Terdzo-KI-020

Revision as of 09:16, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
(diff) ← Older revision | Latest revision (diff) | Newer revision → (diff)
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ་

rdo rje phur bu yang gsang spu gri'i bsnyen yig rin chen snye ma

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  ཕུར་པ་ཡང་གསང་སྤུ་གྲི་ (Phur pa yang gsang spu gri)
Volume 31 (ཀི) / Pages 517-542 / Folios 1a1 to 13b6

[edit]

༄༅། །རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་བསྙེན་ཡིག་རིན་ཆེན་སྙེ་མ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སིདྡྷི་རསྟུ། རང་རིག་འ༵གྱུར་མེ༵ད་ཡེ་ཤེས་ཕུར་བུ་ཡིས། །སྲིད་ཞིའི་འཁོར་ལོ་མི་ཕྱེད་རྒྱས་འདེབས་པའི། །ཟུང་འཇུག་བདེ་ཆེན་རྡོ༵་རྗེ༵་གཞོན་ནུ་ཡི། །དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་བླ་མར་འདུད། །རྒྱུད་ཀྱི་རྒྱལ་པོ་རིག་མཆོག་འབུམ་སྡེའི་བཅུད། །ཡང་གསང་སྤུ་གྲིར་འབྲེལ་བ་ཕུར་པ་ཡི། །བསྙེན་ཡིག་སྐལ་བཟང་འདོད་པ་འཇོ་བའི་དཔྱིད། །རིན་ཆེན་སྙེ་མ་བཟང་པོ་དེང་འདིར་འཁྲུངས། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲི་འབར་བའི་བསྙེན་སྒྲུབ་བྱེད་པར་འདོད་པས། སྤྱིར་སྒྲུབ་ཐབས་ཀྱི་རྩ་ཐོ་ལས། གཞུང་དངོས་བྱང་ཆུབ་ནར་མ་དང༔ ཐུན་མོང་ཚོམ་བུར་སྒྲུབ་པ་ཆེ༔ གློ་བུར་ཅོག་བརྡུང་ལས་སྦྱོར་གསུམ༔ རེ་རེར་བསྙེན་སྒྲུབ་ལས་ཚང་བར༔ ཞེས་གསུངས་པ་ལྟར་སྒྲུབ་ལུགས་རྣམ་པ་གསུམ་ལས། འདིར་བདག་དོན་བྱང་ཆུབ་ནར་མར་སྒྲུབ་པའི་མན་ངག་ལྟར་ཉམས་སུ་ལེན་པ་ལའང་ནང་གསེས་ཀྱིས་བསྙེན་སྒྲུབ་ལས་གསུམ་དུ་གསུངས་པ་ལས། དང་པོ་བསྙེན་པ་ནི། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་ཡིད་བརྟན་པ། དད་བརྩོན་ཤེས་རབ་དང་ལྡན་པའི་རྟེན་གྱི་གང་ཟག་གིས་བསྙེན་པ་ལ་འཇུག་པའི་སྔ་རོལ་དུ། དཀོན་མཆོག་མཆོད་པ། གསུང་རབ་བཀླག་པ། སཱཙྪ། ཆུ་གཏོར་སོགས་རང་ངམ་གཞན་ལ་བཅོལ་བས་ཀྱང་རུང་སྟེ། རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་འགྲོ་བས། དབེན་ཞིང་ཤིས་ལ་ཡིད་དང་མཐུན་པའི་གནས་སུ་མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡབ་འཕར་དུ་ལྡང་བ། མཚམས་གཡོག་སྨན་པ་སོགས་མཚམས་ཁང་དུ་ཆུག་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་སྟ་གོན་བྱ་ཞིང་། འཇུག་པའི་དུས་ནི། ར་བ་བཞི་དང་འགྲིག་ན་རབ་མ་འགྲིག་ན་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་བརྒྱད་དུས་དགེ་བ་ལ། མགོ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་དགེ་ཞིང་ཤིས་པ་ནས་བརྩམ་སྟེ། གནས་དེ་སྒྲུབ་ཁང་གསར་པ་ཡིན་ན་ས་ཆོག་ཀྱང་སྒྲུབ་གཞུང་ལྟར་བྱ་དགོས་མོད། འདིར་རྙིང་པའི་དབང་དུ་བྱས་ཏེ། གནས་ཁང་ལ་ཕྱག་བདར་ལེགས་པར་བྱས་ལ། དེར་བདག་གི་རྣལ་འབྱོར་བཟླས་པའི་བར་མདོར་བསྡུས་པ་ཙམ་བསྒོམས་རྗེས་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ནས། དེ་ནས་བདག་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་ལངས་ཏེ། ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས། རྡོ་རྗེ་སྲིན་པོའི་ང་རྒྱལ་མཆོག་ཏུ་བརྟན་པོས་བཀའ་བསྒོ། དྲག་སྔགས་ཐུན་བྲབ་གུ་གུལ་གྱི་དུད་པས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་ཙཀ་ལི་རབ་གནས་ཅན་གཟུག །དེའི་མདུན་མཆོད་གཏོར་བཤམས་ལ། སྒྲུབ་གཞུང་ལྟར་བྱིན་བརླབ་ལྷ་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་རྣམས་བྱས་པས། འཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིའི་རྡོ་རྗེའི་གུར་ཕུབ་པར་བསམ་པ་ནི་ཕྱི་མཚམས་སོ། །དེ་ནས་ནང་མཚམས་ནི། སྤྲོ་ན་ཕྱོགས་སྐྱོང་ཕུར་གདབ་བྱ་བའམ་ཡང་ན་ལས་བྱང་གི་མགོའི་མཚམས་གཅོད་བྱ་ཞིང་། རྡོ་རྗེ་ཕུར་བུའི་ཚོགས་ཀྱིས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ། གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ། སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་ཡིན་པས་སུས་ཀྱང་གཞིག་ཏུ་མེད་དོ། །དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུག་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་སྤང་། སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱའོ། །དེ་ནས་བཅས་བཤམ་པ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་བིདྱོཏྟ་མ་ལས། གླིང་བཞི་པ་ཡི་བྷཉྫ་ལ། །འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས། །ཕུར་བུ་སྤུངས་ལ་བསྙེན་པ་བྱ། །ཞེས་གསུངས་པ་ལྟར། སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བྲིས་པའམ། རས་བྲིས་དགྲམ་པ་གང་བདེ་བྱ་ཞིང་། ཡང་ན་བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་འགྲུབ་ནའང་སྐྱོན་མེད། གང་ལྟར་ཡང་། དཀྱིལ་འཁོར་བཤམ་ན། དེའི་ལྟེ་བའི་གྲུ་གསུམ་མཐིང་ནག་གི་སྟེང་དུའམ། དཀྱིལ་འཁོར་མི་བཤམ་པའི་ཕྱོགས་ལ་སྟེགས་བུ་ཁེབས་ལྡན་བཀོད་ལེགས་པའི་སྟེང་དུ། ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ། བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་སོགས་ཚུལ་བཞིན་དུ་འདུ་བྱས་པའི་ཕུར་བུ་འབྱོར་ན་ལྷ་ཕུར་ཚང་བ་སྦམས་ཏེའམ། མ་འབྱོར་ན་གཙོ་ཕུར་ཉིད་བཙུགས་པ་བཀོད། དེའི་རྒྱབ་མདུན་གང་བདེར་རྙེད་ན་ཕོ་ཐོད་མཚན་ལྡན་དུ་སྙིང་པོའི་གཏའ་གཏོར་ཞེས་སྒྲུབ་གཏོར་ནི། དཔལ་གཏོར་ཆེ་བ་གཅིག་ལ་འཁོར་རང་འདྲ་བ་བཅུས་བསྐོར་བའི་རྩེར་སྐུ་རྟེན་བཙུགས་ཤིང་དར་ནག་གི་གུར་ཕུབ་པ་མཉྫི་ལ་བཀོད། དེའི་གཡས་གཡོན་དུ་སྟེགས་བུ་ཅུང་ཟད་དམའ་བར་ཡི་དམ་གྱི་མཆོད་གཏོར་དང་། ཕུར་སྲུང་སོགས་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་མ་རྣམས་ཀྱང་བཤམས་པའི་གཡས་སུ་ཨ་མྲྀཏ་བཏབ་པའི་སྨན་ཕུད། གཡོན་དུ་ཤ་ཆེན་དང་བཅས་པའི་རཀྟ། རྙེད་ན་དེ་གཉིས་ཀྱི་སྣོད་ཀྱང་རིམ་པར་མ་ནིང་དང་མོ་ཐོད་ཤིས། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཡོ་བྱད་སོགས་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲི། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་སོགས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས། ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པ་བྱ། བླ་མ་ཡི་དམ་གྱི་ལྷ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ལོ། །དེ་ནས་བསྙེན་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་འགོ་འཛིན་པར་གསུངས་པས་སང་ཞོགས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། ནམ་ལངས་པ་དང་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། སྔོན་འགྲོའི་ལས་བདུན་དང། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་དུ་གཞུང་བསྲངས་རྗེས། བཟླས་པ་ནི། ཕྲེང་བ་བྱིན་རླབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྐུ་ཕྱག་རྒྱ་ལ་དམིགས་པ། གསུང་ཡི་གེ་ལ་དམིགས་པ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔ྄་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་ཙམ་ཆ་རྩིས་ཏེ་གསལ་བཏབ་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བཟླ་སྟེ། བཟླ་བྱའི་སྔགས་ནི་ཛཔ྄་དགོངས་གསུམ་ཀ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿ ཞེས་སྲོག་སྔགས་འབྲུ་དགུ །ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་རྣམས་སྦྲེལ་བའི་འབྲུ་བཅུ་བདུན་པ་ཁོ་ན་ཆིག་དྲིལ་དུ་བཟླའོ། ཁྲོ་བཅུ་སོགས་འཁོར་སྔགས་རྣམས་ཐུན་མོང་ཚོམ་བུའི་བསྙེན་སྒྲུབ་སྐབས་གཙོ་བོའི་བཅུ་ཆ་རེ་བཟླ་བར་གསུངས་ནའང་བདག་དོན་བྱང་ཆུབ་ནར་མའི་སྐབས་འདིར་གཞུང་ལས་མ་བཤད་པས་བཟླ་མི་དགོས་ཤིང་། ཕྱག་བཞེས་འགར་བསྙེན་པའི་སྐབས་འདིར་འཕྱོང་སྔགས་འབྲུ་གསུམ་འདོགས་མི་དགོས་པར་བཞེད་པ་ནི། ཐུན་མོང་ཚོམ་བུའི་སྒྲུབ་པའི་ནང་ཚན་གྱི་བསྙེན་པའི་ཤན་ཤོར་བ་ཡིན་གྱི། འདིར་བདག་དོན་གྱི་དཀྱུས་སུ་བཀོད་པའི་སྔགས་བྱང་ལ་འབྲུ་བཅུ་བདུན་པ་ཉིད་ཡོད་པས་འཕྱོང་སྔགས་སྦྲེལ་བ་འཐད་དོ། །དེའང་ཧ་ཅང་སྔགས་མྱུར་བ་དང་། བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་གཉིད་རྨུགས་སོགས་བྱིང་བ་དང་། སེམས་འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ་ཅིང་། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་བསྡུས་པ་རེ་བྱས་ནས། ཧཱུྃ་གསུམ་གྱིས་དཀྱིལ་འཁོར་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་། ཕཊ་གསུམ་གྱིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །དེ་ལ་ཐུན་གཅོད་ཚུལ་ནི། བདག་དོན་དུ་ཐུན་བཞིར་གསུངས་པ་ཙམ་ལས་གསལ་ཁ་མེད་ཅིང་། ཚོམ་བུའི་སྒྲུབ་གཞུང་དུ་སྔ་དགོང་གཉིས་དང་། གུང་གཉིས་ཏེ་བཞིར་བཤད་ནའང་། བདག་དོན་གྱི་སྐབས་འདིར་སྤྱི་འགྲོ་ལྟར་བྱས་ཀྱང་མི་འགལ་བས། ཉིན་གཉིས་པ་མན་ཆད་ཐོར་ཐུན་གྱི་འགོར་སྔོན་འགྲོའི་ལས་བདུན་ཚང་བར་བྱ་ཞིང་། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་ཀྱང་བྱ། ཉིན་དང་པོའི་དགོང་ཐུན་དང་སྲོད་ཐུན། ཉིན་གཉིས་པ་མན་ཆད་སྔ་དགོང་སྲོད་ཀྱི་ཐུན་གསུམ་གྱི་འགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་ངེ་འཛིན་གསུམ་ལ་འཇུག་པས་ཆོག་ཅིང་། ཕྲེང་བ་བྱིན་རླབས་ཀྱང་མི་དགོས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབས་ཚེ་བསྙེན་པ་འགྲོ་ཆེ་ཁྱད་ཀྱིས་ཕྱི་ཐུན་གསུམ་པོར་མངོན་རྟོགས་ཀྱི་སྒོམ་བྱང་རྣམས་དོར་ནས་སོ་སོའི་བསྐྱེད་སྔགས་ཀྱི་མཇུག་ཏུ་ལས་བྱང་རྩ་བའི་གསལ་གདབ་ཀྱི་ཚིག་རྣམས་ལ་ཞུགས་ཀྱང་མི་འགལ། གང་ལྟར་ཡང་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གཏོར་བསྔོ་རྣམས་བྱ་ཞིང་། འབྱོར་ན་ཕུར་པ་རང་གཞུང་གི་རྒྱུན་གཏོར་རེ་དང་ཚོགས་མཆོད་རེ་ཡང་བྱ། གལ་ཏེ་མ་འབྱོར་ན་ཚུགས་གྲོལ་ཉིན་གཉིས་ཀྱི་ཐུན་ཐོག་མཐའ་དང་། ངོ་གཉིས་ཀྱི་བརྒྱད་དང་ཉ་སྟོང་སྟེ་དུས་བཞི་ལ་ཆག་ཏུ་མི་རུང་། ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་བྱེད་རྒྱུ་ཡོད་ན་ཐུན་མཚམས་གང་བདེར་བྱས་པས་ཆོག་ཅིང་། གཞན་དུ་ན་ཐུན་མཚམས་ལ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཞིང་གྲངས་ཚད་ལ་མི་བརྩི། ཁམས་གསེང་བ་སོགས་ཀྱི་དུས་ཕྲེང་བ་ལ་མདུད་པ་རྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་། གཞན་འགྲོ་འཆག་མང་པོ་སྤངས་ཏེ་སྟན་གྱི་དྲོད་མ་ཡལ་བ་གལ་ཆེ། སྲོད་ཐུན་གྱི་མཐར་དཀྱིལ་འཁོར་ཡོངས་རྫོགས་སམ། སྔར་བསྡུས་ནས་གཏོར་བསྔོ་སོགས་བྱས་པ་ཡིན་ན་ཐུན་མཚམས་ཀྱི་ལྷ་དེའང་འོད་གསལ་དུ་བཅུག་སྟེ། བརྗོད་མེད་བསམ་འདས་ཆོས་ཉིད་བདེ་ཆེན་གྱི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། ཐོ་རང་གཞོམ་མེད་སྔགས་ཀྱི་རང་སྒྲ་གྲགས་པས་གཉིད་སད་པར་མོས་ལ། སྣང་གྲགས་རིག་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་ལྷག་གེར་རྒྱས་བཏབ་སྟེ་ལྡང་ཞིང་། ཐུན་མཚམས་སུ་བཟའ་བཏུང་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་པ་སོགས་ཉལ་ལྡང་འགྲོ་འདུག་ཟ་གྱོན་གྱི་རྣལ་འབྱོར་དང་ལྡན་པས་བྱེད་སྤྱོད་ཐམས་ཅད་དོན་ཡོད་པར་བྱ་སྟེ། བི་དྱོཏྟ་མ་ལས། བཟའ་བཏུང་གོས་རྒྱན་རིམ་པ་དང༔ འགྲོ་ཉལ་འདུག་ལྡང་རྒྱུན་ཏིང་བྱ༔ ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བསྙེན་པའི་བསླབ་བྱ་ནི། བདག་དོན་གྱི་སྒྲུབ་གཞུང་ལས། བསྙེན་པ་མ་རྫོགས་བར་དུ་གནས་སྤོས་ན་དངོས་གྲུབ་བོ་ཟག་དོན་མེད་དུ་འགྱུར་བས་གནས་མི་སྤོ༔ ཞེས་དང་། ཡང་དེ་ཉིད་དུ། བི་ཏོ་ལས། མི་བཀོལ་མི་བཤད་གཞན་མི་བསམ༔ ཞེས་པས་བསྙེན་པའི་མཚན་རྟགས་མ་ཐོན་བར་དུ་ལྷ་ཉིད་མི་བཀོལ་ཏེ༔ གཞན་གྱི་ནད་པ་གདོན་ཅན་ཀུན་ལ་ལྷ་དེའི་སྒོ་ནས་བྱིན་རླབས་མི་བྱ༔ བྱས་ན་བོ་ཟག་མཚན་མ་འགྲིབ་པས་སོ༔ ཟས་གོས་ཀྱང་རང་དབང་རྫས་ལ་བརྟེན་པ་འགྲུབ་ཉེ༔ སྙིང་པོའང་སྒྲུབ་པའི་དུས་མ་ཡིན་པ་གཞན་ལ་མི་བཤད་དོ༔ མི་བསམ་ཞེས་པས་སེམས་རྩེ་གཅིག་ཏུ་ཡི་དམ་གྱི་ལྷ་ལ་དམིགས་པ་མ་གཏོགས་བཟང་ངན་རྟོག་ཚོགས་གང་ཡང་ཡིད་ལ་མི་བྱ༔ ཐ་མ་ལྟ་རྟོག་ཡི་གེའི་རིས་ལ་སོགས་པ་གཡེང་བ་སྤངས་ཏེ་ས་སྡེ་གཟུག་པར་བྱའོ༔ ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་རྟགས་ཀྱི་བསྙེན་པ་གསུམ་གང་རུང་བྱ་སྟེ། དེ་ལ་དུས་ནི། དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང༔ ཞེས་པས་རང་གི་ནུས་པ་དང་སྦྱར་ཏེ། ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ཇི་ལྟར་དམ་བཅས་པ་ལས་མ་འདས་པར་བྱ་སྟེ། འདིའི་སྒྲུབ་པའི་སྐབས་སུ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ༔ ཞེས་པས་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག་ཡན་ཆད་དམ། ཡང་ན་བསྙེན་སྒྲུབ་སྤྱིར་ཟླ་བ་དྲུག་གི་དབང་དུ་བྱས་ཏེ། འདིར་བསྙེན་པ་ལ་དེའི་ཕྱེད་ཆ་ཟླ་བ་གསུམ་ཡན་ཆད་དོ། །གྲངས་ཀྱི་བསྙེན་པ་ནི། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ནས༔ འཛབ་གྲངས་བདུན་འབུམ་ཉི་ཁྲི་གདོན༔ ཞེས་པ་ལྟར་གྲངས་ཚད་བདུན་འབུམ་ཉི་ཁྲི་ཡན་ཆད་དོ། །མཚན་མའི་བསྙེན་པ་ནི། ཏིང་ངེ་འཛིན་གྱི་མཚན་མའམ་ཕྱི་རོལ་གྱི་རྟགས་གཅིག་མ་ཐོན་གྱི་བར་དུ་བསྙེན་པ་མི་གཏོང་བ་སྟེ། ཇི་སྐད་དུ་བདག་དོན་སྒྲུབ་གཞུང་ལས། དེ་ལྟར་བསྙེན་པའི་དྲོད་དམ་མཚན་རྟགས་ནི༔ ཉམས་རྟོགས་འབར་བ༔ སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ༔ རྨི་ལམ་དུ་མཆོད་རྟེན་གྱི་རྩེ་དང༔ རི་བོའི་རྩེར་འདུག་ཅིང་དར་ཕྱར་བ༔ ཉི་ཟླའི་སྟེང་ན་འདུག་གམ་ཉི་ཟླ་ལུས་ལ་ཤར་བ་དང༔ དངོས་སུ་ལྷ་ཉིད་གྱད་དུ་གྱུར་པ་དང་ཞལ་མཇལ་ལམ་བཞད་པ་དང༔ རྨི་ལམ་དུ་རྔ་ཆེན་བརྡུང་བ་དང༔ དུང་འབུད་པ༔ འོད་དང་ལྷ་མོས་གཟུགས་སྟོན་པ་དང༔ འགྲོ་བའི་དེད་དཔོན་བྱེད་པ་རྨི་བ་ལ་སོགས་པ་མཚན་མ་བཟང་པོ་རང་ཉམས་ཀྱིས་རིག་པ་ཕྱོགས་མེད་དུ་འབྱུང་ངོ༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒྲུབ་པ་ནི། བགེགས་གཏོར་གཏང་ཞིང་ཕྱི་ནང་གི་མཚམས་གཅོད་སོགས་བསྙེན་སྒྲུབ་སྦྲེལ་མའི་སྐབས་འདིར་སྔར་སོང་བས་གོ་བཅད། ཆག་ཆག་གདབ་པ། ཐིག་ཚོན་བྱིན་རླབས་ལྡན་པས་དཀྱིལ་འཁོར་བྲི་བ། ཕུར་བུ་བྱིན་གྱིས་བརླབས་ཏེ་དགོད་པ། རྒྱན་རྫས་དགྲམ་པ་རྣམས་གཞན་དོན་ཚོམ་བུའི་སྒྲུབ་གཞུང་ལྟར་བྱ་བ་ཡིན་མོད། དེ་ཙམ་མ་ལྕོགས་ན། སྔར་བསྙེན་དུས་དཀྱིལ་འཁོར་བཤམས་ཚེ། དེ་ཀའི་སྟེང་དུ་སྦམ་ཕུར་བཀོད་པས་གོ་བཅད། གལ་ཏེ་སྔར་ཐོད་དཀྱིལ་ཁོ་ནར་བརྟེན་པ་ཡིན་ན། འདིར་རས་བྲིས་བཀྲམ་པའི་སྟེང་སྔར་གྱི་ཐོད་པའི་དཀྱིལ་འཁོར་ལ་ལྷ་ཕུར་ཚང་མ་སྦམས་ཏེ་བཙུགས་པ་ཉིད་བཀོད། སྔར་གཙོ་ཕུར་ལས་མེད་ན་སྐབས་འདིར་ལྷ་ཕུར་ཚང་མའམ། མ་འབྱོར་ན་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཚོན་སྤུང་ངམ་ཕྱག་མཚན་ནམ་འབྲུའི་ཚོམ་བུ་བཀོད། སྒྲུབ་གཏོར་དང་ཆོས་སྲུང་གི་གཏོར་མ་སྨན་རཀ་རྣམས་སྔར་གྱི་དེ་ཀ་གསོས་པས་ཆོག །སྐབས་འདིར་ཕྱི་ནང་གི་མཆོད་པ་དང་དཀྱིལ་འཁོར་གྱི་རྒྱན་ཅི་འབྱོར་བཀྲམ། དེ་ལྟར་གྲབ་ཤོམས་ཚར་བའི་ནུབ་རྒྱུན་བསྙེན་མ་ཆག་ཙམ་བཟླས་རྗེས་ཉལ། སང་ཉིན་ཞོགས་ཐུན་ནས་བརྩམ་སྟེ། སྔོན་འགྲོའི་ལས་བདུན་སྔོན་དུ་འགྲོ་བས། ཏིང་འཛིན་རྣམ་གསུམ་ནས་བཟུང་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དབྱེར་མེད་དམ་ཚིག་གི་འཁོར་ལོར་བསྐྱེད་པའི་ཁྱད་པར་ཙམ་མ་གཏོགས། གཞན་བསྟོད་པའི་བར་བསྙེན་པ་ལྟར་ལས་གཞུང་བསྲང་ཞིང་སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་བསྙེན་དུས་ལྟར་སྔོན་དུ་བཏང་རྗེས། འདིར་ཡོན་ཏན་ལ་དམིགས་པའི་ཛཔ྄་དགོངས་གཙོ་བོར་བྱ་སྟེ། དེའི་དམིགས་པ་ནི། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛཿས་ཕྱེས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས། བདག་ཉིད་ཀྱི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་འབྲུ་དགུའི་རྣམ་པ་མང་པོ་སྤྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང། གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་གྱི་ཕུར་བུ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང་། བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཡང་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་འགལ་མེ་ལྟར་འཁོར་བ་ལ་དམིགས་ནས་ཛཔ྄་བཟླ་ཞིང་ཐུན་མཐར་མཆོད་བསྟོད། ཐུན་བཞི་གཅོད་ཚུལ་དང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་སོགས་སྔར་བསྙེན་པ་ལྟར་ལས། འདིར་སྲོད་ཐུན་ལྟ་བུའི་ཐུན་གཅིག་ལ་ཚོགས་གཏོར་ཡང་ཅི་འགྲུབ་བྱ་ཞིང་ལྷག་མ་བཙོན་དུ་འཛིན་པ་སོགས་སྤྱི་ལྟར་རོ། །ཚུལ་དེས་སྒྲུབ་པ་རྫོགས་པར་ཉེ་བའི་མཐའི་ཞག་བདུན་གསུམ་ཙམ་གྱིས་རིང་སྔར་སྐུ་གསུང་ཐུགས་ཡོན་ཏན་བཞིའི་ཛཔ྄་དགོངས་དང་ལྡན་པས་ཛཔ྄་བཟླས་མཐར་དམིགས་པ་འདི་ཉིད་བསྣན་ཏེ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་གཟི་མདངས་བསྐྱེད། བཅུད་སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས། མཉེས་མཆོད་ཕུལ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་རྟེན་རྫས་ཐམས་ཅད་ལ་ཐིམ་པས་འཕར་འཁྲབ་ཁོལ་ཞིང་དྲི་བཟང་དང་དུ་བ་སོགས་འབྱུང་བར་བསམ་ལ་བཟླའོ། །དེ་ཡང་བདག་དོན་གྱི་སྒྲུབ་གཞུང་ལས། དེ་ལྟར་ཞག་སུམ་ཅུ་རྩ་དྲུག་གམ༔ མཚན་མ་མ་བྱུང་བར་དུ་ཏིང་ངེ་འཛིན་གྱི་འཕྲོ་འདུ་དེ་དག་དང་བཟླས་བརྗོད་ཁོ་ན་གཙོ་བོར་བྱས་ཏེ་བསྒྲུབས་པས༔ བསྙེན་དུས་ཀྱི་རྟགས་མ་རྫོགས་པ་ཀུན་རྫོགས་པར་འབྱུང་ལ༔ གྲུབ་རྟགས་རབ་འབྲིང་ཐ་གསུམ་གང་ཡང་འབྱུང་སྟེ༔ རབ་རྣམ་སྨིན་གྱི་ལུས་འདི་ཉིད་ལྷར་འགྱུར་བའམ༔ མ་གྱུར་ཀྱང་སེམས་ཉིད་ལྷ་སྐུར་འདུ་འབྲལ་མེད་པ་འབྱུང༔ འབྲིང་དུ་ཞལ་མཐོང་བ༔ ཆོས་གསུང་བ༔ ངག་བདེན་པ་འགྲུབ་པ་འབྱུང༔ ཐ་མའང་དགྲ་བགེགས་ཚར་གཅོད་ནུས་པ་འབྱུང་ངོ༔ དེའི་ཚེ་རྟེན་ཕུར་རྣམས་སྤྱི་གཙུག་མགྲིན་པ་སྙིང་གར་གཏུགས་ཤིང༔ སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པར་གསོལ་བ་གདབ་བོ༔ ཞེས་གསུངས་པ་ལྟར། དུས་གྲངས་ཀྱི་བརྩི་ལུགས་སྔར་བསྙེན་པར་བཤད་པ་བཞིན་དང་། མཚན་མ་ནི་བཤད་མ་ཐག་པ་ཉིད་ཡིན་ཅིང་། དེར་མ་ཟད་གྲུབ་པའི་རྟགས་ཕུར་བུ་འཕར་ཞིང་མེ་ལྟར་འབར་ན་རིག་འཛིན་གྱི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་ཀྱི་ཞལ་མཐོང་བ་སོགས་འབྱུང་། འབྲིང་དུ་བ་བྱུང་ན་མི་སྣང་བ་སོགས་དང་། དྲོ་བར་གྱུར་ན་རྐང་མགྱོགས་སོགས་ཀྱི་དངོས་གྲུབ་ཐོབ་པར་གསུངས་མོད། དེ་ལྟར་མ་གྲུབ་ནའང་། ཐ་མ་ཞི་རྒྱས་སོགས་ལས་ཕྲན་ཚེགས་རྣམས་བཏབ་པ་ཙམ་གྱིས་འགྲུབ་པར་འགྱུར་ཞིང་། གལ་ཏེ་མཚན་མ་ལ་དམ་འཆའ་བ་སྨིན་སློབ་ཏུ་བྱེད་པའི་ཚེ་རྟགས་མཚན་རབ་འབྲིང་ཐ་གསུམ་གང་རུང་མ་བྱུང་ན། སྤོགས་པའི་ཆོ་ག་ནི། བསྙེན་སྒྲུབ་ལན་གསུམ་བསྐྱར་བས་འབྱུང་བར་འགྱུར་རོ། །གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཆེན་པོའི་ཡན་ལག་དངོས་གྲུབ་ལེན་པ་སྟེ། དེའང་གྲུབ་པའི་མཚན་མ་མཐོང་བའམ། དུས་གྲངས་རྫོགས་ནས་དངོས་གྲུབ་ཀྱི་རྫས་གསག་པ་ནི། མཆོད་གཏོར་བཟང་དུ་བཤམ། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨ་མྲྀཏ་དང་མངར་གསུམ་བཏབ་པ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་བཞག །སྣོད་བཟང་པོར་ཕྱེ་མར་ཨ་མྲྀཏ་དང་སྤོད་ཀྱིས་བྲན་པ་ལ་དངོས་གྲུབ་ཀྱི་རྫས་དབུས་སུ་རིན་ཆེན་འབར་བའི་ནང་དུ་འདོད་དོན་གྱི་གསོལ་བྱང་བཅུག་པ། དེའི་ཤར་དུ་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་ཟུར་གསུམ་རྣམས་བཀོད། རིལ་བུ་དང་གདར་བུ་ཅི་རིགས་པས་ཟླུམ་ཐབས་སུ་བསྐོར་བ་དང་ཚེ་འབྲང་དང་ཚེ་ཆང་ཡང་བཤམས་ལ། ནུབ་ཐ་མའི་ཐོར་ཐུན་ལ་སྔོན་འགྲོའི་ལས་བདུན་ནས་བརྩམ་བཟླས་པ་ཡང་སྔར་གྱི་དཀྱུས་བཞིན་བྱས་ཏེ་ཚོགས་ཀྱི་བར་ལས་གཞུང་བསྲངས་རྗེས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔ྄་དགོངས་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབ་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་དུང་ཁང་དུ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་ཡུམ་གྱི་མཁར་བབས། དཀར་དམར་འདྲེས་ནས་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ། བདག་གི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ལ་ཐིམ། བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། ཀཱི་ལ་ཡ་འབྲུ་བཅུ་བདུན་པ་ལ་ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛ་ཧཱུྃ་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ་ཞིང་། སྒྲུབ་པའི་མཇུག་ཏུ་བསྣན་པའི་ཡོན་ཏན་གྱི་ཛཔ྄་དགོངས་ཀྱི་དམིགས་པ་ཕྱི་མ་དེས་དངོས་གྲུབ་ཀྱི་རྫས་རྣམས་ལ་འཕྲོ་འདུ་བྱས་པས། རྫས་རྣམས་རབ་འོད། འབྲིང་ཁོལ། ཐ་མ་རླངས་སམ་དྲི་བྱུང་བའམ། གལ་ཏེ་དེ་ཙམ་མ་བྱུང་ནའང་ཐོར་ཐུན་གྱི་མཐའི་སྐྱ་རེངས་ཤར་བ་དང་དངོས་གྲུབ་བླངས་ཏེ། ཀ་པཱ་ལ་མཚན་ལྡན་དུ་རཀྟ་སྣ་ཚོགས་དང་། ཨ་མྲྀཏ་ཆང་དང་མངར་གསུམ་སྦྱར་བ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་པ་ལག་ཏུ་ཐོགས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང༔ སྲས་མཆོག་སྒོ་བཞི་སྲུང་མར་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ འདིར་གཤེགས་ཕོ་བྲང་གཉན་པོར་བཞུགས༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧོ༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས༔ དང་པོ་ཆོས་དབྱིངས་ཡེ་ཤེས་ལྷ༔ བར་དུ་བདག་གི་ཡི་དམ་ལྷ༔ ད་ལྟ་ལྷ་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་མཁའ་དབྱིངས་སུ༔ སྨན་རཀ་བདུད་རྩི་སྦྱར་བས་མཆོད༔ མཆོད་འབུལ་ཛཔ྄་དགོངས་དངོས་གྲུབ་སྩོལ༔ ཞེས་མཐེབ་སྲིན་གྱིས་གཏོར་ཞིང་། སོ་སོའི་མཚན་མཐར་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་སྦྱར་ལ་དབུལ་ལོ། །དེ་ནས་དངོས་གྲུབ་ཀྱི་རྫས་ཐོགས་ལ། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེ་ཕུར་བུའི་ལྷ་ཚོགས་དགོངས༔ དང་པོ་བསྙེན་པའི་དབུ་བཙུགས་ནས༔ དོ་ནུབ་ཕན་ཆད་ཞག་གྲངས་ཐེམས༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང༔ འགྲོ་བ་མ་ལུས་བསྒྲལ་སླད་དུ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་སྦྱོར༔ གསང་བ་བྱང་སེམས་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང༔ ཟ་བྱེད་གསོད་བྱེད་སྤྲུལ་པར་བཅས༔ ཕྱོགས་བཅུར་དབང་དང་ཕྱོགས་སྐྱོང་འདུལ༔ དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ༔ དཔལ་ཆེན་སྐུ་གསུང་ཐུགས་ལས་འཁྲུངས༔ ཁྲོ་རྒྱལ་འབུམ་བས་མཐུ་སྟོབས་འཕགས༔ ཁྲོ་རྒྱལ་ཀུན་འདུས་ཀཱི་ལ་ཡ༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་ལྷ་ཕུར་བཞི༔ བསྙེན་ཅིང་བསྒྲུབས་པའི་ལྷ་ལགས་ཀྱིས༔ ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ དཔལ་གྱི་བཀའ་ཉན་སྒྲུབ་མཆོག་སྐྱོང༔ ཤྭ་ན་བདག་ཉིད་ས་བདག་བཞི༔ ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས༔ མཐུ་བྱིན་དྲེགས་པའི་དངོས་གྲུབ་སྩོལ༔ བསེ་ལྕགས་དུང་གསུམ་སྐྱེས་བུ་གིང༔ མ་བདུན་སྲིང་བཞི་དབང་ཕྱུག་ཚོགས༔ དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད༔ ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་གུ་ཎ་ཕ་ལ་ཧོ༔ སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཨ་ཨ་ཨ༔ ཞེས་པས་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་བསམ། དེའི་ཚེ་སྒྲུབ་རྟེན་ཕུར་བུ་རྣམས་འཕར་ཞིང་འབར་བ་དང་དུ་བ་སོགས་ཀྱི་རྟགས་བྱུང་ན་ཐེ་ཚོམ་མེད་པར་ལྷ་ལ་ཕྱག་བྱས་ནས་ལག་གཡས་པས་བླངས་ཏེ་དངོས་གྲུབ་བླང་བ་ཡིན་མོད། རྟགས་མཚན་མངོན་དུ་མ་བྱུང་ནའང་འདིར་རང་གི་གནས་གསུམ་དུ་གཏུགས་ཤིང་། རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་བཏབ། སྒྲུབ་གཏོར་ལྷར་གསལ་བའང་གནས་གསུམ་དུ་རེག་་ཅིང་དབང་བླངས་ནས་ལྷ་ཞུ་བའི་གཏོར་རྫས་བདུད་རྩིར་མོས་ནས་མྱང་བས་རྩ་ཁམས་ལ་ཡེ་ཤེས་ཀྱིས་ཁྱབ་པར་བསམ། དེ་ནས་དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ་དང་། གཅིག་རིག་འཛིན་ལ་འབུལ། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། དེ་ནས་ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ་ཞིང་། དེ་ཉིན་ལྷག་ཆོག་དང་སྦྲེལ་ཏེ་སྔར་གྱི་ལྷག་མ་རྣམས་ཀྱང་བཏང་ལ་སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་གི་འོག་ཏུ་སྒྲུབ་གཞུང་ལྟར་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་དུས་རྫས་ལ་འབུལ། ཆ་གཅིག་གཏོར་མ་གཞན་རྣམས་དང་བསྡེབས་ནས་ཕྱིར་བསྣུར་ཏེ་ཐ་ཚིག་བསྒྲག་ཅིང་བརྟན་སྐྱོང་བྱས་ལ་གཏང་། གཏོར་ཟོར་འཕངས་ནས་ལས་བཞིའི་བྲོ་དང་ཚེ་འགུགས། དེ་ནས་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལངས་པས་རྟག་ཆད་ཀྱི་མཐའ་བསལ་ནས། ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར། བསྔོ་སྨོན་དང་ཤིས་པ་བརྗོད་པས་ཀྱང་མཐའ་བརྒྱན། དེ་རྗེས་ཁ་སྐོང་གི་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་གསག་ཅིང་། ཐོ་ལ་མཆོད་གཏོར་སྔར་བཞིན་ཕུལ་ནས། གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་བསྲུང་བ་རྣམས་སྤྱི་ལྟར་ཤེས་པར་བྱའོ། །འདི་ནི་སྟོད་ལས་ཀྱི་བསྙེན་སྒྲུབ་རྐྱང་པ་བྱེད་པའི་ལུགས་ཏེ། གང་ཟག་གཅིག་གིས་ཉམས་སུ་བླང་བདེ་བར་གསུངས་པ་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་ཁ་གཙང་ལ་བརྟེན་པའི་རིམ་པའོ།། ༈ །།ཡང་བདག་གཞན་ཐུན་མོང་དུ་བྱང་ཆུབ་བསྒྲུབ་ཅིང་བར་ཆད་འདུལ་ཕྱིར་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་ཀྱི་ལུགས་ཉམས་སུ་ལེན་པར་འདོད་ན། སྨིན་སློབ་ཏུ་ལོ་ཟླ་སྦྲེལ་ཏེ་སྒྲུབ་པ་ལ་ཚོམ་བུའི་འཁོར་དུས་དབང་གིས་རྙེད་དཀའ་བས། སྒྲུབ་གྲོགས་ཞི་དུལ་དམ་ཚིག་གཙང་བ་ལ་བསྟེན་ནས། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་སྟེ། གནས་གསར་པ་ཡིན་ན་ས་ཆོག་དང་། གཞན་ཡང་ལྷ་སྟ་གོན། སྒྲུབ་གྲོགས་ཡོད་ན་གསར་རྙིང་གི་ཁྱད་པར་ཤེས་པས་བསྲེ་བ་དང་བསྣན་པ་སྔོན་དུ་འགྲོ་བས། དངོས་གཞི་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་པ་ལ། ཕྱི་ནང་གསང་བའི་མཚམས་བཅད། དམ་སྲི་མནན་ཅིང་སྒོ་བསྲུང་། མ་ཏྲཾ་བསྒྲལ་བ་རྣམས་བྱས་ནས། སྟེགས་བུ་ལ་ཆག་ཆག་བཏབ་སྟེ་ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གྲུ་གསུམ། ཟླ་གམ་གསུམ། ཐོད་ར། རིན་ཆེན་ཆ་བརྒྱད་ཀྱི་རྣམ་པ་ཅན་བཞེངས་པའམ་ཡང་ན་རས་བྲིས་བཀྲམ་པ་ལ། དཀྱིལ་འཁོར་གསུམ་ལས་བཞི་སྒོ་སྐྱོང་དམ་ཅན་དང་བཅས་པའི་ཕུར་བུ་བྱིན་གྱིས་བརླབས་ཏེ་སོ་སོའི་གནས་སུ་བཀོད། སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་རྒྱན་དགྲམ་པ་སོགས་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། སྔོན་འགྲོའི་ལས་བདུན་དང་རྟགས་གདབ་རྗེས། ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་གཞུང་བསྲང་བ་སྟེ། དེའང་ནངས་ནུབ་དང་གུང་གཉིས་ཏེ་ཐུན་བཞིར་བཅད་པའི་ནམ་ལངས་ཀྱི་ཐུན་འགོར་སྔོན་འགྲོའི་ལས་བདུན་དང་། མཚན་མོའི་གུང་ཐུན་གྱི་མཐར་རྗེས་ཀྱི་ཆོས་བདུན་སྦྱར་ཞིང་། གཞན་རྣམས་ལ་ཏིང་ངེ་འཛིན་གསུམ་ནས་བསྟོད་པའི་བར་སོང་རྗེས། སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་དང་ལྡན་པས་ཐུན་རེར་གཙོ་བོའི་སྔགས་སྟོང་རེ། ཁྲོ་བཅུ་བརྒྱ་རེ། སྲས་མཆོག་སོགས་ལ་ལྔ་བཅུ་ཙམ་རེ་བཟླ་ཞིང་། བསྙེན་པའི་སྐབས་འདིར་ཐམས་ཅད་ལ་འཕྱོང་སྔགས་འབྲུ་གསུམ་ཡང་མི་སྦྲེལ། ཐུན་མཐར་སྟོང་ཚིགས་ཀྱི་མཆོད་པ་དང་དངོས་གྲུབ་བསྐུལ་པ་རྣམས་སྒྲུབ་གཞུང་ལྟར་བྱའོ། །གཉིས་པ་སྒྲུབ་པ་ནི། བསྙེན་པ་ཐོན་ནས་ཕུར་བུ་རྣམས་སྣོད་འབྲུ་ནག་གིས་གང་བར་བཙུགས་ཏེ་ཉེ་ལོགས་སུ་བཞུགས་སུ་གསོལ་ལ་ཛཔ྄་དང་མཆོད་བསྟོད་བྱ་ཞིང་། གྲུབ་ན་སྒྲུབ་པའི་དཀྱིལ་འཁོར་མཚན་ཉིད་ཚང་བ་བཞེངས་པའམ་རས་བྲིས་བཀྲམ། གལ་ཏེ་མ་གྲུབ་ན་ཕོ་བྲང་གི་དབུས་སུ་ཨེ་ཁྲོམ་དུ་བསྒྱུར་བ་ཙམ་བྱས་ཏེ། ཕུར་བུ་སོགས་རྒྱན་རྫས་རྣམས་བཀྲམ་ལ་བྱིན་ཕབ་ནས། ཐུན་བཞིར་ལས་གཞུང་བསྲང་བ་བསྙེན་པ་ལྟར་ལས། སྔར་གྱི་ཛཔ྄་དགོངས་གསུམ་གྱི་སྟེང་དུ། ཡོན་ཏན་ལ་གཉིས་ཀྱི། རྒྱུན་ཛཔ྄་ཀྱི་དགོངས་པ་ཐུགས་ཀ་ནས་ལྟེ་བར་འཁོར་བའི་དོ་ལིའི་དམིགས་པ་དང་། མཇུག་ཏུ་སྦྲེལ་རྒྱུ་བདག་རྫས་ལ་འཕྲོ་འདུའི་ཛཔ྄་དགོངས་རྣམས་སྔར་ལྟར་ཤེས་པར་བྱས་ཏེ། འདིར་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ལ་ཛཿཧཱུྃ་ཨཱཿསྦྲེལ་ཞིང་། གྲངས་ཀྱི་ཆ་རྩི་ཚུལ་བསྙེན་པ་ལྟར་དང་། སྤུ་གྲིའི་སྔགས་བཟླས་པས་ཀྱང་ཐུན་དང་གདབ་ཕུར་ལ་བསྔགས་ནས། བཤགས་པ་བྱ། མཚན་གུང་གི་ཐུན་ལ་ཚོགས་དང་སྦྲེལ་ནས་སྐོང་ཟློག་ལིང་ག་བཅས་ནས་དཔང་གཟུག་པ་སོགས་ཉུ་ལེ་བཟློག་པའི་ཕྱིར་ཕུར་བསྐོར་བྱ་བའི་བར་སྒྲུབ་གཞུང་ལྟར་རོ། །གསུམ་པ་ལས་སྦྱོར་ནི། དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བྲུབ་ཁུང་བཅས་པའི་ནང་དུ་ལིངྒ་བྱད་ཐག་སྔོ་དམར་གྱིས་དཀྲིས་ཤིང་ཡུག་སྐྲ་སྐེ་ལ་བཏགས་པ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་ལ་གཏོད་ནས། ཐུན་བཞིར་ལས་གཞུང་བསྲང་བ་དང་། དངོས་གྲུབ་ལ་དམིགས་པའི་སྐུ་གསུང་ཐུགས་ཛཔ྄་རྣམས་སྔར་ལྟར་དང་། ཁྱད་པར་མངོན་སྤྱོད་དྲག་པོ་ལ་དམིགས་པའི་སྒྲོལ་བའི་ཛཔ྄་དགོངས་སྦྱར་ཏེ། གཙོ་བོ། སྲས་མཆོག །དམ་ཅན་རྣམས་ཀྱི་སྔགས་མཇུག་ཧཱུྃ་ཕཊ་ཀྱི་གོང་དུ་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཞེས་དང་། ཁྲོ་བཅུའི་གརྫ་གརྫ་སོགས་ལས་སྔགས་ཀྱི་གོང་དུ་དགྲ་བགེགས་ཆེ་གེ་ཞེས་གཞུག །གཙོ་བོར་སྤུ་གྲི་དྲག་སྔགས་འདུས་པ་ལ་སྒྲིལ་ཞིང་། མཇུག་ཏུ་ར་མདའ་རློག་ཅིང་ཕོ་ཉས་འགུགས་པ་རྣམས་དྲག་ཏུ་བྱ། རྟགས་མཐོང་ནས་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པར་ལྡན་པས་བླ་རྒྱུ་བའི་དུས་གནད་དང་བསྟུན་ཏེ་བསྒྲལ་བའི་ལས་ལ་སྦྱར་ཞིང་། ནུབ་ཐ་མའི་ཐོ་རེངས་དངོས་གྲུབ་བླང་བའི་ཆོ་ག་སྔར་ལྟར་བྱས་རྗེས། ལིང་རོ་ལ་བརྟེན་ནས་བྲོས་ཚར་གཅད་པ། སྲེག་འཕང་མནན་པས་ལས་མཐའ་བསྡུ་བ། གཏོར་མ་གཏང་ཞིང་ཚེ་འགུགས་པ། དཀྱིལ་འཁོར་བསྡུ་ཞིང་རྒྱུན་སྤྱོད་ལ་འཇུག་པ། མཚམས་གྲོལ་ཞིང་གནས་བསྲུང་བ་སོགས་ཞིབ་པར་སྒྲུབ་གཞུང་ལྟར་བྱའོ། །དེའང་དུས་ནི་བསྙེན་སྒྲུབ་ལས་གསུམ་ལ། ཇི་ཙམ་སྒྲུབ་པའི་དུས་ཀྱི་སུམ་ཆ་རེ་བྱ་སྟེ། དཔེར་ན་ཟླ་དྲུག་ལྟ་བུ་ལ། བསྙེན་སྒྲུབ་ལས་གསུམ་རེ་རེ་ལ་ཟླ་བ་གཉིས་རེ་བྱ་བ་ཡིན་ནོ། །འདི་ནི་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ཡོངས་རྫོགས་བྱེད་པའི་ལུགས་ཏེ། ཐུན་མོང་ཚོམ་བུའི་སྒྲུབ་པ་ལྟར་ཉམས་སུ་ལེན་པའི་ཐོ་བྱང་ཙམ་མོ།། ༈ །།ཡང་གདུག་པ་ཅན་བསྒྲལ་བའི་ཕྱིར་གློ་བུར་ཅོག་རྡུང་རལ་གྲི་ཕྱུང་རྡེག་ཏུ་སྒྲུབ་པ་ལའང་། བསྙེན་སྒྲུབ་ལས་གསུམ་ལས། བསྙེན་པ་ནི། གོང་དུ་བསྙེན་སྒྲུབ་ཐེམས་ནའང་ཁ་གསོ་བའི་ཕྱིར། མཚམས་གཅོད་སོགས་སྔོན་དུ་འགྲོ་བས་སྒྲུབ་པའི་སྐབས་ལྟར་དཀྱིལ་འཁོར་ཕོ་བྲང་ཨེ་ཁྲོམ་དུ་བཞེངས་པ་ལ་ཕུར་བུ་དང་རྒྱན་རྫས་བཀོད་ནས། ཐུན་བཞིར་ལས་གཞུང་བསྲང་ཞིང་དཀྱིལ་འཁོར་གསུམ་གྱི་བསྙེན་པ་ཅི་རིགས་པ་བྱ་བ་ཡིན་ནོ། །གཉིས་པ་སྒྲུབ་པ་ནི། བྲུབ་ཁུང་དུ་ལིང་འཁོར་སྒྲུབ་ཆེན་ལྟར་བཅས་ལ། ཉིན་མཚན་དུ་ལས་བྱང་ཐུན་བཞི་རེ་བསྲངས་ནས། ཕྲིན་ལས་དྲག་པོའི་ཛཔ྄་དགོངས་དང་ལྡན་པས་སྤུ་གྲིའི་སྔགས་ཆིག་ཚུགས་སུ་བཟླ། ཚོགས་ཀྱི་དུས་ལིང་ཆུང་རེ་ལ་སྔགས་དྲུག་གིས་གདབ་ཁ་བྱ་ཞིང་། སྐབས་སུ་ལིངྒ་ལ་ཕུར་ཐུན་རྣམས་བརྡེག །གསུམ་པ་ལས་སྦྱོར་ནི། རྟགས་བྱུང་ནས་ལས་གཞུང་ཚར་གཅིག་བསྲངས་ཏེ། ལྷ་ཚོགས་ཐམས་ཅད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཕུར་བུ་སྒྲིལ་བར་བསྒོམ། ཛཔ྄་དགོངས་སྒྲུབ་ཆེན་ལས་བྱང་ལྟར་སྦྱར་ཏེ། སྤུ་གྲི་ལ་དགྲ་བགེགས་ཆེ་གེ་མཱ་ར་ཡ་རྦད་ཕཊ་ཅེས་བཏགས་ཏེ་དྲག་ཏུ་བཟླས་ནས། ཕུད་འཐོར་ཞིང་དཔང་གཟུག །གབ་པའི་སྔགས་དྲུག་གི་དགོངས་པས་གདབ་ལས་བྱ་ཞིང། བསྒྲལ་རྗེས་དངོས་གྲུབ་བླང་བ། མཐའ་སྡུད་སྲེག་འཕང་མནན་པ་སོགས་སྒྲུབ་ཆེན་ལས་སྦྱོར་གྱི་སྐབས་ལྟར་དང་། མཇུག་ཏུ་གཏོར་མ་གཏང་བ་ནས་མཚམས་གྲོལ་ཞིང་གནས་སྲུང་གི་བར་རྣམས་ཀྱང་སྔར་ལྟར་བྱ་བ་ཡིན་ནོ། །འདི་ནི་སྨད་ལས་ཀྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་རྐྱང་སྒྲུབ་ཏུ་བྱེད་པའི་ལུགས་ཏེ། གློ་བུར་ཅོག་རྡུང་ལས་སྦྱོར་གྱི་ཚུལ་དུ་སྒྲུབ་པའི་ཐོ་བྱང་ཙམ་མོ།། ༈ །།ཡང་ཤིན་ཏུ་བསྡུས་པ་བསྙེན་སྒྲུབ་ཆིག་ཆོད་དུ་བྱེད་པར་འདོད་ན། དཀྱིལ་འཁོར་གྱི་དབུས་སུ་ཐོད་དཀྱིལ་ཕུར་བུ་དང་བཅས་པ་བཀོད་ཅིང་། མཆོད་པ་དང་གཏོར་མ་སོགས་ཚང་བར་བསགས་ནས། ཐུན་བཞིར་ལས་བྱང་གི་གཞུང་བསྲངས་ཏེ། ཛཔ྄་དགོངས་དང་ལྡན་པས་བཟླ་བྱའི་སྔགས་ཀཱི་ལ་ཡ་འབྲུ་བཅུ་བདུན་གྱི་ཤམ་བུར་མ་རག་མོ་ཡག་མོ་སོགས་དྲག་སྔགས་འདུས་པ་ཡི་གེ་བདུན་ཅུ་རྩ་དྲུག་པ་སྦྲེལ་ནས་བཟླས་པས་འགྲུབ་པར་གསུངས་ཏེ། བློའི་རིམ་པ་དང་འཚམ་པར་ཉམས་སུ་བླང་བ་གཅེས་སོ། །དེ་ལྟར་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲི་འབར་བའི་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་གཙོ་བོར་བཏོན་ཅིང་། ཐུན་མོང་ཚོམ་བུ་དང་། གློ་བུར་ཅོག་རྡུང་གི་སྒྲུབ་ཚུལ་སོགས་ཀྱི་གནད་ཀྱང་ཞར་ལ་འཕྲོས་པའི་ཡི་གེ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་འདི་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཟིན་ཐུན་སུག་རིས་སུ་སྤེལ་བ་སྟེ། འདིས་ཀྱང་སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པར་གྱུར་ཅིག། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).