ཀ་བཏགས་པ་བརྗོད་ཅིང་བུམ་པ་གནས་བཞིར་བཞག །བུམ་ཆུ་བླུད། ཐོད་ཕྲེང་སྡེ་ལྔ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་གུ་རུ་དྲག་པོ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་གྱུར་པའི་མོས་པ་མཛོད། ལྔ་པ་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་སྒྲུབ་པ་སོགས། བྲུབ་ཁུང་དང་ཉ་བོ་མདུན་དུ་བཀོད་ལ། མདུན་དུ་བྲུབ་ཁུང་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་རིང་བ་ཞིག་ཏུ་གྱུར། སློབ་དཔོན་དང་ཁྱེད་རང་གཉིས་ཀ་གུ་རུ་དྲག་པོ་ཀཱི་ལ་ཡར་གསལ་བའི་སྐུའི་གནས་རྣམས་སུ་བཞུགས་པའི་ཁྲོ་བོ་བཅུ་ལས་རང་འདྲའི་ཁྲོ་བོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། སྡེ་བརྒྱད་དྲེགས་པ་ཅན་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་དུ་བཅུག་པ་ལ་ཕུར་པ་པདྨ་དྲག་པོ་རྩལ་དངོས་སུ་གསལ་བ་འགྱིང་ཞིང་བསྒྲིལ་ཏེ་གནད་ལ་བཀར་ནས་གཟིར་བར་མོས་ཤིག །ཕུར་བུ་གཏད་ལ། སྣང་བ་མཐའ་ཡས་ཐུགས་རྗེའི་འཕྲོ་འདུ་ལས། །པདྨ་དབང་གི་ཁྲོ་བོའི་རྒྱལ་པོ་ནི། །བར་ཆད་བགེགས་འདུལ་བཛྲ་ཀཱི་ལ་ཡ། །གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བར་གྱིས། ཕུར་བསྐོར་དང་ཚམ་རྔམ་ཚུལ་བཞིན་དུ་གྱིས་ལ་དྲག་སྔགས་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་ཕུར་སྐོར་ལག་ལེན་ལྟར་བྱ་བ་དང་། སྔགས་དབྱངས་མཉམ་དུ་བྱར་གཞུག །མཐར། དེ་ལྟར་ཁྱེད་རང་པདྨ་དྲག་པོའི་ང་རྒྱལ་གྱིས་སྡེ་བརྒྱད་དྲེགས་པའི་ཚོགས་དེ་དག་གཟིར་བས་བདག་གི་བྲན་དུ་ཁས་བླངས། ཡིད་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕྱུང་སྟེ་ཕྲལ། ལུས་བདག་གིས་ཅི་བསྒོ་བའི་ལས་བྱེད་པའི་མོས་པ་གྱིས་ཤིག །དེ་ནས་སྡེ་བརྒྱད་དྲེགས་པ་ཅན་དེ་དག་གིས་བདག་ལ་སྔ་དགྲ་ལག་ལ་བརྡར་བ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ་ཐོག་ཏུ་འགེལ་ནུས་པའི་གནོད་བྱེད་གདོན་བགེགས་དགྲ་ཅི་ཡོད་པ་ཐམས་ཅད་ལྕགས་ཀྱུས་རང་དབང་བྲལ་བར་བཀུག །ཞགས་པས་ལུས་བཅིངས། ནུས་པས་ངག་བཅིངས། ཏིང་ངེ་འཛིན་གྱིས་སེམས་བཅིངས། དྲག་རྩལ་གྱིས་སྐྱོབ་བྱེད་ལྷ་ཐམས་ཅད་བཅིངས་ནས་གཤེད་མས་བཙོན་ཁྲིད་པ་བཞིན་བྲུབ་ཁུང་དུ་བཅུག །དེ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྲུང་བ་དྲལ། འདས་པའི་སྐྱོབ་བྱེད་བསྡུས་ནས་བདག་ལ་བསྟིམ། འཇིག་རྟེན་པའི་ལྷ་མགོན་སྐྱོབ་བྱེད་པ་ཐམས་ཅད། ཨོཾ་ཨཱ་ཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཐར། ཏྲིག་ནན་སྙིང་ལ་ཧུར་ཐུམ་ཛཿ ཞེས་གཟིར་བས་སྐྱོབ་བྱེད་དེ་བརྒྱལ་ཞིང་འབོག་ནས་དྲན་པ་ཉམས་པར་གྱུར། ཡང་རྩ་སྔགས་གཤམ་དུ། གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ། ཞེས་བརྗོད་ཅིང། ཁྱེད་རང་དྲག་པོའི་ང་རྒྱལ་ཆེན་པོས་ཕྱག་གི་ཕུར་བུ་རྡོ་རྗེ་ཕུར་པ་དངོས་སུ་གསལ་བ་དེ་ནམ་མཁའ་ལ་འགྱིང་ཞིང་བསྒྲིལ་ནས་ཉམས་པ་དེ་གཟིར་པས་ཁབ་ལེན་དང་འཕྲད་པའི་ལྕགས་བཞིན་ཚེ་རྟེན་འབྱུང་བའི་དྭངས་མ་ཨ། སྲོག་རྟེན་རྣམ་ཤེས་ནྲྀའི་རྣམ་པར་གནས་པ་དེ་སོ་སོའི་སྤྱི་བོ་ནས་འཐོན་ཕུར་པའི་དབལ་དུ་ཞུགས་པས་ཚེ་རྟེན་བདག་ལ་ཐིམ། སྲོག་རྟེན་རྡོ་རྗེ་ཕག་མོའི་བྷ་གའི་རྡུལ་གྱིས་དུག་གསུམ་བཀྲུས་པ་ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་བྷ་གར་སངས་རྒྱས། རྡོ་རྗེ་ཕུར་པ་དྲག་པོའི་ཐོག་ལྷུང་བ་ལྟར་དེ་དག་གི་སྙིང་གར་བབས་པས། མར་ལ་ལྕགས་བསྲེགས་ཕུར་པ་ལྟ་བུར་ཚིར་ཚིར་ཞུ་ཞིང་ཁོལ། གཞོབ་ཐུ་ལུ་ལུ་ཚིག་པར་མོས་ཤིག་བྱས་ལ་སྔགས་བརྗོད་ཅིང་ཕུར་པ་ཉ་བོ་ལ་གདབ། སྒྲོལ་གྲིས་དུམ་བུར་གཏུབས་པ་དཔལ་གཏོར་དང་སྡེ་བརྒྱད་གཏོར་མར་བསྟབ། དེ་ལག་ཏུ་ཐོགས་ལ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་བླ་མ་དྲག་པོའི་ལྷ་ཚོགས། དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ལ་བསྟབས་པས་བཞེས་ནས་དགྱེས་པ་ཆེན་པོས་བདག་གི་ཕྲིན་ལས་སྒྲུབ་པར་མོས་ཤིག །རིག་འཛིན་བླ་མའི་ལྷ་ཚོགས་དང་། །བཀའ་སྲུང་ལས་བྱེད་ཤན་པ་རྣམས། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་རྐྱོངས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་གདོངས། །དགྲ་བགེགས་གདུག་པ་བསྒྲལ་པའི་རྫས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཞེས་བསྟབས་ལ་སྡེ་བརྒྱད་གཏོར་མ་ཕྱི་རོལ་དུ་འབུལ། སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་རང་གནས་སུ་གཤེགས་པར་གྱུར། སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད། དེ་དག་གིས་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་དག་སྣང་སྙན་བརྒྱུད་དྲག་པོ་ཀཱི་ལ་ཡ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་བྱིན་རླབས་དབང་བསྐུར་རྫོགས་པར་གསན་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བཟུང་བ། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །དྲན་པ་ཙམ་གྱིས་བར་ཆད་སེལ། །བསྒོམས་པས་དངོས་གྲུབ་རྣམ་གཉིས་སྩོལ། །ཆོས་མཛད་སྤྱི་དང་ལྷག་པར་ཡང་། །དེང་དུས་བྱང་ཆུབ་སྒྲུབ་ལ་གཅེས། །འདིས་ཀྱང་ཐར་པའི་གེགས་ཞི་ཞིང་། །སྐྱེ་ཀུན་པདྨ་དྲག་པོ་ཡིས། །རྗེས་བཟུང་ཁམས་གསུམ་གཡུལ་ངོ་ལས། །རྣམ་རྒྱལ་སྟོབས་བཅུའི་གཟི་ལྡན་ཤོག །ཚུལ་འདིའི་ཕྱག་ལེན་ཡིག་ཆ་རྒྱས་བསྡུས་འཚམ་ཞིང་ལུང་རྒྱུན་ཅན་མ་འབྱོར་བས་རིན་ཆེན་གཏེར་མཛོད་ཀྱི་ཁྱད་ནོར་དུ་རང་ཉིད་ཀྱི་འདོད་པ་འཇོ་ཞིང་གཞན་དག་ལའང་འཕེལ་བའི་སྒོར་དམིགས་ནས་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).