Terdzo-MANGALAM-006

Revision as of 10:28, 5 November 2018 by Mort (talk | contribs)



Property "Author" has a restricted application area and cannot be used as annotation property by a user. 








གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་

gsang chen snga 'gyur rdo rje theg pa'i gsung rab zab mo nye brgyud kyi chos sde rin chen gter mdzod chen po'i bzhugs byang dkar chag gsal bar bkod pa 'od gsal rdo rje snying po'i gru gzings

by  དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Dilgo Khyentse Tashi Paljor)
Volume 66 (མངྒ་ལཾ) / Pages 629-724 / Folios 1a1 to 48b4

[edit]

བླ་མའི་སྒྲུབ་སྐོར། རྫོགས་པ་ཆེན་པོ། ཐུགས་རྗེ་ཆེན་པོ་གསུམ་ལ་མཚན་གཞི་བྱེད་ཅིང་། དེར་མ་ཟད་ཆོས་བཀའ་གང་ལས་གང་ཟག་གཅིག་འཚང་རྒྱ་བར་བྱེད་པའི་ལམ་ཆ་ལག་ཚང་བའི་ཆོས་སྐོར་སྤྱན་དྲངས་ན་གཏེར་ཆེན་དང་། དེ་མིན་པའི་མན་ངག་སྣ་རེ་དང་རྫས་གཏེར་ཙམ་སྤྱན་དྲངས་པར་གཏེར་ཕྲན་གྱི་ཐ་སྙད་འཇོག་ཅེས་འབྱུང་ངོ་། །དེ་ལྟར་གསུངས་པའང་རིམ་གྱིས་པའི་གང་ཟག་གིས་མཆོག་ཐུན་དངོས་གྲུབ་དོན་དུ་གཉེར་ཚུལ་ལས་བཞག་པ་མ་གཏོགས། རྣལ་འབྱོར་ཅིག་ཆར་བའི་རིགས་ནི་བསྐྱེད་རྫོགས་ལས་རིམ་གྱི་སྤྲོས་བཅས་ལ་ལྟོས་མ་དགོས་པར་མན་ངག་ཉུང་ངུ་ཙམ་གྱིས་གྲོལ་ནུས་པའང་ཡོང་ངེས་པ་ནི། གཏེར་ལུང་ལས། ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ ཞེས་གསུངས་པ་ལས་ཤེས་སོ། །ལས་འཕྲོ་གཏེར་གྱི་རྣམ་བཤད་ལས། གཏེར་ཆོས་ཀྱི་རིགས་ཐམས་ཅད་ཀྱི་ནང་ན་མང་ཤོས་ནི་བླ་རྫོགས་ཐུགས་གསུམ་སྟེ། དེ་གསུམ་མ་ཚང་ན་གཏེར་ཆེན་མིན་ཞེས་གྲགས་པ་ལྟར་གཏེར་ཆེན་ཐམས་ཅད་ལ་གསུམ་ཀ་ཚང་བར་བཞུགས་ཤིང་། གཏེར་ཕྲན་ལ་ཡང་གསུམ་པོའི་གང་རུང་རེ་མེད་པ་ཆེར་མི་སྣང་བའི་ཕྱིར་རོ་ཞེས་དང་། དེ་དག་གི་ངོས་འཛིན་ལ། གུ་རུ་ཞི་དྲག །ཐུགས་སྒྲུབ་ཡི་དམ། རྫོགས་རིམ་སྐོར་ཅི་རིགས་ཞེས་འདྲེན་པའང་སྣང་མོད་ཀྱི། བླ་མ་གསང་འདུས་དང་དགོངས་འདུས་སོགས་བླ་སྒྲུབ། ཆོས་རྒྱལ་བཀའ་འབུམ་དང་ཡང་སྙིང་འདུས་པ་སོགས་ཐུགས་རྗེ་ཆེན་པོའི་ཆོས་སྐོར། མཁའ་འགྲོ་སྙིང་ཐིག་དང་དགོངས་པ་ཟང་ཐལ་སོགས་རྫོགས་ཆེན་ཞེས་སྔ་མ་རྣམས་ལ་གྲགས། ཡབ་རྗེ་ཀུན་མཁྱེན་བླ་མའང་འདི་ལྟར་བཞེད་དོ། །ཞེས་གསུངས་པ་ལ་དཔགས་ན་སྔར་གྱི་མཁས་གྲུབ་རྣམས་ཀྱང་ངོས་འཛིན་ལུགས་གཉིས་སུ་བྱུང་བ་དང་། རྫོགས་རིམ་རྣམས་གཙོ་བོ་མཁའ་འགྲོའི་སྒྲུབ་ཐབས་ལས་གསལ་བར་རྗེ་མཁྱེན་བརྩེ་དང་རྡོ་གྲུབ་བསྟན་པའི་ཉི་མས་ཀྱང་བཞེད་ལ། ཐུགས་སྒྲུབ་ལ་ཡི་དམ་གྱི་ཆོས་སྐོར་དུ་བཞག་པ་མཁས་པ་གཞན་གྱི་བཞེད་པ་ཡིན་ཡང་འདི་ཉིད་དོན་ལ་གནས་པ་སྟེ་ཐུགས་རྗེ་ཆེན་པོ་ཡང་ཡི་དམ་གྱི་བྱེ་བྲག་ཡིན་པས་འགལ་བར་མི་བསམ་མོ། །གོང་མ་ཁ་ཅིག་ཟབ་ཆོས་གཏེར་བྱོན་རྣམས་ལ་རྩ་བ་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས། ཡན་ལག་ལས་ཚོགས་རབ་འབྱམས་ཕྱོགས་གཏོགས་དང་བཅས་པ། སྙིང་པོ་བླ་རྫོགས་ཐུགས་གསུམ་ཞེས་གསུངས་པའང་བརྟགས་ན་བླ་རྫོགས་ཐུགས་གསུམ་ནང་རྩ་བ་གསུམ་གྱི་སྒྲུབ་ཐབས་འདུས་ཀྱང་ཞིབ་པར་དཔྱད་ན་དང་པོ་གཏེར་ཕྲན་དང་ཕྱི་མ་གཏེར་ཆེན། ཡན་ལག་ལས་ཚོགས་ནི་གཉིས་ཀའི་ཁོངས་ནས་འབྱུང་བ་ལ་བྱེད་པས་འགལ་མེད་དུ་གྲུབ་བོ། །གཞན་ཡང་སློབ་དཔོན་ཆེན་པོས། བོད་ཁམས་སྤྱི་ལ་དགོངས་ཏེ་དྲག་པོ་མཐུའི་ལས་དང་། གདུག་པ་གཏད་ཀྱི་ལས། བསྙེན་པ་སྲུང་ཟློག་གི་ལས། ངན་ཐབས་སེར་བ་དང་ཆོ་འཕྲུལ་གྱི་ལས་རྣམས་ལ་རྒྱུད་བརྒྱ་རྩ་བརྒྱད། སྒྲུབ་ཐབས་བརྒྱ་རྩ་བརྒྱད། དྲག་སྔགས་བརྒྱ་རྩ་བརྒྱད་ལས་ཕྲན་དང་བཅས་པ། སྲོག་སེར་གཏད་གསུམ་གྱི་ལག་ལེན། འཕྲང་སེལ་ཞུ་ལན། ཀུན་ལ་མཁོ་བའི་གཏེར་ཁྱིམ་སོགས་དང་། རྐྱེན་དང་བར་ཆད་སེལ་བ་དང་། སྐག་ཟློག་མདོས་ཀྱི་སྐོར་ལ་རྒྱུད་ལག་ལེན་སྟོང་ཕྲག་གཅིག་དང་། ཟངས་སྐྱམ་ཆེ་ཆུང་། ལོ་ཟླ་གནད་དུ་བརྩིས་པ་སོགས་ཕྱི་ནང་འབྱུང་བའི་གཙུག་ལག་དང་། བྱང་ཁོག་གཟེར་གྱི་སྒྲོམ་བུ་སོགས་སྨན་དཔྱད་ཀྱི་གཞུང་དང་། རིག་བྱེད་བཟོའི་ཡན་ལག་ཀྱང་མང་དུ་མཛད་ཅིང་གཏེར་དུ་བཞུགས་པ་ལས་རིམ་པར་བྱུང་བ་ལས་བཞིའི་སྐོར་སྨན་དང་འཁྱུད་དཔྱད། བཅུད་ལེན། འཁོར་ལོ། རྣོ་མཐོང་། མདོས་གཏོ། ནོར་སྒྲུབ། ལོ་ཕན། སྲུང་བ་སྣ་ཚོགས། སྔགས་འབུམ། ལས་ཕྲན་ཕྱོགས་བསྡུས་སོགས་དུས་ངན་གཡོ་འཁྲུགས་ཞི་ཞིང་། བོད་ཕུང་བྱེད་ཀྱི་དམ་སྲི་སྡེ་བརྒྱད་སོགས་མི་དང་མི་མིན་ནག་ཕྱོགས་ཀྱི་ཁ་གནོན་དང་། ཚེ་དཔལ་ལོངས་སྤྱོད་རྒྱས་པའི་གཏེར་རིགས་སྣ་ཚོགས་དབྱར་གྱི་ཆུ་ཕྲན་བཞིན་བྱོན་ནའང་། བོད་སྤྱི་མཐུན་གྱི་བསོད་ནམས་ཟད་ལ་ཉེ་ཞིང་གཏེར་ཆོས་ལ་གཙིགས་སུ་མི་སྟེར། སློབ་དཔོན་ཆེན་པོའི་རྗེས་འཇུག་གཏེར་བརྒྱུད་རྣམས་ལ་དགྲར་བཟུང་ཞིང་སྐྱོན་དུ་མཐོང་། བོད་ལྗོངས་དུས་འགྱུར་ལ་ཟློག་ཐབས་ཡོད་ཀྱང་དམ་སེལ་སྣ་ཚོགས་ཀྱི་བར་ཆད་ཞུགས། མཁན་སློབ་ཆོས་གསུམ་གྱི་རིང་ལུགས་ལ་སྡང་ཟུག་གིས་སྐུར་འདེབས་ལ་འབད་བཞིན་པ་སོགས་ལས་ངན་གྱི་གཡང་སར་ཕྱོགས་པ་ལ་བདེ་བའི་གོ་སྐབས་ག་ལ་རྙེད། འོན་ཀྱང་ལས་འཕྲོ་དང་སྐལ་བས་འཆུན་པ་གྲངས་མེད་པ་ཞིག་ནི་བོད་ཁམས་མཐའ་དབུས་ཀུན་ཏུ་ཟབ་གཏེར་གྱི་ཕྲིན་ལས་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཡངས་པོར་སྤྱོད་ཅིང་། ཕན་བདེ་ལེགས་ཚོགས་ཀྱི་དཔལ་ཡོན་བཟང་པོར་སོམ་ཉི་རྡུལ་ཙམ་ཡང་མ་དགོས་པར་བདེ་དགའ་རྒྱ་མཚོའི་དཔལ་གྱིས་རྟག་ཏུ་འཚོ་བའི་བཀའ་དྲིན་གྱི་ཕུང་པོ་ནི་ཚད་གཟུང་དུ་མེད་པ་ཉིད་དོ།། ༈ །།གསུམ་པ་བཀའ་གཏེར་ཆོས་ཀྱི་བསྡུས་དོན་ཡོངས་འདུས་རྩ་གསུམ་ཌཱཀྐིའི་སྤྲིན་ཕུང་བཤད་པ་ནི། དེ་ཡང་གདོང་དམར་ཅན་བོད་ཀྱི་ལྗོངས་སུ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་པའི་བབས་སྔ་ཕྱི་ལས་མཚན་དུ་ཐོགས་པ་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་ཐ་སྙད་གཉིས་སུ་ཆད་པ་ལས། སྔ་འགྱུར་ཆོས་ཀྱི་སྒོ་མོ་སྤྱི་ལྡོག་ནས་ཆོས་རྗེ་རོང་ཟོམ་པའི་བཞེད་པ་ལྟར། གང་དུ་བསྒྱུར་བ་གནས་ཀྱི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ། སྒྱུར་བྱེད་པཎྜི་ཏའི་ཆེ་བ། ཞུས་བྱེད་ལོ་ཙཱའི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ་སྟེ་ཁྱད་ཆོས་དྲུག་གི་བདག་ཉིད་དུ་གསུངས་པ་དང་། བྱེ་བྲག་ཏུ་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་སྐོར་རྣམས་གངས་ཅན་སྐྱེ་འགྲོའི་དཔལ་དུ་རིམ་པར་བྱོན་པ་ལ་བབས་བདུན་དུ་གསུངས་ཏེ། དང་པོ་ནི་ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་སྙིང་གི་བུ་དགུ་ལ་སོགས་པར་གསང་སྔགས་ཀྱི་ཟབ་ཆོས་མང་དུ་སྤེལ་བ་དང་། གཉིས་པ་ནི་གནུབས་ནམ་མཁའི་སྙིང་པོས་རྒྱ་གར་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་དཔལ་ཡང་དག་གི་ཆོས་སྐོར་རྣམས་གསན་ཏེ་བོད་དུ་བྱོན་པ་དང་། གསུམ་པ་ནི་སློབ་དཔོན་ཤཱནྟིཾ་གརྦྷ་བསམ་ཡས་ཀྱི་རབ་གནས་ལ་བྱོན་ཏེ་རྗེ་འབངས་རྣམས་ལ་ལྐོག་ཆོས་སུ་བསྩལ་པ་དང་། བཞི་པ་ནི་གངས་ཏི་སེར་སློབ་དཔོན་སངས་རྒྱས་གསང་བས་དབས་མཉྫུ་ཤྲཱི་ལ་གསང་བ་སྒྱུ་འཕྲུལ་གྱི་དབང་བསྐུར་ཏེ་རིམ་པར་བཙན་པོ་ཁྲི་སྲོང་སོགས་ལ་བརྒྱུད་པ་དང་། ལྔ་པ་ནི་ལོ་ཆེན་བཻ་རོ་ཙ་ནས་འཕགས་ཡུལ་གྱི་སློབ་དཔོན་ཤྲཱི་སིངྷ་སོགས་མཁས་པ་ཉེར་གཅིག་གི་དགོངས་མཛོད་ཕྱུང་པ་རྫོགས་ཆེན་གྱི་ཆོས་སྐོར་རྒྱལ་མོ་གཡུ་སྒྲ་སོགས་ལ་བརྒྱུད་པ་དང་། དྲུག་པ་ནི་པཎ་ཆེན་བི་མ་ལ་མི་ཏྲས་ལོ་ཙཱ་སྐ་ཅོག་རྣམ་གཉིས་དང་། རྨ་ལོ་རིན་ཆེན་མཆོག་ལ་གསང་བ་སྒྱུ་འཕྲུལ་གྱི་ཆོས་སྐོར་གསུངས་པ་དང་། བདུན་པ་ནི་ཁྲི་སྲོང་གི་སྐུ་འདད་དུ་ལྷ་སྲས་མུ་ནེ་བཙན་པོའི་སྐབས་བི་མ་ལ་རྒྱ་ནག་ནས་སླར་བྱོན་ཏེ་གཉགས་ལོ་ཡེ་ཤེས་གཞོན་ནུ་སོགས་ལ་བླ་མེད་ཀྱི་ཟབ་ཆོས་བསྩལ་པ་རྣམས་སོ། །དེ་ལྟར་སྔ་འགྱུར་ཆོས་སྡེ་རྣམས་ནི་འཕགས་ཡུལ་དུ་བསྟན་པ་གྲྭ་མ་ཉམས་པའི་དུས། སྤུར་རྒྱལ་གྱི་ལྷ་བཙན་པོ་མེས་དབོན་རྣམ་གསུམ་དང་། ཁྱད་པར་དཔལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་རིང་། ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ། ལྔ་བརྒྱའི་གཙུག་རྒྱན་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག །གཉགས་ཛྙཱ་ན་ཀུ་མཱ་ར། དགེ་སློང་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་སོགས་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ཁ་ན་མ་ཐོ་བ་མེད་པའི་རྒྱུས་ལྷན་ཅིག་ཏུ་ཞལ་འཛོམས། ཛམྦུའི་གླིང་དུ་བཞུགས་པའི་མདོ་སྔགས་གསུང་རབ་མང་པོ་བོད་གངས་ཅན་པའི་སྐད་དུ་བསྒྱུར། འཆད་ཉན་སྒོམ་སྒྲུབ་ཀྱི་རིམ་པ་རྣམས་གཏན་ལ་ཕབ་པར་མཛད་དེ་རྒྱལ་བསྟན་རིན་པོ་ཆེ་གཞིར་བཞེངས་སུ་ཕྲ་ཚུགས་ཤིང་རྒྱུན་མ་ཉམས་པར་བཞུགས་པ་ལ་སྔ་འགྱུར་རྙིང་མ་ཞེས་སུ་གྲགས། འདི་ལ་ཡིད་མ་རངས་པ་ཁ་ཅིག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བསྟན་པའི་སྲོལ་གཏོད་ཅེས་མགྲིན་པ་བཏེགས་ནས་སྨྲ་བར་བྱེད་ཀྱང་། གསར་རྙིང་གི་གཟུར་གནས་མཁས་པ་ཕུལ་དུ་བྱུང་བ་མང་པོའི་གསུང་རབ་མ་མཐོང་བའམ། མཐོང་ཡང་ཁྱད་གསོད་ཁོ་ནས་རྒྱབ་ཀྱིས་ཕྱོགས་ཏེ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ཏིལ་འབྲུ་ཙམ་ཡང་མི་སེམས་པའི་བཤེས་གཉེན་ལྟར་སྣང་བ་ནི་མཁས་སུ་ཟིན་ཀྱང་ཆོས་བརྒྱུད་ལ་བྱིན་རླབས་ཅི་འདྲ་འོང་སྙམ་འཕྱང་མོ་ཉུག་གི་གནས་སུ་འཁུམས་ཏེ། ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གིས་བསླད་པའི་ཆོས་དག་འདྲེས་མར་བྱེད་དེ་འདི་ནི་དམ་པའོ། །ཞེས་སྟོན་ཅིང་། ཆོས་སྨྲ་བ་གཞན་ལ་འདུད་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དེའི་རྒྱུས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དག་ལ་ཅུང་ཟད་རེ་གཟིགས་ཤིག །དེ་རྗེས་གླང་དར་མ་འུ་དུམ་བཙན་པོས་བསྟན་པ་བསྣུབས་ཏེ་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དང་རྒྱལ་ས་རྣམས་སིལ་བུར་འཐོར། རྒྱལ་རྒྱུད་ཞང་ཞུང་གི་ཡུལ་དུ་གདན་འཇགས་པ་ལས་རིམ་པར་ལྷ་བླ་མ་ཡེ་ཤེས་འོད་སྐུ་མཆེད་ཀྱི་དུས་སུ། མངའ་རིས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། རྔོག་ལེགས་པའི་ཤེས་རབ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རྔོག་བློ་ལྡན་ཤེས་རབ་སོགས་མང་དུ་བྱོན་ཏེ་གསུང་རབ་ཀྱི་འགྱུར་འགོ་གསར་དུ་ཚུགས། དཔལ་གསང་བ་འདུས་པ། འཇིགས་བྱེད། བདེ་མཆོག །དགྱེས་པ་རྡོ་རྗེ། མ་ཧཱ་མཱ་ཡཱ། དུས་ཀྱི་འཁོར་ལོ་སོགས་མང་དུ་བསྒྱུར་བ་མན་ཆད་ལ་ཕྱི་འགྱུར་གསར་མ་ཞེས་གྲགས། རབ་བྱུང་དང་པོའི་ནང་ཙམ་ནས་བཀའ་གདམས་པ་དང་། ལམ་འབྲས། ཕྱག་ཆེན། ཤངས་ཆོས། ཞི་བྱེད། རྡོ་རྗེ་རྣལ་འབྱོར། རྡོ་རྗེ་བསྙེན་སྒྲུབ་སྟེ་སྒྲུབ་བརྒྱུད་ཤིང་རྟའི་རིང་ལུགས་གཞན་རྣམས་ཀྱང་རིམ་པར་བྱུང་། གླང་དར་གྱིས་བསྟན་པ་བསྣུབས་པའི་ཚེ་རབ་བྱུང་ངུར་སྨྲིག་འཛིན་པ་རྣམས་ཕལ་ཆེར་ཉམས་སྨད་པར་བྱས་ཀྱང་། མཁན་ཆེན་ཞི་འཚོའི་སློབ་མ་སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང། གཙང་རབ་གསལ་གསུམ་མདོ་ཁམས་སུ་བྲོས་ཏེ། དན་ཏིག་ཤེལ་གྱི་ཡང་དགོན་དུ་བསྒོམ་ལ་བཞུགས་པའི་དུས། རིམ་བཞིན་བླ་ཆེན་དགོངས་པ་རབ་གསལ་དང་དབུས་གཙང་གི་མི་བཅུས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཏེ་བསྟན་པ་ཕྱི་དར་གྱི་དབུ་བརྙེས། ཐེག་ཆེན་གྱི་སྡེ་སྣོད་སྤྱི་དང་། གསང་སྔགས་ཀྱི་ཆོས་རྣམས་ནི་རྒྱལ་པོ་སྡིག་ཅན་གྱིས་བཤིག་པར་མ་ནུས་ཤིང་། ཁྱིམ་བཙུན་གོས་དཀར་ལྕང་ལོ་ཅན་པ་རྣམས་ཀྱིས་བཟུང་ཞིང་རི་སུལ་དང་། ཁྱིམ་ཕུག་ཏུ་འཆད་ཉན་སྒོམ་སྒྲུབ་མཛད་པའི་སྐུ་དྲིན་ལས་ད་ལྟའི་བར་འཕེལ་འགྲིབ་མང་དུ་བྱུང་ཡང་རྩལ་པོ་ཆེ་འགྲེ་ལྡོག་བྱེད་པ་བཞིན་སོར་ཆུད་དེ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཉེར་འཚོའི་དཔལ་ཡོན་དུ་བཞུགས་པ་ཡིན་ནོ། །བསྟན་པ་ཕྱི་དར་གྱི་དུས་ཕ་ཆོས་བུ་ལ་གོ་མ་ཆོད་པ་ལྟར་འདོར་ལེན་བྱེད་ཅིང་ཆོས་ལ་མི་རྟོན་པར་གང་ཟག་ཚུལ་འཆོས་མཁན་ལ་གཙིགས་སུ་སྟེར་བའི་འགོ་འཚུགས། ལོ་ཆེན་རིན་ཆེན་བཟང་པོ། ཕོ་བྲང་ཞི་བ་འོད། འགོས་ལོ་ཙཱ་བ་ལྷས་བཙས། འབྲི་གུང་དཔལ་འཛིན་སོགས་གསར་མའི་ཕྱོགས་ནས་རྩོད་ཡིག་སྣ་ཚོགས་འདུ་བྱེད་པས་རྒྱལ་བའི་བསྟན་པ་ལོང་ལོང་པོར་གྱུར་ཅིང་སྔ་འགྱུར་རྙིང་མའི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཙམ་དུ་དྲིལ་བསྒྲགས་པར་བྱས་མོད། འོན་ཀྱང་རོང་ཟོམ་ཆོས་ཀྱི་བཟང་པོ། རོག་བན་ཤེས་རབ་འོད། ཐར་ལོ་ཉི་མ་རྒྱལ་མཚན། བཅོམ་ལྡན་རིག་པའི་རལ་གྲི། ཀུན་མཁྱེན་ངག་གི་དབང་པོ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྒྱང་རོ་བྱང་ཆུབ་འབུམ། སོག་ཟློག་པ་བློ་གྲོས་རྒྱལ་མཚན་སོགས་སྔ་ཕྱི་རིམ་བྱོན་གཟུར་གནས་མཁས་གྲུབ་མང་པོས་གསང་སྔགས་རྙིང་མའི་ཆོས་རྣམས་སངས་རྒྱས་ཀྱི་བཀར་བསྒྲུབས་པར་མཛད་དོ། །སླད་དུའང་མ་རུངས་ཡིད་བསྲུབ་ཀྱི་བདག་པོས་བྱིན་གྱིས་བརླབས་པའི་ཕྱོགས་འགའ་རེས་ད་དུང་སྔ་འགྱུར་རྙིང་མའི་ཆོས་ལ་ཁུངས་མེད། གླང་དར་གྱི་དུས་སུ་ནུབ་ཟིན་ཟེར། དེ་འདྲ་བདེན་ན་སྨད་འདུལ་ཡང་ཡོང་དོན་མེད་དེ་སྔ་འགྱུར་རྙིང་མའི་ཆོས་དང་སྡོམ་རྒྱུན་ཡིན་པ་མཁས་བླུན་ཀུན་ལ་རླུང་ལྟར་གྲགས། སྐབས་དེ་དག་ཏུ་གསར་ཕྱོགས་ཀྱི་གཡོ་བག་ཟློས་གར་སྣ་ཚོགས་པའི་འཕྲུལ་དང་། བོད་རྣམས་ཨ་གསར་ཆེ་བས་རྙིང་བསྟན་ལ་ཉམས་ཆག་སྣ་དགུ་བྱུང་བ་གོར་མ་ཆག་པ་ནི། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེས། བོད་ཀྱི་སྙིང་ལ་འདྲེ་ཞུགས་ནས། །ཇོ་བོ་གསང་སྔགས་འཆད་པ་བཀག །ཅེས་དང་། ཇོ་བོའི་ཞལ་ནས་ཀྱང་། ངས་སྔགས་ཀྱི་གདམས་པ་དང་། དོ་ཧ་རྡོ་རྗེ་གླུ་ལ་སོགས་པ་ཡང་བཤད་དབང་མེད། སྡེ་པ་ཡང་གཟུག་དབང་མེད་དེ་ཁོ་བོ་བོད་དུ་འོངས་པ་ལ་དོན་མ་མཆིས་ཞེས་སོགས་མང་དུ་གསུངས་པ་དང་། ཇོ་བོ་ཉིད་སློབ་དཔོན་པདྨར་ཞལ་གྱིས་འཆེས་པ་དང་སློབ་དཔོན་པདྨའི་ཆོས་རྣམས་སྔགས་པ་རྣམས་ལ་གྲགས་པ་འདི་ཡིན་ཞེས་མི་འཇིགས་སེང་གེའི་སྒྲ་ཆེན་པོས་གཟེངས་བསྟོད་པ་དང་། ལྷ་སའི་ཀ་བ་བུམ་པ་ཅན་ནས་གཏེར་བཞེས་པ་སོགས་ཇོ་བོའི་མཛད་པ་དེ་ཙམ་ལའང་བོད་ཕྱི་རབས་པ་ཁ་ཅིག་ཡིད་མ་རངས་ནས། གླེགས་བམ་རིན་པོ་ཆེའང་ཕྱོགས་གཞན་དུ་འཕུལ་འདོད་པ་དག་བྱུང་ན་གཞན་ལྟ་སྨྲོས་ཅི་དགོས། དེ་ལྟ་ནའང་གཟུ་བོར་གནས་པའི་དཔྱོད་ལྡན་རྣམས་ཀྱིས་ནི་ནམ་དུ་ཡང་གསུང་ཚད་མར་བཞེད་པ་ལ་བསྙོན་དུ་མེད་དོ། །འོན་ཀྱང་སྔ་འགྱུར་རྙིང་མའི་ཆོས་རྣམས་རྩ་བ་ནས་མ་ནུབ་པའི་ཤེས་བྱེད་ཇོ་བོའི་ལམ་སྒྲོན་རང་འགྲེལ། བཀའ་གདམས་གླེགས་བམ། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དེབ་ཐེར། ཀུན་མཁྱེན་ལྔ་པ་ཆེན་པོའི་རྫོགས་ལྡན་གཞོན་ནུའི་དགའ་སྟོན་སོགས་གཟུར་གནས་ཚད་ཐུབ་ཀྱི་དམ་པ་མང་པོའི་གསུང་ལས་གསལ་བ་བཞིན་མདོ་སྔགས་ཡོངས་རྫོགས་ཀྱི་ལམ་སྲོལ་ཚང་ལ་མ་ནོར་བ་དོན་གྱི་སྙིང་པོ་གྲུབ་མཐའི་སྐྱེལ་སོ་འཆུགས་མེད་དུ་བཞུགས་པ་ཉིད་ལ། སྐལ་པ་དང་མི་ལྡན་པ་དག་གིས་སྒྲོ་སྐུར་སྣ་ཚོགས་ལྷུར་ལེན་ཀྱང་རང་རྒྱུད་ཆུད་གཟན་ཅིང་། འོག་ནས་འོག་ཏུ་འཕྱན་པའི་ལས་གསོག་པ་ནི་སྙིང་རྗེའི་མགྲོན་དུ་གྱུར་པ་ཁོ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་པ་མེད་པར་བྱེད་ཅིང་བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་པ། གཞན་ཡང་སྤང་དུ་འཇུག་པ་ཞེས་སོགས་གསུངས་པ་དང་། རྒྱན་ལས་ཀྱང་། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་འབྱུང་བ་བཞིན་བག་ཡོད་པའི་རྣལ་འབྱོར་ལ་བསླབ་པ་ལས། སྔ་འགྱུར་གྱི་བསྟན་པ་ནུབ་ཏུ་རེ་བས་གཤེ་སྐུར་ལ་བརྩོན་པ་ནི་རང་ཉིད་ངལ་བའི་རྒྱུར་ཟད་ཅིང་། གང་གིས་ཀྱང་འཇིག་པར་མི་ནུས་ཏེ། གླང་དར་མས་ཀྱང་བསྣུབ་པར་མ་ནུས་ན་དགེ་བཤེས་དར་མས་ལྟ་ག་ལ་ཞིག །དེས་ན་གྲུབ་མཐའ་དང་ཐེག་པ་གང་ལའང་དད་པ་དང་དག་སྣང་ཕྱོགས་མེད་ཀྱིས་བློ་གྲོས་བསྐྱེད་ཅིང་། ལས་དང་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་གསུངས་པའི་ཚུལ་ལ་ཡིད་རྟོན་པས་རིམ་གྱིས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་ཐོབ་པ་ལ་བརྟུན་པ་བསྐྱེད་པར་བྱ་སྟེ། མངོན་པ་ཀུན་ལས་བཏུས་པ་ལས། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། ༈ །དེ་ལྟར་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འདི་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མའི་ཆོས་སྒོ་གཉིས་སུ་གནས་པ་ལས། དང་པོ་ནི། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའམ་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་བ་ནས་ད་ལྟར་འཚོ་ཞིང་གཞེས་པ་རྩོད་མེད་རིག་འཛིན་གྱི་སློབ་དཔོན་བསམ་བཞིན་སྲིད་པ་བཟུང་བ་རྣམས་ཀྱི་བར། ཞལ་ནས་སྙན་དུ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ཟམ་མ་ཆད་པར་བྱོན་པའི་ཆོས་ཚུལ་དག་ལ་རིང་བརྒྱུད་བཀའ་མ་ཞེས་གྲགས། འདི་ལ་ཐུན་མོང་སོ་བྱང་གཉིས་དང་ཕྱི་རྒྱུད་སྡེ་གསུམ་སོགས་ཟབ་ཅིང་རྒྱ་ཆེ་བའི་རིམ་པ་མཐའ་ཡས་པར་བཞུགས་ཀྱང་། གཙོ་བོར་གྱུར་པ་ནི་རྒྱུད་ལུང་མན་ངག་གསུམ་ལ་ལྟོས་པའི་བརྗོད་བྱ་བསྐྱེད་རྫོགས་རྫོགས་ཆེན་གསུམ་མམ་སྡེ་ཚན་གྱི་དབང་གིས་མདོ་སྒྱུ་སེམས་གསུམ་གྱི་ཆོས་སྐོར་རྣམས་ཡིན་ལ། དཔལ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བས་དང་པོ་ལ། རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་ཏནྟྲ་ཆེན་པོ་བཅོ་བརྒྱད་དང་། བཤད་རྒྱུད་ལ་སྒྱུ་འཕྲུལ་སྡེ་བརྒྱད་དམ་གཙོ་བོ་རྡོ་རྗེ་མེ་ལོང་སོགས་བཤད་རྒྱུད་སྡེ་བཞིར་གྲགས་པ་རྣམས་སོ། །སྒྲུབ་སྡེ་ནི་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཡིན་པས་སྒྲུབ་ཐབས་རྣམས་ནི་གཏེར་མའི་སྐབས་སུ་འབྱུང་ལ། རྒྱབ་ཆོས་ལྷན་ཐབས་ཀྱི་མན་ངག་གི་ཡིག་ཆ་ཅི་རིགས་པ་ནི་བཀའ་མ་རང་ལས་གསལ་ལོ། །ལུང་ཨ་ནུ་ཡོ་ག་ལ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ནི་ཀུན་བཏུས་རིག་པ་སོགས་མདོ་བཞི་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་རྣམས་སོ། །གཉིས་པ་སྒྲུབ་སྡེ་ནི་རྩ་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རྣམས་སོ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་དང་པོ་ལ་སེམས་མད་མ་བུ་བཅོ་བརྒྱད། གཉིས་པ་ལ་ཀློང་སྡེ་རྡོ་རྗེ་ཟམ་པ་སོགས། གསུམ་པ་ལ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་། ཁྲོས་མའི་རྒྱུད་དང་བཅས་པ་རྣམས་ཏེ་སྔར་ཇི་སྐད་སྨྲས་པ་བཞིན་ནོ། །སྔ་འགྱུར་བཀའ་མའི་ནང་སེམས་ཕྱོགས་གཙོ་བོར་སྟོན་པ་ཡིན་གྱི་ཕྱི་མ་གཉིས་ཀྱི་དབང་དང་བཤད་བཀའ་ཡང་ཆེ་ལོང་ཙམ་བྱུང་ངོ་། །རྫོགས་ཆེན་སྡེ་གསུམ་གྱི་ཆོས་བཀའ་བོད་དུ་འགྱུར་རོ་ཅོག་རྣམས་ནི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་རྣམ་གཉིས་ལས་གསལ་བ་བཞིན་ནོ། །རྫོགས་ཆེན་སྒྲུབ་སྡེའི་ཆོས་ཚུལ་ཡང་ཟབ་སྙིང་པོར་དྲིལ་བ་རྣམས་ནི་བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག །ཟབ་མོ་ཡང་ཏིག་བཅས་སྙིང་ཐིག་ཡ་བཞི་དང་གསལ་བྱེད་ཀྱི་ཡི་གེ་ཞིབ་མོ་དུང་ཡིག་ཅན་སོགས་དཔལ་ཀུན་ཏུ་བཟང་པོའི་འདྲ་འབག་འཇིག་རྟེན་གྱི་ཁམས་གང་དུའང་རྙེད་པར་མི་སྲིད་པ་ཀློང་ཆེན་ཡབ་སྲས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ལས་འབྱུང་བ་ཡིན་ནོ། །བླ་མ་ཁ་ཅིག་བཀའ་བརྒྱད་རྫོང་འཕྲང་གི་ཆོས་སྡེ་དག་རྫོགས་ཆེན་མན་ངག་གི་ཕྱོགས་སུ་བསླན་པ་ནི་བརྟག་པར་བྱ་བའི་གནས་ཏེ། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་བཀའ་བརྒྱད་ཀྱི་གཞུང་ཚོགས་མཐའ་དག་མ་ཧཱ་ཡོ་གར་གཏོགས་པ་ཤས་ཆེ་ཞིང་རེ་འགའ་ཙམ་དུ་ཨ་ནུའི་དགོངས་པར་བསྡུ་བའང་བཞེད་དོ། །ཅི་སྟེ་ལྟ་བའི་གནད་རྣམས་ཨ་ཏི་དང་གཅིག་པར་འདོད་ན། ཀུན་མཁྱེན་ཀློང་ཆེན་པས། མ་ཧཱ་ཡོ་ག་ལའང་ནང་གསེས་སུ་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་དང་། སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་དང་གསུམ་དུ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བའི་སྙིང་པོ་དག་ཨ་ཏིའི་མ་ཧཱར་བཞེད་པ་བཞིན་རྫོགས་ཆེན་སེམས་སྡེའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ནང་རྒྱུད་སྡེ་གསུམ་ལ་ནང་གི་དབྱེ་བས་མ་ཧཱའི་མ་ཧཱ་སོགས་དགུར་དབྱེ་བའི་ཁུངས་ནི་མན་ངག་ལྟ་བའི་ཕྲེང་བ་དང་། གསང་རྫོགས་མ་ཧཱའི་ལྷ་ཁྲིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་དཔལ་ཆེན་ཞལ་ལུང་སོགས་ལས་གསལ་བ་བཞིན་ཏེ། ཇི་ལྟར་ན་ནང་རྒྱུད་སྡེ་གསུམ་གྱི་ལྟ་བ་དང་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་བསྐྱེད་རིམ་སྒོམ་པའི་ཚུལ་ལས་ཕྱེ་བའོ། །དེ་ཡང་ལྟ་བ་མ་ཧཱ་ཡོ་ག་ལ་ལྷ་སྒོམ་པའི་ཚེ་ཡང་མ་ཧཱའི་གཞུང་ལྟར་འཇུག་པ་ནི་མ་ཧཱའི་མ་ཧཱ་དང་། དེ་བཞིན་དུ་ལྟ་བ་ཨ་ནུ་ཡོ་ག་ལ་ལྷ་སྒོམ་པའི་རིམ་པ་རྣམས་མ་ཧཱ་ལྟར་བྱེད་པ་ནི་ཨ་ནུའི་མ་ཧཱ་དང་། ལྟ་བ་ཨ་ཏི་ཡོ་ག་ལ་ལྷ་སྒོམ་པའི་སྐབས་མ་ཧཱར་བྱེད་པ་ནི་ཨ་ཏིའི་མ་ཧཱ་སྟེ། དེ་ལྟར་གསུམ་ཚན་གསུམ་གྱིས་སྦྱར་བ་ནི་ལྟ་བ་དང་ལྷ་སྒོམ་ཚུལ་གྱིས་ཡ་གྱལ་དགུར་ཕྱེ་བ་ཡིན་ལ། རྫོགས་རིམ་ལ་ཡང་ལྟ་བ་མ་ཧཱ་ལ་རྫོགས་རིམ་ཡང་མ་ཧཱ་ལྟར་འཇུག་པས་མ་ཧཱའི་མ་ཧཱ་དང་། རྫོགས་རིམ་ཨ་ནུ་དང་ཨ་ཏི་ལྟར་བྱེད་པ་ལ་མ་ཧཱའི་ཨ་ནུ་དང་ཨ་ཏིར་འཇོག་ཚུལ་ཡང་ཤུགས་ལས་རྟོགས་པར་འགྱུར་ལ། དེ་ལྟར་ཕྱེས་པའི་རྒྱུ་མཚན་ཡང་བླ་མེད་ཀྱི་རྣལ་འབྱོར་གང་ཞིག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆེ་བའི་རིགས་ཅན་གསུམ་ལ་ནང་གསེས་དགུར་ཕྱེ་སྟེ་བསྐྱེད་རིམ་སྐབས་ཐ་མལ་སྣང་ཞེན་ལྡོག་ཐབས་སུ་དགུར་བསྟན་པ་དང་། བསྐྱེད་རིམ་གྱི་བདེན་ཞེན་ལྡོག་པའི་ཐབས་སུའང་གདུལ་བྱ་རིགས་ཅན་དགུར་ཕྱེས་ཏེ་གཉེན་པོ་གང་གིས་ཀུན་རྟོག་གཞོམ་པ་ལ་ནད་དང་སྨན་བཞིན་འཇུག་སླ་བའི་ཚུལ་གྱིས་ཐབས་ལ་མཁས་པས་རྫོགས་རིམ་ལ་ཡང་སྦྱར་ཚུལ་རྣམ་པ་དགུར་འགྱུར་བ་ཡིན་ནོ། །དེ་ལྟར་ནང་གསེས་དགུར་ཕྱེ་བའི་ཨ་ཏི་ནི་རྫོགས་ཆེན་སེམས་སྡེ་ཁོ་ན་ལས་གོང་མར་བསྙེགས་པར་མི་བྱ་སྟེ། གོང་མ་གཉིས་ཀྱི་སྒོས་ཆོས་རྣམས་དེར་གནས་ཤིང་ལྡན་པ་མེད་དོ། །འདི་དག་གི་ཁྱད་པར་འགའ་ཞིག་གསང་བ་སྙིང་པོའི་འགྲེལ་པ་རྣམས་ལས་ཀྱང་འབྱུང་ངོ་། ཁ་ཅིག་ཀུན་མཁྱེན་ཀློང་ཆེན་པའི་གསུང་སེམས་ཉིད་ངལ་གསོའི་དགོངས་དོན་སྒྱུ་འཕྲུལ་ལྟར་གནས་པ་ཡང་རྫོགས་ཆེན་མན་ངག་གི་ཡིག་ཆར་བཞག་པ་སོགས་བརྟག་པར་བྱ་བའི་གནས་མང་དུ་ཡོད་ཀྱང་། སླད་ཀྱི་མཁས་པ་རྣམས་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྤྱན་གྱིས་རྣམ་དབྱེ་མ་འདྲེས་པར་དཔྱད་པར་འོས་པ་ཡིན་ནོ།། ༈ གཉིས་པ་ཉེ་བརྒྱུད་གཏེར་མ་བཤད་པ་ལ། གླེང་གཞི། གླེང་བསླང་། གཏེར་ཆོས་དངོས་ཀྱི་རིམ་པ། བཀའ་བསྡུ་བའི་ཚུལ་དང་བཞི་ལས། དང་པོ་ནི། གནས་ཕུན་སུམ་ཚོགས་པ་ལུགས་གསུམ་དཔལ་གྱི་བསམ་ཡས་དང་། མཆིམས་ཕུ་བྲག་དམར་ཀེའུ་ཚང་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཨོ་རྒྱན་སངས་རྒྱས་གཉིས་པས། འཁོར་ཕུན་སུམ་ཚོགས་པ་རྗེ་འབངས་གྲོགས་གསུམ་མམ་རྗེ་འབངས་ཉེར་ལྔ་ལ་སོགས་པ་ལས་ཅན་སྐྱེས་བུ་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རིག་པ་འཛིན་པའི་སྡེ་སྣོད་སྤྱི་དང་། ཁྱད་པར་བླ་རྫོགས་ཐུགས་གསུམ་མམ་བཀའ་དགོངས་ཕུར་གསུམ་གྱི་ཟབ་ཆོས་བླ་ན་མ་མཆིས་པ་། དུས་ཕུན་སུམ་ཚོགས་པ་མཁན་སློབ་ཆོས་གསུམ་ཞལ་འཛོམས་པ་དང་། བོད་ཀྱི་བདེ་སྐྱིད་ལྷ་དང་མཉམ་ཞིང་། ཆབ་སྲིད་ཀྱི་དབུ་རྨོག་བཙན་པོ་དགུང་ལ་རེག་པས་འཛམ་གླིང་སུམ་གཉིས་ལ་ལུང་བསྒྱུར་བ་སོགས་མངའ་ཐང་ཕྱོགས་ལས་རྣམ་པར་རྒྱལ་བའི་དུས་སོ། ༧ །གཉིས་པ་གླེང་བསླང་པ་ནི། དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད། ལོ་པཎ་བརྒྱ་རྩ་བརྒྱད་ཐབས་གཅིག་ཏུ་བཞུགས་ཏེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་བོད་སྐད་དུ་བསྒྱུར། བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད། རྣམ་དག་ཁྲིམས་ཁང་གླིང་དུ་འདུལ་ཁྲིམས་འབོགས། ཚང་མང་ཀེ་རུའི་གླིང་དུ་གཡོས་སྦྱོར། སྒྲ་བསྒྱུར་རྒྱ་གར་གླིང་དུ་ཆོས་བསྒྱུར། མི་གཡོ་བསམ་གཏན་གླིང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་སོགས་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པའི་སྐལ་བཟང་མངོན་དུ་གྱུར་ཏེ། མུན་པའི་གླིང་དུ་སྒྲོན་མེ་བཏེགས་པ་བཞིན་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་པ་དར་ཞིང་རྒྱས་པར་གནས་པའི་དུས་ཇི་ཞིག་ན། ལྷ་ལྕམ་པདྨ་གསལ་དགུང་ལོ་བརྒྱད་དུ་ལོན་པ་ཚེའི་དུས་བྱས་པ་ལ། སློབ་དཔོན་གྱིས་རྣམ་ཤེས་བཀུག་སྟེ་སྨྲ་ཤེས་པ་ཙམ་དུ་བྱུང་བའི་ཚེ། ཟབ་མོའི་དབང་བསྐུར་ཞིང་གདམས་པའི་གཏད་རྒྱ་མཛད། མ་འོངས་པ་ན་པདྨ་ལས་འབྲེལ་རྩལ་སོགས་ཆོས་བདག་ཏུ་ལུང་བསྟན་པར་མཛད་དོ། །དེའི་ཚེ་ཆོས་རྒྱལ་ཐུགས་ཤིན་ཏུ་སུན་པར་བཞུགས་པ་ལ། སློབ་དཔོན་གྱིས་སྣོད་བཅུད་འཇིག་རྟེན་ཐམས་ཅད་མི་རྟག་པའི་ཚུལ་ལ་སོགས་པའི་གདམས་པ་མང་དུ་གནང་། ཆོས་རྒྱལ་གྱིས་དེ་ལྟ་ན་བོད་ཁམས་སྤྱི་དང་། བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཀུན་ཡུན་ཇི་ཙམ་དུ་གནས། བསྟན་པ་ལ་འཕེལ་འགྲིབ་ཇི་འདྲ་འོང་ཞེས་རིན་པོ་ཆེའི་མཎྜལ་དང་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ནས་ཞུས་སོ། །དེ་ལ་སློབ་དཔོན་གྱིས་སྤྱིར་སྙིགས་མའི་དུས་སུ་སྐྱེ་འགྲོ་རྣམས་ལས་ངན་པའི་གཞན་དབང་ཅན་ཁོ་ནར་ངེས་པས་གང་དུ་ཡང་བདེ་བའི་གོ་སྐབས་མེད། ཁྱད་པར་ཆོས་རྒྱལ་གྱི་གདུང་རབས་གཉིས་ཙམ་ནས་རྒྱལ་པོ་དུད་འགྲོའི་མགོ་ཅན་བྱུང་ནས་ཆོས་བསྣུབ། དཀོན་མཆོག་གསུམ་གྱི་རྟེན་དང་བླ་མཆོད་རྣམས་འོ་བརྒྱལ་བ་འོང་། ཧོར་སོག་གི་དམག་དཔུང་གྲོག་ཚང་བརྡོལ་བ་ལྟར་ལྷགས་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་བཤིག །བོད་ཁམས་ཐམས་ཅད་རིམ་གྱིས་སིལ་བུར་འགྱུར་འགྲོ། མཐའ་མ་བོད་འདི་ཧོར་གྱི་མངའ་འོག་ཏུ་ཚུད་དེ་སྡུག་བསྔལ་བཟོད་དཀའ་བས་མནར་བར་འགྱུར། འོན་ཀྱང་ངའི་སྤྲུལ་པ་རྣམས་ཀྱིས་ཅུང་ཟད་རེ་ཕྱིར་བསྲིང་བར་ངེས་ལ། དེ་བས་ན་ད་ལྟར་བོད་དུ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་རྣམས་ཐམས་ཅད་ལ་ལ་མཐའ་ལ་སྤྱུགས། ལ་ལ་གཏེར་དུ་སྦས་པར་གྱུར་ན་མ་འོངས་པར་སྐྱེ་འགྲོ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །ཞེས་ཕྱིི་མཐའ་སྣ་ཚོགས་གཟིགས་པའི་ལུང་བསྟན་མང་དུ་བསྩལ་བ་ཡིན་ནོ། ༧ །གསུམ་པ་གཏེར་ཆོས་དངོས་ཀྱི་རིམ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྙིགས་དུས་ཀྱི་སྐྱེ་འགྲོ་འདུལ་དཀའ་བ་རྣམས་ལ་དགོངས་ནས་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས་ཤིང་གཏེར་འབྱིན་གྱི་སྐྱེས་བུ་རྣམས་ལུང་བསྟན་པར་མཛད། གདུལ་བྱ་དུས་ལ་བབས་པའི་ཚེ་སྤྲུལ་པའི་གཏེར་སྟོན་མི་ཡི་ཁྱུ་མཆོག་རྣམས་རིམ་པར་བྱོན་ཏེ་ཟབ་གཏེར་གྱི་བསྟན་པ་ཕྱོགས་དང་ཕྱོགས་སུ་སྤེལ་བ་ལ་ཉེ་བརྒྱུད་གཏེར་མར་གྲགས་པ་སྟེ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་འདས་ནས༔ ལ་སྟོད་མཚོ་དབར་རྒྱང་ནག་ཞེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང༔ གློ་བོ་དགེ་དཀར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང༔ ཞེས་དང་། སྐབས་དང་སྐབས་སུ་མཐོངས་སྐར་ཉི་ཞུར་བཞིན༔ སྔོན་གྱི་འཕྲིན་ལས་སད་པའི་དམ་ཆོས་སྟོན༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང༔ རེས་འགའ་གཏེར་ཆེན་རེས་འགའ་གཏེར་ཆུང་འབྱིན༔ རེས་འགའ་གཏེར་སྨྱོན་རེས་འགའ་གསང་གཏེར་འབྱིན༔ རེས་འགའ་ཐུགས་གཏེེར་རེས་འགའ་གཏེར་ཕྲན་འབྱིན༔ རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང༔ ཞེས་སོགས་ལྐོག་འགྱུར་ཇི་བཞིན་གཟིགས་པའི་ཡེ་ཤེས་ཀྱིས་ལུང་བསྟན་པ་བཞིན། མངའ་རིས་ཀྱི་བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་ཚེ་སྨད་ཙམ་ནས་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་སོགས་ནས་རིམ་པར་གཏེར་སྟོན་མཆོག་གཉིས། གླིང་པ་བརྒྱད། ནུས་ལྡན་ཉེར་གཅིག་གམ། ཡང་ན། གཏེར་སྟོན་གྱི་རྒྱལ་པོ་ལྔ། མཆོག་གི་སྤྲུལ་སྐུ་རྣམ་གསུམ་སོགས་གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་སྟེ། བཀའ་བབས་ལུང་བསྟན་བརྙེས་པའི་གཏེར་འབྱིན་གྱི་སྐྱེས་བུ་མང་དུ་བྱུང་བ་དེ་དག་གི་རྣམ་ཐར་ཆེ་ལོང་ཙམ་ནི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དང་ཆོས་འབྱུང་ལོ་རྒྱུས་རྣམས་ལས་མཁྱེན་པར་འགྱུར་རོ། ༈ །བཞི་པ་བཀའ་བསྡུ་བའི་ཚུལ་བཤད་པ་ལ། དགོས་པའི་དབང་ལས་གཏེར་འབྱིན་སྐྱེས་བུ་གསུམ་གྱི་རྣམ་ཐར་མདོ་ཙམ་བསྟན་པ་དང་། བཀའ་བསྡུ་དངོས་ཀྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ནི་ཁ་བ་ཅན་གྱི་ལྗོངས་སུ་ཕྱི་དར་ཟབ་མོའི་གཏེར་གྱིས་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་ཀྱི་ལམ་དུ་འདྲེན་པར་མཛད་པའི་གཏེར་འབྱིན་སྤྲུལ་པའི་ཟློས་གར་མང་དུ་བྱོན་པ་རྣམས་ཀྱི་ཕྲིན་ལས་མཐའ་དག་གཅིག་ཏུ་འདུས་ཤིང་། འཕགས་པ་རིགས་གསུམ་སེམས་དཔའི་རྣམ་རོལ་མཁན་སློབ་ཆོས་གསུམ་སླར་ཡང་སྙིགས་ལྔའི་སྐྱེ་འགྲོ་རྣམས་ཀྱི་སྤྱི་དཔལ་དུ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ། མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བརྡལ་བའི་ཕྲིན་ལས་མུ་མཐའ་མ་མཆིས་པ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསྟོད་ཅིང་བསྔགས་པར་འོས་པའི་གནས་སུ་གྱུར་པ་ནི་ཟབ་གཏེར་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཛོད་ཆེན་རྣམ་ལྔའི་ཤིང་རྟ་ཆེན་པོར་བཞེངས་ཤིང་ཟབ་གཏེར་བསྡུ་བའི་ཕྲིན་ལས་གཞན་གྱིས་དྲིང་ལ་མི་འཇོག་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཏེ། སྤྲུལ་པའི་གཏེར་འབྱིན་གསུམ་གྱི་རྣམ་པར་ཐར་པའི་ཚུལ་མདོ་ཙམ་བསྟན་པ་ལ། དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ནི། མདོ་ཁམས་ལྷོ་རྒྱུད་ཡེར་སྟོད་དང་འབྲེལ་བར་སྒོམ་སྡེ་གྲྭ་ནང་གི་སའི་ཆར་ནང་ཆེན་ཆིང་ཧུའི་བློན་པོ་ཨ་ལྕགས་འགྲུའི་རིགས་ཡབ་སྡོམ་པ་སྔགས་འཆང་པདྨ་དབང་ཕྱུག་དང་། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་གླང་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་བསྐུལ་བ་པོ་མེད་པར་ཐུགས་དམ་གྱི་རིམ་པའང་མང་དུ་མཛད། དགུང་ལོ་བཅུ་གསུམ་པར་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ། སོ་སོར་ལན་ཞུས་པས། ས་ལ་མ་ཎི་ཁ། ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྻ་ནང་ཟེར་བས་ཁྱོད་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། འདི་སྐབས་སྟག་ལུང་མ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛོད་ཅེས་ལེགས་པར་གདམས་ཤིང་དོན་གྱིས་གཏེར་བརྒྱུད་གཏད། སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་སའི་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག །བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། དགུང་ལོ་ཉེར་ལྔ་པར་གུ་རུའི་ལུང་གིས་བསྐུལ་བ་ལྟར་དཔལ་སྤུངས་ཀྱི་གདན་སར་བྱོན་ནས་སི་ཏུ་པདྨ་ཉིན་བྱེད་དབང་པོ་དང་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་བསླབ་སྟོན་ནང་མ་བསྩལ། དེ་ནས་རིམ་པར་མཁན་ཆེན་བྱང་སེམས་ཟླ་བཟང་སྤྲུལ་པའི་སྐུ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སོགས་ཟབ་ཆོས་འགའ་ཞིག་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་བཀའ་གཙོར་གྱུར་རྙིང་མ་བཀའ་མ་ཕལ་མོ་ཆེ་དང་། གཏེར་ཆོས་མང་པོ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་མཐའ་མར་འབྱུང༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམ༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོ་ན་ཤིན་ཏུ་གསལ་བ་ལྟར། ལོ་དེའི་དབྱུག་པ་ཟླ་བར་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཕེབས་པ་ན། རྗེ་ཉིད་ནས་ཀྱང་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི་དང་། ཕྱིས་འཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་བས་ཕྱི་ནང་གསང་བའི་བར་ཆད་བསལ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་ལར་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཅིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛཱ་ཊི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སུ་བྱུང་། དགུང་གྲངས་ཉེར་བདུན་པར་ཡང་དག་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀཿསྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ། དེ་ནས་བརྩམ་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། རྗེ་མཁྱེན་བརྩེའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་ཡང་མཐུན་པར་བྱུང་བས་རྣམ་གཉིས་ལྷན་རྒྱས་པས་མ་བུ་ཟུང་བསྡེབས་ཀྱི་ཚུལ་དུ་བར་ཆད་མེད་པར་གཏན་ལ་ཕབ། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བ་སོགས་དག་པའི་སྣང་བ་མཐའ་ཡས་པ་ཤར། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་མཁྱེན་བརྩེས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩི་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་ཉི་ཟླ་ལྟར་གྱུར། ཡང་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་སོགས་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཕྲིན་ལས་རྣམ་པ་བཞི་ལ་རང་དབང་བསྒྱུར་བའི་བདག་ཉིད་ཆེན་པོར་མངོན་སུམ་ཚད་མས་གྲུབ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་པ་ལྟར་མངའ་བདག་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། དང་པོ་ནི། རིང་བརྒྱུད་བཀའ་མ་དེང་སང་རྒྱུན་བཞུགས་པ་ཕལ་ཆེར་གསན་ཅིང་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་པ་མ་ཟད། རྗེ་ཉིད་ཀྱི་ཟབ་གཏེར་ལས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པ་སྔོན་མེད་ངོ་མཚར་ཅན་བྱོན་པ་རྣམས་ཀྱང་དོན་དུ་བཀའ་བབས་པ་ཡིན་ནོ། །གཉིས་པ་རང་སྐལ་ས་གཏེར་ནི། དགུང་ལོ་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང་དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམ། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་རྩི་སྐེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོག་སྐུ་རྒྱན་རྣམས་སྤྱན་དྲངས་པའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང་། སྒྲགས་ཡང་རྫོང་ནས་ཞི་བྱེད་སྐོར་བདུན་བཅས། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་སྙིང་བྱང་ལ་སོགས་པ་དང་རྫས་གཏེར་ཕྲན་ཚེགས་མང་དུ་བཞེས་པ་ལས། གཙོ་ཆེ་བ་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ། ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར། འོག་མིན་ཀརྨའི་རྒྱབ་ཕྱོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཡེ་རྒྱལ་ནམ་མཁའ་མཛོད་ནས་དེའི་ཆ་ལག་རྒྱུད་ལུང་གི་སྐོར་རྣམས་དང་། རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། སྐུ་ཚབ་རྣམ་གཉིས་སོགས། སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་ཆེན་སྡེ་གསུམ། སེང་ཆེན་གནམ་བྲག་གི་རི་གོང་མོ་འོག་མ་ནས་དམ་ཆོས་ཤོག་སྡེ་དྲུག་པ། མཁའ་འགྲོ་འབུམ་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་དང་འཁོར་བ་དོང་སྤྲུག །ཀརྨའི་དཔལ་དེའུ་ནས་མ་མོ་སྤྱི་བསྡུས། ཀེ་ལ་ནོར་བུ་སྤུན་གསུམ་ནས་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས། ཟབ་པ་རྫོགས་ཆེན་གསེར་ཞུན། རོང་མེ་དཀར་མོ་སྟག་ཚང་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་སྙིང་པོ་སྐོར་ལྔ། རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་རྣམས་མཚོན་པ་ཙམ་སྟེ། གཏེར་གནས་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་རྣམ་གྲངས་ཤིན་ཏུ་མང་པོ་བྱོན་ཅིང་། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཡུལ་དུ་ངོ་མཚར་ཡ་མཚན་རྨད་དུ་བྱུང་བ་མངོན་སུམ་པས་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ། མྱོང་གྲོལ་དུ་མའི་བཀའ་བབས་སུ་ལུང་གིས་གསལ་བ་ལྟར། དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་དང་ཡན་ལག་ཏུ་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་སྤེལ་བར་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་བོ། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུར་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང་། མཁའ་འགྲོ་མ་ཀུན་དགའ་འབུམ་མའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས། བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་པ་ལ་བརྟེན་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབ། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་དྲན་པ་ལས་གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང་། གནུབས་ཀྱི་ཁ་ཕོ་བཅས་མདོ་ཙམ་ཡི་གེར་བཀོད་པ་དང་། རུ་ལུའི་འདྲེན་སྟངས་དང་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཕྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས། དྲུག་པ་དག་སྣང་ནི། རི་བོ་དབང་གཞུའི་གནས་གཏེར་གྱི་སྒོ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཞལ་གཟིགས་ཏེ་གདམས་པ་བསྩལ་བ་བི་མ་ལའི་ཟབ་ཏིག་སོགས་བཞུགས། བདུན་པ་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་ཡི་གེར་བཀོད་པ་སོགས་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱིར་རྩ་བ་གསུམ་གྱི་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱིས་མཚོན་པར་ནུས་སོ། །རང་སྒོ་དང་ཚོགས་སྒྲུབ་གཞན་དག་གི་རྡོར་སློབ་ཏུ་ཕེབས་པ་བཅས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད། བསམ་ཡས་ཧས་པོ་རི་དང་དཔལ་ཆུ་བོ་རི་སོགས་བོད་དང་མདོ་ཁམས་ཀྱི་ས་གནད་རྣམས་སུ་བཀའ་ནན་རབ་བརྗིད་དང་། གནས་ཆེན་བྱིན་འབེབ་མང་པོས་མཐའ་དམག་སོགས་རྩུབ་འགྱུར་ཞི་ཞིང་རྒྱལ་ཁམས་ལ་བདེ་ལེགས་འཕེལ་བའི་ཕྲིན་ལས་ལུང་དོན་ལས་བྱུང་བ་ལྟར་རྒྱ་ཆེར་བསྒྲུབས། ཀར་འབྲུག་འབྲི་སྟག་གཙོར་གྱུར་བཀའ་བརྒྱུད་དང་། སྨིན་གླིང་ཞེ་རྫོགས་ཀཿདཔལ་རྣམས་གཙོར་བྱས་རྙིང་མ། གཞན་ཡང་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང་། མྱོང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཐམས་ཅད་དུའང་ཁྱབ། ཁྱད་པར་རྩ་བའི་ཆོས་བདག་རྣམ་བཅུ་ཕལ་ཆེ་བ་དང་རྟེན་འབྲེལ་ལེགས་པར་འགྲིགས་པ་ལ་བརྟེན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོ་བོར་གྱུར་པའི་གཏེར་ཆོས་ཀྱི་ཕྲིན་ལས་ཀྱང་རྒྱ་ཆེར་འཕེལ། འོག་མིན་མཚུར་ཕུར་ཟབ་བདུན་ཕུར་པའི་སྒྲུབ་ཆེན་རྩ་འཆམས་འབྲིང་པོ་བཅས་རྒྱུན་འཇག་གིས་མཚོན་དགོན་ཁག་མང་པོར་གཏེར་གསར་གྱི་ཆོས་བཀའ་ཆེ་ཕྲའི་སྒྲུབ་མཆོད་སོགས་ཚུགས། བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན་རྟེན་འབྲེལ་གྱི་ཆོས་སྐོར་གཏན་ལ་ཕབ་ནས་དེའི་དོན་བཞིན་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་ལས་གསུམ་རྒྱས་པའི་ཆོ་ག་ངོ་མཚར་བའང་དཔལ་སྤུངས་ཀཿཐོག་རྫོགས་ཆེན་རྣམས་སུ་རིམ་པར་མཛད། གདན་ས་དངོས་ཀརྨ་རི། གནས་བརྟན་སྒང་། རྩི་ཀེ་འདུས་མདོ་རྣམས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཕྱི་མ་གཉིས་སུ་དགེ་འདུན་གྱི་སྡེ་དང་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་ཡང་བཀོད། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་རེ་ཞིག་དོན་ཆེ་བ་གཞན་ལ་དགོངས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་ཕོ་རྟའི་ལོར་སྐུ་བསྙུན་པའི་ཚུལ་བསྟན་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ཕེབས་པའི་དག་སྣང་ཤར། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། ལོ་དེའི་མགོ་ཟླ་བའི་ཚེས་བཅོ་ལྔར་རྗེ་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ་ནུབ་ཕྱོགས་ཞིང་ཁམས་པདྨས་ཁེབས་པར་གཏེརཆེན་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་པ་དང་མཇལ་ནས་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་ལྷུག་པར་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ། རྒྱལ་ཟླའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཀྱང་དབང་པོའི་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བྱུང་བར་གྲགས་སོ།། ༈ གཏེར་སྟོན་རྒྱལ་པོ་ལྔ་པ་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་ཟུང་དུ་འཇུག་པའི་རྣམ་རོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། ཡབ་གཉོས་རིགས་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ། མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཐུགས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ནར་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་པོ་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག །ཞེ་ཆེན་པ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང་། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང་། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང་འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ་ཞིང་། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན། རྗེ་འདིས་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་། ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། དེ་དང་དེའི་རིང་ལུགས་ཕྱག་སྲོལ་འཕྱུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མེད། མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང་། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བར་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་པས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པུསྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡོམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་གུད་ཆེར་གྱུར་པ་རྣམས་ལ། རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོ་གསར་བཞེངས་དང་། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་བསྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམ་ཆུང་། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང་། རྒྱ་བོད་ཀྱི་དཔོན་ཆེན་མང་པོས་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པ་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམ་པའི་ཆོས་སྦྱིན་རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུ། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན་མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་རྒྱལ་པོའི་རྣམ་ཐར་བཟུང་། སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་། རྗེ་བཙུན་གྲོལ་མཆོག་གི་གསུང་ཁྲིད་བརྒྱ་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབས་པ་འདི་ཁོ་ནའི་རྣམ་ཐར་ལ་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ། སྤོང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བརྩམ་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པ་ཟམ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་རྫོགས་པར་གསན་ཅིང་། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང་། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས་ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང་། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་མོ། ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་དང་། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་བསྩལ་པས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབས། ཐོག་སོ་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་གནང་། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་དུ་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་པས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག །སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱིས་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྟོན་ལུང་བསྟན་གྱིས་ཕུང་། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པར་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང་། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་པའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར། དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་ནི་བཀའ་བབས་དང་པོའོ། །གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང་། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་ཅིང་། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་དང་། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང་། སི་ངུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨ་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་རྩ་བ་ཙམ་རེ་ལས་གཏན་ལ་འབེབ་པར་མ་གནང་ཞིང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང་། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་ཁ་ཐུན་མོང་པར་སྣང་ངོ་། །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཅིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ། གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་གི་བཀའ་བབས་ལུང་བསྟན་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡ་བསྒྱུར་བ་དང་། འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང་། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་བས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་ཆད་པ་སྣ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བའི་ཐུགས་རྩོལ་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་བཞིན་ཡང་གཏེར་ཉེ་བརྒྱུད་ཀྱི་རིགས་ཤིན་ཏུ་མང་བར་བྱོན་པ་རྣམས་རིན་ཆེན་གཏེར་མཛོད་འདིར་བཞུགས་པ་ལྟར་རོ། །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་ནང་ཚེས་བཅུའི་ཚོགས་མཆོད་སྐབས་གུ་རུ་རིན་པོ་ཆེས་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་མཛད་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང་། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང་། གྲུབ་ཐོབ་ཐུགས་ཏིག་སྐོར་སྔར་སྨྲོས་པ་སོགས་ཡིན་ལ། འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་ཕུལ་དུ་གྱུར་པའོ། །ལྔ་པ་རྗེས་དྲན་ནི། བོད་དུ་བྱོན་སྐབས་གཙང་འུ་ཡུག་གི་མདོར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང་། ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པས་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཐིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། །དྲུག་པ་དག་སྣང་ནི། གོང་སྨྲོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང་། མི་ཏྲའི་སྙིང་ཐིག་ཚེ་ལྷ་དཀར་དམར་སྐོར། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་མོ། །བདུན་པ་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད། ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་བསྩལ་པ་གཏན་ལ་ཕབ་པ་རྣམས་ཏེ། དེ་དག་ནི་གསང་བའི་རྣམ་པར་ཐར་པའི་སྙིང་པོ་མདོ་ཙམ་སྨྲོས་པ་ཡིན་ནོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་ཤེར་ཕྱོགས་དགའ་བ་གཉིས་པའི་ནངས་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་གཞག་བཞིན་པའི་ངང་ནས་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ།། ༈ ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང་། ལངྐར་གཤེགས་པ་ལས། དེ་ཡི་འོག་དུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་སོགས་སངས་རྒྱས་ཉིད་ཀྱིས་གསལ་བར་ལུང་བསྟན་པ་དང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་འཁྲུལ་མེད་གསལ་བར་བསྔགས་པ་ལྟར། སྟོན་པའི་ཉེ་གནས་ཀུན་དགའ་བོ། རྣམ་སྣང་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ན། བཀའ་གཏེར་བསྟན་པའི་ཤིང་རྟ་སྨིན་གླིང་གཏེར་ཆེན། ཞེ་ཆེན་རི་ཁྲོད་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲུབ་ཆེན་ཤེས་རབ་ཡར་འཕེལ་སོགས་འཕགས་བོད་ཀྱི་མཁས་གྲུབ་ཤིང་རྟ་ཆེན་པོ་དུ་མའི་རོལ་པར་བཞེངས་ནས་རྒྱལ་བསྟན་སྤེལ་བར་མཛད་པ་ལས། སྤྲུལ་པའི་སྒྱུ་འཕྲུལ་འདི་ཉིད་ཉེ་བར་བསྟན་པའི་ཡུལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ། ཡབ་ཁྱུང་རྒྱལ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་ཡུམ་རྣལ་འབྱོར་མ་བཀྲ་ཤིས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྨིན་དྲུག་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་སྐུ་བལྟམས། ཕལ་པའི་ཡུལ་ལས་འདས་པའི་ངོ་མཚར་དང་ལྡན་ཅིང་མཆོག་གཟིགས་དམ་པ་མང་པོས་བསྟན་འཛིན་སྐྱེས་ཆེན་དུ་ལུང་བསྟན། གཞོན་ནུའི་རོལ་རྩེད་ཐམས་ཅད་དབང་སྐུར་ཆོས་འཆད་ཛཔ྄་བཟླས་ཀྱི་ཚུལ་བཟང་ཁོ་ནར་སྟོན། དགུང་ལོ་ལྔ་པ་ནས་ཡི་གེའི་ཕྱི་མོ་སོགས་གསན་བསམ་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུབ། ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་ཐུགས་འདུན་རྩོལ་མེད་དུ་འཁྲུངས། དངོས་ཉམས་མནལ་ལྟས་སོགས་ལ་དག་པའི་སྣང་བ་འབའ་ཞིག་དང་། དགུང་ལོ་བཅུ་སྐོར་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་དེ་དམ་པའི་ཆོས་ལ་འཇུག་པའི་ཐུགས་དམ་བརྟན་ཅིང་བཟོ་དང་གསོ་རིག་སོགས་གཟིགས་པ་ཙམ་གྱིས་མཁྱེན། ཐུགས་རྒྱུད་དྲང་ཞིང་འཇམ་ལ་དམ་བཅས་པ་ལས་མི་འདའ་བ་དང་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་པ་སོགས་སྐྱེས་བུ་དམ་པའི་ཡོན་ཏན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གསལ་བར་བསྟན། མཐུན་རྐྱེན་མ་འབད་པར་བསོད་ནམས་ཆེན་པོའི་མཐུ་ཚོགས་ཏེ། དགུང་ལོ་བཅུ་དྲུག་པར་གནས་ལྔ་རིག་པའི་པཎྜི་ཏ་ཟེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་རིགས་བདག་ཏུ་བསྙེན། ཐ་སྙད་རིག་གནས་དང་། གྲུབ་མཐའ་རྒྱ་མཚོའི་རྣམ་གཞག །རྡོ་རྗེ་ཐེག་པའི་མན་ངག །བཀའ་འགྱུར་རིན་པོ་ཆེ། རྙིང་རྒྱུད། བཀའ་བརྒྱད། དགོངས་འདུས། ཀུན་མཁྱེན་ཆེན་པོ་དང་སྨིན་གླིང་ཡབ་སྲས་ཀྱི་བཀའ་འབུམ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པས་ཐུགས་རྒྱུད་གཏམས་པར་མཛད། གཞན་ཡང་མཁས་གྲུབ་ཡོངས་འཛིན་དུ་མ་ལས་ཐུན་མོང་གི་རིག་པའི་གནས་བཅུ་ཕྲག་བརྒལ་བ། ཐུན་མིན་ནང་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་མང་པོ། ཤིན་ཏུ་ཐུན་མིན་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་ཇི་སྙེད་པ་བཅས་གསན་ཏེ། གཞན་དྲིང་མི་འཇོག་པའི་མཁྱེན་པ་ནམ་མཁའི་ཀློང་ལྟ་བུར་གྱུར་པས་སརྦ་ཛྙཱ་ན་མ་ཧཱ་པཎྜི་ཏ་ཞེས་མཚན་སྙན་གྲགས་པ་དོན་ལྡན་གྱི་གོ་འཕང་མཐོན་པོ་བརྙེས། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་ཞབས་སེན་རིགས་ཀྱི་ཅོད་པན་དུ་བཞེས་ནས། སྡོམ་པ་གསུམ་གྱི་བདུད་རྩིས་མཚོན་མཐར་ཐུག་ངེས་གསང་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མཛད་དེ་སྙིང་པོ་དོན་གྱི་བརྒྱུད་པའི་རྒྱལ་ཐབས་ལ་དབང་བསྒྱུར། ཁྱད་པར་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་གཙོ་བོར་གྱུར་པའི་རིས་མེད་ཀྱི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་གི་དྲུང་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་གངས་ཅན་ལྗོངས་སུ་མཆིས་སོ་འཚལ་གྱི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན། དེ་ཐམས་ཅད་ཀྱང་གསན་ལོ་ཙམ་དུ་མ་མཛད་པར་རེ་རེ་བཞིན་ཐུགས་ཉམས་སུ་བཞེས་ནས་ལམ་རྟགས་ཀྱི་ཡོན་ཏན་གཞུང་ནས་བཤད་པ་བཞིན་མ་གྲུབ་ཀྱི་བར་ཐུགས་བརྩོན་དྲག་པོས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་གི་གཞུང་བཤད་ཞལ་ཤེས་ལས་ཚོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་། ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གཤིན་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། འོག་ཏུ་སྨྲོས་འགྱུར་བཞིན་ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང་། དེའི་རྗེས་འབྲེལ་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་རྒྱ་ཆེན་བཀའ་མཛོད་དེ། དེ་ལྟར་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟ་འཛམ་བུའི་གླིང་ན་སྔར་མེད་གསར་དུ་དྲངས་པའང་ཕྱོགས་རེའི་ཐོས་བསམ་གོ་བ་རགས་རིམ་རྙེད་པས་འབྲི་འདོད་རྩོམ་འདོད་ཀྱི་རྩོོལ་བས་གྲགས་སྐམ་ཀྱི་ཡིག་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ཙམ་མ་ཡིན་པར། བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པ་ངོ་མཚར་གསུང་རབ་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་གཞིག་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་པ་མཛད་པ་ལྟ་བུ། མདོ་སྔགས་བཀའ་གཏེར་གསར་རྙིང་རིས་སུ་མ་ཆད་པའི་དབང་ཁྲིད་མན་ངག་བཀླག་ལུང་སོགས་ཀྱི་འཆད་སྤེལ་ལ་བསམ་ན་སྐུ་ཚེ་ཁོ་ནར་འཆད་སྤེལ་ཤ་སྟག་མཛད་པ་ལྟ་བུ། སྔོན་འགྲོ་གསག་སྦྱོང་གི་རྣལ་འབྱོར་ནས་བརྩམ་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པའི་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་མཛད་ཚུལ་ལ་བརྟགས་ན་སྐུ་ཚེའི་རིང་སྒོམ་ཁང་འདག་སྦྱར་གྱིས་བཞུགས་པ་ལྟ་བུ། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་དགོན་སྡེ་གསར་སྤེལ་དང་རྟེན་རྙིང་མང་པོའི་ཉམས་གསོ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་གསར་བཞེངས། ཚོམ་བུ་ཚོགས་ཀྱི་སྒྲུབ་ཆེན་བརྒྱ་ཕྲག་ཕྱེད་གཉིས་ལྷག་བརྒལ་བ། དཀོན་མཆོག་གི་མཆོད་འབུལ། དགེ་འདུན་ལ་བསྙེན་བཀུར་སོགས་མདོར་ན་ཆོས་སྤྱོད་རྣམ་པ་བཅུའི་ཕྱག་རྗེས་ལ་གཞལ་ན་སྐུ་ཚེ་དེ་ཉིད་ལ་བྱ་བ་ལས་ཀྱི་འཁོར་ལོར་བརྩོན་ནས་བཞུགས་པ་ལྟ་བུ་སྟེ། ངེས་པར་འཕགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཞིག་གོ། ལྷག་པར་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། རྗེ་ཉིད་དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་དང་མཇལ་ཏེ་བྱིན་རླབས་བསྩལ་པ་ལ་བརྟེན་ཟབ་མོ་དག་སྣང་གི་ཆོས་སྡེ་དུ་མ་དང་། ས་གཏེར་གྱི་བཀའ་བབས་ལན་གྲངས་དུ་མར་བྱུང་ཡང་བཏང་སྙོམས་སུ་འཇོག་པར་མཛད། བར་སྐབས་རྟེན་འབྲེལ་གྱི་བབས་འཕྱུགས་པའི་རྐྱེན་ལས་ནང་དུ་མཁའ་འགྲོ་འཁྲུགས་པའི་ལྟས་དང་། ཕྱི་སྣང་དུའང་སྐུ་ཤིན་ཏུ་ལྟེམས་པ་ཞིག་བྱུང་བའི་སྐབས་ཤིག་དངོས་དང་མནལ་ལམ་མི་ཕྱེད་པར་སྐུ་འཕོས་ཏེ་གུ་རུ་ཡབ་ཡུམ་དང་མཇལ་ནས་ཞུ་ལན་དུ་མའི་མཐར། སླར་ཡང་སྐྱེ་སྲིད་བཟུང་དགོས་པའི་བསླབ་བྱ་བསྩལ་པ་བཞིན་རང་མལ་དུ་ཞུགས་པའི་ཐུགས་ཉམས་ཤར། མནལ་ལྟས་དང་རྗེ་མཁྱེན་བརྩེའི་དབང་པོའི་བཀས་བསྐུལ་ནས་བཀའ་དྲིན་ལྷ་མོའི་གསོལ་ཁ་གཏན་ལ་ཕབ་པ་ན། སྤྲིན་མེད་ཀྱི་ནམ་མཁར་འཇའ་ཚོན་གྱི་གུར་ཁྱིམ་ཟླུམ་པོ་ཤིན་ཏུ་འཚེར་བ་ཤར་ཞིང་སྐུ་ཁམས་ཀྱང་དྭངས། བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་ཞིང་། འདི་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ནས་ངེད་རང་དངོས་དང་འཕྲད་འོང་བས་ཞལ་གདམས་བསླབ་བྱ་རིམ་པར་འབྱུང་གསུངས་པའི་དགོངས་དོན། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་ཆེན་མཆོག་གྱུར་གླིང་པ་ཐོག་མར་མཇལ་བ་ཙམ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་། ཁྱད་པར་གྱི་ལུང་བྱང་བསྩལ་བ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། ལྷག་པར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་འབྱེད་པར་གནང་བའི་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་ནས། ཙིཏྟ་གསང་ཕུག་ཏུ་ཆོས་ཁྲི་མཐོན་པོ་ལ་རྗེ་ཉིད་བཞུགས་སུ་གསོལ་ཞིང་། རྟེན་འབྲེལ་གྱི་འབུལ་ཆེན་དང་འབྲེལ་ཨོ་རྒྱན་དུས་གསུམ་མཁྱེན་པས་གསོལ་བའི་མཚན། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའོ། །ཞེས་པས་མངའ་གསོལ་ཞིང་དྲིལ་ཆེན་བསྒྲགས། སླད་ནས་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་ཞུ་ནན་བརྟན་བཞུགས་དང་འབྲེལ་བར་འབུལ་གནང་མཛད་པས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། རིམ་པར་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་ཕྱག་ཏུ་ཕེབས་ཤིང་རྗེ་ཉིད་ལའང་གསལ་སྣང་ཁྱད་པར་བ་འཁྲུངས། དགུང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། སྐུ་མཆོག་བདེ་ཆེན་ཕུག་ནས་རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར་དང་ཧཱུྃ་ཀ་རའི་གསང་གོས་སོགས། པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར་དང་། མཱ་ར་ཏི་ཀར་གུ་རུའི་ཕྱག་སྒྲིལ་ཚེ་རིལ། མཁན་ཆེན་ཞི་འཚོའི་སྐུ་ཆོས། ཆོས་རྒྱལ་ཁྲི་ལྡེའི་སྐུ་རགས་སོགས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས་དང་། ཚེ་ཡུམ་ཙཎྜ་ལཱིའི་སྒྲུབ་སྐོར་སོགས། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་སྒྲུབ་སྐོར་གྱི་ཤོག་སེར། མནྡཱ་རཿབའི་ཚེ་རིལ་སོགས། གཙང་རོག་བཀྲ་ཤིས་བརྩེགས་རྫོང་ནས་ཉེ་སྲས་བརྒྱད་ཀྱི་དམ་རྫས་དང་སྒྲུབ་ཐབས་ཤོག་སེར། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་ཡབ་བཀའ་ཡུམ་བཀའི་སྒྲུབ་སྐོར་ཤོག་སེར། འཆི་མེད་རིག་འཛིན་བཅུ་གསུམ་གྱི་ཚེ་རིལ་སོགས་གཏེར་ཁ་རེ་རེའི་སྡེབ་ཏུའང་ཁྱད་འཕགས་དམ་རྫས་རྣམ་གྲངས་བརྗོད་ཀྱིས་མི་ལང་ཞིང་། གཞན་ཡང་རྗེ་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱིས་ཕྱག་ཏུ་མ་སོན་པ་འགའ་ཞིག་རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲག་གནང་བའི་མཐུས་གཏེར་སྟོན་ལས་རབ་གླིང་པ་མངགས་གཞུག་མཛད་དེ་བཏོན་པ་དང་། འགའ་ཞིག་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རྗེ་ཉིད་ཀྱི་ཕྱག་ཏུ་ཕེབས། དེ་དག་ལའང་ཐོག་མར་ལུང་བྱང་བཞིན་སྣ་སེལ་རིགས་རྣམས་འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་མཛད། ཟབ་གཏེར་ཕྱག་ཏུ་སོན་པ་ཐམས་ཅད་རྗེ་མཁྱེན་བརྩེའི་དབང་པོའི་གཟིགས་ལམ་དུ་འབེབ་པ་གནང་། རྗེ་ཉིད་ནས་ཀྱང་མངའ་དབུལ་ཚོགས་མཆོད་དང་དངོས་འབུལ་མཎྜལ་སྔ་རྗེས་དུ་མ་བསྟར་བར་མཛད་ཅིང་། ཁྱད་པར་རྩ་གསུམ་དགོངས་འདུས་ཀྱི་ཆོས་གཏེར་ཆེན་མོ་སྤྱན་འདྲེན་པར་མཛད་པ་ན་ལེགས་སྐྱེས་རྒྱ་ཆེར་སྤྲོ་བ་དང་ཆབས་ཅིག །སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་གཏེར་ཕྱུང་ཡང་ཤོག་སེར་གཏན་ནས་འབེབ་མ་ཐུབ་པར་ཁོང་གིས་གཏན་ལ་འབེབ་གྲོགས་མཛད་པས་གོ་ཆོད་པར་བྱུང་སོང་ཞིང་། ད་རེས་ཀྱི་རྩ་གསུམ་དགོངས་འདུས་མཛོད་ཆེན་རྣམ་ལྔ་ཡོངས་འདུས་ཀྱི་ཆོས་སྡེ་རྣམས་གཏན་ལ་འབེབ་པའི་གྲོགས་དན་མཛད་པར་ཞལ་གྱིས་བཞེས། དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང་། ཁྱད་པར་ཚེས་ཉེར་དགུའི་ནུབ་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དག་པའི་གཟིགས་ངོར་འཇམ་མགོན་བླ་མ་ཉིད་གྲུབ་པའི་རིག་འཛིན་ཧཱུྃ་ཀ་རའི་རྣམ་པར་བཞེངས་ནས། རྩ་གསུམ་དགོངས་འདུས་ཀྱི་དབང་ཁྲིད་མན་ངག་བཅས་གནང་བའི་གསལ་སྣང་འཁྲུངས་པའི་རྐྱེན་གྱིས་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ཏེ། འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་རྩ་གསུམ་དགོངས་འདུས་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེའི་ཐོ་བཀོད་ཀྱང་གནང་། འདི་ལ་མཁའ་འགྲོའི་བརྡ་བསྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་བསྒྱུར་འབྲིང་པོའི་དབང་དུ་མཛད་ན་རྒྱས་བསྡུས་འཚམ་པས་ལེགས་གསུངས་ནས། ཆོས་ཚན་དྲུག་ཙམ་གཏན་ལ་ཕབ། འཕྲོས་མི་ཆེན་འགའ་ཞིག་གི་འགྲུལ་རྐྱེན་གྱིས་རྗེ་མཁྱེན་བརྩེའི་དབང་པོ་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་བ་སྤྱི་མཐུན་བསོད་ནམས་དམན་པའི་སྐྱོན་དུ་སྣང་། དེ་སྐབས་འཇམ་མགོན་རྗེའི་ཐུགས་ཐོག་ནས་ཀྱང་སྔ་མ་ཕབ་རིམ་བཞིན་ཕྱི་མ་རྩོལ་མེད་དུ་ཆུ་བོའི་རྒྱུན་བཞིན་འཆར་བ་དང་། ཌཱ་ཀིའི་འདུ་བ་སོགས་ཁྱད་པར་ཅན་གྱི་ལྟས་མང་། སྐབས་ཤིག་གི་ཐོ་རངས་ཐུགས་ཉམས་ཀྱི་སྣང་བ་གསལ་བ་ཞིག་ལ་བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་འདུད་མཛད་པས། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བྱིན་འབེབ་བཅས་མཛད། བུམ་པ་ཞིག་བླངས་ནས་དབུ་གཙུག་ཏུ་བཞག །གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་དང་། ཤེར་དབང་ལ་རིག་མ་གཏད། ཐུགས་ཀ་ནས་ཤེལ་རྡོ་ཞིག་ཕྱུང་པ་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒོང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཀྱི་གདངས་ཕྱིར་གསལ་བ་ལྟ་བུའོ། །ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལས་ཀྱི་ཧེ་རུ་ཀའི་སྐུར་སྣང་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལོང་ཡོད་པ་ལྟ་བུ་ལ་བཀའ་བསྒོས་ནས་བཀའ་གཏད་དང་། རྗེས་གནང་གདམས་གཏད་ཀྱི་རྣམ་པ་བསྩལ་པའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་གསན་མཐར་ཐུགས་ཉམས་སད། ཚོགས་འཁོར་གྱི་རྡོ་རྗེའི་གླུའི་སྐབས་བདེ་དྲོད་བཙན་ཐབས་སུ་འཁྲུངས་ཤིང་ཐུགས་ཉམས་འུར་བ་སོགས་བྱིན་རླབས་ཀྱི་བབས་ཆེ་བའི་རྟགས་ཀྱང་བྱུང་། གསང་ཐིག་ཡབ་ཡུམ་གྱི་ཤོག་སེར་ཡང་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་འབེབ་པར་མཛད། ལམ་ཟབ་ལེའུ་བདུན་མ་འཇམ་མགོན་ཉིད་ཀྱིས་གཏན་ལ་འབེབ་པར་གནང་ཤིང་། གུ་རུ་པདྨ་སཾ་བྷའི་ཆས་ཅན་མཚན་པདྨ་རིག་འཛིན་ཞེས་པས་བཀླག་ལུང་ལན་གསུམ་མཛད་པའི་དག་སྣང་འཁྲུངས། ཟླ་གམ་དབང་ཕུག་ནས་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མར་སྙན་སྒྲོན་མཛད་པས། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་བཅས་ཕུལ་ནས་འབེབ་པའི་བསྐུལ་མ་གནང་བ་ལྟར་ཕལ་ཆེར་གཏན་ལ་ཕབ་གྲུབ་ནས་རྗེ་རྣམ་གཉིས་ལྷན་རྒྱས་ཀྱིས་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། རོང་མེ་དཀར་མོ་སྟག་ཚང་དུ་གྲོ་ལོད་སྒྲུབ་ཐབས་གཏན་ལ་ཕབ་ནས་ཚོགས་མཆོད་རྗེ་རྣམ་གཉིས་ལྷན་རྒྱས་ནས་མཛད་སྐབས། རྗེ་མཁྱེན་བརྩེའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་ཆེན་པོ་དཀར་ནག་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་གནས་ཆེན་ཡིན་པའི་གསལ་སྣང་འཁྲུངས་པ་བཞིན། ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་མ་གནང་བས་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང་། ཨ་ལོའི་དཔལ་དེའུ། ཙ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་རྣམས་ཀྱང་རྗེ་མཁྱེན་བརྩེའི་བཀའ་ལྟར་འཇམ་མགོན་མཆོག་གི་ཞལ་སྔ་ནས་གནས་ཀྱི་བཞུགས་ཚུལ་ཀུན་ལ་མཚོན་པར་མཛད། ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་ཀཿདཔལ། ཞེ་རྫོགས། ས་དགེ། འབྲི་སྟག །ཀརྨ་ཀཾ་ཚང་བཅས་པའི་སྐྱེས་མཆོག་རྣམས་ཀྱིས་དབུས་ལས་ལྡན་ཡོངས་ལ་ཐང་མར་བརྡལ་བའི་བཀའ་དྲིན་དང་། དམ་རྫས་རྣམས་ཀྱི་འགྲོ་དོན་དངོས་དང་བརྒྱུད་ནས་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་འབྲེལ་ཚད་དོན་ལྡན་གྱི་སྒོ་འཕར་ཡངས་པོར་ཕྱེས། དབང་དང་སྒྲུབ་ཆེན་ཚོགས་འཁོར་སོགས་ཀྱི་སྐབས་སུ་བདུད་རྩི་ཁོལ་ཞིང་རཀྟ་ལུད་པ། སྨན་གྱི་དྲི་ངད་རིང་པོ་ནས་ཚོར་བ། འཇའ་སྤྲིན་གྱི་གུར་དང་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་པའི་ལྟས་སྣ་ཚོགས་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། གཞན་ཡང་ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ་སོགས་སྣང་བ་ལ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་ཅན་དུ་བཞུགས་པ་དང་། ཁྱད་པར་ཟབ་གཏེར་གྱི་ལུང་བྱང་དུ་སྐུ་ཚེ་ཐུང་ངུ་ཞིག་ལས་མེད་པར་གསལ་ཡང་རྡོ་རྗེའི་རྣལ་འབྱོར་དང་རྩ་རླུང་གི་ནུས་པས་སྐུ་ཚེ་ཕྱིར་བསྲིངས་ཏེ། དགུང་གྲངས་བརྒྱད་ཅུ་གྱ་བདུན་གྱི་སྟེང་དུ་སོན་ཀྱང་སྐུ་གཞོན་ཤ་ཆགས་ཤིང་སྤྱན་སླར་གསལ་བ་སོགས་གྲུབ་རྟགས་ནང་གི་ཆེ་བ་མངོན་སུམ་ཚད་མའོ། །ཚུལ་དེ་ལྟ་བུས་དངོས་ཀྱི་མཛད་པ་རེ་ཞིག་མཐར་ཕྱིན་ཏེ་དགུང་གྲངས་གྱ་བདུན་པ་ས་ཕག་མགོ་ཟླའི་ཤེར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ངོ་མཚར་བའི་ཆོ་འཕྲུལ་དུ་མ་དང་བཅས་སྐུའི་བཀོད་པ་ནུབ་ཕྱོགས་ཤཱནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་དབྱིངས་སུ་བསྡུས་སོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདིའི་གསུང་དང་ཐུགས་ལས་བྱོན་པའི་སྲས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། གཙོ་བོར་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཕན་ཚུན་གཉིས་ཀ་བླ་མ་སློབ་མ་གཉིས་ལྡན་གྱི་ཚུལ་དུ་བཞུག་པས། དུས་དེང་སང་གི་བར་དུ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཞེས་སྙན་པའི་སྒྲ་དབྱངས་བོད་ཁམས་ཡུལ་གྲུ་ཀུན་ན་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་རླུང་ལྟར་གྲགས་པ་འདི་བཞིན་དང་། གཞན་དུ་བསྟན་པ་ཡོངས་རྫོགས་གཏད་ཅིང་དོན་གྱི་རྒྱལ་ཚབ་ཏུ་གྱུར་པ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་གཙོ་བོར་གྱུར་པའི་ཀར་འབྲུག་འབྲི་སྟག་སོགས་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང་། ཐར་རྩེ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ། རྫོང་གསར་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་སོགས་ས་ངོར་གྱི་བསྟན་འཛིན་རྣམས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། འགྱུར་མེད་ངེས་དོན་དབང་པོ། རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སོགས་སྔ་འགྱུར་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་རྣམས་དང་། རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ། བྲག་གཡབ་གདོང་སྤྲུལ་མཁས་མཆོག་ངག་དབང་དམ་ཆོས་རྒྱ་མཚོ་སོགས་རི་བོ་དགེ་ལྡན་པའི་སྐྱེས་མཆོག་དུ་མ་སྟེ། མདོར་ན་སྐབས་དེར་དབུས་གཙང་ནས་མདོ་ཁམས་སྟོད་སྨད་བར་གསུམ་ཡན་གྱི་མཁས་པ་པཎྜི་ཏ། རྟོགས་ལྡན་ཉམས་མྱོང་ཅན། དགེ་བའི་བཤེས་གཉེན་ཆེ་ཕྲ་དཔག་ཏུ་མེད་པ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་ངོ་། །ཚུལ་འདི་རྣམས་ནི་བདུད་འཇོམས་འགྲོ་འདུལ་གླིང་པའི་གསུང་ལས་བཏུས་པའོ། ༈ །གཉིས་པ་བཀའ་བསྡུ་དངོས་ཀྱི་རིམ་པ་བཤད་པ་ནི། སྔོན་བོད་ལྗོངས་རང་དབང་གཙང་མའི་དཔལ་ཡོན་ལ་ལོངས་སུ་སྤྱོད་པའི་དུས་མཇུག་བསྟན་པའི་གནས་ཚད་བག་ལ་ཞ་ཞིང་། རིང་བརྒྱུད་བཀའ་མའི་ཆོས་རྣམས་ཚོང་འདུས་ཀྱི་འོ་མ་བཞིན་བརྒྱུད་པ་མང་པོས་བར་དུ་ཆོད། གཏེར་རྙིང་རྣམས་ཀྱང་རང་རང་གི་འབྲས་དུས་ཀྱི་གནས་ཚད་ཡོལ་ལ་ཁད་དུ་གྱུར་པའི་ཚེ། བདེ་བར་གཤེགས་པ་སྲས་དང་བཅས་པའི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས་སླར་ཡང་སྔ་འགྱུར་བཀའ་གཏེར་རིང་ལུགས་སྙིགས་དུས་འགྲོ་བའི་དཔལ་དུ་ཤར་ཞིང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཕྲིན་ལས་བོད་ཁམས་མཐའ་དབུས་ཀུན་དང་། རིམ་བཞིན་འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་རྩ་ལག་ཏུ་ཐང་མར་བརྡལ་བའི་དགེ་མཚན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ན། སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་ལྟ་མཆིས་ལགས་སམ་ཞེས་པ་ལ། བཅོམ་ལྡན་འདས་ཀྱིས་ཁྱོད་དེ་སྐད་མ་ཟེར་ཅིག །རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང་། སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ་། །ཞེས་ལུང་བསྟན་པ་ལྟར། བོད་རབ་བྱུང་བཅུ་བཞི་པའི་ནང་སྔ་འགྱུར་བསྟན་པའི་ཉིན་བྱེད་མཆོག་གྱུར་བདེ་ཆེན་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས་རྣམས་ཞལ་འཛོམས། འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་གཏེར་ཆོས་གལ་ཆེ་བ་མཐའ་དག་མ་འོངས་སྐྱེ་འགྲོ་ལས་སྐལ་ལྡན་པ་རྣམས་ཀྱི་གསོས་སུ་གླེགས་བམ་ཕྱོགས་མཐར་བཙལ་བའི་ངལ་བ་ལ་ལྟོས་མ་དགོས་པར་ཕྱོགས་གཅིག་ཏུ་བསྡུ་བར་བཞེད་པ་ལ། སྔ་ཕྱི་ཅི་རིགས་པར་རྗེ་མཁྱེན་བརྩེ་དང་མཆོག་གྱུར་གླིང་པ་རྣམ་གཉིས་ནས་དགྱེས་པ་ཆེན་པོས་གཟེངས་བསྟོད་དབུགས་དབྱུང་བསྩལ། རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་གནང་བ་ཐོབ་ཅིང་། གསང་བདག་རྡོ་རྗེ་ཆོས་དང་མི་གཉིས་པར་ཟབ་གཏེར་ཆོས་མཛོད་ཇི་སྙེད་པའི་བདག་པོར་མངའ་གསོལ་ཞིང་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ལེགས་ཚོགས་རྒྱ་མཚོའི་དཔལ་དུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ནུབ་པར་མི་འགྱུར་བར་ཁྱོད་ལ་གཏད་དོ། །རྗེས་སུ་གཏད་དོ། །ཡི་གེ་ཙམ་ཡང་མི་ནུབ་པར་ཟུངས་ཤིག །ཅེས་པ་ནས་ཀུན་ཆུབ་པར་གྱིས་ཤིག །རབ་ཏུ་ཐོན་ཅིག །ཡུན་རིང་པོར་གནས་པར་གྱིས་ཤིག །ཅེས་དང་། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་བཏང་སྟེ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ། ཁྱོད་ཀྱིས་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །ཞེས་གསུངས་པ་ལྟར། སྐབས་འདི་དག་གི་ཚེ་སྔོན་གྱི་གཏེར་རྙིང་དབང་ལུང་གི་རྒྱུན་ཆད་ལ་ཉེ་བ་རྣམས་གསོས་ཤིང་། རྒྱུན་ནུབ་པ་རྣམས་ཀྱང་ཉེ་བརྒྱུད་དུ་བཀའ་བབས། དབུས་གཙང་ཁམས་གསུམ་ཀུན་ཏུ་གཏེར་རྙིང་གྲགས་ཆེ་བ་རྣམས་ཀྱི་ཆོས་སྡེ་གཅོང་ཟོམ་རྙིང་རུལ་ཡན་ཆད་ཐུགས་རྩོལ་ཆེན་པོས་བསྡུས་ཏེ། བསྟན་པའི་སྦྱིན་བདག་གི་མཚམས་སྦྱོར་བཟང་པོ་དང་ལྷན་ཅིག་གླེགས་བམ་དུ་བྲིར་བསྩལ་ཏེ། ཚད་མ་གསུམ་ལྡན་བརྒྱུད་ཡིག་དག་ཀྱང་གཏན་ལ་ཕབ་པར་མཛད་ཚུལ་རྒྱས་པར་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོ་སྤྲིན་གྱི་བླ་བྲེ་ལས་གསལ་བ་བཞིན་ཏེ། སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེ་རབ་གསལ་ཟླ་བའི་གསུང་རིན་ཆེན་གཏེར་མཛོད་ལས་འཕྲོས་པའི་འབེལ་གཏམ་ལས་ཀྱང་ཅུང་ཟད་བཏུས་ཏེ་སྨྲོས་ན། སྔོན་མཁན་སློབ་རྗེ་འབངས་བཅས་པའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཀྱང་ཐུགས་རྗེའི་གཟིགས་པ་དང་ཕྲིན་ལས་ཀྱི་ཞགས་པ་ནམ་ཡང་མ་བཏང་བར། མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་དང་དམ་རྫས་ལ་སོགས་པ་གཏེར་ཁ་མཐའ་ཡས་པ་སྦ་བར་མཛད་པ་ལས། གཙོ་བོ་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པའི་ཆོས་སྒོ་སྤྱི་དང་། ཁྱད་པར་ཡོ་ག་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པ་གསུངས་ཤིང་ཟབ་གཏེར་མང་དུ་སྦས་པ་རྣམས། ཕྱིས་འདུལ་བའི་དུས་ལ་བབས་པའི་ཚེ། གུ་རུ་ཉིད་ཀྱིས་བྱིན་རླབས་ལུང་བསྟན་བཞིན། རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང༔ གཏེར་ཆོས་ཤ་མོང་སུལ་ལྟར་བརྡོལ༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན༔ ཞེས་དང་། རཏྣའི་གཏེར་ལུང་ལས། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཞེས་སོགས་གསུངས་པ་དང་། ཐང་ཡིག་ལས། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་སྟོན༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་དུ་མ་འབྱུང༔ ཞེས་གསུངས་པ་ལྟར། བསྟན་པ་ཕྱི་དར་གྱི་ཐོག་མ་ལོ་ཆེན་རིན་ཆེན་བཟང་པོ་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་ཙམ་ལས་གཏེར་སྟོན་ཀུན་གྱི་ཐོག་མ་སངས་རྒྱས་བླ་མ་ནས་བརྩམ་རིམ་པར་མངའ་བདག་ཉང་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག་སྟེ་གཏེར་ཁ་གོང་འོག་གིས་གཙོས་གཏེར་སྟོན་རྒྱལ་པོ་ལྔ་སོགས་ཟབ་གཏེར་གྱི་བཀའ་བབས་སྤྲུལ་པའི་གཏེར་སྟོན་རྣམས་རེ་འགའ་དུས་གཅིག་དང་། ལ་ལ་སྐུ་ཚེ་སྟོད་སྨད་གཅིག་རྗེས་གཅིག་མཐུད་དུ་བྱོན། མདོར་ན་གུ་རུ་ཡབ་ཡུམ་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་བོད་ཡུལ་དུས་ཀྱི་རྒུད་པ་གསོ་ཞིང་། བསྟན་འགྲོའི་དགེ་མཚན་སྤེལ་བ། མཐའ་དམག་དམ་སྲིའི་ཚ་ངར་བཅོམ་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ཟབ་གཏེར་གྱི་ཕྲིན་ལས་མཐའ་ཡས་ཀྱང་། ཕྱི་དུས་སུ་བཀའ་དགོངས་ཕུར་གསུམ་སོགས་གཏེར་ཆེན་རྣམས་ལ་འཆད་ཉན་དར་རྒྱས་སུ་བཞུགས་ཀྱང་། ཡིད་ཆེས་ཁུངས་བཙུན་དཔེ་དང་དབང་ལུང་གཉིས་ཀའི་རྒྱུན་དཀོན་པ་གཏེར་ཕྲན་ཟབ་གཉན་ཅན་རྣམས་ནི། ཇི་སྐད་དུ་ཏིང་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་གྲགས་པ་བྱམས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནིི་ངས་ལུང་བསྟན། །ཞེས་དང་། ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་དང་། ཨོ་རྒྱན་སངས་རྒྱས་གཉིས་པས། བཻ་རོའི་སྐྱེས་མཐའ་བློ་གྲོས་མིང༔ འཆད་རྩོམ་མཐའ་ཡས་བཀའ་བབས་འབྱུང༔ ཞེས་མདོ་རྒྱུད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། འཇམ་མགོན་བློ་གྲོས་མཐའ་ཡས་སམ་བསྟན་གཉིས་གཡུང་དྲུང་གླིང་པ་མཆོག་ནས་བསྡུ་བར་དགོངས་ཤིང་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་བཀའ་བགྲོས་པ་ལས། གཏེར་ཆེན་བླ་རྫོགས་ཐུགས་གསུམ་ཚང་ལ་གཏེར་ཕྲན་རྒྱུན་དཀོན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པས་སྔ་འགྱུར་བསྟན་པ་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུ་ཕན་བདེའི་བཙས་སུ་འགྱུར་བར་བསྔགས་ཤིང་། གཏེར་ཕྲན་བཞི་བཅུ་ཁ་ལྷག་གི་གོ་རིམ་ཕྱག་ཐོ་བཅས་བསྩལ། ཁྱད་པར་ཡབ་རྗེ་མངའ་བདག་ཆེན་པོའི་རྣམ་འཕྲུལ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ། རྒྱལ་སྲས་མུ་རུབ་བཙན་པོའི་སྒྱུ་འཕྲུལ་ཨོ་རྒྱན་མཆོག་གྱུར་གླིང་པ་ཡབ་སྲས་གཉིས་ལ་གུ་རུ་ཡབ་ཡུམ་གྱིས། བཀའ་བབས་བདུན་གྱི་བང་མཛོད་གཏད་པས། ཟབ་གཏེར་གསར་རྙིང་མང་པོ་ཉེ་བརྒྱུད་དུ་བཀའ་བབས་ཤིང་། མདོར་ན་སྔོན་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ། མདོ་རྒྱུད་སྨིན་གྲོལ་གྱི་སྒོ་འཕར་ཡངས་པོར་ཕྱེས་པས་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱལ་བསྟན་གསལ་བར་མཛད་པ་བཞིན་དགེ་མཚན་གྱི་སྐྱ་རེངས་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་ཤར་ནས། ཟབ་གཏེར་ནོར་བུའི་མཛོད་ཀྱི་གླེགས་བམ་གྱི་ཕྲེང་བ་ཕྱོགས་གཅིག་ཏུ་བསྡུས་ནས་ཤིང་པར་གྱི་ཕྱི་མོ་ཆོས་སྐུའི་མཆོད་སྡོང་གསར་དུ་བསྐྲུན་པ་ལས། ས་གསུམ་གྱི་རིན་ཆེན་རིན་ཐང་མེད་པ་འབུམ་ཕྲག་གིས་མི་མཚོན་པའི་དམ་ཆོས་གན་མཛོད་བསགས་པའི་བཀའ་དྲིན་གྱིས་རྩོད་དུས་ཀྱི་མཐའ་མ་དུས་འགྱུར་རང་མཚང་བརྡོལ་བའི་ཚེ་ཡང་། ཟབ་རྒྱས་ཆོས་ཀྱི་ཕ་ཕོགས་འཁོར་ལོས་སྒྱུར་བའི་བང་མཛོད་ཁ་ཕྱེས་པ་བཞིན་འཇམ་མགོན་ཉི་ཟླ་ཟུང་གིས་བཀའ་དྲིན་ལས་ལོངས་སུ་སྤྱོད་དུ་ཡོད་པ་ལྟར། བསྟན་པའི་སྙིང་ནོར་འདི་དག་འབྱུང་འགྱུར་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་བཟང་པོས་བསྟན་འགྲོའི་ཕན་བདེའི་དགེ་མཚན་ཡར་ངོའི་ཟླ་བ་ཚེས་པ་བཞིན་མཛད་པ་དུས་ལས་མི་ཡོལ་བའི་ཐུགས་བསྐྱེད་དང་འབད་པ་བསྐྱེད་རིགས་པ་ཡིན་ནོ། །ཞེས་གསུངས་པ་ཤིང་པར་དང་པོ་གདན་ས་དཔལ་སྤུངས་སུ་བསྐོས་པ་དང་། དེ་རྗེས་བོད་ལྗོངས་ཆོས་ཀྱི་ཞིང་སར་གདན་ས་ཆེན་པོ་སྟོད་ལུང་མཚུར་ཕུར་སླར་ཡང་ཤིང་པར་ཐེངས་གཉིས་པ་ཞུས་དཔྱད་ནན་ཞིབ་ཀྱིས་སླར་བཅོས་བཅས་བསྐྲུན་པར་མཛད་དོ། །སླད་ཀྱི་རབ་བྱུང་བཅུ་དྲུག་པའི་ནང་མཐའ་དམག་ཀླ་ཀློའི་ཆོ་འཕྲུལ་མ་རུངས་པས་དུས་འགྱུར་གླེང་ལོག་ཚབས་པོ་ཆེས་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་མིང་གི་ལྷག་མར་ཕྱོགས་ཤིང་། རིང་པོར་མི་ཐོགས་པར་ཆུ་ལྷའི་ཕང་པར་ཡིབ་ལ་ཉེ་བའི་དུས་ངན་གྱི་ཁུག་པ་རྦ་ཀློང་ལྟར་གཡོ་བ་གང་གི་ཚེ། མཉམ་མེད་ཟས་གཙང་སྲས་པོའི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡངས་པའི་ས་ཆེན་ཀུན་ཏུ་ནགས་ལ་མེ་མཆེད་པ་བཞིན་སླར་ཡང་འཕེལ་བའི་སྔ་ལྟས་སུ། གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་དམ་པའི་སྐྱེས་བུ་བསམ་བཞིན་སྲིད་པ་བཟུང་བ། ལྔ་བདོའི་རྒུད་ཚོགས་སྐྱོབ་པའི་ཐུགས་བསྐྱེད་འགོག་པ་མེད་པ། གསན་བསམ་སྒོམ་པའི་ཡོན་ཏན་གྱི་རྩལ་རྫོགས་ཤིང་སྐུ་ན་ཕྲ་མོར་སོན་པ་ཤ་སྟག་འཕགས་ཡུལ་དུ་ཞབས་སོར་འཁོད། ངལ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་གཙུག་ལག་ཁང་དང་བཤད་སྒྲུབ་ཀྱི་སྡེ་གསར་དུ་བཙུགས། རིམ་པར་བསྟན་པའི་མེ་རོ་སླར་ཡང་གསོས་ཏེ་བཀའ་བསྟན་གསུང་རབ་ཀྱི་རྒྱུན་ཉམས་ལ་ཁད་དུ་བཞུགས་པའི་དཔེ་རྒྱུན་ཕྲ་མོ་ཙམ་ལས། གླང་པོ་ཆེ་ས་སྲུང་དང་རབ་བརྟན་གྱིས་ཁུར་དུའང་མི་བཟོད་པའི་གླེགས་བམ་གསར་བཞེངས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་ན། ༧སྐྱབས་རྗེ་ཞི་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཟླ་མེད་པའི་ཐུགས་བསྐྱེད་སྐྱ་རེངས་གསར་པའི་ལང་ཚོ་མངོན་པར་བཞད་པ་ལས། རིན་ཆེན་གཏེར་མཛོད་ཆེན་མོའི་མ་ཕྱི་དཔལ་སྤུངས་དང་མཚུར་ཕུའི་པར་རྙིང་གང་ཡོད་སྟེང་ཁ་སྐོང་སྔོན་ཡོད་དང་གསར་མཛད་ལྗགས་བསྒྲིགས་སོགས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་དང་། དེའི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་བཅས། གདུལ་བྱ་སྐལ་པ་མཆོག་ལྡན་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཡངས་པོར་གཏན་ལ་ཕབ་ཅིང་འཕྲུལ་པར་གསར་དུ་བསྐྲུན་ནས། སྔ་འགྱུར་བསྟན་འཛིན་གང་ན་སུ་བཞུགས་རྣམས་དང་དགོན་སྡེ་རྣམས་ལ་ཁྱབ་སྤེལ་མཛད་པ་ནི་རྒྱལ་བའི་གདུང་འཛིན་པ། ཆོས་ཀྱི་མཛོད་འཛིན་པ། གདུལ་བྱའི་ལྷག་མ་སྐྱོང་བའི་ཕྲིན་ལས་གཞལ་དུ་མེད་པ་སྟེ། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེའི་མཛོད་མང་པོ་བསགས་པ་དང་ལྡན་པ་དེས། བུ་མང་པོ་རིགས་དང་ལྡན་ཞིང་ཞེས་པ་ནས་དེ་དག་ཐམས་ཅད་བཀུག་ནས། རིན་པོ་ཆེའི་མཛོད་བགོས་ཏེ། བུ་གང་ལ་ཡང་མི་བསྐུལ་བར་བྱིན་ནོ། །དེ་ལྟར་བགོས་ནས་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དགའ་བ་དང་མགུ་བ་ཆེན་པོ་ལྷག་པར་སྐྱེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་དོན་མཚུངས་པར་གྱུར་ཏོ་སྙམ་སྟེ། ཞེས་དང་། ཀུན་དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་བདག་པོ་རང་བྱུང་གིས་ཀྱང་སྲས་དེ་དག་བསྡུས་ནས་ཆོས་རིན་པོ་ཆེའི་མཛོད་འདི་མཉམ་པར་བགོས་ཏེ། སྲས་དེ་དག་གང་ལ་ཡང་མི་བསླུ་བས་ཞེས་དང་། གུས་པ་ཆེར་བསྐྱེད་ཅིང་དོན་མཐུན་པས་སངས་རྒྱས་ཀྱི་རིགས་མི་གཅོད་པར་གནས་སོ། །ཀུན་དགའ་བོ་སེམས་ཅན་གཞན་དམན་པ་ལ་མོས་པ། ང་རྒྱལ་ཅན་ལྟ་བ་ལ་སྤྱོད་པ་ཞེས་པ་ནས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ལོག་པའི་ལམ་དུ་དོང་པ་རྣམས་ཀྱིས་ཆོས་རིན་པོ་ཆེ་འདི་བཟོད་པར་མི་ནུས་སོ། །ཞེས་གསུངས་པ་བཞིན་ནོ། ༧ ཁ་སྐོང་ཇི་ལྟར་བཏབ་པའི་ཚུལ་ནི། རྗེ་མཁྱེན་བརྩེ་རབ་གསལ་ཟླ་བའི་གསུང་ལས། རྒྱལ་ཀུན་མཁྱེན་བརྩེ་ནུས་གཟུགས་འབྲས་བུའི་སེམས་དཔའ་རིགས་གསུམ་མགོན་པོ་རྣམས་འཛམ་གླིང་ཤིང་རྟར་བསམ་བཞིན་བྱོན་པ། ཐུགས་རྗེ་ཡེ་སྤྲུལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱིས་བཀའ་ཡི་བསྡུ་བ་མཛད་པའི་མཛོད་ཆེན་རྣམ་ལྔ་ཞེས། གསར་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བསྟན་པའི་གཅེས་ནོར་གྱི་མཆོད་སྡོང་ཆེན་པོར་བཞུགས་བཞིན་པ་ལས། ཟབ་ཅིང་རྒྱ་ཆེ་ལ་ཀུན་གྱི་ཐུགས་མཁོ་ཆེ་བ་ནི་རིན་ཆེན་གཏེར་མཛོད་ཆེན་མོ་སྟེ། དེ་ཉིད་སྔོན་བོད་རང་བཙན་གྱི་སྐབས་སུ་ཁམས་བོད་ཀྱི་ལྗོངས་ཀུན་ཏུ་ཤིང་པར་བཞུགས་ཀྱང་། དུས་ཀྱི་འགྱུར་བ་ཆེན་པོས། ཕྱོགས་གང་དུའང་དཔེ་རྒྱུན་དཀོན་པར་གནས་པའི་ཚེ། སངས་རྒྱས་ཀྱི་ཕྲིན་ལས་དང་། རིག་འཛིན་གྲུབ་པའི་ཐུགས་བསྐྱེད་སྨོན་ལམ་ནམ་ཡང་ཉམས་པ་མེད་ཅིང་བསྟན་པའི་གནས་ཚད་མ་རྫོགས་པས། བཀའ་དང་བསྟན་བཅོས་རིན་པོ་ཆེའི་ཕྲེང་བ་དག་འཕྲུལ་པར་དུ་བསྐྲུན་པའི་དགེ་མཚན་གྱི་སྐྱ་རེངས་འཆར་ཞིང་། བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་ཀྱང་འཆད་སྤེལ་སྒོམ་སྒྲུབ་ཀྱི་བསྟན་པའི་ཉིན་བྱེད་སྒོ་དུ་མ་ནས་ཤར་བའི་ཚེ། བསྟན་འགྲོ་སྤྱི་ཡི་ལེགས་ཚོགས་ཅི་ཡང་འཕེལ་ཞིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཆོས་བཞིན་སྤྱོད་པའི་དགེ་རྩར་དམིགས་ཏེ། རྣམ་དཀར་གྱི་ལས་འདི་བརྩམ་པའི་ཚེ་ཁ་སྐོང་ཆེ་ཕྲ་དུ་མ་ཞིག་བཞུགས་སུ་གསོལ་བ་ནི། མཁས་གྲུབ་ཉི་ཟླ་ཟུང་གི་ཕྱག་བཞེས་མཐོང་བརྒྱུད་བཞིན་སྨིན་གྲོལ་གྱི་སྒོ་འཕར་འབྱེད་པ་ལ་ཉེར་མཁོ་དབང་གི་མཚམས་སྦྱོར། རྒྱབ་རྟེན་ཡིག་ཆ་རྒྱས་བསྡུས། ཡན་ལག་བརྒྱུད་འདེབས་སྐོང་བཤགས་ཚུན་གྱི་ཕྱག་ཐོ་དང་། དགོངས་པ་ཡོད་ཀྱང་དགོས་པ་གཞན་གྱིས་ཇི་བཞིན་གཏན་ལ་དབབ་མ་གྲུབ་པ་རྣམས་ཏེ། དེ་དག་ཀྱང་ཁུངས་དག་བརྒྱུད་པ་སེལ་མེད་འབའ་ཞིག་ལས་གང་བྱུང་དེས་ཆོག་མེད་པར། སླད་མའི་བརྒྱུད་འཛིན་དག་ལ་ཐུགས་ཕན་གསོས་རེའི་ཞལ་སྐོང་ཞུས་པའི་ཆོས་ཚན་གཙོ་བོ་ནི། འཇམ་མགོན་མཆོག་གིས་བསྩལ་བའི་བརྒྱུད་ཡིག་གི་དགོངས་པ་ལྟར། མཆོག་གླིང་རྫོགས་ཆེན་སྡེ་གསུམ་ཡོངས་རྫོགས། ཀུན་གཟིགས་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ལས་ཕག་དཀར་ཡེ་ཤེས་གསལ་བྱེད་ཙམ་ལས་གཏེར་མཛོད་ཆེན་མོར་མ་བཞུགས་པ་རྣམས་དང་། ས་གཏེར་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་སོགས་དང་། འཇམ་མགོན་བསྟན་གཉིས་གླིང་པའི་ཟབ་གཏེར་སྐོར་ཡོངས་རྫོགས། གཞན་ཡང་དབང་ལུང་འཆད་སྤེལ་དང་། བསྙེན་སྒྲུབ་ཉམས་ལེན་ལ་མཁོ་བའི་ཡིག་ཆ་ཕྲན་ཚེགས་བཅས་བཞུགས་སུ་གསོལ་བ་ཡིན། ཞེས་གསུངས་སོ། ༈ །སླད་ཀྱི་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་སྤྱི་ལོ་ ༢༠༠༤ ལ་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་རིན་ཆེན་གཏེར་མཛོད་ཆེན་མོ་སླར་ཡང་འཕྲུལ་ཡིག་གི་པར་གསར་བཞེངས་ཞུས་པའི་ཚུལ་འཆད་པ་ལ། གཙུག་ལག་ཁང་གི་བྱུང་བ་བརྗོད་པ་དང་། གདན་རབས་ཕྲེང་བ་རིམ་བྱོན། གཏེར་ཆོས་དངོས་ཀྱི་བཞུགས་བྱང་། བཀའ་གཏེར་མདོ་རྒྱུད་རྣམས་ལ་འཇུག་ཚུལ། བསྟན་པའི་སྦྱིན་བདག་དང་སྲི་ཞུ་བའི་ལས་རིམ་བཤད་པ་སྟེ་ལྔ་ལས། དང་པོ་ནི། དེ་ཡང་མདོ་སྨད་ཆུ་བོ་གསེར་ལྡན་གྱི་འགྲམ་ལྡན་ལྗོངས་གཡུ་ལོ་བཀོད་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་དབང་ཕྱོགས་དིལ་མགོའི་ཁྱིམ་དུ་འཁྲུངས་ཤིང་། འཇམ་པའི་དབྱངས་དངོས་འཇམ་དབྱངས་མི་ཕམ་རྣམ་རྒྱལ་དང་། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་སོགས་རིས་མེད་མཁས་གྲུབ་ལྔ་བཅུ་ལྷག་གིས་རྗེས་སུ་བཟུང་སྟེ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་དྲི་མ་མེད་པས་ཐུགས་རྒྱུད་ལེགས་པར་གཏམས་པ། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ཡང་དོན་གྱིས་སླད་དུ་སྨྲོས་ན། འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་སྒྱུ་མའི་རོལ་རྩེད་བཞིན་བྱོན་པའི་ཚེ། རིགས་གསུམ་རྒྱལ་བའི་རྣམ་འཕྲུལ་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་བོད་ཀྱི་གདུལ་བྱ་མ་ལུས་པ་རྨད་བྱུང་ཐུགས་བསྐྱེད་ཀྱིས་བདག་གིར་མཛད་པའི་གནས། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ངོ་མཚར་བའི་གནས་རྟེན་མང་པོ་བཞུགས་ཤིང་། སངས་རྒྱས་རབས་བདུན་དང་། འཇམ་པའི་དབྱངས་། ཀླུ་སྒྲུབ། དབྱིག་གཉེན་སོགས་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས་བལ་པོའི་ཡུལ་དུ་རང་གཞན་གྱི་ཚོགས་གཉིས་གསོག་པའི་རྟེན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་པའི་ཐུགས་བཞེད་རབ་བྱུང་བཅུ་དྲུག་པའི་དྲག་པོ་ཞེས་པ་འབྱུང་བ་གསུམ་ལྡན་ལྕགས་ཕོ་སྤྲེལ། སྤྱི་ལོ་ ༡༩༨༠ ལ་འཁྲུངས་པ་ལ། དཔྱད་ལེགས་ས་ཡི་དཔལ་ཕུན་སུམ་ཚོགས་པ་འཕགས་ཡུལ་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་སར་རིན་ཆེན་གཏེར་མཛོད་སྨིན་གྲོལ་འཆད་སྤེལ་སྐབས་དཔལ་ཡུལ་རྫོང་ནོར་མཆོག་སྤྲུལ་འཇམ་དཔལ་བློ་གྲོས་ནས་བསྩལ་བ་དང་། སྔ་འགྱུར་བསྟན་པ་ལ་དད་ཅིང་གཏོང་བའི་སྒོ་ཡངས་པ་སྦྱིན་བདག་གཉའ་ནང་བསྟན་འཕེལ། འཆི་མེད། རྣམ་རྒྱལ་སྤུན་མཆེད། མ་ཧཱ་སནྡྷི་པ་གྲུབ་དབང་བཀའ་འགྱུར་རིན་པོ་ཆེའི་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ། གང་གི་ཞལ་སློབ་ཕྱི་རྒྱལ་བ་ཀུན་བཟང་རང་གྲོལ་དང་དགེ་སྦྱོང་དཀོན་མཆོག་བསྟན་འཛིན་མ་བུ། ཁ་བཞི་ལྷོ་ཡི་སྨན་ལྗོངས་འབྲུག་གི་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག །རྒྱལ་ཡུམ་བགྲེས་གཞོན། མ་ཡུམ་ཆོས་དབྱིངས་བཟང་མ་ོསོགས་བློོན་འབངས་ཐམས་ཅད་དང་། བལ་ཡུལ་གྱི་རྒྱལ་པོ་ཤྲཱི་ལྔ་ལྡན་བི་རེན་དྷར་མཆོག་གི་མངའ་འབངས་སྐུ་ཞབས་ཚེས་བཅུས་ཡིག་ཆའི་མཐུན་སྦྱོར་རོགས་མགོན་གནང་བ་སོགས་ཀུན་གྱིས་མཐུན་རྐྱེན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེས་པ་དང་། གསང་ཡུམ་ལྷ་མོ་མཆོག་ནས་རིན་ཐང་ཅན་གྱི་རྒྱན་དང་དངོས་རྫས་ཕངས་མེད་བཏང་བ་དང་ཆབས་ཅིག །སྤྱི་ལོ་ ༡༩༨༡ རབ་བྱུང་བཅུ་དྲུག་པའི་བློ་ངན་ཞེས་པ་ལྕགས་མོ་བྱ་ལོའི་ཟླ་ཚེས་དགེ་བའི་ཉིན་ནས། འཁྲུལ་ཞིག་རིན་པོ་ཆེ་དང་། ཟླ་བཟང་མཆོག་སྤྲུལ། གྲུབ་སྲས་སྤྲུལ་སྐུ་ཆོས་ཀྱི་ཉི་མ། ཁྲ་རིགས་མཆོག་སྤྲུལ། ཁྲ་འགུ་མཆོག་སྤྲུལ་སོགས་སྟོན་འཁོར་རྣམས་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་ཅིང་། སྐྱབས་རྗེ་མཆོག་ནས་ཀྱང་སྔགས་ལུགས་ས་ཆོག་དང་འབྲེལ། བཀའ་ནན་རབ་བརྗིད་ལྷ་སྲིན་དམ་བསྒྲགས་མཛད་ནས། མཆོག་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་འདུས་པ་དམ་གཙང་མང་བ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་མྱོང་གྲོལ་བདུད་རྩིའི་ཚོགས་སྒྲུབ་དང་། ལས་སྨོན་བཟང་པོས་འབྲེལ་བ་མཛོད་པ་དངོས་གྲུབ་རྒྱ་མཚོ་དང་། ལས་བྱེད་མཁས་གྲུབ་རྒྱ་མཚོ་སོགས་ནས་ངལ་བ་ཁྱད་བསད་ཀྱིས་ཞབས་ཏོག་གཡེང་མེད་དང་། བཟོ་རིག་ཕུལ་ཕྱིན་སློབ་དཔོན་དམ་ཆོས་དང་། ཨོཾ་སྟོང་། ཨེམ་ཆི་ཀུན་བཟང་། དངོས་སློབ་ལྷ་བྲིས་དཀོན་མཆོག་འོད་ཟེར། དགེ་སློང་དབང་འདུས། དཔའ་བོ་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་རྣམས་ལས་གྲོགས་བཅས་ནས་བསམ་སྦྱོར་གཡོ་ཟོལ་མ་མཆིས་པའི་ངང་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བསྒྲུབས། ནང་གི་རྟེན་གཙོ་དུས་གསུམ་སངས་རྒྱས་དང་། གཏད་རབས་བདུན། གནས་བརྟན་བཅུ་དྲུག །ལོགས་རིས་ལ་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་བླ་བརྒྱུད་དང་། དཔེ་མཛོད་ཁང་དུ་སྐུ་རྟེན་གཙོ་བོ་འཇམ་དཔལ་རྒྱུད་ལུགས། ཨོ་རྒྱན་རྡོ་རྗེ་འཆང་། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ། རྒྱན་དྲུག་མཆོག་གཉིས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད། བཤད་བརྒྱུད་ཀ་ཆེན་བཅུ་སོགས་དང་། གསུང་རྟེན་བཀའ་བསྟན་དང་མཛོད་ཆེན་རྣམ་པ་ལྔ་སོགས་གསུང་རབ་མང་པོ། སྟེང་ཁང་དུ་བླ་མ་སྐུ་གསུམ། གཉྫི་རར་ཐུགས་སྒྲུབ་རྣམ་གཉིས་ཀྱི་གནས་ཆེན་བྱིན་འབེབ་བཅའ་གཞི་རྒྱས་བསྒྲུབས་དང་། མགོན་ཁང་དུ་སྨིན་ལུགས་དམ་ཅན་སྡེ་དགུ་དང་ཆོས་སྐྱོང་གཙོ་ཆེའི་སྐུ་དུ་མ། གཙུག་ལག་ཁང་གི་ཁྱམས་ལ། མཆོག་སྤྲུལ་པདྨ་དབང་རྒྱལ་དང་དད་སྦྱིན་སྙེ་ནམ་བསྟན་འཕེལ་སྤུན་མཆེད་རྣམས་ནས་ཆེད་བསྐུལ་ལྟར་ཟུར་བཞེངས་གུ་རུ་ལྷ་ཁང་དུ། སྣང་སྲིད་ཟིལ་གནོན། བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། ཡི་དམ་གུ་རུ་དྲག་པོ་དང་མཁའ་འགྲོ་སེང་ཞལ། གུ་རུ་མཚན་བརྒྱད། རིག་འཛིན་མཆོག་བརྒྱད། རྗེ་འབངས་བྲག་རི་མ་བཅས། སྐུ་རྟེན་རྣམས་ལ་གཟུངས་གཞུག་དགེ་སློང་ཁྲིམས་གཙང་གིས་གཟུངས་སྒྲུབ་ཞག་བརྒྱ་ཕྲག་བྱས་པ་དང་། སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་ཡུངས་འབྲུ་ལྟ་བུ་དུ་མ། རྒྱ་དཔེ། ཤོག་སེར། ཕྱག་བྲིས་ཆོས་ཀྱི་རིང་བསྲེལ། སྐུ་གདུང་དང་སྐུ་བལ་རིང་བསྲེལ། རྟེན་འདུས་རིལ་བུ། སྐྱེ་བདུན་དམ་རྫས་སོགས་རྙེད་དཀའ་ཁུངས་བཙུན་སེལ་མེད་རྣམས་དང་། གདན་དུ་གནོད་སྦྱིན་འཁོར་ལོ། བཀྲ་ཤིས་པའི་གཏེར་བུམ། ཀླུ་དང་ས་བདག་གི་བུམ་གཏེར། ཉེས་སེལ་གཏེར་བུམ་སོགས་སྔ་འགྱུར་མཁས་གྲུབ་གོང་མའི་ཕྱག་བཞེས་ལྟར་ལག་ལེན་མ་འཁྲུགས་པར་བསྒྲུབས་པ་ལ། ༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་༧གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་དང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེར་ཡེ་ཤེས་དགོངས་གཏད་ཡང་ཡང་ཞུས་ཤིང་། སྤྱི་ལོ་ ༡༩༨༧ རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་དབོ་ཟླའི་དུས་ཚེས་ཕུན་སུམ་ཚོགས་པར་༧སྐྱབས་མཆོག་རྡོ་རྗེ་འཆང་གང་ཉིད་དང་། རྡོ་རྗེ་འཛིན་དབང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་རིག་འཛིན་འདུས་པའི་སྡེས་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་དང་འབྲེལ་སྨིན་ལུགས་རབ་གནས་དགེ་ལེགས་འདོད་འཇོ་ཞིབ་རྒྱས་སུ་མཛད་པས་མཚོན། སྐྱེས་ཆེན་དུ་མས་རབ་གནས་རྒྱས་བསྡུས་ལན་གྲངས་སུམ་བརྒྱ་ལས་མི་ཉུང་བ་མཛད། རྟེན་སྙིང་གཟུངས་གྲངས་འབུམ་ཕྲག་ལྷག་འགྲོ་ངེས་དང་། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ཤིང་ཉམས་བཞེས་ཀྱང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན། ཡར་མར་གྱི་ཚེས་བཅུ་དང་སྤྲེལ་ཟླའི་ཚེས་བཅུ་གར་འཆམས་དང་འབྲེལ་བའི་སྤྲོས་བཅས། བཀའ་བརྒྱད་ཁྲོ་རོལ་དང་། འཇམ་དཔལ་ཁྲོས་པ་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་སྒྲུབ་མཆོད་དང་འབྲེལ་བའི་ལོ་མཇུག་དུས་རིམ་ཆེ་ཆུང་། ལུང་ཨ་ནུ་ཡོ་གའི་མདོ་ཚོགས་ཆེན་འདུས་པའི་སྒྲུབ་ཆེན། རྒྱུད་གསང་སྙིང་གི་བཤད་པ་ཞག་བཅུ་ལས་མི་ཉུང་བ་རྣམས་དང་། དབང་ལུང་གལ་ཆེ་ཟླ་རེ་ཉུང་མཐའ་བྱས་པ་སོགས་བཤད་སྒྲུབ་ཀྱི་རྩ་བ་བཙུགས་པ་འདིས་བསྟན་འགྲོ་སྤྱི་དང་ཁྱད་པར་འཛམ་བུའི་གླིང་དུ་ཞི་བདེ་འབྱུང་བའི་རྒྱུ་རྒྱལ་བསྟན་དྲི་མེད་དར་ཤིང་རྒྱས་པ་དང་སྐྱེ་དགུ་མཐའ་དག་ཀུན་ཀྱང་བྱམས་བརྩེ་མཛའ་བའི་དཔལ་ལ་སྤྱོད་ཅིང་རྫོགས་ལྡན་གྱི་ཉི་མ་སླར་ཡང་འཆར་བའི་ཐུགས་སྨོན་མཚམས་སྦྱོར་ཡང་དག་པས་བརྒྱན་པར་མཛད་དོ། ༈ །གཉིས་པ་གདན་རབས་ཕྲེང་བ་རིམ་བྱོན་གྱི་རྣམ་པར་ཐར་པ་ས་བོན་ཙམ་ལས། མདོ་ཁམས་སྔ་འགྱུར་རྙིང་མའི་བསྟན་འཛིན་ཆེན་པོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་ནི། བདེ་གཤེགས་མྱ་ངན་མེད་དང་། གནོད་སྦྱིན་སྐར་མདའ་གདོང་། སློབ་དཔོན་འཇམ་དཔལ་བཤེས་གཉེན། རྒྱལ་སྲས་མུ་ཁྲི་བཙན་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ། རོང་སྟོན་སྨྲ་བའི་སེང་གེ་སོགས་སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པ་རྣམས་ཀྱི་ཡང་སྤྲུལ་སླར་ཡང་སྙིགས་དུས་འགྲོ་བའི་དེད་དཔོན་དུ་བྱོན་པ་སྟེ། དབུ་རུ་འཕན་ཡུལ་དུ་འབངས་མི་ཁྱིམ་མང་པོའི་བདག་པོ་སྡེ་པ་མཐོན་པོའི་རིགས་སུ་ལྕགས་ཕོ་སྟག་གི་ལོར་སྐུ་འཁྲུངས། ཁྱིམ་ཐབས་ཀྱི་གྲྭ་བསྒྲིགས་ཀྱང་ཐུགས་ལ་མ་བཞེད་པར་དགུང་ལོ་བཅུ་གསུམ་གྱི་དུས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་བྲོས་ནས་བྱོན། སྐྱེད་ཚལ་མཁན་པོ་ལས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཐུགས་འཛིན་གྱི་བསླབ་སྦྱོང་ཕལ་ཆེར་རྫོགས་པར་མཛད། ཁྱད་པར་སྡེ་བདུན་རྣམ་ངེས་སོགས་མཚན་ཉིད་ཀྱི་གཞུང་མང་པོར་མཁས་པར་སྦྱངས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུབ་བསྟན་གསེར་མདོག་ཅན། ངོར་པ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་བླ་མར་བསྟེན། སྨིན་གྲོལ་གྱི་གདམས་ཟབ་མང་དུ་ཞུས། ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལས་ས་ལུགས་ཀྱི་སྨིན་གྲོལ་གདམས་ངག་རྒྱ་ཆེར་གསན། ཁྱད་པར་ས་སྐྱ་གོང་དུ་ཀྱེ་རྡོར་གྱི་རྒྱུད་བཤད་མཛད་པས་དཔལ་ས་སྐྱའི་ལུགས་ལ་མཁས་པའི་གྲགས་པ་ཐོབ། འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེས་ཐུགས་རྗེ་གཟིགས་པ་ཚད་མེད་པས་བསྔགས་བརྗོད་དང་དབུགས་དབྱུང་བསྩལ། སླར་ཡང་གངས་ཅན་གྱི་ཁྲོད་ན་ཚད་མ་རིག་པའི་འབྱུང་གནས་གསང་ཕུར་བཞུགས་ནས་མཚན་ཉིད་ཀྱི་མཐའ་རྒྱ་ལེགས་པར་བཅད་དེ་ཚད་མ་རིག་པ་ལ་མི་འཇིགས་པའི་གོ་འཕང་བརྙེས། གསང་ཕུ། ར་བ་སྟོད། འབྲས་ཡུལ་སྐྱེད་ཚལ་ལ་སོགས་པའི་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་ཅིང་མཁས་པའི་ཁྲོམ་ཐོག་ཆོད་པས། ཞྭ་ལམ་རབ་འབྱམས་པའི་མཚན་གྱི་ཅོད་པན་གྱིས་མཛེས་པར་མཛད། སེར་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་ཁྲི་གདན་ཟུར་གྱི་དཔོན་སློབ་ཐམས་ཅད་བླ་མར་བསྟེན་ནས་གསང་བདེ་འཇིགས་གསུམ་གྱིས་གཙོས་དཔལ་རི་བོ་དགའ་ལྡན་པའི་བཀའ་སྲོལ་ཕལ་ཆེར་བདག་གིར་མཛད། ཀུན་མཁྱེན་ལྔ་པ་ཆེན་པོའི་ཞབས་འབྲིང་པ། རྗེ་དེའི་ཞལ་སློབ་ཡོངས་ཀྱི་གཙོ་བོར་གྱུར་པ་དགེ་སློང་འཇམ་དབྱངས་གྲགས་པའི་ཞབས་ཕྱིར་འབྱོར་པས་གྲྭ་འཁོར་གྱི་ནང་མར་གྱུར། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་། གནས་བརྟན་འཇམ་དབྱངས་གྲགས་པ་ཡབ་སྲས་གཉིས་ཀ་ལས་གསར་རྙིང་གི་ཟབ་གནད་གང་ཆེའི་བཀའ་ཆོས་མང་དུ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། སློབ་དཔོན་འཇམ་དབྱངས་གྲགས་པའི་ཞལ་ནས་ཁྱེད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་དུ་སྣང་ཞིང་སྔོན་གསར་མ་ལ་མཁས་གྲགས་ཆེན་པོ་ཐོན་འདུག་ཀྱང་། ད་ཕྱིན་སྔགས་རྙིང་མའི་རྫོགས་ཆེན་གྱི་རིང་ལུགས་པ་ཆེན་པོ་ཞིག་ཡོང་ཚོད་དུ་འདུག་གསུངས་ཏེ། རྗེ་དེའི་མངོན་མཁྱེན་ལ་ཆགས་ཐོགས་མི་མངའ་བས་ངེས་ཤེས་རྙེད་ཅིང་དག་སྣང་ཐོབ། དེ་དུས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོ་པདྨ་རིག་འཛིན་བྲག་ཡེར་པར་བཞུགས་སྐབས་གནས་བརྟན་གྱིས་གཙོས་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་དྲུང་འཁོར་འགང་ཆེ་བ་རྣམས་དང་ལྷན་དུ་རྫོགས་ཆེན་པ་ལ་ལྐོག་ཆོས་ཞུ་བར་བྱོན། མྱོང་ཁྲིད་གསན་པས་ཉམས་རྟོགས་རྩོལ་མེད་དུ་ཐུགས་ལ་འཁྲུངས་པས་ཁྲིད་ཞུ་བ་ཀུན་གྱི་ཡང་རྩེར་སོན། གྲུབ་དབང་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་མཉེས་པས་ཐུགས་ཡིད་རོ་གཅིག་ཏུ་འདྲེས། རྗེ་ཉིད་ཀྱིས་ཀྱང་ཚེ་རབས་དུ་མ་ནས་སྨོན་ལམ་གྱིས་འབྲེལ་བའི་བག་ཆགས་བཟང་པོ་སད། མོས་གུས་ཀྱི་གདུང་བས་འབྲལ་མི་ཕོད་པར་གྱུར། དེ་ནས་གོང་ས་ལྔ་པ་ཆེན་པོའི་བཀའ་ལུང་བཞིན་རྫོགས་ཆེན་པདྨ་རིག་འཛིན་དང་། ཞེ་ཆེན་རབ་འབྱམས་བསྟན་པའི་རྒྱལ་མཚན་གཉིས་ལ་ཧུ་ཐོག་ཐུའི་གོ་གནས་དང་བཀའ་ཤོག་ཤེལ་བམ་བཅས་མདོ་ཁམས་ཕྱོགས་སུ་གཞན་དོན་ལ་བསྐུལ་བར་མཛད། དཔོན་སློབ་གཉིས་ཆར་གྲྭ་འཁོར་དང་བཅས་ཆོས་སྒར་མདོ་ཁམས་སུ་བསྐྱོད། ནག་ཤོད་མཁར་བར་བསམ་གཏན་བྲག་ལ་རྒྱང་ཙམ་ཞིག་བཞུགས། དེ་ནས་རིམ་བཞིན་མདོ་སྨད་ཀྱི་ས་སྐྱོང་ཆེན་པོ་སྡེ་དགེའི་མངའ་རིས་རུ་དམ་སྐྱིད་བཀྲམ་ལུང་དུ་ཕེབས་པ་དང་། ས་དེར་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་སྡེ་བཏབ་ཅིང་གཙུག་ལག་ཁང་བཞེངས་པའི་ས་འཚོལ་བ་སོགས་གང་ཅིའི་ཞབས་འདེགས་ཕུལ་དུ་ཕྱིན་པར་བསྒྲུབས། གྲུབ་དབང་ཉིད་ཕྱོགས་དང་ཕྱོགས་མེད་དུ་བསྟན་པ་སྤེལ་བ་ལ་ས་དགེ་སོགས་ལྟ་གྲུབ་ཕྱོགས་འཛིན་ཅན་ཆགས་སྡང་གི་ཚེར་མ་སྙིང་ལ་ཟུག་པ་འགའ་ཡིས་ཕྲིན་ལས་ཀྱི་སྒོ་འགེགས་པའི་ཀུན་སློང་མི་བཟད་པ་ལྟར་སྣང་གི་རྩོད་པ་བྱུང་བ་རྣམས་ཀྱང་། རབ་འབྱམས་པ་སྨྲ་བའི་སེང་གེ་འདིས་ལུང་རིགས་ཀྱི་ང་རོ་མཐོན་པོའི་གད་རྒྱངས་ཀྱིས་ཉེར་འཚེའི་རི་དྭགས་ཕྲ་མོ་དེ་དག་རྨིག་མེད་དུ་བཅོམ་པས་བསྟན་པའི་རྒྱལ་མཚན་གཡོ་མེད་ཚུགས། རྫོགས་ཆེན་རབ་འབྱམས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས། སྐུ་བསོད་དང་སྙན་གྲགས་རྒྱས་པས་ཕྱོགས་ཐམས་ཅད་དུ་རྫོགས་ཆེན་པ་གཉིས་པར་གྲགས། འདི་ཡན་བླ་སློབ་འབྲལ་མེད་དུ་མཛད་ཅིང་། སྙིང་ཐིག་ཡ་བཞི། མཛོད་བདུན། ངལ་གསོ་སྐོར་གསུམ་དང་གཏེར་ཆེན་མཆོག་གཉིས། རཏ་གླིང་། ཀར་གླིང་། འཇའ་ཚོན་སོགས་ཀྱི་དབང་ཁྲིད་གདམས་པ་མཐའ་དག་སྨིན་རྒྱས་སུ་མནོས་ཏེ་དབུས་གཙང་ཁམས་གསུམ་དུ་སྒྲུབ་པ་ཉམས་བཞེས་མཐར་སོན་པར་མཛད། སྐབས་ཤིག་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། གཉེར་ཆེན་ལྷ་ཀླུ་སོགས་ཀྱིས་རྫོགས་ཆེན་པ་ཡབ་སྲས་རྣམས་ལ་བཀུར་སྟི་མི་དམན་པར་ཞུས། ཁྱད་པར་རབ་འབྱམས་པ་མཆོག་ལ། སྔོན་རྒྱལ་སྲས་སྤོམ་བྲག་པའི་གདན་ས། དེང་སང་ཁྲ་སྤོམ་བྲག་ཏུ་གྲགས་པ་འདི་དགོན་གོག་ཏུ་སོང་གཤིས། སྒྲུབ་པར་བཞུགས་ན་ལེགས་ཚུལ་ཕེབས་པ་ལྟར་སྒྲུབ་ཁང་གསར་འདེབས་སོགས་ཞབས་ཞུ་བྱུང་བ་བཞིན་ལོ་ཤས་སྒྲུབ་པ་མཛད་ནས་བཞུགས་ཀྱང་། གྲུབ་མཐའི་ཀུན་སློང་གིས་གྲྭ་རྒན་ཁ་ཤས་ནས་ཀར་བསྟན་རྙིང་མར་འགྱུར་དོགས་བསམ་སྦྱོར་རྩུབ་མོས་རྒྱུད་བསྐུལ་ཆགས་སྡང་རྩོད་པ་ཅན་གྱི་ཡུལ་སྤངས་ནས་ལྷོ་ཕྱོགས་ཉེ་རྒྱུད་ཀྱི་འབྲོང་པ། ལྷ་ཐོག་སོགས་ཡུལ་མ་ངེས་པ་རྣམས་སུ་ཕེབས་ནས་ཕྱོགས་བྲལ་གྱི་གདུལ་བྱ་བསྐྱངས་ཤིང་འབྲེལ་ཐོགས་མང་པོ་བྱང་གྲོལ་གྱི་ལམ་ལ་བཀོད་པར་མཛད། ལས་འཕྲོ་ལྡན་པའི་སློབ་མ་མང་དུ་བྱོན་པ་ལས་སློབ་བརྒྱུད་དུ་མར་འཕེལ། དམ་པ་འདི་ནི་རིག་པ་དང་གྲོལ་བའི་སྤོབས་པ་དགེ་བ་ཅན། རྒོལ་ངན་གཉིས་འཐུང་འཇོམས་པའི་ལུང་རིགས་སྨྲ་བའི་སེང་གེ །མདོ་རྒྱུད་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན། ངེས་དོན་ཟབ་མོའི་ཉམས་རྟོགས་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག །ལུང་དང་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་སྐྱེས་བུ་ཆེན་པོའོ། །སླར་འབྲི་རྒྱུད་མཁར་མདོའི་ཕྱོགས་ཀྱི་གཙང་རོང་ཤར་ལྗོངས་རི་ཁྲོད་དུ་སྐུ་ཚེ་བསྒྲིལ་ནས་རྩེ་གཅིག་ཏུ་སྒྲུབ་པར་འབད་པའི་དམ་བཅའ་མཛད་ནས་བཞུགས་སྐབས། གྲུབ་དབང་པདྨ་རིག་འཛིན་འོག་མིན་དུ་གཤེགས་པའི་གཏམ་དང་། རྗེ་ཉིད་རྫོགས་ཆེན་པའི་གདན་སར་ཕེབས་དགོས་པར་སྡེ་དགེའི་བང་མི་འབྱོར་འཕྲལ་རུ་དམ་དུ་ཞབས་བཏེགས། དཔོན་སློབ་རིན་པོ་ཆེ་དཔོན་གཡོག་གིས་དགོངས་རྫོགས་ཕལ་ཆེར་གྲུབ་ཟིན་པའི་ཐོག་སླར་ཡང་རྒྱ་ཆེར་བསྒྲུབས། དེ་ནས་ལོ་ཤས་དབང་ཁྲིད་སོགས་ཀྱི་གདུལ་བྱ་སྐྱོང་བ་ཙམ་ལས་གདན་སའི་ཁུར་ལེན་མ་མཛད་པར་འགྲོ་དོན་ཕྱོགས་བྲལ་དུ་བསྐྱངས། འདི་སྐབས་གྲུབ་དབང་རིན་པོ་ཆེའི་སྤྲུལ་པའི་ཡང་སྲིད་སོག་པོའི་རྒྱལ་པོ་ཀུན་དགའ་དྭ་ཆིང་ཞེས་པའི་ཆབ་འབངས་ཞིག་ལ་འཁྲུངས་པ་ངོས་འཛིན་དང་གདན་སར་འཁོད་པའི་ཞབས་འགྱུར་གང་དྲགས་ཕུལ་ཞིང་། བཀུར་སྟི་དང་སྲི་ཞུ་མི་དམན་པ་བསྒྲུབས་པར་མཛད། ཤིང་སྤྲེལ་ལོ་དགུང་གྲངས་ལྔ་བཅུ་རྩ་ལྔ་པ་ལ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་འདི་སྣང་སྤྲུལ་པའི་རོལ་གར་བསྡུས་ཏེ་གཞོན་ནུ་བུམ་སྐུའི་ཀློང་དུ་དགོངས་པ་ཐིམ་པའི་ཚུལ་བསྟན་པར་མཛད་དོ། །དམ་པ་འདི་ལ་སྒེར་གྱི་གྲྭ་ཚང་སྤྱིར་ཉེར་ལྔ་ཙམ་ཡོད་པ་ལས་ཐུགས་སྲས་མཆོག་ཏུ་གྱུར་པ། རྫོགས་ཆེན་གྱི་ལྟ་སྒོམ་ཕུལ་དུ་སོན་ཅིང་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་བརྙེས་པ་ཧོར་རོང་པ་ཚ་བ་བླ་མ་པདྨ་དབང་ཕྱུག །ལྷོ་རྒྱུད་ཀྱི་བླ་མ་ཨོ་རྒྱན་བསྟན་འཛིན། ལྷ་ཐོག་ཨ་འཇམ་བླ་མ་པདྨ་རྒྱལ་མཚན། ཀླུ་བསེ་བླ་མ་དར་རྒྱས། མཁར་མདོ་རྟོགས་ལྡན་ཨོ་རྒྱན་ཚུལ་ཁྲིམས། གླིང་ར་རྟགས་བླ་མ་སྐལ་བཟང་སོགས་རྫོགས་ཆེན་སྙིང་པོའི་ཉམས་བཞེས་མཐར་སོན་པ་རང་གཞན་དོན་གཉིས་སྒྲུབ་ནུས་རྒྱུད་འཛིན་ཉེར་ལྔ་པོ་དེ་རྣམས་ཀྱིས་གོང་མའི་སྐུ་གདུང་མཆོད་རྟེན་སོགས་རྫོགས་ཆེན་དགོན་དུ་བཞེངས་གྲུབ་འཕྲལ། གཏེར་ཆེན་ཉི་གྲགས་ཀྱི་སྒྲུབ་གནས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་ཉེ་འདབས་སུ་སྒྲུབ་སྡེ་གསར་དུ་བཏབ་པར་བྱས་སོ། ༈ །རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ནི། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་དང་། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་མཁས་གྲུབ་དུ་མས་ལུང་བསྟན་པ་ལྟར། རུ་དམ་གཡང་འཁྱིལ་དུ་རྫོགས་ཆེན་མཆོག་སྤྲུལ་གཉིས་པའི་གཅུང་དུ་ཆུ་མོ་སྦྲུལ་གྱི་ལོ་ལ་སྐྱེ་བའི་མྱུ་གུ་བཟུང་། ལྷུམས་སུ་བཞུགས་པའི་ཚེ་ཡིག་དྲུག་གི་སྒྲ་བསྒྲགས་པ་དང་། འཁྲུངས་མ་ཐག་ཏུ་ཚེམས་དཀར་ཤེལ་གྱི་མཆོད་རྟེན་ཅན་བསྩལ་ཞིང་། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་དུ་ཞལ་བཞེས་གནང་བ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན་ཅིང་དམ་པའི་ཡོན་ཏན་མངོན་གྱུར་དུ་གསལ། སྨིན་གླིང་ནས་མཚན་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ཞེས་བསྩལ། གོང་མའི་བུ་སློབ་རྣམས་ནས་རང་གནས་ཞེ་ཆེན་དགོན་རྙིང་གསང་སྔགས་ཆོས་གླིང་དུ་གདན་དྲངས། གོང་མའི་ཐུགས་སྲས་ཨོ་རྒྱན་སྐལ་བཟང་ནས་གསན་སྦྱོང་སོགས་ཀྱི་བཤེས་གཉེན་མཛད། དབང་ཁྲིད་གདམས་པ་ཡོངས་རྫོགས་རྒྱལ་ཚབ་བླ་མ་པདྨ་དབང་ཕྱུག་ནས་ཕུལ། ལོ་ཤས་ནས་འགོང་པོའི་ཆོ་འཕྲུལ་གྱིས་བོད་ཡུལ་དབུས་སུ་དུས་འགྱུར་ཚབས་ཆེ་བྱུང་བར་བརྟེན། སྨིན་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ཁམས་ཕྱོགས་སུ་ཕེབས་སྐབས་རྫོགས་ཆེན་དང་ཞེ་ཆེན་དགོན་དུ་གདན་དྲངས་ནས་མཆོག་སྤྲུལ་དང་བླ་རྒན་སོགས་ཀྱིས་གཙོས་དགོན་བཞུགས་སྤྱི་ལ་དབང་ལུང་ཁ་ཤས་གནང་། དམ་པ་དེ་ཉིད་ནས་ཤེལ་བྲག་གཏེར་བྱོན་གཤིན་རྗེ་དྲེགས་འཇོམས་ཀྱི་ཆོས་བདག་ལུང་བསྟན་ནང་ཚན། ཆོས་བདག་སྔགས་སྤྱོད་རྣལ་འབྱོར་ལྔ་ཞེས་པའི་ནང་ནས་གཅིག་ཁྱོད་རང་ཡིན་པས་འདི་ཉིད་ཡི་དམ་དུ་མཛད་ན་སྐུ་ཚེ་མཛད་ཕྲིན་ཡར་རྒྱས་སུ་འོང་ཞེས་ལུང་བསྟན་གྱིས་དབུགས་ཕྱུང་སྟེ། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རུ་རཀྵ་བྱིན་ལྡན་ཡང་བསྩལ་ཏེ་བསྔགས་བརྗོད་རྒྱ་ཆེར་མཛད། སྐུ་ཡོན་སློབ་གཉེར་གང་ལའང་དཀའ་ཚེགས་མ་དགོས་པར་སྐྱེས་ཐོབ་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས། མདོ་སྔགས་རིགས་ལམ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང་ལྡན་པས་མཁས་པའི་ཡང་རྩེར་སོན། རྫོགས་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཛིན་གཙོ་བོར་མཛད་དེ། རྡོ་བྲག་རིག་འཛིན་མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག །ཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང་། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་སྡེ་སྣོད་རྒྱུད་སྡེ་ཐ་སྙད་རིག་གནས་དང་བཅས་པ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། དབུས་ཕྱོགས་དང་ཁམས་ཀྱི་བསྟན་འཛིན་གསར་རྙིང་རིས་སུ་མ་ཆད་པ་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། ཡི་དམ་ཞི་དྲག་དུ་མའི་ལྗགས་བསྙེན་སོགས་བཅད་རྒྱ་ཚད་ལྡན་བསྒྲུབས་ཤིང་རྩ་གསུམ་ལྷག་པའི་ལྷ་དུ་མ་དང་། ཨོ་རྒྱན་ཆེན་པོ་སོགས་ཀྱི་ཞལ་གཟིགས་ལན་མང་དུ་བརྙེས། རྡོ་རྗེའི་ཆོས་སྲུང་ཀུན་ནས་ཕྲིན་ལས་སྒྲུབ་པའི་བརྡ་རྟགས་མངོན་སུམ་དུ་བསྟན་པ་དང་། འཇིག་རྟེན་ན་ཆེ་བར་གྲགས་པའི་དྲེགས་ཚོགས་རྣམས་ཀྱང་བཀའ་ལས་འདའ་བར་མི་ནུས་པ་སོགས་ཞིབ་པར་རྗེ་ཉིད་ཀྱི་དག་སྣང་འཇའ་ཚོན་རི་མོའི་རྣམ་འགྱུར་དུ་འཁོད་པ་ལྟར་རོ། །གཞན་ཡང་འཆད་པ་ལ་རྡོ་རྗེའི་ལྗགས་དང་ལྡན་པས་མདོ་སྔགས་བཀའ་གཏེར་གྱི་ཆོས་སྒོ་མཐའ་དག་གི་དབང་ལུང་ཁྲིད་རིམ་ཟབ་རྒྱས་ཀྱི་གདམས་པ་སྣ་ཚོགས་པས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་ཅིང་། རྩོམ་པ་ལ་ལྷག་པའི་ལྷའི་བྱིན་རླབས་དང་ཤེས་རབ་རང་རྩལ་རྫོགས་པས་ཚིག་རླིང་ཞིང་ཟབ་ལ་ཉམས་འགྱུར་བརྒྱ་ཕྲག་དང་ལྡན་པ་ཁོ་ན་མཛད། ཡི་དམ་དུ་མའི་སྒྲུབ་ཕྲིན་ཆོག་སྒྲིག་སོགས་གསུང་རྩོམ་པུསྟི་ཀ་ཕྱིན་དྲུག་གི་གྲངས་ལྡན་དུ་བཞུགས། མདོར་ན་མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ། འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཁས་གྲུབ་དམ་པར་གྱུར་པ་སྟེ། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོར་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོའི་ལུང་བསྟན་བཞིན་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེ་གསར་དུ་ཕྱག་བཏབ་ནས། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་དགུང་གྲངས་ང་བརྒྱད་པ་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སློབ་མའི་རིམ་པའང་རྒྱལ་ཚབ་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དང་། སྒོ་མེའི་ཆོས་རྗེ་ཀུན་བཟང་སྙན་གྲགས་རྒྱ་མཚོ། སིབ་སྤྲུལ་སྐུ་ཀུན་བཟང་པདྨ་དབང་རྒྱལ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་སོགས་ཟླ་རྒྱུད་སྟོད་སྨད་དང་། ལྷོ་ཁའི་ཕྱོགས་སུའང་མཁས་གྲུབ་གཉིས་ལྡན་རིམ་གཉིས་ཀྱི་དྲོད་ཚད་བརྙེས་པ་དུ་མ་བྱུང་བ་ནི་སྨྲོས་ཀྱིས་མི་ལང་ངོ་། ༧ །རབ་འབྱམས་མཆོག་སྤྲུལ་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ནི། རྗེ་བླ་མ་དམ་པ་ཆོས་དབྱིངས་སུ་གཤེགས་རྗེས་ལྕགས་སྟག་ལོར་སྣ་ནམ་ཡང་སྲིད་རྡོར་བྲག་རིག་འཛིན་ཆེན་པོ་ཁམས་དར་རྩེ་མདོ་ནས་ཡར་བྱོན་སྐབས། ཞེ་ཆེན་གདན་སར་ཆིབས་བསྐྱོད་གནང་དུས་རྗེ་དབོན་བླ་མ་པདྨ་ཀུན་གྲོལ་རྣམ་རྒྱལ་དང་། ཕྱག་མཛོད་བླ་མ་དཀོན་མཆོག་དར་རྒྱས་སོགས་དགོན་པའི་གྲྭ་སློབ་རྣམས་ནས་རྗེ་བླ་མའི་ཡང་སྲིད་ལ་དོགས་གཅོད་ཞུས། རིག་འཛིན་མཆོག་ལ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ནས་ལུང་བསྟན་བསྩལ་བར། རིག་པ་འཛིན་པ་རྡོ་རྗེ་ཐོགས་མེད་རྩལ། །འགྲོ་བའི་བླ་མ་གསང་སྔགས་བསྟན་འཛིན་གང་། །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ན་ཡང་། །དགོན་གནས་ཉིད་ནས་འཇལ་བའི་ཤར་ལྷོ་མཚམས། །ལུང་པ་ཁ་ནི་ལྷོ་ནུབ་བསྟན་པ་ན། །རྩི་ཤིང་ནགས་ཚལ་དྲྭ་བ་འཁྲིགས་པའི་དབུས། །ཕ་མ་པདྨའི་རིགས་སུ་གྱུར་པའི་སྲས། །ཡོས་འབྲུག་མཚམས་སུ་འབྱུང་བའི་ངོ་ཞིག་མཆིས། །པདྨ་དྲག་པོའི་སྒོ་ནས་སྨིན་གྲོལ་གྱིས། །དམ་སྲི་འབྱུང་པོའི་ཚོགས་ལས་རྒྱལ་བར་ངེས། །འདི་ཙམ་ཡེ་ཤེས་མཁའ་འགྲོའི་གཏམ་འཆལ་ལོ། །ཞེས་པའི་ལུང་བསྟན་དང་རྗེས་སུ་མཐུན་པར་རྒྱ་རོང་སྒྲུབ་སྡེ་དང་ཉེ་བའི་ཕྱོགས་སུ་ཡབ་རྟ་མགྲིན་ཞེས་པའི་སྲས་སུ་འཁྲུངས་ཤིང་། སླར་ཡང་ཡོས་ལོར་དབུས་ཕྱོགས་ནས་ལྕགས་ཟམ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྨིན་གླིང་ཁྲི་ཆེན་པདྨ་བསྟན་འཛིན། རྡོར་བྲག་རིག་འཛིན་ཆེན་པོ་ལ་བརྟགས་ཞུས་ཡང་བསྐྱར་དང་། ཁམས་ནས་ཤར་ཆེན་ཀླུ་ལྡིང་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་ཡེ་ཤེས་སྤྱན་གྱིས་ཤེས་བྱའི་ཆོས་ཀུན་མ་འདྲེས་པ་ས་ལེར་གཟིགས་པ་ཐམས་ཅད་ནས་དམ་པ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ལུང་བསྟན་པ་བཞིན་གོང་མའི་གདན་སར་མངའ་གསོལ། རབ་འབྱམས་སྤྲུལ་པའི་སྐུ་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པ་དང་ལྷན་ཅིག་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཨ་ཏི་བསྟན་པའི་རྒྱལ་མཚན་ནས་གཙུག་ཕུད་བཞེས། ཕྱིས་སུ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནས་མཚན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་རྣམ་པར་རྒྱལ་བའི་ཉིན་བྱེད་དུ་གསོལ། ཡོངས་འཛིན་དམ་པ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དང་། གཞན་ཡང་རྫོགས་སྤྲུལ་གསུམ་པ། སྨིན་གླིང་ཁྲི་ཆེན་སྐུ་མཆེད། རྡོ་བྲག་རིག་འཛིན་ཆེན་པོའི་ཡང་སྲིད་ཀུན་བཟང་འཇིགས་མེད་གླིང་པ། ཉི་གྲགས་མཆོག་སྤྲུལ་གསུམ་པ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། ཀཿཐོག་པ་ཡབ་སྲས། བཤེས་གཉེན་རིག་འཛིན་བཟང་པོ། རྣམ་འདྲེན་བླ་མ་འཇིགས་མེད་གོ་ཆ་སོགས་དམ་པ་དུ་མ་ལས་སྨིན་གྲོལ་དབང་ཁྲིད་ཀྱི་གདམས་པ་མཐའ་དག་གསན། བཤད་སྒྲུབ་ཀྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་གཞན་འགྲན་དང་བྲལ་ཞིང་། ཁྱད་པར་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་བཞིན་ལོ་བསྟར་དུས་མཆོད་ཆེ་ཁག་བཞི་དང་། ལོ་ངོ་གསུམ་རེའི་མཚམས་ནས་ཡི་དམ་བཀའ་བརྒྱད་ཀྱི་སྒོ་ནས་བདུད་རྩི་ཆོས་སྨན་གྱི་སྒྲུབ་པ་སོགས་ཁུངས་ལྡན་དམ་པའི་ཕྱག་བཞེས་རང་བཟོའི་དྲི་མ་ཕྲ་མོས་བཅོས་བསླད་ཀྱིས་མ་བསྒྲིབས་པར་གར་ཐིག་དབྱངས་རོལ་སོགས་ཕྱི་སྤྲོས་བཅས་རིམ་པའི་དུས་མཆོད་དང་། ནང་བསྐྱེད་རྫོགས་དམིགས་པའི་ཏིང་འཛིན་གསལ་ཞིང་། གསང་བ་སྤྲོས་བྲལ་ཀ་དག་གི་ལྟ་བར་ལ་བཟློ་ཞིང་སྒྲུབ་པའི་གཟུགས་བརྙན་དུ་མ་སོང་བ་བཙུགས་པར་མཛད། ཁྱད་པར་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ལོར་ངེས་དོན་སྙིང་པོའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན། རྩེ་གཅིག་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པ་བཅོ་ལྔ་ཙམ་གྱིས་སྙིང་ཐིག་ཟབ་མོའི་ཉམས་ལེན་རྩ་རླུང་ཐོད་རྒལ་སོགས་ལ་སྦྱངས་པ་གནད་དུ་སྨིན་པ་ལས་རྣམ་གཡེང་དང་འདུ་འཛིར་མ་སོང་བའི་སྒྲུབ་གྲྭ་དངོས་གཙང་བཞེངས་ཤིང་མཐུན་རྐྱེན་གང་དགོས་རྩོལ་སྒྲུབ་མི་དགོས་པར་སྦྱོར་བར་མཛད། དེ་ལྟར་ངོ་མཚར་བའི་མཛད་ཕྲིན་དང་གསང་བ་གསུམ་གྱི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མ་མཆིས་པ་རྒྱ་མཚོ་ལྟ་བུ་མངའ་ཡང་། གདུལ་བྱའི་བསོད་ནམས་ཀྱིས་སྐལ་བས་མ་འཁྱོངས་པར་རེ་ཞིག་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པར་གྱུར་ཏོ། ༧ །རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་བསོད་ནམས་སྟོབས་ཀྱི་དབང་ཕྱུག་ནི། གོང་མའི་ཆོས་ཁྲིར་མངའ་གསོལ་ནའང་མཁའ་འགྲོའི་ལུང་བསྟན་དང་ཟབ་གཏེར་གྱི་བཀའ་བབས་བཅས་གསང་སྤྱོད་ཀྱི་རྟེན་འབྲེལ་བཞེས་ནས། གྲུབ་པའི་གནས་མཆོག་རྦ་ལྕགས་ཤྲཱི་སོགས་སུ་ཕེབས་ཏེ་ཉང་དྭགས་ཀོང་གསུམ་གྱི་གདུལ་བྱའི་མགོན་མཛད་པ་ལས། ཕྱོགས་འདིར་ཕྲིན་ལས་ཀྱི་རྒྱུན་ཧ་ཅང་མ་སྨིན། ༧ །རབ་འབྱམས་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་ནི། ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་གསུམ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ལྟར་གོང་མའི་སེང་ཁྲིར་མངའ་གསོལ། ཆུང་ངུ་ནས་དམ་པའི་རྣམ་ཐར་སྒྲིབ་མེད་དུ་གསལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་མཛད། བར་དུ་མན་ངག་ངོ་སྤྲོད་ཀྱིས་མཉམ་གཞག་བོགས་དབྱུང་བ་དང་། ཕྱིས་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་རྒྱུས་རྩ་བའི་རིགས་བདག་གཅིག་ཆོག་དང་། གཞན་ཡང་རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར། དཔོན་སློབ་བཞི་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། ཞེ་ཆེན་རྒྱལ་ཚབ་ཨོ་རྒྱན་རང་བྱུང་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ། སྦས་པའི་རྣལ་འབྱོར་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས། སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་སྨིན་གྲོལ་དང་གསན་སྦྱོང་མཐར་ཕྱིན་པར་མཛད། རང་དགོན་བླ་བྲང་ཕུན་ཚོགས་ཡོངས་འདུའི་གཟིམ་ཤག་ངོ་མཚར་ཀུན་གཟིགས་སུ་ལོ་གསུམ་ཕྱོགས་གསུམ་གཙོ་བོར་གྱུར་པའི་བཅད་རྒྱར་སྔ་འགྱུར་འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སོགས་རྩ་གསུམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད། དངོས་ཉམས་རྨི་ལམ་ཅི་རིགས་པར་བླ་མ་དང་ལྷག་པའི་ལྷ་རྣམས་ཀྱི་ཞལ་བསྟན་པ་དང་བྱིན་གྱིས་བརླབས་པའི་མཚན་མ་མང་དུ་བརྙེས། ཁྱད་པར་འདུས་མདོའི་བསྙེན་སྒྲུབ་སྐབས་དམ་པའི་རིགས་ཅན་དྲྭ་མ་ལྔའི་ནང་ཚན་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་རྣམ་འཕྲུལ་ཡིན་པར་ལུང་བསྟན། སྨིན་གླིང་གཤིན་རྗེ་དྲེགས་འཇོམས་ཀྱི་ལྗགས་བསྙེན་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡིན་པའི་རྗེས་དྲན་གསལ་པོར་འཁྲུངས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་ཀྱང་། མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་ཞེ་ཆེན་རབ་འབྱམས་ལས་བཟང་བ་མེད་ཅེས་ཡང་ཡང་བསྔགས་པས་མཚོན་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀུར། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཚར་གཅིག །བོད་ཀྱི་གནས་ཆུང་སྒྲ་དབྱངས་གླིང་གི་རིག་འཛིན་འདུས་ཚོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་གིས་མཚོན་སྨིན་གྲོལ་ཚར་བཞི། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་ཚར་གསུམ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་སྙིང་ཐིག་ཡ་བཞི། སྨིན་གླིང་གཏེར་གསར་སྐོར་སོགས་འཆད་སྤེལ་གྱིས་གདུལ་བྱ་མཐའ་ཡས་པ་རྗེས་སུ་བཟུང་། རང་དགོན་གྱི་གཙུག་ལག་ཁང་ཕན་ཚུན་གསར་བཞེངས་དང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གྱི་རྒྱུན་བཙུགས། སྔ་འགྱུར་བཀའ་མ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། ན་རཀ་དོང་སྤྲུག །སོ་ལུགས་ཡང་དག །སངས་རྒྱས་མཉམ་སྦྱོར་བཀའ་སྲུང་བཅས་ཀྱི་སྒྲུབ་མཆོད་གཏན་འཇགས། མཆོད་རྫས་ཡོ་བྱད་ཁྱད་ཐོན་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། མཐར་དགུང་གྲངས་ཞེ་དྲུག་པ་ས་མོ་བྱ་ཡི་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་མཁའ་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། ༧ །རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ་ནི། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེར་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་དག་སྣང་དང་། གྲུབ་དབང་རྫོགས་ཆེན་ལྔ་པའི་ཡེ་ཤེས་ཀྱི་གཟིགས་པས་ངོས་འཛིན་བྱུང་བ་དང་མཐུན་པར་འགུ་ལོག་ཨ་སྐྱོང་ཁང་གསར་དཔོན་གྱི་སྲས་སུ་ལྕགས་ཕག་ལ་སྐུ་འཁྲུངས། རང་དགོན་དང་ཉེ་བའི་ཆུ་ཆེན་པོའི་ཟམ་ཁར་ཕེབས་པ་དང་མ་ཡུམ་གྱི་རུམ་དུ་ཡོད་པར། ཞིང་སྐྱོང་དུར་ཁྲོད་མ་མོ་ཨ་མ་བགྲེས་མོ་ཞིག་ཏུ་བརྫུས་ནས་ངའི་བུ་འདིར་སླེབས་ཞེས་མགུལ་དར་ཕུལ་བ་མ་ཡུམ་ཆིབས་པའི་སྟེང་དུ་ཡོད་ཀྱང་དར་གྱི་སྣེ་ས་ལ་འཁྱིལ་བ་ཕྱིས་སུ་ཡབ་ཚང་གི་གཡང་རྟེན་དུ་བཞུགས། དེ་ནས་མི་རིང་བར་རྒྱལ་ཚབ་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རང་དགོན་དུ་སེང་གེའི་ཁྲི་ལ་མངའ་གསོལ། ཐུན་མིན་རིགས་བདག་རྒྱལ་ཚབ་རིན་པོ་ཆེ་ལས་སྡོམ་གསུམ་དང་། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། ན་རཀ་དོང་སྤྲུག །ཡང་ཕུར་སོགས་ཀྱི་དབང་ལུང་ཞིབ་རྒྱས། རིན་ཆེན་གཏེར་མཛོད་ཆེན་མོ་དང་། རང་ལུགས་སྨིན་གླིང་གི་ཟབ་གཏེར། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེས་མཚོན་པའི་དབང་ཁྲིད་ལུང་བཅས་རྒྱ་ཆེར་གསན། ཁྱད་པར་སེམས་སྡེའི་རིག་འཛིན་བཅོ་བརྒྱད་ཀྱི་དབང་བསྐུར་རྡོ་རྗེའི་མགུར་གྱི་ངོ་སྤྲོད་ལ་སྲས་མོ་གོ་མ་དེ་ཝིའི་མགུར་གྱིས་དབང་དོན་གྱི་ཡེ་ཤེས་མངོན་དུ་གྱུར། རྒྱལ་ཚབ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྡོམ་གསུམ་འགྲེལ་ཆེན་དཔག་བསམ་སྙེ་མར་ཁོ་བོས་མཆན་བཏབ་པ་ཞིག་ཡོད་པས་དེ་ལ་གཟིགས། ཚུལ་གནས་ཐོས་བསམ་བསྒོམ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དགོས་ཞེས་ཞལ་གདམས་བསྩལ། ཁྲོ་ཤུལ་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་དང་། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ལས་རྒྱལ་ཚབ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་སོགས་རྒྱ་ཆེ་དང་། གླིང་རྒྱལ་པདྨ་བཞད་པའི་དག་སྣང་ཚེ་ཡུམ་ཙཎྜི་ལཱི་སྤྱི་དང་བྱེ་བྲག་དབང་ཁྲིད་གཏད་རྒྱ་དང་། འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་རྒྱལ་དབང་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་རྣམས་དང་། རང་དགོན་གྱི་བཤད་གྲྭ་གསར་འཛུགས་དང་འབྲེལ་བར་དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོའི་དངོས་སློབ་མཁན་པོ་སྒྲ་དབྱངས་ལས། རྒྱུད་གསང་བ་སྙིང་པོའི་འགྲེལ་ཆེན་གསང་བདག་དགོངས་རྒྱན་དང་ཞལ་ལུང་གི་བཤད་ཁྲིད་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། ཞེ་ཆེན་ཡང་དབེན་དུ་གཟིམ་ཤག་གསར་བསྐྲུན་ནང་བཀའ་གཏེར་གདམས་ངག་ཟབ་དགུའི་བསྙེན་སྒྲུབ་མཛད། ལྷག་པའི་ལྷ་རབ་འབྱམས་ཀྱི་དངོས་གྲུབ་ཐོབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། ཁྱད་པར་གླིང་དཀར་དག་སྣང་ཙཎྜ་ལཱིའི་ལྗགས་བསྙེན་ལ་བཞུགས་པའི་ཚེ་ནང་མཆོད་བདུད་རྩི་ཁོལ་བའི་དྲིས་སྒྲུབ་ཁང་དུ་ཁྱབ་པ་དང་། ཚེ་གལ་དུ་མ་འཁྲུངས་པ་སོགས་དངོས་སུ་བྱུང་། སིབ་རྫོགས་ཆེན་དགོན་དུ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་མཛད་པས་མ་མོའི་རྟེན་ཕུར་ལས་བདུད་རྩི་བབས་པ་དང་། སྲུང་མ་རྣམས་ཀྱིས་ཅི་བགྱིས་ཕྲིན་ལས་བསྒྲུབས་པས། ནག་ཕྱོགས་དམ་ལ་བཏགས་པ་སོགས་དགེ་མཚན་སྣ་ཚོགས་མཐུན་སྣང་དུ་གྲུབ་པ་བྱུང་། དབུས་གཙང་ཕྱོགས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁས་བཙུན་གྲུབ་པའི་སྐྱེས་མཆོག་གཅུང་རིན་པོ་ཆེ་དང་། མཁན་ཆེན་སྐུ་མཆེད་ལྷན་རྒྱས་པས་དབུ་མཛད། གདུང་སྲས་རྣམ་གཉིས་སོགས་དབུས་གཙང་ལྷོ་འབྲུག་ཚུན་གྱི་སྔ་འགྱུར་རྙིང་མའི་བླ་སྤྲུལ་སྒྲུབ་བརྩོན་སོགས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་དང་ཁྲིད་ལུང་བཅས་ཞིབ་རྒྱས་བསྩལ། མདོ་ཁམས་སྨད་དུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་མཆོག་སྤྲུལ་གཙོས་འདུས་པ་གཙང་ལ་མང་བར་གཏེར་མཛོད་ཚར་གཅིག །བྱང་ཕྱོགས་ཞེ་ཆེན་གྱི་དགོན་ལག་རྣམས་སུ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་དང་། སྨིན་གླིང་རྡོར་སེམས། ཐུགས་ཆེན་བདེ་གཤེགས་ཀུན་འདུས། གཤིན་རྗེ་དྲེགས་འཇོམས་སོགས་དབང་ཁྲིད་ལོ་མང་བསྟར་ཆགས་སུ་རྒྱུན་མ་ཆད་པར་བསྩལ། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེ། ཞེ་ཆེན་ཀོང་སྤྲུལ། ལབ་མཁན་ཆེན། སྒོ་མེའི་རབ་འབྱམས་མཆོག་སྤྲུལ། སིབ་རྫོགས་ཆེན་སྤྲུལ་སྐུ། གཤོང་ནག་སྤྲུལ་སྐུ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བྱོན། རང་དགོན་གྱི་སྤྲུལ་སྐུ་རྣམས་ལ་ཆོས་སྲིད་ཀྱི་བསླབ་སྟོན། ཀུན་སྤྱོད་བཙུན་པ་དང་ཐོས་བསམ་སྒོམ་སྒྲུབ་ལ་དངོས་དང་ཤུགས་ནས་སྦྱོར་བར་མཛད། རྒྱལ་ཚབ་རིན་པོ་ཆེའི་བཤད་གྲྭ་གསར་འཛུགས་ལ་བཞུགས་གནས་དང་། དགོན་ལྟག་ཏུ་སྒྲུབ་སྡེ་གསར་འཛུགས་མཛད། གཙུག་ལག་ཁང་དུ་དུས་མཆོད་ཆེན་པོ་བཞིའི་མཆོད་རྫས་འཕན་གདུགས་བླ་བྲེ། སྒྲུབ་ཆེན་ལ་ཉེར་མཁོའི་སྨན་རཀ །གཏོར་མའི་སྣོད་དང་ཚོགས་གཞོང་། ཉེར་སྤྱོད་བདུན་གྱི་ཡོ་བྱད་སོགས་རིན་ཆེན་གཉིས་པ་ལ་ཚ་གསེར་དང་རིན་པོ་ཆེའི་ཕྲ་ཚོམ་ཅན་སྤུས་ལྡན་གྱི་སྟོང་མཆོད་ཡོ་བྱད་གསར་བཞེངས་དང་། དབྱངས་རོལ་ཕྱག་ལེན་ཐམས་ཅད་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྔར་ནས་མ་ཉམས་པའི་སྟེང་། རྣམ་ཀུན་སྒྲིག་ལམ་ཀུན་སྤྱོད་སོགས་སྐུ་ངལ་ཁྱད་བསད་ཀྱིས་དམ་པས་བསྔགས་འོས་ལམ་བཟང་ཁོ་ན་དད་ལྡན་ཀུན་གྱི་མིག་རྒྱན་དུ་བསྐྲུན། མཐར་བོད་ཁམས་དུས་འགྱུར་གྱི་སྐབས་མཐའ་མིའི་ཁྲིམས་འོག་ཏུ་མཛད་པ་བརྟུལ་ཞིང་ཆོས་ཉིད་ཞི་བའི་དབྱིངས་སུ་ངལ་གསོ་བར་མཛད་དོ། ༧ །ཞེ་ཆེན་རབ་འབྱམས་པ་སྐུ་ཕྲེང་བདུན་པ་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་ནི། རབ་བྱུང་བཅུ་དྲུག་པའི་ནང་ཡབ་དང་། སྐྱེད་ཡུམ་རྗེ་བླ་མའི་སྲས་མོ་སྟེ་རིགས་རུས་ཆོ་འབྲངས་ཕུན་སུམ་ཚོགས་པར་འཁྲུངས། གཞོན་ནུའི་དུས་ནས་སྔོན་གོམས་བག་ཆགས་བཟང་པོས་འབྲི་ཀློག །རིག་པའི་གནས་དང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་འཕྲིན་སྒྲུབ་རྣམས་དགེ་བའི་བཤེས་གཉེན་གྱིས་བརྡ་བསྟན་པ་ཙམ་ལས་ངལ་བ་ལ་ལྟོས་མ་དགོས་པར་ཚེགས་མེད་དུ་མཁྱེན། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་ནས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། རིམ་པར་མཁན་སློབ་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་བཀའ་གཏེར་གྱི་གཞུང་ལུགས་རྒྱ་ཆེ་ཐུགས་སུ་ཆུད་པར་མཛད། ཁྱད་པར་མེས་པོ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་རྣམ་གཉིས་རིགས་ཀྱི་བདག་པོར་བསྙེན་ཅིང་ལུས་དང་གྲིབ་མ་བཞིན་མཉེས་པ་གསུམ་གྱིས་འགྲོགས་ཏེ་ཐུགས་སྲས་དམ་པར་གྱུར། སྔ་འགྱུར་བཀའ་མ་དང་། རིན་ཆེན་གཏེར་མཛོད། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཤིང་རྟ་རྣམ་ལྔ་སོགས་ཐུན་མིན་ཟབ་ཆོས་ཀྱི་སྨིན་གྲོལ་གདམས་སྐོར་མཐའ་དག་བུམ་པ་གང་འབྱོའི་ཚུལ་དུ་བཞེས། སྐྱབས་རྗེ་རྣམ་གཉིས་ལས་བརྒྱུད་པའི་བཀའ་སྲོལ་ཡོངས་རྫོགས་ཀྱི་རྒྱུན་མ་ཚང་བ་མེད་པ་ཆིག་དྲིལ་དུ་བཞུགས། རྒྱ་བལ་འབྲས་འབྲུག་དང་། ཕྱི་གླིང་ཡུལ་གྲུ་རྣམས་སུ་དད་ལྡན་མཆོག་དམན་གྱི་གདུལ་བྱ་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་བྱེ་བྲག་སོགས་ཟབ་རྒྱས་ཀྱི་ཆོས་འབྲེལ་དགའ་སྟོན་རྟག་ཏུ་འགྱེད། མདོར་ན་སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་བབས་ཀྱི་ཆུ་བོ་མ་ཉམས་པ་ལས་དམ་པའི་ཚུལ་དགུས་བརྒྱན་པའི་གསང་གསུམ་གྱི་ཡོན་ཏན་མ་ལུས་རང་ཆས་སུ་མངའ། བལ་ཡུལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ། རྗེ་མཁྱེན་བརྩེ་བདེ་གཤེགས་གོང་མའི་མཆོག་སྤྲུལ་ཡང་སྲིད་རིན་པོ་ཆེ་བསྟན་འགྲོའི་དཔལ་མགོན་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་མཆོག་དང་ལྷན་དུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་སྐྱོང་བཞིན་འཚོ་གཞེས་པ་སྟེ། སླད་དུའང་བསྟན་འགྲོའི་མགོན་དཔུང་དུ་དམ་པ་ཟུང་གསང་གསུམ་མི་ཞིག་གཡུང་དྲུང་གི་ངོ་བོར་བརྟན་ཅིང་། མཁན་སློབ་ཆོས་གསུམ་གྱི་རིང་ལུགས་བླ་ནས་བླར་འདེགས་པའི་ཤིང་རྟ་ཆེན་པོར་གྱུར་ནས་ཕན་བདེའི་ཕྲིན་ལས་ཕྱོགས་མཐར་ཁྱབ་པར་གྱུར་ཅིག ༈ །ཞེ་ཆེན་རྒྱལ་ཚབ་རིམ་བྱོན་ནི། རབ་འབྱམས་སྐུ་ཕྲེང་རྣམ་ཐར་གྱི་གསེབ་ལས་ཅུང་ཙམ་གསལ་བ་ལྟར་ལ་རིང་བརྒྱུད་འཁྲུངས་རབས་ཀྱི་དབང་དུ་ན། འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཡ་རྒྱལ་སློབ་དཔོན་པྲ་བྷཱ་ཧསྟི། བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་དགེ་སློང་ནམ་མཁའི་སྙིང་པོ། གངས་ལྗོངས་འདུལ་བསྟན་གསལ་བྱེད་བླ་ཆེན་དགོངས་པ་རབ་གསལ། ཕུར་ཐོགས་རིག་འཛིན་ཆེན་པོ་ལང་ལབ་བྱང་ཆུབ་རྡོ་རྗེ། གཞན་སྟོང་བསྟན་པའི་ཉིན་བྱེད་རྗེ་བཙུན་སྒྲོལ་བའི་མགོན་པོ། བཀའ་གཏེར་བསྟན་པའི་དབང་ཕྱུག་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་གླང་པོ་ཆེན་པོ་ལྟར་དམ་པའི་སྒྱུ་འཕྲུལ་མང་དུ་བྱོན་པ་ལས་ཉེ་བརྒྱུད་མཚན་འཆང་དངོས་ཀྱི་ཕྲེང་བ་ནི། ཞེ་ཆེན་རྒྱལ་ཚབ་དང་པོ་གྲུབ་དབང་པདྨ་རྒྱལ་མཚན། གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། གསུམ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ། ལྔ་པ་འགྱུར་མེད་པདྨ་རྡོ་རྗེ་རྣམས་རིམ་པར་བྱོན་ཞིང་། ཁྱད་པར་རྒྱལ་ཚབ་རིན་པོ་ཆེའི་དབོན་སྲས་རྟོགས་ལྡན་སངས་རྒྱས་རབ་བརྟན་གྱི་ཡང་སྲིད། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་། རིག་པ་འཛིན་པ་གྲུབ་ཆེན་ཤེས་རབ་ཡར་འཕེལ་སོགས་མཁས་གྲུབ་ཀྱི་རྣམ་ཐར་རྒྱ་མཚོ་ལྟར་མངའ་བ་མང་དུ་བྱུང་ཞིང་། སྤོབས་པའི་གཏེར་ཆེན་བརྒྱད་ལ་མངའ་དབང་འབྱོར་པ་འཇམ་དཔལ་དབྱངས་དངོས་༧མ་ཧཱ་པཎྜིཏ་མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་ཡང་ཆོས་བརྒྱུད་འདི་ཉིད་ལས་བྱོན་པ་ཁོ་ནའོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).