Terdzo-LI-032
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འཕོ་བ་དཔག་ཆེན་མདའ་མོ་
by རྡོ་རྗེ་གླིང་པ་ (Dorje Lingpa)
revealed by རྡོ་རྗེ་གླིང་པ་ (Dorje Lingpa)
in cycle རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ (Rdzogs chen snying po hUM skor)
Volume 56 (ལི) / Pages 855-857 / Folios 1a1 to 2a3
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འཕོ་བ་དཔག་ཆེན་མདའ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ སྐུ་གསུམ་བདེ་ཆེན་ལྷ་ལ་ཕྱག་འཚལ་ལོ༔ གང་ཟག་ཡང་རབ་ཚེ་འདི་རུ༔ སྔོན་སྦྱངས་ཤེས་རབ་གྲོལ་བ་དང༔ བརྩོན་འགྲུས་བསྒོམས་པས་སངས་རྒྱ་ཡང༔ གང་ཟག་དབང་པོ་བརྩོན་འགྲུས་ཞན༔ མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས༔ འཕོ་བ་དཔག་ཆེན་མདའ་མོ་བསྟན༔ ཕྱི་རབས་བུ་ཡིས་ཉམས་སུ་ལོངས༔ འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ཡོད་པ་ལས༔ སྔོན་འགྲོ་ལ་ཚོགས་དང་གཏོར་མས་མཉེས་པར་བྱས་ལ༔ དང་པོ་སྟོང་ཉིད་ཟང་ཐལ་དུ་ཀློད་ལ་བཞག༔ དེ་ལ་ཞག་གཅིག་སོང་བའི་ནངས་པར་ལུས་རྡོ་རྗེའི་སྐྱིལ་ཀྲུང་བཅའ༔ པུས་མོ་གཉིས་ཀྱི་ཁར་ལག་མཐིལ་གཉིས་བཀབ་ལ༔ རང་གི་ལུས་སྡོང་ཁོག་ཞབས་རྡོལ་ལྟ་བུ༔ ཕྱི་དཀར་བ༔ ནང་དམར་བ༔ ཕྲུ་མ་ལྟ་བུ་ཅིག་འདུག་པ་ལ་ཤེས་པ་གཏད༔ ཞག་གཅིག་སྟོང་ར་ལ་སྦྱང་ངོ༔ དངོས་གཞི་ནི༔ རང་གི་སྙིང་གི་ཐད་ན༔ ཤེས་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ཆེ་ཆུང་ཚོན་གང་བ་གཅིག་འདུག་པ་དེ༔ ཧིཀ྄་ཅེས་པ་རེས་འཕུལ་དུས༔ སྤྱི་བོར་རྒྱང་རྒྱང་སོང་བར་བསམ་ལ༔ དེ་ལ་ཞག་གཅིག་སྦྱང་ངོ༔ དེ་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས༔ ཆོས་སྐུ་ནི་དམིགས་གཏད་མེད་པ༔ ནམ་མཁའི་ཁམས་མཐའ་ཡས་པར༔ རིས་དང་མཚན་མ་མེད་པར་གཏད་མེད་དུ་འབྱམས་འཕོ་བ་འོ༔ དེས་སྐྱེ་བ་མེད་པའི་ངང་དུ་ཟང་ཐལ་དུ་གྲོལ་ལོ༔ ལོངས་སྐུ་རིགས་ལྔའི་ཞིང་ཁམས་སུ་ཡི་དམ་གྱི་ལྷ་གང་མོས་དེའི་ཐུགས་ཀར་འུར་སྒྲ་དང་བཅས་ནས་འཕོ་བའོ༔ སྤྲུལ་སྐུ་ནི་རང་གི་བླ་མའི་ཐུགས་ཀར་འཕོ་བའོ༔ དེ་རྣམས་གང་ལ་འཕོ་ཡང་གོམས་པ་དང༔ སྤྱི་བོ་ན་བ་དང༔ ཚངས་བུག་ཁ་བྱེ་བ་དང༔ སྐྲ་འཕར་བ་དང༔ ཁྲག་ཐོན་པ་དང༔ ལུས་པོ་འདར་བ་དང༔ འགྱེལ་བ་དང༔ འཁྱོམ་པ་ལ་སོགས་པ་འབྱུང་ངོ༔ འཕོ་བའི་དུས་སུ་དཔག་ཆེན་གྱི་མདའ་བཏང་བ་ལྟར་ཤུགས་དང་བཅས་ཏེ༔ གང་ལ་ཡང་ཐོགས་པ་མེད་པར་འུར་སྒྲ་དང་བཅས་ནས་སོང་བར་བསྒོམ་མོ༔ ཐེངས་གསུམ་བས་མང་ན་ཐལ་ཉེན་ཡོད་པས་ཚོད་དང་སྦྱར་རོ༔ ཐལ་ན་ནི༔ ཕོའི་རྐང་མཐིལ་བརྡུང་ངོ༔ མོའི་པདྨའི་ཟེའུ་འབྲུ་ནས་འཐེན་པས་ཕེབས་སོ༔ འབེབ་པའི་དུས་སུ༔ ཀ་ཞེས་ཤུགས་དང་བཅས་པ་རེས་གསེར་གྱི་རྡོ་རྗེ་དེ་སྙིང་ཁར་རྩར་བསླེབས་པར་སྒོམ་མོ༔ དེ་ནས་མ་བཅོས་རང་ཐོག་ཏུ་ཀློད་ལ་བཞག༔ འདི་ཡང་ཆང་གིས་མྱོས་པའི་དུས་དང༔ ཁམས་འདུས་པའི་དུས་དང༔ ཉོན་མོངས་པ་འཁྲུགས་གཏུམ་པའི་དུས་སུ་གསལ་མི་གདབ་བོ༔ ཐལ་འགྲོ་བའི་སྐྱོན་ཡོད་དོ༔ དམ་ཚིག་ཏུ་ཚེས་བཅོ་ལྔ་ལ་དམིགས་པ་ཚར་རེ་མ་ཆག་པ་གལ་ཆེའོ༔ དེས་ནི་ཕ་མྱེས་ཀྱི་ཡུར་བ་ཆད་པ་གསོས་པ་བཞིན་ནམ་དགོས་སུ་དོན་འགྲུབ་པའོ༔ དེ་ནས་བསྔོ་བས་རྒྱས་གདབ་པ་ནི༔ ཨེ་མ༔ རང་དོན་ཆོས་སྐུ་ཐོབ་པར་གྱུར་ཅིག༔ གཞན་དོན་གཟུགས་སྐུ་ཐོབ་པར་གྱུར་ཅིག༔ འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག༔ དུས་གསུམ་བསགས་སོགས་དགེ་བ་རྣམས༔ འགྲོ་དྲུག་ཕ་མའི་དོན་དུ་བསྔོ༔ བར་དོ་མེད་པར་རང་གྲོལ་ནས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད་དོ༔ ཨེ་མ༔ འཕོ་བ་དཔག་ཆེན་མདའ་མོ་འདི༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཡིན༔ བསགས་པ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ ཟབ་རྒྱ༔ མི་སྤེལ་རྒྱ༔ མི་ནུབ་རྒྱ༔ ༔