Terdzo-KHI-047-2
སྲིད་པ་མ་མོའི་གནད་ཏིག་ལས། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་
by དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Dilgo Khyentse Tashi Paljor)
revealed by འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་ (Snyan brgyud srid pa ma mo'i gnad tig)
Volume 32 (ཁི) / Pages 829-836 / Folios 1a1 to 4b2
༄༅། །སྲིད་པ་མ་མོའི་གནད་ཏིག་ལས། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་མ་མ་ཧེ་རུ་ཀ་ཡེ། སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏའི་དགོངས་པ། གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་བསྩལ་པའི་སྲིད་པ་མ་མོའི་གནད་ཏིག་ལས་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐོག་མར་སྐྱབས་འགྲོ་ནི། སྤྲོ་ན་བརྒྱུད་འདེབས་སྔོན་དུ་འགྲོ་བས། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གཉིས་པ་དངོས་གཞི་ལ་གསུམ་ལས། སྤྱིར་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་མ་མོ་མཁའ་ཀློང་དབྱིངས་གསུམ་འདུས་པའི་ཐིག་ལེ་སྟེ། དེའི་གདངས་ཤིན་ཏུ་ཕྲ་བ་དང་རགས་པ། སྤྱི་མཐུན་དུ་ཀུན་གཞི་དང་ལུས་ངག་ཡིད་སྲོག་དང་བཅས་པའི་ཁམས་གསུམ་དུ་སྣང་བ་ལས། དང་པོ་ལུས་རགས་པ་འདོད་ཁམས་རྩ་ཡི་ཞེན་པ་སྦྱང་ཕྱིར་སྐུ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་སྟེ། ཨ༔ སྟོང་པ་དེ་བཞིན་ཉིད་དབྱིངས་མ༔ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལ༔ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེའི་དྭངས་མ་ཧཱུྃ༔ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་སྐལ་པ་སྟོང༔ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བའི་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁང༔ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེང༔ སྙིང་པོའི་སྲོག་ལས་ལྷ་སྐུར་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ༔ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་ཕུང་འཁྲུགས་པའི་ཀློང་ན་གསལ༔ དག་པའི་རྩ་རླུང་ཐིག་ལེའི་ཁམས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་མོ་རིགས་ལྔ་དང༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧོ་ཨ་ཧོ་ཨ་ཧོ༔ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངས༔ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ དབང་བསྐུར་རྒྱས་གདབ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་ཞིང་ལུས་སྦྱང་སྔོན་དུ་འགྲོ་བས་སྟོང་རའི་ནང་དུ་རྩ་འཁོར་ལྷ་ཚོགས་དང་བཅས་པ་གསལ་ཞིང་ཕྲ་མོའི་ཐིག་ལེར་སེམས་འཛིན་པའི་ཚུལ་ནུས་ན་གཞུང་ལྟར་བྱ། དེས་སྐྱོ་ན། གཉིས་པ་ངག་རགས་པ་གཟུགས་ཁམས་རླུང་གི་ཞེན་པ་སྦྱང་ཕྱིར་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་བསྙེན་པ་ནི། མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་འགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡིས༔ འཁོར་འདས་ཁམས་ཀུན་དབང་མེད་གཡོས༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ གཉིས་པ་སྒྲུབ་པ་ནི། བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གསུམ་པ་ལས་སྦྱོར་ནི། ཁྱད་པར་ལས་ཀྱི་མ་མོ་རླུང་གཅུན་པའི་མན་ངག་གི་བཟླས་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་ཞེས་དྲངས། གནས་པའི་ཚེ་ཨཱཿཞེས་པ་ལ་སེམས་ཡུན་རིང་དུ་བཟུང་། ཕྱི་ལ་ཧཱུྃ་ཞེས་འཕང་། དེ་རྣམས་ཀྱང་ཁ་དོག་དཀར་དམར་མཐིང་གསུམ་དང་སོ་སོའི་སྒྲ་གདངས་དང་ངོ་བོ་ལ་སེམས་གཏད། འབྱོངས་ནས་རྒྱུ་བ་གསལ་བའི་ཉམས་ཤར་ན་བུམ་ཅན་རླུང་དང་སྦྱར་བར་གསུངས་པ་ཁྲིད་ཡིག་ཏུ་གསལ་བ་ལྟར་ཉམས་སུ་ལེན་དགོས་སོ། །ངག་བཟླས་ཀྱི་གྲངས་ཚད་ནི་བསྙེན་པ་འབུམ་ཕྲག་བཅོ་ལྔ། ལས་སྒྲུབ་སྔགས་འབུམ་ཕྲག་བཞིར་བཟླ་བར་གསུངས་པའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ་སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་འབུལ། གསུམ་པ་སེམས་རགས་པ་གཟུགས་མེད་ཐིག་ལེ་བདེ་ཆེན་ལྷར་སྣང་གི་ཞེན་པ་སྦྱང་ཕྱིར་དབྱིངས་སུ་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་བྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ དེ་ཡང་རྣལ་འབྱོར་དངོས་ནི་ཐིག་ལེ་བདེ་བ་ཆེན་པོར་ལམ་དུ་བསླང་བ་རང་ལུས་དང་གཞན་ལུས་ལ་བསྟེན་ནས། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཚུལ་གཞུང་གསལ་ལྟར་ཟབ་དོན་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་གདོད་མའི་མགོན༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་དེང་སང་རྩོད་པའི་དུས་འདིར་སྔ་འགྱུར་བཀའ་གཏེར་གྱི་ཕྱོགས་ལ་ཉག་ཕྲ་བའི་མ་མོ་མངོན་རྫོགས་ཀྱི་སྒྲུབ་སྡེ་ཟབ་ལ་ཁྱེར་བདེ་འདི་ལྟ་བུ། རང་གཞན་བསྟན་འགྲོའི་བཙས་སུ་ཉམས་སུ་བླང་ན་དགོས་པ་དང་ཕན་ཡོན་ཤིན་ཏུ་ཆེ་ཞེས་༧ཁྱབ་བདག་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་བསྩལ་རྗེས་སུ་དྲན་པས། རང་ཉིད་ཀྱི་ཁ་ཏོན་དུ་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་ལྷོ་འབྲུག་ལཀྵྨི་དྭཱི་པར་བསྙེན་མཚམས་ལ་གནས་སྐབས་བྲིས་པའི་ཡི་གེ་པ་ནི་རང་སློབ་བློ་གསལ་སྤྲུལ་སྐུ་ཨཱ་ནནྟས་མཛད་པ་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། །།