Terdzo-DZI-060

Revision as of 12:05, 30 June 2015 by Jeremi (talk | contribs) (Text replace - "</div> </onlyinclude> = Tsagli = " to "</div></onlyinclude> = Tsagli = ")
This page is under construction. Check back later for updated content.









ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་

thugs sgrub bar chad kun sel las/_bla ma smra ba'i seng ge'i phrin las dbang bskur las tshogs dang bcas pa'i gsal byed blo gros kha 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བླ་མ་འཇམ་དཔལ་སྨྲ་བའི་སེང་གེ་ (Bla ma 'jam dpal smra ba'i seng ge)
parent cycle  བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 49 (ཛི) / Pages 737-766 / Folios 1a1 to 15b6

[edit]

༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་དི་སིཾ་ཧཱ་ཡ། སྒྲིབ་གཉིས་སྤྲིན་བྲལ་མཁྱེན་གཉིས་ཀྱི། །འོད་སྟོང་མཁའ་དང་མཉམ་བརྡལ་བས། །སྐྱེ་དགུའི་རྨོངས་མུན་འཇོམས་པའི་ལྷ། །བླ་མ་སྨྲ་བའི་སེང་གེར་འདུད། །སྲིད་པའི་སྨག་རུམ་མཐར་འབྱིན་ཅིང་། །ཡང་དག་ལམ་སྣང་ཐོབ་འདོད་ན། །ཟབ་རྒྱས་ཐབས་ཚུལ་འདུས་པའི་དཔྱིད། །གང་འདི་སྙིང་གི་བདུད་རྩིར་སྟེན། །མཁྱེན་རབ་ཀྱི་མངའ་བདག་བླ་མ་སྨྲ་བའི་སེང་གེ་དང་ལྷག་པའི་ལྷ་འཇམ་མགོན་ཡབ་ཡུམ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་གསང་བ་ངོ་མཚར་རྨད་དུ་བྱུང་བ་འདི་ལ་དོན་གསུམ། སྒྲུབ་ཐབས། དབང་བསྐུར། ལས་ཀྱི་སྦྱོར་བའོ། །དང་པོ་ནི། རྩ་སྒྲུབ་བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ཙམ་ཉམས་སུ་ལེན་པ་ལ་སྤྲོས་བཅས་བཅའ་གཞི་མི་དགོས་པས། ཡར་ཚེས་གཟའ་སྐར་དགེ་བའི་སྔ་དྲོའི་ཆར་སྒྲུབ་གནས་དབེན་པར་རྟེན་གང་འཛོམ་བཀྲམ་པའི་མདུན། གཏོར་མ་དཀར་ཟླུམ། བདུད་རྩི། ཆུ་གཉིས་ཉེར་སྤྱོད་ཙམ་བཤམ། སྔོན་གཏོར་སོགས་ཉེར་མཁོ་འདུ་བྱ། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་སྦྱོར་བ་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྨྲ་བའི་སེང་གེའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བགེགས་གཏོར་སྤྱི་ལྟར་བྱིན་བརླབ། སྔགས་ཀྱིས་བསྔོས་ལ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་སྔགས་རོལ་མོ་ཡུངས་ཐུན་གྱིས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། བགེགས་གཏོར་བསྔོ་བ་ཚར་དང་པོ་མ་གཏོགས་མི་དགོས་པས་རྗེས་མ་རྣམས་ལ། གཏོར་མ་འདི་ལོངས་ཞེས་པའི་མལ་དུ། གནས་འདིར་མ་འདུག་ཅེས་བསྒྱུར་བ་དང་དྲག་སྔགས་ཀྱང་བརྗོད་མི་དགོས། བྱིན་འབེབ་མཆོད་བརླབ་ནི། ཨོཾ་ཨཱཿཧཱུྃ༔ སྨྲ་བའི་སེང་གེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་བསྡུ། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་མཆོད་རྫས་རྒྱ་ཆེར་སྤེལ་ལོ། །དངོས་གཞི་ཐོག་མར་ལྷ་བསྐྱེད་པ་ནི། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་སྨྲ་བའི་སེང་གེ་པཎྜི་ཏ༔ དཀར་གསལ་འོད་ལྡན་གསལ་འཚེར་གཟི་བརྗིད་འབར༔ ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས༔ པད་སྡོང་སྙན་གྱི་ཐད་ཀར་ཁ་བྱེའི་དབུས༔ གཡས་སུ་སྡེ་སྣོད་འདུས་པའི་གླེགས་བམ་དང༔ གཡོན་པར་གསང་སྔགས་ཕུར་པའི་པུསྟིས་མཚན༔ དགེ་སློང་ཆ་ལུགས་པཎ་ཞྭ་དམར་པོ་གསོལ༔ རབ་འབྱམས་མཁྱེན་རབ་རྒྱས་པའི་སྐུ་རུ་གསལ༔ ཕྱི་རོལ་པདྨ་འདབ་བརྒྱད་གེ་སར་ལ༔ ཤར་དུ་འཇམ་དཔལ་དཔའ་བོ་སྐུ་མདོག་དཀར༔ ལྷོ་རུ་ངག་གི་དབང་ཕྱུག་གུར་གུམ་མདངས༔ ནུབ་ཏུ་གསུང་གི་མངའ་བདག་སྐུ་མདོག་དམར༔ བྱང་དུ་རྡོ་རྗེ་རྣོན་པོ་མཐིང་ནག་འབར༔ ཀུན་ཀྱང་ཤེས་རབ་རལ་གྲི་པུསྟི་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་རྡོ་རྗེའི་དབྱངས་ཅན་ཟླ་བའི་འོད༔ ལྷོ་ནུབ་རིན་ཆེན་དབྱངས་ཅན་གསེར་མདངས་འཚེར༔ ནུབ་བྱང་པདྨའི་དབྱངས་ཅན་སྐུ་མདོག་དམར༔ བྱང་ཤར་ལས་ཀྱི་དབྱངས་ཅན་མརྒད་མདོག༔ ཐམས་ཅད་ཕྱག་གཉིས་རིན་ཆེན་པི་ཝང་སྒྲེང༔ དར་དང་རིན་ཆེན་རྒྱན་རྫོགས་ཙོག་པུར་བཞུགས༔ སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ བར་མཚམས་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་སྨྲ་བའི་སེང༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་དམ་ཡེ་བསྲེས་ལ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ སྨྲ་བའི་སེང་གེ་འཁོར་བཅས་ལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ བསྟོད་པ་ནི། ཨོཾ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པའི་དཔལ༔ རིག་འཛིན་ཡོངས་གཙོ་སྐྱེ་འཆི་གཉིས་སྤངས་པ༔ ཡང་ལེ་ཤོད་ཀྱི་པཎ་ཆེན་སྨྲ་བའི་སེང༔ ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས༔ རྒྱལ་ཀུན་སྐྱེད་ཡུམ་ལྷ་མོ་དབྱངས་ཅན་མ༔ གང་འདུལ་རིགས་བཞིའི་སྒྱུ་འཕྲུལ་དྲྭ་བའི་གར༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ལ། ཐོག་མར་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་དགྱེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ གཙོ་བོའི་བསྙེན་བཟླས་ནི། རིག་འཛིན་སྨྲ་བའི་སེང་གེའི་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འགྲོ་ཀུན་མ་རིག་མུན་པ་བསལ༔ རྒྱལ་བ་སྲས་བཅས་རྣམས་ཀྱི་ཡེ་ཤེས་དང༔ ཉན་རང་འཕགས་དང་སོ་སྐྱེའི་བློ་གྲོས་ཀུན༔ འོད་ཀྱི་རྣམ་པར་ཚུར་འདུས་རང་ལ་ཐིམ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་དང་། དེའི་གཞི་ལྷ་སྐུ་གསལ་བརྟན་དག་གསུམ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་གྲངས་མ་ཐེམས་བར་གཙོར་བཟླ། འཁོར་གྱི་བཟླས་པ་སྤྲོ་ན། བཟླས་དམིགས་སྤྱི་ཙམ་དུ། འཇམ་དབྱངས་རིགས་བཞིའི་ཐུགས་ཀར་ཟླ་སྟེང་དྷཱིཿ དབྱངས་ཅན་རིགས་བཞིའི་ཐུགས་ཀར་ཉི་སྟེང་ཧྲཱིཿ སོ་སོའི་མདོག་ཅན་སྔགས་ཀྱི་ཕྲེང་བས་བསྐོར། །གཙོ་བོའི་ཐུགས་ཀའི་འོད་ཀྱིས་རྒྱུད་བསྐུལ་བས། །འོད་འཕྲོས་འགྲོ་ཀུན་སོགས་གོང་ལྟར་དམིགས་ཏེ། འཇམ་དབྱངས་དཀར་པོ་ལ། ཨོཾ་ཝཱ་ཀྱེ་དཾ་ན་མ༔ ངག་གི་དབང་ཕྱུག་ལ། ཨོཾ་ཝཱ་གི་ཤྭ་རི་མུཾ༔ འཇམ་དཔལ་དམར་པོ་ལ། ཨོཾ་ཧྲཱིཿདྷཱི་མ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ རྡོ་རྗེ་རྣོན་པོ་ལ། ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཧ་ར་ཧཱུྃ་ཕཊ༔ དབྱངས་ཅན་དཀར་མོ་ལ། ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ སེར་མོ་ལ། ཨོཾ་སྭ་ར་སྭ་ཏྱཻ་མ་ཧཱ་མེ་དྷི་ཏིཥྛ་ཀུ་རུ་ཧཱུྃ༔ དམར་མོ་ལ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ལྗང་མོ་ལ། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷི་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ༼རྒྱལ་ཆེན་སྡེ་བཞིའི་སྔགས་ཨོཾ་ཌྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔༽ ཞེས་པ་རྣམས་ཀྱང་ཇི་ལྟར་ནུས་པའམ། རྩོམ་པ་ལ་མཁས་པར་འདོད་ན་འཇམ་དབྱངས་དཀར་པོའི་བསྙེན་པ་མང་དུ་བཟླ་བས་མཚོན་པར་བྱའོ། །ཐུན་མཐར་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ཏེ། ཨོཾ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ བླ་མ་སྨྲ་བའི་སེང་གེ་དང༔ དབྱེར་མེད་འཇམ་མགོན་དབྱངས་ཅན་མ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ དུས་འདི་ནས་ནི་བྱང་ཆུབ་བར༔ རིག་འཛིན་བླ་མ་འཇམ་པའི་དབྱངས༔ དགེ་བའི་བཤེས་སུ་གྱུར་ནས་ཀྱང༔ ཀུན་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག༔ ཅེས་དང་ཁ་སྐོང་དབྱངས་གསལ་སོགས་ཀྱང་བརྗོད། མཆོད་བསྟོད་མདོར་བསྡུས་བྱ། ནོངས་པ་བཤགས་ལ་ཡིག་བརྒྱ་བཟླ། ཧཱུྃ་ཧཱུྃ་ཧཱུྃ། སྣོད་བཅུད་དཀྱིལ་འཁོར་རང་ལ་འདུས། །རང་ཡང་ཐུགས་སྲོག་ཧྲཱིཿལ་ཐིམ། །དེ་ཡང་དམིགས་མེད་འོད་གསལ་ངང་། །སླར་ཡང་དག་པའི་འཁོར་ལོར་ཤར། །ཕཊ་ཕཊ་ཕཊ། ཅེས་འོད་གསལ་ངང་དུ་འཇུག་ལྡང་བྱས་ལ། དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་རམ། ཧོ༔ སྨྲ་བའི་སེང་གེའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བྱའོ། །དེ་ལྟ་བུའི་རིམ་པས་བསྙེན་པ་ལ་འབད་དེ་གྲངས་ཚད་གསལ་བར་མ་གསུངས་ལ། དུས་དང་རྟགས་ནི་གཞུང་ཉིད་ལས། དེ་ནས་ཟླ་བ་གཅིག་གམ༔ ཇི་ལྟར་འགོར་ཡང་ཟླ་བ་དྲུག་གི་མཐར་དངོས་སུ་བླ་མ་དང་འཇམ་དབྱངས་ཡབ་ཡུམ་ཞལ་མཇལ་བ༔ སྔགས་ཀྱི་སྒྲ་ཐོས་པ༔ ཏིང་ངེ་འཛིན་དང་ཤེས་རབ་སྐྱེ་བ༔ རྨི་ལམ་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་རྙེད་པ༔ ཉི་ཟླ་ཤར་བ༔ མེ་ཏོག་དང༔ འབྲས་བུ་དང༔ ཆུ་བོ་ཆེན་པོ་རྒྱས་པ༔ མེ་འབར་བ་སོགས་རྟགས་བྱུང་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ༔ ཅེས་གསུངས་པ་ལྟར་རོ། ༈ །གཉིས་པ་དབང་གི་ཆོ་ག་ནི། བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སློབ་མ་སྣོད་དང་ལྡན་ངེས་རྗེས་སུ་གཟུང་ན། སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ། མ་འཛོམ་ན་དྲིས་བྱུགས་པའི་མཎྜལ་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཁྲིའུའི་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ་བཀོད། དབུས་སུ་ལྷ་ཙཀ །གཡས་སུ་ཤེལ་ཕྲེང་། གཡོན་དུ་རིན་པོ་ཆེའི་སྣོད་དུ་ཤེས་རབ་རིལ་བུ་དར་གྱིས་ཁ་བཀབ་པ། མདུན་རྒྱབ་གང་བདེར་ཟླུམ་གཏོར་པད་འདབ་བཞིའི་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གུར་དང་བཅས་པ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྔོན་གཏོར་སོགས་ཉེར་མཁོ་ཚོགས་པར་བྱས་ཏེ་སྒྲུབ་ཐབས་ལྟར་བདག་མདུན་དབྱེར་མེད་མཆོད་བསྟོད་ཡན་སོང་ནས། དབང་དོན་དུ་དཀྱིལ་འཁོར་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀ་ལ་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་ཅི་ནུས་དང་། བུམ་པར་ཡང་དམིགས་པ་སྤྱི་འགྲེ་བཅས་བཟླས་པ་ཅི་འགྲུབ་མཐར། གསོལ་གདབ། མཆོད་བསྟོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་སློབ་མ་བོས་ལ་ཁྲུས་བྱ། བགེགས་གཏོར་གཏང་། བགེགས་བསྐྲད་ཚིག་རྐང་གཉིས་དང་བདེན་སྟོབས་བརྗོད། དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་སོགས་ཚིག་རྐང་གཉིས་དང་སྔགས་དམིགས་ཀྱིས་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེའང་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་ཐོག་མཐའ་མེད་པར་གཡེང་ཞིང་སྡུག་བསྔལ་གྱི་ཟུག་རྔུ་ཆེན་པོས་རྟག་ཏུ་མནར་བའི་རྒྱུ་ལས་དང་ཉོན་མོངས་པའི་ཉེར་ལེན་ལྷན་ཅིག་སྐྱེས་པའི་མ་རིག་པ་རྩད་ནས་ཆོད་ན་གཏན་གྱི་བདེ་བ་ཐར་པ་བླ་ན་མེད་པའི་གོ་འཕང་ལ་རེག་པ་ཡིན། མ་རིག་པའི་གཉེན་པོ་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་ཉིད་ལས་གཞན་མེད་པས་མདོ་རྒྱུད་ཀུན་ནས་ཡང་དག་པའི་ཤེས་རབ་སྐྱེད་པའི་ཚུལ་ཁོ་ན་གསུངས། སྒོམ་པའང་ཐོས་བསམ་གྱི་ཤེས་རབ་ཟབ་མོས་ལྟ་བ་གཏན་ལ་ཕེབ་པ་གལ་ཆེ་ཞིང་དེའང་སྐྱེས་སྦྱངས་ལས་ཐོབ་པའི་བློ་གྲོས་ཟབ་མོ་དང་ལྡན་དགོས། དེ་ལྟ་བུའང་ལྷག་པའི་ལྷའི་བྱིན་རླབས་ཀྱི་སྟོབས་ལ་མ་བརྟེན་ན་ཐོས་པ་ཁོ་ནས་ཡང་སྲིད་གཞན་དུ་དགེ་བའི་བག་ཆགས་འཇོག་པ་ཙམ་ལས་སྤོབས་པའི་གཏེར་ཟབ་མོ་གྲོལ་བར་མི་ནུས་པས། འཕགས་བོད་ལོ་པཎ་རྣམས་ཀྱིས་ཤེས་རབ་ཀྱི་ལྷ་མཆོག་སྔོན་དུ་བསྒྲུབས་ཏེ་བློ་གྲོས་སྤོབས་པའི་མཆོག་ཐོབ་པ་ཁོ་ནས་རང་གཞན་གྱི་དོན་མཐར་ཕྱིན་པ་ཤ་སྟག་སྣང་བས། སྲིད་རྩ་དྲུངས་ནས་འབྱིན་པར་འདོད་པའི་བློ་ལྡན་རྣམས་ཀྱིས་ཤེས་རབ་སྐྱེད་པའི་ལྷ་མཆོག་རེ་ངེས་པར་བསྟེན་དགོས་པ་ལགས། དེ་ལྟ་བུའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཡང་མང་དུ་བྱོན་པ་ལས། སྐབས་སུ་བབས་པ་སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་ལས། རྩོད་བྲལ་གུ་རུའི་རྒྱལ་ཚབ་མཁས་གྲུབ་རིག་འཛིན་ཆེན་པོ་ཟུང་གི་ཟབ་གཏེར་ལས་ཆབས་ཅིག་ཏུ་བྱོན་པ་མ་བྱུང་འབྱུང་བར་དཀའ་བའི་གསང་བ་ཟབ་མོ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་རིག་འཛིན་རྩལ་འཆང་བཅུ་གཉིས་ཀྱི་ནང་ཚན་བླ་མ་སྨྲ་བའི་སེང་གེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེའང་རང་གཞུང་ལས། དེ་ལྟར་མངོན་མཐོ་ངེས་ལེགས་ཀྱི༔ ཡོན་ཏན་མཐའ་དག་འཛིན་པའི་གཞི༔ བློ་གྲོས་སྤོབས་པ་སྐྱེད་བྱེད་ཐབས༔ འཇམ་དཔལ་གྲུབ་པའི་རྒྱུད་དང་ནི༔ མདོ་སྡེ་རྟོག་པ་རྒྱ་མཚོའི་དོན༔ འཕགས་པ་ཉིད་ཀྱིས་གསུངས་པ་རྣམས༔ བླ་མ་ཡི་དམ་དབྱེར་མེད་དུ༔ བསྒྲུབ་ན་དངོས་གྲུབ་མྱུར་བའི་ཕྱིར༔ བདག་ཉིད་པདྨ་འབྱུང་གནས་དང༔ འཇམ་དཔལ་དབྱེར་མེད་སྒྲུབ་པའི་ཐབས༔ ལས་ཀྱི་སྦྱོར་བ་དང་བཅས་པ༔ ངོ་མཚར་ཤིན་ཏུ་རྨད་བྱུང་བ༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ དེང་འདིར་མངའ་བདག་རྗེ་འབངས་དང༔ མ་འོངས་བློ་གྲོས་མཐུ་ཆུང་བའི༔ སྙིགས་མའི་འགྲོ་ལ་ཕན་པའི་ཕྱིར༔ ཐུགས་ཀྱི་ཡང་ཞུན་བཅུད་དུ་འདྲིལ༔ འདི་ཡི་དབང་བསྐུར་ཐོབ་ཙམ་གྱིས༔ བློ་གྲོས་ཤེས་རབ་སྐྱེ་འགྱུར་ན༔ ཉམས་སུ་བླངས་ན་འཇམ་དཔལ་གྱི༔ ཡེ་ཤེས་འགྲུབ་པ་ལྟ་ཅི་སྨྲོས༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ཞེས་བསྔགས་པ་དོན་དང་ལྡན་པ་ཉིད་རྗེས་སུ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །ས་ཕྱོགས་དག་པ་ཡེ་ཤེས་ཀྱི་ཞིང་དང་གཞལ་ཡས་ཁང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ་བླ་མ་རིག་འཛིན་སྨྲ་བའི་སེང་གེ་དངོས་སུ་གསལ་བ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ བླ་མ་སྨྲ་བའི་སེང་གེ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་དབྱེར་མ་མཆིས་པ་རིག་འཛིན་སྨྲ་བའི་སེང་གེའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པ་དང་། སྲིད་ལ་མི་གནས་པའི་ཤེས་རབ་དང་ཞི་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོས་དོན་དམ་དང་ཀུན་རྫོབ་ཟུང་དུ་འབྲེལ་བའི་བྱང་ཆུབ་མཆོག་གི་སེམས་གཟུང་བ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལས་བྱང་ལྟར་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཀུན་སློང་ཁྱད་པར་འཕགས་པ་མཁའ་ཁྱབ་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཁྱད་པར་དུ་འཕགས་པ་ཚོགས་གཉིས་གསག་ཅིང་སྒྲིབ་གཉིས་སྦྱོང་བ་དང་རྣམ་དཀར་བྱང་ཆུབ་ཆེན་པོའི་རྒྱ་མཚོར་སྤེལ་བའི་ཏིང་ངེ་འཛིན་སོ་སོ་ལ་དྲན་པ་ཉེ་བར་གཞག་སྟེ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ རིག་འཛིན་སྨྲ་བའི་སེང་གེ་ལ་སོགས་ཏེ༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་སྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་དབང་གི་གཞི་བསྒྲུབ་པ་ལ་ཁྱེད་རང་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་འདེབས་པར་ཞུ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེའི་ངང་ལས་སྣོད་རྣམ་པར་དག་པ་ཡེ་ཤེས་རང་གསལ་གྱི་ཞིང་གི་རྒྱན་དང་ངོ་མཚར་བཀོད་པ་དཔག་གིས་མི་ལོངས་པས་སྤྲས་པའི་དབུས་སུ། བཅུད་རྣམ་པར་དག་པ་ཁྱེད་རང་གནས་པའི་གོ་སར་འདབ་མ་རབ་ཏུ་རྒྱས་པའི་པདྨ་དཀར་པོའི་ཟེའུ་འབྲུར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རང་བྱུང་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས། རྒྱལ་ཀུན་མཁྱེན་རབ་ཀྱི་རང་གཟུགས་རིག་འཛིན་སྨྲ་བའི་སེང་གེ་དཀར་གསལ་ཡེ་ཤེས་ཀྱི་རང་འོད་འཕྲོ་བ་ཞི་ཞིང་འཛུམ་པའི་ཉམས་ཅན་དབུ་ལ་པཎ་ཞུ་དམར་པོ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་བཏེག་པའི་འདབ་མ་གཉིས་སྙན་གྱི་ཐད་ཀར་ཁ་བྱེ་བའི་གཡས་ཀྱི་ཟེའུ་འབྲུར་སྡེ་སྣོད་འདུས་པའི་གླེགས་བམ་དང་གཡོན་པར་གསང་སྔགས་ཕུར་པའི་པུསྟིས་མཚན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་གིས་མཚན་པར་སྒོམས་ཤིག །དེ་ནས་རྒྱུད་རྣམ་པར་དག་པ་རང་བྱུང་ཡེ་ཤེས་ཀྱི་བྱིན་རླབས་དབབ་པའི་སླད་དུ་སློབ་དཔོན་དང་ཁྱེད་རང་གི་གནས་གསུམ་ལས་ཆོས་དབྱིངས་རྒྱས་པར་འགེངས་པའི་འོད་ཟེར་གྱི་ཚོགས་འཕྲོས། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་བླ་མ་སྨྲ་བའི་སེང་གེ་རྗེ་བཙུན་འཇམ་པའི་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པར་བཞེངས་ཏེ་ནམ་མཁའ་གང་བ་ཙམ་དུ་སྐད་ཅིག་གིས་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་གསང་བ་གསུམ་དང་དབྱེར་མི་ཕྱེད་པའི་བྱིན་རླབས་ཞུགས་པའི་མོས་པ་གྱིས་ཤིག །སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ་ལས་བྱང་གི་སྤྱན་འདྲེན་དང་རང་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མེ་ཏོག་མགོར་བཞག །དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། སྦྱོར་བ་བུམ་པའི་དབང་གིས་སྒྲིབ་གཉིས་ཀྱི་དྲི་མ་གཏོར་ཞིང་བཀྲུ་བ་དང་། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བླུག་པའི་ཆོ་ག་རྣམས་རིམ་པར་འབྱུང་བའི། ཐོག་མར་བུམ་པའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བཟང་པོ་ཐོགས་ཏེ་དཀྱིལ་འཁོར་ལྷ་ཚོགས་འོད་དུ་ཞུ་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། ཁྱེད་རང་ལ་ཁྲུས་བྱས་པ་ཙམ་གྱིས་ལྷན་སྐྱེས་མ་རིག་པའི་དྲི་མ་ཆ་ཤས་དང་བཅས་པ་སངས་ཀྱིས་དག་པར་མོས་ཤིག །བུམ་པ་སྤྱི་བོར་བཞག །བུམ་ཆུ་གཏིགས་ཤིང་ཁར་སྦྱིན་ལ། དྷཱི༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ནང་ན་འཇམ་དཔལ་ལྷ་ཚོགས་བཞུགས༔ འོད་ཞུ་ཡེ་ཤེས་བདུད་རྩིའི་ཆུས༔ རྨོངས་པའི་དྲི་མ་ཐམས་ཅད་བཀྲུ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དངོས་གཞིའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་པ་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཕྱག་རྒྱ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་རང་བྱུང་ཡེ་ཤེས་ཀྱི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །གཙོ་བོའི་སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྒྱས་པར་སྤྲོ་ན་གཙོ་འཁོར་སོ་སོར་བསྐུར་བར་གསུངས་པ་ལྟར་ན་སོ་སོའི་ཙཀླི་རིམ་པར་ཐོགས་ལ། ཨོཾ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ སྨྲ་བའི་སེང་གེའི་དབང་བསྐུར་རོ༔ སྔགས་གོང་ལྟར་བརྗོད་པས་གཙོ་བོ་དང་། འཁོར་རྣམས་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སོགས་ཚིག་རྐང་གསུམ་པོའི་མཐར། འཇམ་དཔལ་གཞོན་ནུའི་དབང་བསྐུར་རོ༔ ཞེས་དང་། ངག་གི་དབང་ཕྱུག །སྨྲ་བའི་སེང་གེའི། རྡོ་རྗེ་རྣོན་པོའི། རྡོ་རྗེའི་དབྱངས་ཅན། རིན་ཆེན་དབྱངས་ཅན། པདྨའི་དབྱངས་ཅན། ལས་ཀྱི་དབྱངས་ཅན། ཞེས་སྒྱུར། སོ་སོའི་སྔགས་མཐར་དབང་སྔགས་གདགས། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྣོད་བཅུད་ལྷའི་དཀྱིལ་འཁོར་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་གནས་པས་འཁྲུལ་མཚན་མཐའ་དག་སྣང་སྟོང་ལྷའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་གི་སླད་དུ། བླ་མ་སྨྲ་བའི་སེང་གེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿདཀར་པོ། མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རིག་འཛིན་སྨྲ་བའི་སེང་གེར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར་པོའི་མཐར་འཁོད་པ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་རྣམས་ཀྱི་མ་རིག་པའི་རྨོངས་པ་བསལ། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས། འཕགས་པ་དང་སོ་སོ་སྐྱེ་བོའི་བློ་གྲོས་རྣམ་དཔྱོད་གཟུངས་དང་སྤོབས་པའི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པར་མོས་ལ་རྗེས་ཟློས་མཛོད། གཙོ་བོའི་སྙིང་པོ་ལན་གསུམ། ལྷ་དབང་རྒྱས་པར་སྤྲོས་སྐབས། འཁོར་གྱི་འཇམ་དབྱངས་རིགས་བཞིའི་ཐུགས་ཀར་ཟླ་སྟེང་ཐུགས་སྲོག་དྷཱིཿཡིག་རིགས་བཞི། དབྱངས་ཅན་རིགས་བཞིའི་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་སོ་སོའི་ཁ་དོག་ཅན་རེའི་མཐར་རང་སྔགས་ཀྱིས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཞལ་དུ་བརྒྱུད། ཁྱེད་རང་གི་ཐུགས་སྲོག་ལ་ཐིམ་པའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། འཁོར་སྔགས་སོ་སོ་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ལྷ་སྔགས་དབྱེར་མེད་པའི་ངོ་བོར་བྱིན་གྱིས་བརླབས་པའི་སྔགས་ཕྲེང་མགྲིན་པར་བཞག་སྟེ་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་མགྲིན་པར་རེག་ལ། ཨཱ༔ ཡང་དག་མཐའ་སྟེ་ཡི་གེ་མེད༔ སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ༔ ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོག་པ༔ རྡོ་རྗེའི་གསུང་གི་དབང་བསྐུར་རོ༔ འདི་ཕྱིན་ཀུན་ལ་གཙོ་སྔགས་སྦྱར་བ་འགྲེ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གསང་སྔགས་ཀྱི་དབང་ཐོབ། ངག་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་པས་དེང་ནས་རྡོ་རྗེའི་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་དང་འཕྲོ་འདུའི་རིམ་པ་ལ་བརྩོན་པས་ཕྱི་ནང་སྒྲ་སྐད་ཐམས་ཅད་ལ་གྲགས་སྟོང་སྔགས་ཀྱི་གཟེར་དང་། རྟོག་ཚོགས་ཀུན་ལ་དམིགས་པ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་རང་བྱུང་ཡེ་ཤེས་སྒོམ་པའི་རྗེས་སུ་གནང་བ་ལ། འདི་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་གདོད་མ་ནས་རྣམ་ཤེས་འཁྲུལ་པའི་ཆོས་ལས་རང་བཞིན་གྱིས་འདས་ཤིང་། སྣང་རིག་སྟོང་པ་ཟུང་འཇུག་གཉིས་མེད་ཡེ་ཤེས་ཆེན་པོར་ལྷུན་གྱིས་རྫོགས་པ་ཡིན་པས་དེ་དོན་རང་རིག་རང་གསལ་གྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ རྣམ་པར་ཤེས་པའི་ཆོས་ཉིད་འདས༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཡེ་ཤེས་ཆེན་པོའི་དབང་ཐོབ། སེམས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས་དེང་ནས་རང་བྱུང་འོད་གསལ་ཆེན་པོར་མཉམ་གཞག་ཁོར་ཡུག་དང་མ་བྲལ་བས་ཆོས་ཅན་ལ་ཆོས་ཉིད་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །བཞི་པ་ཡོན་ཏན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ལ། ཚུལ་བཞིན་བསྒྲུབས་པའི་སྨན་གྱི་ནོར་བུ་འདི་ཉིད་བླ་མ་འཇམ་མགོན་ཡེ་ཤེས་སེམས་དཔར་གསལ་བ་ཁྱེད་རང་གི་མགྲིན་པའི་ལམ་བརྒྱུད། སྙིང་གི་པདྨ་ཁ་བྱེ་བའི་དབུས་སུ་བྱང་ཆུབ་མ་ཐོབ་ཀྱི་བར་འབྲལ་མེད་དུ་བཞུགས་ནས་ཡེ་ཤེས་ཀྱི་སྣང་བ་རྟག་ཏུ་སྩོལ་བར་མོས་ཤིག །ཤེས་རབ་རིལ་བུ་མྱང་དུ་གཞུག་ལ། ཏྲཱཾ༔ སྨན་རྣམས་མ་ལུས་ལྗོན་པའི་ཤིང༔ ཉོན་མོངས་ནད་ཀྱི་དགྲ་ཆེ་བ༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ ཡོན་ཏན་རྒྱ་མཚོའི་མཐར་སོན་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ དེས་ཡོན་ཏན་རིལ་བུའི་རྗེས་སུ་གནང་བ་ཐོབ། ངོ་མཚར་མྱང་གྲོལ་གྱི་དམ་རྫས་སྒྲུབ་པ་ལ་དབང་བ་ཡིན་པས་དེ་ཉིད་ཚུལ་བཞིན་སྒྲུབ་པའི་སྒོ་ནས་རང་གཞན་ཀུན་གྱི་རྨོངས་པའི་དྲི་མ་སེལ་ཅིང་མཁྱེན་གཉིས་ཡེ་ཤེས་རྒྱས་པའི་ཐབས་ལ་བརྩོན་པར་གྱིས་ཤིག །ལྔ་པ་ཕྲིན་ལས་གཏོར་མའི་བྱིན་རླབས་བགྱི་བ་ལ། གཏོར་སྣོད་རང་བྱུང་ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་གི་ནང་དུ་གཏོར་མ་རིག་འཛིན་སྨྲ་བའི་སེང་གེ་གཙོ་དང་འཁོར་དུ་བཅས་པ་འོད་དང་གཟི་བརྗིད་ལམ་མེར་བཞུགས་པ། སྤྱི་བོར་བཞག་པས་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་ཞུགས་པར་མོས་ཤིག །གཏོར་མས་དབང་བསྐུར་ལ། ཧཱ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་ཡང་ཡིན༔ འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེས་ཕྲིན་ལས་གཏོར་མ་ལ་བརྟེན་པའི་དབང་བསྐུར་བ་ཐོབ། གཞུང་ལས་ཇི་སྐད་གསུངས་པའི་ལས་ཀྱི་ཚོགས་རྣམས་བསྒྲུབ་པ་ལ་དབང་བ་ཡིན་པས། བླ་མ་སྨྲ་བའི་སེང་གེ་གཙོ་འཁོར་རྣམས་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བས་དོན་གཉིས་རྒྱ་ཆེན་པོ་སྒྲུབ་པར་གྱིས་ཤིག །མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟ་བུའི་རིམ་པས་བླ་མ་སྨྲ་བའི་སེང་གེའི་སྨིན་བྱེད་རྒྱས་པར་གྲུབ་པ་ལགས་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། ཁྱད་པར་ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །ཡོན་ཏན་ཕུང་པོ་གཞལ་དུ་མེད། །ཅེས་གསུངས་པའི་ཆོས་སྤྱོད་བཅུའི་བྱ་བ་དང་མི་འབྲལ་བར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱ། དཀྱིལ་འཁོར་མཆོད་པ་གསོས་ལ་རྗེས་རིམ་མཆོད་བསྟོད། ནོངས་བཤགས། རས་བྲིས་སམ་རྟེན་ལ་བརྟན་བཞུགས་སོགས་སྒྲུབ་ཐབས་ལྟར་བྱས་པས་འགྲུབ་བོ།། ༈ གསུམ་པ་ལས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་བསྙེན་སྒྲུབ་སྔོན་དུ་སོང་བས་བསྒྲུབ་དགོས་ཏེ། དེ་ལ་གཉིས་རྩ་བ་དང་ཡན་ལག་གོ །དང་པོ་ལ་ལྔ་ཡོད་པའི། ཐོག་མར་བྲིས་སྐུ་ལ་བརྟེན་ནས་ཞལ་བལྟ་བ་ནི། དམ་ཚིག་དང་ལྡན་པའི་ལྷ་བཟོས་ཁ་ཚར་མ་ཉམས་པའི་རས་གཞིར་ར་བ་བཞིའི་ཚེས་གཅིག་ནས་བརྩམ། གཙོ་འཁོར་ཡོངས་རྫོགས་སྐུ་བརྙན་ཆག་ཚད་ལྡན་པ་བྲིས་ལ་ཉའི་ཉིན་མོ་རབ་གནས་མངའ་དབུལ་འགྲུབ་པར་བྱ། དེ་ལ་སྒྲུབ་པའི་རྟེན་བྱས་ཏེ་མཆོད་གཏོར་བཤམ། ལས་གཞུང་བསྲང་། བྲིས་སྐུ་ལ་རྟེན་བྱས་ཏེ་ཛཔ྄་ཁང་དབྱེ་ཞིང་སྤྲོ་བསྡུའི་དམིགས་པས་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བཟླ། ཐུན་མཚམས་རྣམས་སུ་འབྲུའམ་མེ་ཏོག་དྲི་བཟང་གིས་བསྒོས་པ་ལ་སྔགས་བཏབ་ནས་བརྒྱ་རྩ་རེ་འབུལ་བ་དང་། དྲི་བཟང་ཤིང་གི་མེ་ལ་མེ་ཏོག་སེར་པོའི་སྦྱིན་སྲེག་ཅི་འགྲུབ་འབུལ། བདུན་ཕྲག་གསུམ་དུ་བརྩོན་པས་བྲིས་སྐུ་ལས་འོད་འཕྲོ་བ་སོགས་བྱུང་ན་འགྲུབ་པའི་རྟགས་ཡིན་ཞིང་། གང་ལྟར་མཇུག་ཏུ་ཟླ་བ་གཟས་ཟིན་པའི་མཚན་ཐོག་ཐག་ལ་སྒོམ་བཟླས་བྱས་པས་རབ་དངོས། འབྲིང་ཉམས། ཐ་མ་ནམ་ལངས་མནལ་བའི་རྨི་ལམ་དུ་དགེ་བའི་རྟགས་མཚན་འབྱུང་བས་ལྟས་དང་རྗེས་སུ་མཐུན་པའི་གཟུངས་དང་ཏིང་འཛིན་ཤེས་རབ་སྐྱེ་བར་གསུངས་སོ། ༈ །གཉིས་པ་གསུང་ཙཀྲ་ལ་བརྟེན་ནས་དབྱེར་མེད་དུ་བྱ་བ་ནི། དུས་ཚེས་བཟང་པོར་དར་དཀར་རམ་ཤོག་བུ་གཙང་མར་རྒྱ་མཚལ་གྱིས་ལྟེ་བ་ཟླུམ་པོ། །དེ་རྒྱབ་རྩིབས་བརྒྱད། དེ་རྒྱབ་མུ་ཁྱུད་རིམ་གསུམ་བསྐོར་བའི་ལྟེ་བར་ཧྲཱིཿཡིག་གི་མཐར་གཙོ་བོའི་སྙིང་པོ། རྩིབས་བཞིའི་ཕྱོགས་བཞི་ལ་འཇམ་དབྱངས། མཚམས་བཞི་ལ་དབྱངས་ཅན་རིགས་བཞིའི་སྙིང་པོ། མུ་ཁྱུད་དང་པོར་རྒྱལ་ཆེན་བཞིའི་སྔགས་དང་དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཇུག་ཏུ་འདོད་གསོལ་གོང་གི་གསོལ་གདབ་ལྟར་ལ། བདག་ལ་དགོངས་པར་སོགས་ཚིག་རྐང་གཅིག་གི་མལ་དུ། ཙཀྲ་འདི་དང་དབྱེར་མེད་བཞུགས། །ཞེས་སྒྱུར། གཉིས་པར་རྡོར་ར། གསུམ་པར་མེ་རི་སྟེ་ཐམས་ཅད་གཡས་སྐོར་དུ་བྲི། ཤེས་རབ་རིལ་བུ་སྔར་བསྒྲུབས་པ་ཡོད་ན་ཆུར་སྦངས་པའམ། མེད་ན་དེའི་རྫས་རྣམས་ཀྱི་ཁུ་བས་བྱུགས་ལ་ སྦྱོང་ཁྲུས་རབ་གནས་མདོར་བསྡུས་བྱ། སྟེགས་བུར་རིན་པོ་ཆེའི་སྣོད་འབྲུས་བཀང་བར་བཀོད། གཏོར་མཆོད་བཤམ། བདག་བསྐྱེད་ལྟར་ཛཔ྄་ཁང་ཕྱེས་ཀྱང་ཆོག །ཡང་ན་བདག་བསྐྱེད་བཟླས་པ་བཅས་བཏང་ནས། འཁོར་ལོ་ཉིད་གཞལ་ཡས་ཁང་། ཡིག་འབྲུ་ལྷ་གཙོ་འཁོར་རྣམས་བསྐྱེད་པའི་མངོན་རྟོགས་བསྐྱར་ནས་བཏང་ལ་མཆོད་བསྟོད་ཀྱི་བར་དང་། བཟླས་པ་ཅི་འགྲུབ་བྱ། སླར་མཆོད་བསྟོད་གསོལ་གདབ་དང་བརྟན་བཞུགས་བྱས་ལ་མེ་ཏོག་འཐོར། ལྷ་འོད་དུ་ཞུ་བས་འཁོར་ལོའི་རྣམ་པར་གྱུར་པར་མོས་ལ་ཤིས་པ་བརྗོད། ལེགས་པར་བལྟབས་ནས་དར་སེར་པོའི་ན་བཟའ་བཅས་མགུལ་དུ་བཏགས་པས་ཤེས་རབ་ངང་གིས་འཕེལ་བར་གསུངས་སོ། ༈ །གསུམ་པ་ཐུགས་ཤེས་རབ་རིལ་བུའི་སྒྲུབ་པ་ནི། ཤུ་དག་དཀར་པོ་ངོས་འཛིན་མ་འཁྲུལ་པ་སྲང་གང་ཞིབ་པར་བཏུལ་བ་འོ་མ་ཕུལ་དགུས་འདམ་འཐག་བྱ། དེ་ལས་བུངས་མང་དུ་བྱེད་ན་རིགས་པས་འཕྲུལ། དེ་སྟེང་ཅུ་གང་། སྤང་རྒྱན་དཀར་པོ། ཀྱི་ལྕེ་དཀར་པོ། ཨ་རུ་རའི་ཕྱེ་མ་ཆ་མཉམ་པ་བསྲེས་ལ་ཤིང་མངར་ཁུ་བས་རིལ་བུ་སྲན་མ་ཙམ་དུ་དྲིལ། སྐམ་ནས་རིན་པོ་ཆེའི་པར་བུར་བླུགས་ལ་དར་དམར་སེར་གྱིས་བཀབ་པ་དཀྱིལ་འཁོར་ཚད་ལྡན་བཞེངས་པའི་དབུས་སུ་བཞག་ལ་མཆོད་གཏོར་བཤམ། མཚམས་དམ་དུ་བཅད་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་ཐོག་མར་ཛཔ྄་ཁང་ཕྱེས་ཏེ། བདག་དང་རིལ་བུ་ལྷར་གསལ་བའི༔ ཐུགས་ཀར་ཤེས་རབ་རལ་གྲི་ནི༔ སོར་བཞིའི་ལྟེ་བར་དྷཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས༔ སྔགས་ཕྲེང་གཉིས་པ་བར་མེད་བྱུང༔ ཤངས་བུག་གཡས་ནས་མདུན་བསྐྱེད་ཀྱི༔ ཤངས་བུག་གཡོན་ཞུགས་ཐུགས་ཀར་ཐིམ༔ ཟག་མེད་བདེ་བས་རབ་མཉེས་ཏེ༔ ཐུགས་ཀའི་སྔགས་ཕྲེང་གཉིས་པ་ནི༔ ལྟེ་བ་ནས་བརྒྱུད་རང་ཉིད་ཀྱི༔ ལྟེ་བར་ཞུགས་ཤིང་སྙིང་ཁར་ཐིམ༔ དེ་ལྟར་མགལ་མེ་བཞིན་འཁོར་བའི༔ བར་ནས་ཤེས་རབ་བུང་བའི་ཚོགས༔ ཧྲཱིཾ་སྒྲ་སྒྲོག་པ་བུན་གྱིས་འཕྲོས༔ སངས་རྒྱས་བྱང་སེམས་ཡེ་ཤེས་དང༔ སོ་སོ་སྐྱེ་བོའི་བློ་གྲོས་རྩལ༔ འཁོར་འདས་དྭངས་བཅུད་མ་ལུས་བསྡུས༔ བདག་མདུན་ལ་ཐིམ་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་པས་གཙོ་བོའི་སྔགས་ཤམ་དུ། ཧྲཱིཿདྷཱིཿསརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། ཐུན་མཇུག་ཏུ་འཁོར་སྔགས་སོ་སོ་ལ་ཤམ་བུ་སྦྱར་བའང་བརྒྱ་རེ་ལས་མི་ཉུང་བ་བཟླ། མཐར་གསོལ་གདབ་མཆོད་བསྟོད་སོགས་སྒྲུབ་ཐབས་ལྟར་ལ་རིལ་བུ་ལ་བརྟན་བཞུགས་བྱ། འགྲུབ་ན་དམ་ཚིག་གཙང་བའི་མཆེད་གྲོགས་ལ་སྔགས་རྒྱུན་བྱར་གཞུག །གང་ལྟར་སྨྲ་བ་བཅད་ལ་ཞག་བདུན་ལ་བསྒྲུབས་པས་རིལ་བུ་འཕེལ་བའམ་རྨིས་ལྟས་སོགས་དགེ་མཚན་བྱུང་བའམ། དུས་གྲངས་ཚང་བའི་ཐོ་རངས་ཀྱི་ཐུན་ལ་གོང་གི་སྔགས་མཐར། སརྦ་པྲ་ཛྙཱ་ཛྙཱ་ན་མ་ཧཱ་སིདྡྷི་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་བསྐྱིལ་བའི་སྔགས་བཏགས་པའང་སྟོང་ཕྲག་ཙམ་བཟླ། ལས་བྱང་ཆེན་མོ་ལྟར་རམ་བསྡུ་ན་གོང་གསལ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་སོགས་བརྗོད་ལ་དངོས་གྲུབ་བསྐུལ་བ་ཁོ་ནས་ཀྱང་འཐུས་ལ། སྤྲོ་ན་དེའི་རྗེས་སུ་མཎྜལ་དང་གསོལ་གདབ་ནས་བརྩམ་དབང་ཆོག་ལྟར་བདག་འཇུག་རྒྱས་པར་བླང་ཡང་ཆོག །དེ་ལྟར་ན་དེའི་བཅའ་གཞིའང་སྔར་ཉིན་ནས་བསྒྲིགས་ལ་སྒྲུབ་པའི་སྐབས་བུམ་པའི་བསྐྱེད་བཟླས་སོགས་ཀྱང་བྱ་དགོས་སོ། །རྒྱས་བསྡུས་གང་བྱེད་ཀྱང་རིལ་བུ་སྔགས་བརྗོད་ནས་མྱང་སྐབས། རིལ་བུ་ཡེ་ཤེས་སེམས་དཔའི་སྐུ༔ རང་ཉིད་དམ་ཚིག་སེམས་དཔའ་ཡི༔ སྙིང་གི་པདྨོའི་དབུས་སུ་བྱོན༔ བྱང་ཆུབ་བར་དུ་དབྱེར་མེད་བཞུགས༔ ཡེ་ཤེས་སྣང་བ་སྟེར་བར་གྱུར༔ ཅེས་གསལ་བཏབ་ལ་རིལ་བུ་བདུན་ཕྲག་གཅིག་མིད། ལྷག་མ་ངོ་བོ་ལྷ་ཉིད་ལ༔ རྣམ་པ་རིལ་བུའི་གཟུགས་སུ་གྱུར༔ ཅེས་མོས་ལ་ཁ་ཤས་གྭའུ་ལྟ་བུར་བཅུག་སྟེ་ལུས་ལ་བཅང་། གཞན་རྣམས་མཆོད་པའི་གྲལ་དུ་སྦས་ཏེ་བཞག་གོ །དེའི་ཡོན་ཏན་དང་སྤྱད་ཚུལ་ནི། དེ་ལྟར་བསྒྲུབས་པའི་རིལ་བུ་ནི༔ ཞག་བདུན་བསྟེན་ན་རྨོངས་པ་སེལ༔ བཅུ་བཞིས་མི་བརྗེད་གཟུངས་ཐོབ་ཅིང༔ བདུན་གསུམ་ཡེ་ཤེས་སྣང་བ་འཆར༔ ཡུན་དུ་བསྲིངས་ན་ནད་སེལ་ཞིང༔ ལུས་ཀྱིས་འཆི་མེད་བཅུད་ལེན་འགྲུབ༔ ངག་སྙན་ཚངས་པའི་དབྱངས་ལྟར་འགྱུར༔ ཡིད་ལ་མངོན་ཤེས་ཕྱོགས་མེད་འཆར༔ འཇམ་དཔལ་གཞོན་ནུ་དང་མཚུངས་པའི༔ ཟབ་ཅིང་རྒྱ་ཆེའི་བློ་གྲོས་ཐོབ༔ རྨོངས་པའི་དུད་འགྲོ་ཡིན་ཡང་རུང༔ རིལ་བུའི་དྲི་ཙམ་ཚོར་བས་ཀྱང༔ འཇམ་པའི་དབྱངས་ཀྱི་རིག་སྔགས་མཐུས༔ སྒྲིབ་པའི་དྲི་མ་རབ་བསྲབས་ནས༔ ཕྱི་མ་མཐོ་རིས་རྟེན་ཐོབ་ཅིང༔ བློ་གྲོས་རྒྱ་ཆེར་ལྡན་པར་འགྱུར༔ དེ་ཕྱིར་སྙིང་རྗེར་ལྡན་པ་ཡིས༔ ཀུན་ལ་འགྲོ་དོན་རྒྱ་ཆེར་བྱ༔ ཅེས་གསུངས་པ་ལྟར་རོ། ༈ །བཞི་པ་ཡོན་ཏན་བཅུད་ལེན་གྱི་སྦྱོར་བ་ནི། གནས་ཆེན་སོགས་ས་གཙང་ལ་བཀྲ་ཤིས་པའི་ཕྱོགས་སུ་སྐྱེས་པའི་འཇམ་དབྱངས་རྟག་ངུ་ངོས་འཛིན་མ་ནོར་བ་སྐར་མ་རྒྱལ་གྱི་ཉིན་མོ་རྩ་ལོ་མེ་འབྲས་ཡོངས་རྫོགས་བཏུས་ལ་གྲིབ་སྐམ་བྱ། གཟའ་ཕུར་བུའི་ཉིན་ལེགས་པར་བཏགས་པའི་ཕྱེ་མ་སྲང་གང་གར་ཆང་ཕུལ་དགུས་འདམ་བཏགས་བྱ། དེའི་ཕྱེད་ཆ་འབྲས་བུ་གསུམ། དབང་ལག །དེའི་ཕྱེད་ཆ་ཨ་གར་ནག་པོ། སྙིང་ཞོ་ཤ །ཛཱ་ཏི་རྣམས་དང་། པི་པི་ལིང་ཅུང་ཟད་བཅས་ཞིབ་པར་བཏུལ་བའི་ཕྱེ་མ་ཀ་ར་དང་སྦྲང་རྩིས་རིལ་བུར་དྲིལ། ཐོད་པ་མཚན་བཟང་ནང་དུ་བླུགས་ལ་དར་གྱིས་བཀབ། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག །གཏོར་མཆོད་བཤམས་ལ་ལས་གཞུང་བསྲངས་ཏེ་བདག་མདུན་མཉམ་དུ་བསྒྲུབ། ཛཔ྄་བཟླས་སྐབས་བདག་བསྐྱེད་བཟླས་པ་ཅུང་ཟད་སྔོན་དུ་སོང་ནས། རིལ་བུ་དམ་ཚིག་བདུད་རྩིའི་མཁར༔ དཀྱིལ་འཁོར་ལྷ་ཚོགས་གསལ་བ་ཡི༔ སྐུ་ལས་ཡེ་ཤེས་བདུད་རྩི་བབས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ཤེས་རབ་ཡེ་ཤེས་ཡོན་ཏན་གྱི༔ དྭངས་བཅུད་ཀུན་ཀྱང་དབྱེར་མེད་ཐིམ༔ ཚེ་དང་བློ་གྲོས་མཆོག་གྲུབ་པའི༔ རྡོ་རྗེའི་བཅུད་ལེན་ཆེན་པོར་གྱུར༔ ཅེས་དམིགས་ལ་རྩ་སྔགས་ཤམ་བུར། ཨོཾ་ཨཱཿཧཱུྃ་སརྦ་པྲ་ཛྙཱ་ཛྙཱ་ན་ཨཱ་ཡུ་ཥེ་ར་ས་ཡཱ་ན་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པ་བཟླ། མཇུག་གི་བྱ་བ་གོང་དང་མཚུངས། དེ་ལྟར་བདུན་ཕྲག་གཅིག་ལ་ཐུན་བཞིའི་རིམ་པས་བསྒྲུབ། གྲུབ་པའི་ཐུན་མཐར། དཀྱིལ་འཁོར་ལྷ་རྣམས་རིལ་བུར་ཐིམ༔ དྭངས་བཅུད་གཟི་བྱིན་འབར་བར་གྱུར༔ ཅེས་དམིགས། དེ་ལྟར་བསྒྲུབས་པའི་བཅུད་ལེན་བསྟེན་པའི་སྐབས་སུ་ཁ་ཟས་རགས་པ་རྣམས་སྤངས་ལ། ཐོ་རངས་རླུང་རིག་དྭངས་པའི་སྐབས་རིལ་བུ་བདུན་རེ་ཆུ་སྐོལ་གྱིས་ཕུལ། སྙིང་གི་ནང་བདུད་རྩིས་གང་བར་བསམ་ལ་བུམ་པ་ཅན་གྱི་རླུང་དང་འཕྲུལ་འཁོར་རྒྱུན་མ་ཆད་པར་བྱས་པའི་ཡོན་ཏན་ནི། འདིས་ནི་སྒྲིབ་པ་ཐམས་ཅད་བྱང༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ བློ་རྣོ་ཡིད་གཞུང་གཟུངས་ཐོབ་ཅིང༔ མངོན་ཤེས་ཏིང་འཛིན་བརྟན་པར་འགྱུར༔ ཅེས་སོ། །འདིའི་ཁ་བསྒྱུར་གྱི་ལས་ཚོགས་མཐའ་ཡས་པ་བདུད་རྩི་འོད་ལྡན་རྒྱུད་བཞིན་བྱ་བའང་གསུངས་སོ།། ༈ ལྔ་པ་ཕྲིན་ལས་མ་ཥཱའི་སྦྱོར་བ་ནི། སྲན་མ་མ་ཥཱ་མེ་ཉིས་མ་ཕོག་ཅིང་བུད་མེད་ཀྱིས་མ་རེག་པ་དར་དམར་གྱིས་བསྟུམ། ཉི་ཟླ་གཟའ་ཡིས་ཟིན་པའི་སྔ་རོལ་བདག་བསྐྱེད་བླངས་ལ་ཟིན་མ་ཐག་ལྕེ་འོག་ཏུ་བཅུག །མ་གྲོལ་གྱི་བར་དུ་བཟླས་སྒོམ་བྱས་པས་མྱུ་གུ་འབུས་ན་གྲུབ་ཟིན་པའི་རྟགས་ཡིན། མཐར་བ་དམར་གྱི་འོ་མས་ཕུལ་ཏེ་མིད་པས་ཤེས་རབ་ཕྱོགས་མེད་དུ་འཆར་བ་དང་བརྟན་ཅིང་ཞུམ་པ་མེད་པར་འགྱུར་བར་གསུངས་སོ། ༈ །གཉིས་པ་ཡན་ལག་འཁོར་གྱི་ལས་ཚོགས་ལ་དགུ་ཡོད་པ་ལས། དང་པོ་བསྟན་བཅོས་རྩོམ་པའི་སྐབས་སུ། རང་ཉིད་འཇམ་དཔལ་དཀར་པོར་བསྒོམ༔ སྙིང་དབུས་འཁོར་ལོ་རྩིབས་དྲུག་ལ༔ རྡོ་རྗེའི་ཡི་གེ་འབྲུ་དྲུག་དང༔ དབུས་སུ་སྐྱེ་མེད་ཨ་ཡིས་མཚན༔ བརྗོད་པ་ཀུན་གྱི་རྒྱུར་གྱུར་པ༔ ཨ་དང་སྔགས་ཀྱི་ཕྲེང་བ་ལས༔ བསྟན་བཅོས་ཀུན་གྱི་ཚིག་དང་དོན༔ ཐོགས་པ་མེད་པར་འབྱུང་བར་གྱུར༔ ཅེས་བསྒོམས་ལ་འཇམ་དཀར་སྙིང་པོ་འབྲུ་དྲུག་དང་། ཡང་སྙིང་ཨ་མང་དུ་བཟླ། དེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་ཡེངས་པར་བརྩམ་པས་རྗོད་པ་མི་ཟད་པའི་བློ་གྲོས་སྐྱེའོ། །གཉིས་པ་ཆོས་ཉན་པ་དང་ཚིག་དོན་གཟུང་བའི་ཚེ། རང་ཉིད་ངག་གི་དབང་ཕྱུག་བསྒོམ༔ སྙིང་ནི་རིན་ཆེན་དཔལ་བེ་འུའི་ནང༔ ཆོས་ཀྱི་ཚིག་དོན་དབྱངས་གསལ་གྱི༔ ཡི་གེའི་རྣམ་པས་ཐིམ་པར་གྱུར༔ ཅེས་མོས་ལ་དེའི་སྙིང་པོ་བཟླས་པས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་འཆད་པའི་ཚེ། རང་ཉིད་འཇམ་དཔལ་དམར་པོར་བསྒོམ༔ མགྲིན་པ་ཆོས་ཀྱི་དུང་དུ་བསམ༔ དེ་ལས་ཆོས་ཀྱི་སྒྲ་དབྱངས་ནི༔ མི་ཟད་སྲིད་གསུམ་ཁྱབ་པར་གྱུར༔ ཅེས་མོས་ལ་དེའི་སྙིང་པོ་བཟླས་ཏེ་དམིགས་པ་དེ་དང་མ་བྲལ་བར་འཆད་པས་སྨྲ་བ་ལ་ཐོགས་པ་མེད་པར་འགྱུར་རོ། །བཞི་པ་གཞན་དང་རྩོད་པ་བྱེད་པའི་སྐབས་སུ། རང་ཉིད་རྡོ་རྗེ་རྣོན་པོར་བསྒོམ༔ ཕྱག་གཡོན་པུསྟིའི་འོད་ཟེར་གྱིས༔ ཕས་རྒོལ་ཤེས་རབ་རང་ལ་བསྟིམ༔ གཡས་པའི་རལ་གྲི་མང་འཕྲོས་པས༔ དེ་ཡི་སྨྲ་བྱེད་གཏུབས་པར་གྱུར༔ ཅེས་དམིགས་ལ་དེའི་སྔགས་བཟླས་པས་ཕ་རོལ་གྱི་སྤོབས་པ་ཟད་པར་འགྱུར་རོ། །ལྔ་པ་བློ་རྣོ་ཞིང་གསལ་བར་འདོད་ན། རང་ཉིད་རྡོ་རྗེའི་དབྱངས་ཅན་བསྒོམ༔ འཁོར་འདས་དྭངས་བཅུད་སྙིང་ཁར་བསྡུས༔ ཞེས་ཧྲཱིཾ་གསུམ་སྦྲེལ་གྱི་བཟླས་པ་བྱ། ཐོ་རངས་ཆུ་གཙང་ཁྱོར་གང་ལ༔ ཏདྱ་ཐཱ༔ ཁ་ལི་ཁ་ལི་བཱ་ལི་ཏེ་སྭཱ་ཧཱ༔ ཞེས་བཏབ་པས་བཀྲུ་ཞིང་ཁོང་དུ་བཏུང་བས་བློ་གྲོས་མེ་ལྟར་དུ་འབར་བར་འགྱུར་རོ། །དྲུག་པ་བློ་གྲོས་བརྟན་པར་འདོད་ན། རང་ཉིད་རིན་ཆེན་དབྱངས་ཅན་བསྒོམ༔ འཁོར་འདས་ཤེས་རབ་ཀུན་བསྡུས་ཏེ༔ རང་གི་སྙིང་གར་ཐིམ་པར་གྱུར༔ ཅེས་བསྒོམས་ལ་རླུང་བུམ་ཅན་བཟུང་ཞིང་རང་སྔགས་ཡིད་བཟླས་བྱ། ཤུ་དག་དཀར་པོ་ལ། ཏདྱ་ཐཱ༔ སྨྲྀ་ཏི་མ་ཏི་པྲ་ཛྙཱ་ཧུ་རུ་མེ་སྭཱ་ཧཱ༔ ཞེས་མང་དུ་བཟླས་པ་ཐོ་རངས་ལ་ཟོས་པས་བློ་གྲོས་ཤིན་ཏུ་བརྟན་པར་འགྱུར་རོ། །བདུན་པ་བློ་གྲོས་ཟབ་པར་འདོད་ན། རང་ཉིད་པདྨའི་དབྱངས་ཅན་བསྒོམ༔ སྲིད་ཞིའི་ཤེས་རབ་ཧྲཱིཿཡིག་གི༔ རྣམ་པས་སྙིང་དབུས་ཐིམ་པར་གྱུར༔ ཅེས་དམིགས། སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ལ་རང་སྔགས་བཟླ། སིནྡྷུ་ར་ལ། ཨོཾ་སྨྲྀ་ཏི་མ་ཏི་གམྦྷི་ར་ཧྲཱིཿསྭཱ་ཧཱ༔ ཞེས་མང་དུ་བསྔགས་པ་ཞུན་མར་དང་སྦྱར་ནས་ཟོས་པས་བློ་གྲོས་རྒྱ་མཚོའི་གཏིང་ལྟར་ཟབ་པར་འགྱུར་རོ། །བརྒྱད་པ་ཤེས་རབ་རྒྱ་ཆེ་བར་འདོད་ན། རང་ཉིད་ལས་ཀྱི་དབྱངས་ཅན་བསྒོམ༔ ཐུགས་ནས་རང་འདྲའི་ལྷ་མོ་དང༔ འོད་ཟེར་ནམ་མཁའ་གང་བར་འཕྲོས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཤེས་རབ་ཡེ་ཤེས་རབ་ཏུ་རྒྱས༔ དབྱངས་ཅན་ལྷ་མོའི་སྐུར་གྱུར་ནས༔ སྔགས་ཀྱི་རང་སྒྲ་སྒྲོག་པར་གྱུར༔ ཅེས་མོས་ལ་རང་སྔགས་བཟླ། སྔར་བཤད་པའི་རྟག་ངུའི་བཅུད་ལེན་གྱི་རྫས་རྣམས་སྨན་མར་ལ་སྦྱར་ཏེ། ཨོཾ་མ་ཧཱ་མ་ཏི་པྲ་ཛྙཱ་ཛྙཱ་ན་ཧུ་རུ་ཧུ་རུ་བརྡྷ་ནི་སྭཱ་ཧཱ༔ ཞེས་པའི་སྔགས་བཏབ་པ་ཐོ་རངས་སུ་བརྟེན། དེའི་ཚེ་ཤ་ཆང་སྒོག་ཙོང་ལན་ཚྭ་སོགས་གནོད་པའི་ཁ་ཟས་སྤངས་པས་བློ་གྲོས་ནམ་མཁའ་ལྟར་ཡངས་པར་འགྱུར་རོ། །དགུ་པ་སྤོབས་པ་རབ་ཏུ་བརྟན་པར་འདོད་ན། རང་ཉིད་སྨྲ་བའི་སེང་གེར་བསྒོམ༔ ཐུགས་ཀའི་འོད་ཀྱིས་རྒྱལ་ཆེན་བཞི༔ སྤྱན་དྲངས་མདུན་དུ་འཁོད་པ་ལ༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ རང་རང་སྡེ་དང་བཅས་པ་ཡི༔ བློ་གྲོས་སྤོབས་པ་རང་ལ་བསྟིམ༔ གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང༔ ཉི་ཟླ་རྒྱུ་སྐར་ལ་སོགས་པའི༔ བློ་གྲོས་སྟོབས་རྩལ་གཟི་བརྗིད་དང༔ ནོར་བུ་སྨན་སོགས་དྭངས་བཅུད་ཀུན༔ དབང་མེད་འདུས་ཏེ་བདག་ལ་ཐིམ༔ བློ་གྲོས་སྟོབས་དང་གཟི་བརྗིད་མདངས༔ འགྲན་ཟླ་མེད་པར་ཐོབ་པར་གྱུར༔ ཅེས་དམིགས་ལ་རྒྱལ་ཆེན་སྡེ་བཞིའི་སྔགས་མཐར། སརྦ་ལོ་ཀ་པྲ་ཛྙཱ་མེ་དྷི་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་བཟླ། ཤུ་དག་ནག་པོ། ཛཱ་ཏི་ཕ་ལ། གླ་རྩི་རྣམས་ལ་སྔགས་དེ་ཉིད་བཏབ་སྟེ་ཟོས་པས་ལྷ་ཆེན་ཚངས་པའང་ཟིལ་གྱིས་གནོན་པའི་སྤོབས་པ་འཇིགས་མེད་སེང་གེ་ལྟ་བུ་འཐོབ་པར་འགྱུར་བར་གསུངས་སོ། །འདི་རྣམས་མདོ་རྒྱུད་གསར་རྙིང་གི་དགོངས་བཅུད་ཟབ་དགུ་གཅིག་ཏུ་བསྡུས་པའི་ཁྱེར་བདེ་ངོ་མཚར་ཅན་དུ་སྣང་བས་དོན་དུ་གཉེར་བ་ལ་ཕན་པའི་སེམས་ཀྱིས་གཞུང་ནས་ཁོལ་དུ་བཀོལ་ཅིང་། ད་རུང་གསལ་བྱེད་ཅུང་རྒྱས་པར་སྤྲོར་འོས་པ་སྣང་ཡང་གཞུང་དོན་ཉིད་ལ་མ་ཚང་བ་མེད་ཅིང་ཡིག་ཚོགས་ཉུང་བ་གཙོར་བཏོན་དུ་བཀོད་པའོ། །ཐོག་མེད་ལྷན་ཅིག་འགྲོགས་པ་ཡི། །སྒྲིབ་པའི་མུན་སྟུག་དྭངས་པ་དང་། །ལྷན་ཅིག་ཡེ་ཤེས་འོད་པོ་ཆེ། །འཆར་བའི་དཔལ་དུ་འདི་གྱུར་ཅིག །ཅེས་རིན་པོ་ཆེ་གྲམ་བུར་བརྡལ་བའི་གཏེར་ཆེན་པོའི་མཛོད་དུ་ཕུལ་དུ་བྱུང་བའི་དབྱིག་གི་སྙིང་པོ་སྡུད་པའི་ཆ་རྐྱེན་དུ་རྒྱལ་བའི་སྲས་པོའི་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་ཡོངས་འདུས་ཀྱི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).