Terdzo-DZA-011

Revision as of 16:05, 13 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)



Property "Author" has a restricted application area and cannot be used as annotation property by a user. 








ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་པ་དབང་བསྐུར་བཅས་བཀླག་ཆོག་ཏུ་བསྡེབས་པ་བདུད་རྩིའི་ཆུ་རྒྱུན་

nyang gter gu ru mtsho skyes rdo rje'i tshe sgrub 'chi med bdud rtsi'i bum pa dbang bskur bcas bklag chog tu bsdebs pa bdud rtsi'i chu rgyun

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  གུ་རུ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩིའི་བུམ་པ་ (Gu ru mtsho skyes rdo rje 'chi med bdud rtsi'i bum pa)
Volume 19 (ཛ) / Pages 193-244 / Folios 1a1 to 26b5

[edit]

༄༅། །ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་པ་དབང་བསྐུར་བཅས་བཀླག་ཆོག་ཏུ་བསྡེབས་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་རོ་རུ་ཧ་བཛྲཱ་ཡ། །གདོད་ནས་རྣམ་དག་དབྱིངས་ཀྱི་མཚོར། །རིག་རྩལ་རྡོ་རྗེའི་སྐུར་སྐྱེས་པ། །སྙིང་གི་ཟེའུ་འབྲུ་ལ་ཆགས་ཏེ། །གསང་བ་གསུམ་དུ་བདག་སྒྲུབས་མཛོད། །གཏེར་འབྱིན་རྒྱ་མཚོའི་སྤྱི་མེས་ཀྱི། །གཏེར་ཆོས་གཡའ་བྲལ་ཆུ་གསེར་ཉིད། ཁྲིགས་བཀོད་རྣམ་རྒྱལ་བུམ་བཟང་ལས། །ཚེ་བཅུད་བདུད་རྩིའི་ཆུ་རྒྱུན་སྤེལ། །མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་མཚོ་སྐྱེས་རྡོ་རྗེའི་ཚེ་སྒྲུབ་ལ་གཉིས། རང་དོན་བསྙེན་སྒྲུབ། གཞན་དོན་དབང་བསྐུར་བའི་རིམ་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་སྦྱོར་བ་གཤོམ་དང་། ཆོ་གའི་སྔོན་འགྲོ་གཉིས་ཀྱི་དང་པོ་ནི། བདག་བསྐྱེད་བསྙེན་པ་ཙམ་ལ་བྲིས་སྐུ་ལ་སོགས་པའི་རྟེན་གྱི་མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས་པས་འཐུས་ཤིང་། མདུན་བུམ་སྒྲུབ་པ་དང་འབྲེལ་ན་འོག་ནས་བཤད་པའི་དཀྱིལ་འཁོར་གྱི་བཅའ་གཞི་ཡོངས་རྫོགས་བྱའོ། །གཉིས་པ་ལ་བདུན་ལས། ཐོག་མར་གསོལ་བ་འདེབས་པ་ནི། ན་མོ་གུ་རུ༔ རང་སྣང་དག་པའི་གཞལ་ཡས་ནས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་མཚོ་སྐྱེས་རྡོ་རྗེ་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཆོས་རྒྱལ་ཉང་རལ་ཡབ་སྲས་སོགས༔ རིག་འཛིན་རྩ་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་དང༔ དཔའ་བོ་ཆེན་པོ་རྟ་མགྲིན་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རིགས་བཞི་མཁའ་འགྲོ་གིང་དང་བཅས༔ བདུད་འདུལ་ལ་སོགས་མཁའ་འགྲོ་བརྒྱད༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ མ་མགོན་ལྕམ་དྲལ་ཚོགས་དང་བཅས༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་དངོས་གྲུབ་ཆར་འབེབ་པའི༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གཉིས་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་གསལ་བར་བལྟས་ལ། བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ བདག་གཞན་སྐྱབས་སུ་མཆི་ལགས་ཀྱིས༔ ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གསལ་གདབ་ལ། རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སྔོན་གྱི་སྐྱོབ་པའི་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་གིས་སེམས་བསྐྱེད་དོ༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚོགས༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ། བཞི་པ་ཡན་ལག་བདུན་པ་ནི། སོ་སོའི་དམིགས་འདུན་དང་བཅས་ཏེ། ཧཱུྃ༔ འཇིག་པ་མེད་པ་རྡོ་རྗེའི་སྐུ༔ འགག་པ་མེད་པ་རྡོ་རྗེའི་གསུང༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཐུགས༔ རྡོ་རྗེའི་སྐུ་གསུང་ཐུགས་ལ་འདུད༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང༔ དཔའ་བོ་རྣལ་འབྱོར་སྲུང་མ་ལ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ མཆོད་པ་བླ་ན་མེད་པས་མཆོད༔ འཁོར་བ་ཐོག་མ་མེད་པ་ནས༔ སྡིག་པའི་ལས་རྣམས་གང་བགྱིས་པ༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔར་བཤགས༔ ཚངས་པ་ཆེན་པོ་བསྩལ་དུ་གསོལ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཉན་རང་སོ་སོའི་སྐྱེ་བོ་དང༔ བདག་གིས་བགྱིས་པའི་དགེ་རྩ་ལ༔ དགའ་བས་རྗེས་སུ་ཡི་རང་ངོ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས༔ འགྲོ་བ་གཏི་མུག་མུན་འཐོམས་ལ༔ ཟབ་པ་དང་ནི་རྒྱ་ཆེ་བའི༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས༔ མྱ་ངན་འདའ་བའི་ཚུལ་སྟོན་པ༔ སེམས་ཅན་རྣམས་ཀྱི་དོན་སླད་དུ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ བདག་གཞན་དགེ་རྩ་ཅི་བསགས་པ༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བླ་ན་མེད་པའི་བྱང་ཆུབ་ཏུ༔ བསམ་པ་དག་པས་བསྔོ་བར་བགྱི༔ ལྔ་པ་བགེགས་བསྐྲད་སྲུང་འཁོར་ནི། རང་ཉིད་པདྨ་ཐོད་ཕྲེང་རྩལ་དམར་ནག་རྡོ་རྗེ་དང་ཕུར་པ་འཛིན་པར་གྱུར་པར་བསམས་ལ། ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ང་ནི་ཡེ་ནས་ངང་གིས་ཁྲོས༔ ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱང༔ ཁྲོ་རྒྱལ་པདྨ་ཧེ་རུ་ཀ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ ཀུན་ཀྱང་འཇིགས་པའི་ཁྲོ་ཚུལ་ཅན༔ སྟེང་འོག་ཕྱོགས་མཚམས་ཁྲོ་བོར་གྱུར༔ བགེགས་འདུལ་ཁྲོ་བོའི་མཚམས་ལས་ནི༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གལ་ཏེ་བཀའ་ལས་འདའ་གྱུར་ན༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་གནས་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་བར་གཅོད་ན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ ཁྱེད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ༔ སརྦ་བྷཱུ་ཏ་གནོད་བྱེད་གདོན་བགེགས་ལོག་འདྲེན་ཐམས་ཅད་ཨུཙྪ་ཊ་ཡ་ཧཱུྃ་ཕཊ༔ ཅེས་དང་ཡུངས་ཐུན་དྲག་རོལ་སོགས་ཀྱི་ཚམ་རྔམ་བྱ། སྲུང་འཁོར་བརྟན་པོར་བསྒོམས་ལ་ཕྱིན་ཆད་བར་དུ་གཅོད་པ་ཅིས་ཀྱང་མི་ཚུགས་པར་བསམ། དྲུག་པ་བྱིན་དབབ་པ་ནི། སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོས་བདག་གནས་ཡོ་བྱད་ཐམས་ཅད་བྱིན་གྱིས་རློབ་པར་བསམས་ལ་མོས་གུས་བསྐྱེད་དེ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཅེས་དང་རོལ་མོའི་སྒྲ་སྦྱར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བྱིན་བསྡུ། བདུན་པ་མཆོད་པ་བྱིན་བརླབ་ལ། ཕྱི་མཆོད་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། ནང་མཆོད་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་སུ་ན་ལས་མིའི་ཤ༔ ཤར་དུ་གོ་ལས་བ་ལང་གི་ཤ༔ ལྷོར་ཀུ་ལས་ཁྱིའི་ཤ༔ ནུབ་ཏུ་ད་ལས་རྟའི་ཤ༔ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ༔ དབུས་སུ་མུཾ་ལས་དྲི་ཆུ༔ ཤར་དུ་བྷི་ལས་དྲི་ཆེན༔ ལྷོར་མ་ལས་ཀླད་པ༔ ནུབ་ཏུ་ཤུ་ལས་བྱང་སེམས༔ བྱང་དུ་ར་ལས་རཀྟ༔ དབུས་སུ་ཧཱུྃ༔ ཤར་དུ་བྷྲཱུྃ༔ ལྷོར་ཨཱཾ༔ ནུབ་ཏུ་ཛྲཱིཾ༔ བྱང་དུ་ཁཾ༔ འོག་ཏུ་རླུང་གཡོས་མེ་སྤར་ཐོད་པའི་རྫས་རྣམས་འོད་དུ་ཞུ་བའི་སྟེང་དུ་རིགས་ལྔ་ཡབ་ཡུམ་བཅུ་སྙོམས་འཇུག་བྱས་པའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་བྱུང་བས་ཐོད་པ་གང་བར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིིཿཋ༔ ལན་གསུམ། ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ། ཞེས་པ་དག་ཀྱང་ལན་གསུམ་གསུམ་བརྗོད་དོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། བུམ་པ། དཀྱིལ་འཁོར་སྒྲུབ་པའོ། །དང་པོ་ལ་གསུམ། ལྷ་བསྐྱེད་པ། བསྙེན་པ་བཟླ་བ། ཚེ་འགུགས་པའོ། །དང་པོ་ལའང་བདུན་ལས། ཐོག་མར་དཀྱིལ་འཁོར་བསྒོམ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ དེའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿདམར་པོ༔ ཧྲཱིཿལས་ཏྲཱཾ་ཆད༔ ཏྲཱཾ་རཏྣ་མཎྜ་ལ་བྷྲཱུྃ༔ ཏྲཱཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ༔ ཕྱི་དྲ་གུར་དང་མེ་རིས་བསྐོར་བ༔ དེའི་ནང་དུ་ཧྲཱིཿལས་པཾ་ཆད་པ་ལས་པཾ་པདྨ་མཎྜ་ལ་ཧཱུྃ༔ པདྨ་འདབ་བཞིའི་ཕྱིའི་མུ་ཁྱུད་དེ་ལ་པདྨ་སྣ་ཚོགས་དང་ལྡན་པ༔ ཨ་ཆད་པ་ལས་ཨ་ཙནྡྲ་མཎྜ་ལ༔ ཟླ་བའི་དཀྱིལ་འཁོར༔ མ་ཆད་པ་ལས༔ མ་སཱུརྻ་མཎྜ་ལ༔ ཉི་མའི་དཀྱིལ་འཁོར༔ དེའི་སྟེང་དུ་ཧྲཱིཿལས་འོད་ཟེར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས༔ ཚེའི་རིག་འཛིན་ཐོབ་པར་བྱས༔ འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ཚར་བཅད༔ དེ་དག་གི་ཚེ་དང་དབང་ཐང་བསོད་ནམས་བསྡུས༔ བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ སླར་འདུས་པ་ཧྲཱིཿལ་ཐིམ་པ་འོད་དུ་ཞུ་བ་ལས་རྡོ་རྗེ་ཧྲཱིཿས་མཚན་པར་གྱུར༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ སླར་འདུས་པ་ལས༔ བདག་ཉིད་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་ཏེ་ཚེ་བུམ་འཛིན་པ་ཞབས་གཉིས་་་འདི་མདུན་བསྐྱེད་ནས་འཚབ་་་བརྐྱང་བསྐུམ་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ༔ ཡུམ་མནྡཱ་ར་བ་ཕྱག་གཉིས་ཚེའི་བུམ་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ སྤྱི་བོར་ཚེ་དཔག་མེད་ལོངས་སྐུའི་ཚུལ་དུ་བཞུགས་པ༔ མཱ་མ་ཀཱི་དང་གཉིས་སུ་མེད་པ༔ ཡབ་ཡུམ་གཉིས་ཀ་སྐུ་མདོག་དམར་པོ་བུམ་པ་འཛིན་པ༔ རང་གི་ཁོག་པ་དར་དམར་གྱི་གུར་ཕུབ་པ་ལྟ་བུའི་ནང་ན༔ ལྟེ་བར་བཾ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ༔ དེའི་ཕྱོགས་བཞིར་འབྱུང་བ་བཞིའི་ངོ་བོ༔ ཤར་དུ་སངས་རྒྱས་སྤྱན་མ་སྐུ་མདོག་སེར་པོ་ཕྱག་ན་གསེར་གྱི་བུམ་པ་འཛིན་པ༔ ལྷོར་གོས་དཀར་མོ་སྐུ་མདོག་དམར་མོ་ཕྱག་ན་ཟངས་ཀྱི་བུམ་པ་འཛིན་པ༔ ནུབ་ཏུ་མཱ་མ་ཀཱི་སྐུ་མདོག་སྔོན་མོ་ཕྱག་ན་གཡུའི་བུམ་པ་འཛིན་པ༔ བྱང་དུ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་ཕྱག་ན་ཤེལ་གྱི་བུམ་པ་འཛིན་པ༔ ཀུན་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ བདུད་རྩིའི་རྒྱ་མཚོའི་དབུས་སུ་པདྨའི་སྡོང་པོ་གཅིག་བསྐྱེད༔ སྙིང་ཁར་ཆོས་ཀྱི་འཁོར་ལོའི་རྩ་འདབ་བཞིའི་དབུས་སུ་ཙིཏྟ་རིན་པོ་ཆེའི་མན་ཤེལ་གྱི་གུར་ལྟ་བུའི་ནང་ན༔ པད་ཟླའི་སྟེང་དུ་འོད་མི་འགྱུར་བ་ཡབ་ཡུམ་སྐུ་མདོག་སྔོན་པོ་ཚེ་བུམ་འཛིན་པ༔ དེའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཚེའི་ས་བོན་ཨ་དཀར་པོའི་ནང་དུ་སྲོག་གི་ས་བོན་ནྲྀ་དུད་ཁ༔ དེའི་ནང་དུ་བྱིན་གྱིས་བརླབས་པའི་ས་བོན་ཧྲཱིཿདམར་པོ༔ དེ་གསུམ་ལ་བསྙེན་པའི་སྔགས་ཀྱིས་བསྐོར་བ༔ རྟ་མགྲིན་དམར་པོ་ཚོན་གང་བ་གཡས་དབྱུག་ཏོ༔ གཡོན་སྡིགས་མཛུབ་ཅན༔ ཞལ་གཅིག་ཕྱག་གཉིས་པ༔ ཞལ་ཕྱིར་ལ་གཟིགས་པས་ཙིཏྟའི་སྒོ་སྲུང་པ༔ དེའི་ཕྱི་རོལ་དུ་པད་འདབ་བཞིའི་སྟེང་དུ༔ ཤར་གྱི་པད་འདབ་ལ་རྣམ་སྣང་དཀར་པོ༔ ལྷོར་རིན་ཆེན་འབྱུང་ལྡན་སེར་པོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ༔ ཐམས་ཅད་ཀྱང་རང་གི་ཡུམ་དང་བཅས་པ༔ ཚེ་བུམ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ༔ རང་གི་གདན་གྱི་འདབ་མ་བཞི་ལ༔ ཤར་དུ་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ་སྔོན་མོ༔ ལྷོར་རིན་ཆེན་ཌཱ་ཀི་མ་སེར་མོ༔ ནུབ་ཏུ་པདྨ་ཌཱ་ཀི་མ་དམར་མོ༔ བྱང་དུ་ལས་ཀྱི་ཌཱ་ཀི་མ་ལྗང་གུ༔ ཚེ་བུམ་འཛིན་ཅིང་རང་རང་གི་ཡབ་དང་བཅས་པ་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ མུ་ཁྱུད་ལ་ཚེ་ལ་དབང་བའི་རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་སྐུ་གཅེར་བུ་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ ཚེ་བུམ་བསྣམས་ནས་བདག་ལ་དབང་བསྐུར་བྱིན་གྱིས་རློབ་པ༔ ཕྱིའི་སྣ་ཚོགས་པདྨ་ལ་མཁའ་འགྲོ་བདུད་འདུལ་མ༔ མཁའ་འགྲོ་ཞི་བ་འཚོ༔ རྒྱ་མཚོའི་གླིང་ན་གནས་པའི་མཁའ་འགྲོ༔ རྡོ་རྗེ་ཕྲ་མེན་མ༔ རྡོ་རྗེ་ལས་བྱེད་མ༔ རིན་ཆེན་ལས་བྱེད་མ༔ པདྨ་ལས་བྱེད་མ༔ ཀརྨ་ལས་བྱེད་མ༔ ཐམས་ཅད་སྐུ་མདོག་སྣ་ཚོགས་ལ་ཕྱག་ན་ཚེའི་བུམ་པ་བསྣམས་པའོ༔ ཡང་དཀྱིལ་འཁོར་གྱི་སྒོ་བཞི་ལ༔ ཤར་སྒོར་རྟ་གདོང་མ་དཀར་མོ་གཡས་ལྕགས་ཀྱུ༔ ལྷོ་སྒོར་ཕག་གདོང་མ་སེར་མོ་གཡས་ཞགས་པ༔ ནུབ་སྒོར་སེང་གདོང་མ་དམར་མོ་གཡས་ལྕགས་སྒྲོག༔ བྱང་སྒོར་ཁྱི་གདོང་མ་ལྗང་གུ་གཡས་དྲིལ་བུ་འཛིན་པ༔ ཕྱག་གཡོན་པ་ཐམས་ཅད་ཚེ་བུམ་འཛིན་པ༔ ཚེ་འགུགས་པའི་ལས་བྱེད་པར་གྱུར་པར་བསམ་མོ༔ དེ་ནས་རང་ཉིད་ཀྱི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་ཐུགས་དམ་དབང་གིས་བྱོན་པར་མཛད་དུ་གསོལ༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ མཱ་ར་ཏི་ཀའི་གནས་མཆོག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མཚོ་སྐྱེས་རྡོ་རྗེ་ཞེས་ཀྱང་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ རོལ་མོ་མང་པོ་ཏི་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྡེ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སི་ཐིབ༔ གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣ་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོ༔ ཞེས་དང་། སྤྱན་འདྲེན་བསྡུས་པ་ནི། ཆགས་མེད་ཟླ་གམ་དབང་གི་དཀྱིལ་འཁོར་ནས༔ པདྨ་དབྱིངས་ཕྱུག་ཧེ་རུ་ཀ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་རྣམས༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཨོཾ་བཛྲ་གུ་རུ་པདྨ་ཌཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་གསོལ་ནི། སྟོང་གསུམ་ཀུན་དང་མཉམ་པ་ཡི༔ པདྨ་འདབ་བརྒྱད་གེ་སར་བཅས༔ བདེ་ཞིང་ཡངས་པ་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཞི་པ་དབང་བསྐུར་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས༔ དེ་ལ་ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར༔ སྒོ་གསུམ་གྱི་དྲི་མ་དག༔ དབང་བཞི་ཐོབ༔ ཆུའི་ལྷག་མ་ཡར་ལུད་པ་ལས༔ སྤྱི་བོར་སྣང་བ་མཐའ་ཡས་ཡབ་ཡུམ༔ དཔྲལ་བར་རྡོ་རྗེ་སེམས་དཔའ་ཡབ་ཡུམ༔ རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ ལྟག་པར་རྣམ་པར་སྣང་མཛད་ཡབ་ཡུམ༔ རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་རྣམས་ཀྱིས་དབུ་བརྒྱན་པར་གྱུར༔ ལྔ་པ་ཕྱག་འཚལ་བ་ནི། ཧཱུྃ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ མཚོ་སྐྱེས་རྡོ་རྗེར་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ རིགས་བཞི་མཁའ་འགྲོ་གིང་དང་བཅས༔ བདུད་འདུལ་ལ་སོགས་མཁའ་འགྲོ་བརྒྱད༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ དཀྱིལ་འཁོར་ལྷ་ཚོགས་ཕྱག་འཚལ་ལོ༔ དྲུག་པ་མཆོད་པ་ལ་ཕྱི་ནང་གསང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ ཡོན་ཆབ་ཁྲུས་ཆབ་བདུག་སྤོས་དང༔ མེ་ཏོག་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་མཆོད་པའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་དུད་པའི་བདུག་སྤོས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུ་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་རྔ་རོལ་མོས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཁྱད་པར་མཆོད་པ་ནི། འཁོར་ལོ་ནོར་བུ་བཙུན་མོ་དང༔ བློན་པོ་གླང་པོ་རྟ་མཆོག་དང༔ དམག་དཔོན་རིན་ཆེན་བདུན་པོ་ནི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གཟུགས་དང་སྒྲ་དང་དྲི་དང་ནི༔ རོ་དང་དེ་བཞིན་རེག་བྱ་སྟེ༔ འདོད་པའི་ཡོན་ཏན་ལྔ་པོ་ཡང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྒེག་མོ་ཕྲེང་བ་གླུ་མ་གར༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཕྱི་ནང་ལྷ་མོ་བརྒྱད་པོ་ཡང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་ཧོ༔ སྨན་རཀ་གཏོར་མཆོད་ནི། བདག་བསྐྱེད་སྐབས་འདིར་སྔགས་མཆོད་ཙམ་གྱིས་འཐུས་ཀྱང་མདུན་བསྐྱེད་སྐབས་སུ་བཤད་པ་ལྟར་སྤྲོ་ན། སྨན་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀྱི༔ ཐུགས་དམ་གཉིས་མེད་བསྐུལ་བ་ཡིན༔ འདི་ནི་སྔོན་གྱི་དམ་ཚིག་གོ༔ བཞེས་ཤིག་བཅོམ་ལྡན་ལྷ་ཡི་ལྷ༔ བཞེས་ཏེ་ཀུན་ཏུ་དགྱེས་པར་མཛོད༔ འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བརྒྱུད་མཆོད་སྤྲོ་ན། མཐའ་ཡས་ཚེ་དཔག་མེད་མགོན་པདྨ་འབྱུང་། །མཚོ་རྒྱལ་ཁྲི་སྲོང་ཉང་རལ་ཡབ་སྲས་སོགས། །བརྒྱུད་སྲོལ་ཀུན་འདུས་པདྨ་མདོ་སྔགས་གླིང། །རིག་འཛིན་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །མཚོ་སྐྱེས་རྡོ་རྗེ་རིགས་ལྔ་ཡབ་ཡུམ་དང་། །དབང་ཆེན་རྟ་མགྲིན་རིགས་བཞིའི་མཁའ་འགྲོ་གིང་། །བདུད་འདུལ་མ་བརྒྱད་སྒོ་སྐྱོང་གདོང་མོ་བཞི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །འཆི་མེད་སྐུ་བརྙེས་ཚེ་དབང་རིག་པ་འཛིན། །བར་ཆད་བགེགས་འདུལ་བཀའ་གཏེར་སྲུང་མའི་ཚོགས། །སྣང་སྲིད་དག་པ་རབ་འབྱམས་ཚེ་ཡི་ལྷ། །ཡེ་རྫོགས་ལྷུན་འབྱམས་ཆེན་པོར་ཨོཾ་ཨཱཿཧཱུྃ། །དེ་ནས་རང་གི་གནས་གསུམ་དུ་རེག་ནས། བོ་དྷི་ཙིཏྟ་ཨོཾ༔ བོ་དྷི་ཙིཏྟ་ཨཱ༔ བོ་དྷི་ཙིཏྟ་ཧཱུྃ༔ ཞེས་མྱང་། རཀྟ་འབུལ་བ་ནི། ཧཱུྃ༔ བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ ཅི་འབྱོར་ཁྲག་སྣ་སྣ་ཚོགས་དང༔ མུ་དྲ་རཀྟ་བདེ་བའི་མཆོག༔ མཱཾ་ས་རཀྟ་བཅུད་ཀྱི་མཆོག༔ འབྱུང་བ་པདྨའི་རཀྟ་མཆོག༔ ཁྲག་སྣ་སྟོང་ལ་བསྡུས་བྱས་ནས༔ ཐབས་ཤེས་རང་བཞིན་ཕྱག་རྒྱ་ཡུམ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི༔ ཐུགས་དམ་བསྐང་བའི་རཀྟ་འདི༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀྱི༔ ཐུགས་དམ་གཉིས་མེད་བསྐུལ་བ་ཡིན༔ འདི་ནི་སྔོན་གྱི་དམ་ཚིག་གོ༔ བཞེས་ཤིག་བཅོམ་ལྡན་ལྷ་ཡི་ལྷ༔ བཞེས་ཏེ་ཀུན་ཏུ་དགྱེས་པར་མཛོད༔ འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔ གཏོར་མ་འབུལ་བ་ནི། ཧཱུྃ༔ ཕྱི་སྣོད་ཐམས་ཅད་བྷནྡྷའི་ཞལ་བུ་ལ༔ ནང་བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི༔ ཐུགས་དམ་སྐོང་བའི་གཏོར་མ་འདི༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀྱི༔ ཐུགས་དམ་གཉིས་མེད་བསྐུལ་བ་ཡིན༔ འདི་ནི་སྔོན་གྱི་དམ་ཚིག་གོ༔ བཞེས་ཤིག་བཅོམ་ལྡན་ལྷ་ཡི་ལྷ༔ བཞེས་ཏེ་ཀུན་ཏུ་དགྱེས་པར་མཛོད༔ འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་བ་ལིནྟ་ལ་ཁ་རཾ་ཁཱ་ཧི༔ བདུན་པ་བསྟོད་པ་ནི། ཧྲཱི༔ རིག་འཛིན་མཚོ་སྐྱེས་རྡོ་རྗེ་དང༔ མནྡཱ་ར་བ་ཡུམ་དང་བཅས༔ མདོག་དམར་ཚེ་ཡི་བུམ་པ་འཛིན༔ དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡུམ་ཆེན་མཱ་མ་ཀཱི་དང་བཅས༔ སྐུ་མདོག་དམར་པོ་ཚེ་བུམ་འཛིན༔ སྤྱི་གཙུག་བདེ་ཆེན་བཞུགས་ལ་འདུད༔ མི་བསྐྱོད་ལ་སོགས་ཡབ་ལྔ་དང༔ མཱ་མ་ཀཱི་སོགས་ཡུམ་ལྔ་དང༔ དཔའ་བོ་ཆེན་པོ་རྟ་མགྲིན་རྒྱལ༔ སྙིང་གར་བཞུགས་པ་རྣམས་ལ་འདུད༔ སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་མོ་དང་སྒྲོལ་མ་སྟེ༔ འབྱུང་བཞི་དག་པའི་ངོ་བོ་ཉིད༔ ལྟེ་བར་བཞུགས་པ་རྣམས་ལ་འདུད༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་ཀྱི་མཁའ་འགྲོ་རྣམ་པ་བཞི༔ རྣམ་ཐར་བཞི་ཡི་ངོ་བོ་ཉིད༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ ཚེ་ལ་དབང་དང་ལྷུན་གྱིས་གྲུབ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ མཁའ་འགྲོ་བདུད་འདུལ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ སྒོ་བ་བཞི་ལ་ཕྱག་འཚལ་བསྟོད༔ གཉིས་པ་བསྙེན་པ་བཟླ་བ་ནི༔ བདག་གི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཚེའི་ས་བོན་ཨ་དཀར་པོ༔ སྲོག་གི་ས་བོན་ནྲྀཿདུད་ཁ༔ བྱིན་གྱིས་བརླབས་པའི་ས་བོན་ཧྲཱིཿདམར་པོ་གསུམ་ལ་རྩ་སྔགས་ཀྱིས་གཡས་སྐོར་དུ་འཁོར་བའི་སྔགས་ཕྲེང་དང་ས་བོན་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེ་ལས་དཔའ་བོ་དཔའ་མོ་ལྕགས་ཀྱུ་ཞགས་པ་ཐོགས་པ་མང་པོ་འཕྲོས་པས་སྲིད་པ་གསུམ་གྱི་ལྷ་འདྲེ་མི་གསུམ་གྱི་ཚེ་དང་དབང་ཐང་བསོད་ནམས་ལོངས་སྤྱོད་བཀྲག་དང་གཟི་མདངས་ཐམས་ཅད་བཀུག་སྟེ་ལྷ་ཚོགས་ཐམས་ཅད་ཀྱི་ཕྱག་གི་བུམ་པ་གང་བར་་་བསམ༔ ࿋ ཁྱད་པར་དུ་སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱིས་རི་རབ་ཀྱི་རྨིང་ནས་བཟློག༔ རྒྱ་མཚོའི་གཏིང་ནས་སྤྲུགས༔ འཆི་བདག་གཤིན་རྗེའི་ཀླད་པ་བརྒྱར་བཀས་པའི་ནང་ནས་ཚེ་དང་སྲོག་གི་དྭངས་མ་ནྲྀཿརྣམས་དབང་དུ་བསྡུས་ཏེ་ལྷ་རྣམས་ཀྱི་བུམ་པ་ལ་ཐིམ༔ ࿋ ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་དང༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་དབུའི་གཙུག་ཏོར་སྐུའི་སྨིན་མཚམས་མགུལ་གྱི་བུམ་པ་ཐུགས་ཀྱི་དཔལ་བེའུ་ལྟེ་བའི་འཁོར་ལོ་གསང་བའི་སྦྱོར་མཚམས་ནས་འཆི་མེད་ཀྱི་བདུད་རྩི་སྤྱན་དྲངས་ནས་སྤྱི་བོའི་འོད་དཔག་མེད་ཀྱི་ཚངས་བུག་ཏུ་ཐིམ༔ ࿋ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བུམ་པ་ནས་བདུད་རྩི་འོད་ཟེར་གྱི་ཚུལ་དུ་བྱུང་ནས་འོད་དཔག་མེད་ཀྱི་སྐུར་ཐིམ༔ འོད་དཔག་མེད་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བ་བདག་གི་ཚངས་བུག་ནས་བབ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་ཚེའི་སྙིང་པོ་ཨ་དཀར་པོ༔ སྲོག་གི་སྙིང་པོ་ནྲྀཿདུད་ཁ༔ བྱིན་གྱིས་བརླབས་པའི་ས་བོན་ཧྲཱིཿདམར་པོ་ལ་ཐིམ་པས་ཡིག་འབྲུ་བཀྲག་མདངས་དང་ལྡན་པར་གྱུར་ནས་འཆི་མེད་ཚེའི་རིག་འཛིན་ཐོབ༔ བདུད་རྩིའི་འོད་ཟེར་རིགས་ལྔ་ཡབ་ཡུམ་གྱི་སྐུར་ཐིམ༔ ཡང་བདུད་རྩི་ལྟེ་བའི་འབྱུང་བ་བཞིའི་ལྷ་མོའི་བུམ་པར་ཐིམ༔ དེ་ནས་བདུད་རྩི་ལུད་པ་ལས་ལྟེ་བ་སྤྲུལ་པའི་འཁོར་ལོ་ལྟེམ་གྱིས་གང་ནས་རྒྱས་ཏེ་རྐྱལ་པ་འོ་མས་གང་བ་ལྟ་བུར་ལུས་བདུད་རྩིས་རྒྱས་ཏེ་བ་སྤུའི་བུ་ག་ནས་ཟིལ་པ་ཕྲོམ་གྱིས་སོང་བ་ལས་གསེར་གྱི་རྡོ་རྗེས་གཏམས་པའི་རྡོ་རྗེའི་ར་བ་ལས་དྲག་པོ་མེའི་ཚྭ་ཚྭ་ཀྱི་ལི་ལི་འཁོར་བར་གྱུར་པར་བསམ༔ དམིགས་རྐང་དེ་བཞི་པོའང་རིམ་པ་བཞིན་བྱས་ལ་ཚེ་བསྙེན་བཟླ་དགོས་ཏེ། གཞུང་ལས། དེའང་ཐུན་དང་པོ་ལ༔ སྲིད་པ་གསུམ་གྱི་ཚེ་དཔལ་དབང་དུ་བསྡུས༔ ཐུན་གཉིས་པ་ལ་འཆི་བདག་གཤིན་རྗེའི་ལག་ནས་ཚེ་འཕྲོག༔ ཐུན་གསུམ་པ་ལ་བདེ་བར་གཤེགས་པའི་བྱིན་རླབས་བསྡུ༔ ཐུན་བཞི་པ་ལ་བུམ་པ་ལས་དངོས་གྲུབ་བླངས༔ ཐུན་བར་དུ་ཚེ་རྒྱས་ལ་འཁོར་འདས་ཀྱི་ཚེ་དཔལ་དབང་དུ་བསྡུས་ནས་བསྟིམས་ལ་རིག་འཛིན་ཚེའི་སྙིང་པོ་འདི་བཟླའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཌཱ་ཀི་ནཱི་ཚེ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཚེ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཚེ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཞེས་རྩ་སྔགས་དང་། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱང་བཟླས་ནས་མཐར། ལས་སྦྱོར་སྔགས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨཱ་ཡུརྫྙཱ་ན་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དེ་ཧི་དེ་ཧི་སྭཱ་ཧཱ༔ ཐུན་ཐ་མ་ལ་རྫོགས་རིམ་བསྒོམ་པ་ནི། དཀྱིལ་འཁོར་ལྷ་ཚོགས་འོད་དཔག་མེད་ཀྱི་བུམ་པར་ཐིམ༔ བུམ་པའི་བདུད་རྩིས་རང་གི་ཙིཏྟ་ལྷ་དང་བཅས་པ་གང་བར་བསམ༔ གདན་གྱི་པད་འདབ་བཞི་བུམ་སྐུ་ལྟར་ཟླུམ་པར་བསམ༔ དེ་ནས། སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་ཨཱ་ལི་འོད་ཟེར་དམར་ཤད་ཀྱིས་བྱུང་བ་གཡོན་སྐོར་དུ་སྤྲས༔ ཡང་ཀཱ་ལི་དཀར་ཤད་ཀྱིས་བྱུང་བ་གཡས་སྐོར་དུ་སྤྲས༔ སྤྱི་བོའི་འོད་དཔག་མེད་ཚངས་བུག་ཏུ་བྱོན་ནས་ཙིཏྟའི་བུམ་སྐུའི་སྟེང་དུ་གུར་གྱི་ཏོག་ལྟར་ཁྱབ་སྟེ་བྱིན་གྱིས་བརླབས་པར་གྱུར་པར་བསམ་དབྱངས་གསལ་དང་ཡིག་བརྒྱས་ཁ་བསྐང་། ཡེ་དྷར་གྱིས་བརྟན་པར་བྱས་ལ་མཆོད་བསྟོད་འབུལ། སྤྲོ་ན་ཡན་ལག་བདུན་པ་དང་སྐྱབས་འགྲོ་སེམས་བསྐྱེད་ཡིག་རྙིང་དུ་སྐབས་འདིར་འབྱུང་བས་སྒྲུབ་ཐབས་ཀྱི་དབུར་ཡོད་པ་ཉིད་བླང་ངོ། །གསུམ་པ་ཚེའི་རིག་འཛིན་བསྐུལ་ཞིང་ཚེ་འགུགས་པ་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་སྤྱན་འདྲེན་ལྟར་དང་། ཧྲཱི༔ མ་ཆགས་པདྨ་དབང་གི་སོགས་འོག་མདུན་བསྐྱེད་ཀྱི་སྐབས་སུ་ཡོད་པ་ལྟར་བརྗོད། མདུན་བུམ་སྒྲུབ་པ་དང་སྦྲེལ་ན་འདིར་ཚེ་འགུགས་གཏང་མི་དགོས་པས་གོང་གི་བཟླས་པའི་འཕྲོས་སུ་བུམ་སྒྲུབ་ལ་འཇུག་གོ །གཉིས་པ་བུམ་པ་སྒྲུབ་པ་ལ་བདུན་ལས། དང་པོ་ལྷ་བསྐྱེད་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ༔ ཞབས་ཞུམ་པ༔ ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ༔ མཆུ་འཕྱང་བ༔ ཁ་གཡེལ་བ༔ དཔག་བསམ་ཤིང་གིས་ཁ་བརྒྱན་པ༔ ལྷའི་གོས་ཀྱི་མགུལ་ཆིངས་བྱས་པ༔ ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་གི་ནང་དུ་ལྔ་ལྔ་ཉི་ཤུ་རྩ་ལྔས་གང་བའི་དབུས་སུ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བཅུད་སྣ་ཚོགས་ཀྱིས་གང་བའི་དམ་ཚིག་བདུད་རྩི་ཆེན་པོར་གྱུར༔ དེའི་ཁ་རྒྱན་གྱི་དབུས་སུ་ཨཱཿལས་ཀ་པཱ་ལ་ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ༔ ནང་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུར་གྱུར༔ དེའི་དབུས་སུ་ཐིག་བཞི་བཏབ་པས་རེ་མིག་དགུར་གྱུར་པའི་དབུས་སུ་བྱང་ཆུབ་ཀྱི་སེམས་དཀར་པོ་ལས་ཧཱུྃ་དང་མཱུཾ༔ ཤར་དུ་དྲི་ཆེན་ལས་ཨོཾ་དང་ལཱཾ༔ ལྷོར་ཤ་ཆེན་ལས་སྭཱཾ་དང་མཱཾ༔ ནུབ་ཏུ་པདྨ་རཀྟ་ལས་ཨཱཾ་དང་པཱཾ༔ བྱང་དུ་དྲི་ཆུ་ལས་ཧཱ་དང་ཏཱཾ༔ དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས༔ དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྔོན་པོ༔ ཤར་དུ་རྣམ་པར་སྣང་མཛད་ཡབ་ཡུམ་དཀར་པོ༔ ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ༔ ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ༔ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་སྟེ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ བྱིན་རླབས་ནུས་མཐུ་ཐམས་ཅད་ཚུར་འདུས༔ རིགས་ལྔ་ཡབ་ཡུམ་ལ་ཐིམ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི༔ ཨོཾ་ཛི་ན་ཛིཀ྄༔ ལཱཾ་དྭེ་ཥ་ར་ཏི༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་ར་ཏི༔ ཨཱཾ་ཨ་རོ་ལིཀ྄༔ པཱཾ་རཱ་ག་ར་ཏི༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་ར་ཏི༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་དཀར་ལ་དམར་བའི་མདངས་ཆགས་པས་བྷནྡྷ་གང་བར་གྱུར་པར་བསམ༔ དེའི་སྟེང་དུ་སིནྡྷུ་རའི་མེ་ལོང་མི་དམིགས་པ་ལས༔ ཨེ་ལས་ཆོས་འབྱུང་བསྣོལ་བའི་དབུས་སུ་པཾ་ལས་པདྨ་འདབ་མ་བཞི་པའི་དབུས་སུ་ཧྲཱི༔ ཤར་དུ་ཧ༔ ལྷོར་རི༔ ནུབ་ཏུ་ནི༔ བྱང་དུ་ས༔ དེ་རྣམས་ལས༔ འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ༔ གཡོན་པ་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བ་འཛིན་པ༔ ཁ་ཊྭཱཾ་ག་མཆན་ཁུང་གཡོན་དུ་བཙུགས་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ༔ སྐུ་ལ་ཟ་འོག་གི་བེར་ཆེན་གསོལ་བ༔ དབུ་ལ་ཤ་བའི་མཉེན་ཞུ་དང༔ རྒོད་ཀྱི་ལྡེམ་འཕྲུལ་དར་སྣ་ལྔ་དང༔ མེ་ལོང་ལྔ་དང་བཅས་པས་བརྒྱན་ཅིང་གསོལ་བ༔ གདན་གྱི་པདྨ་འདབ་བཞིའི་སྟེང་དུ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ༔ གཡས་པ་ཐམས་ཅད་ཀྱིས་རྡོ་རྗེ་དང༔ རིན་པོ་ཆེ་དང༔ པདྨ་དང༔ རལ་གྲིས་མཚན་པའི་གྲི་གུག་འཛིན་པ༔ གཡོན་པ་ཐམས་ཅད་ཀྱིས་ཐོད་པ་ཁྲག་གིས་གང་བ་འཛིན་པ༔ གཅེར་བུ་རུས་པའི་རྒྱན་ཅན༔ ཞབས་གཡས་བསྐུམ་གཡོན་བརྐྱང་པ༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ༔ ཕྱག་གི་ཀ་པཱ་ལའི་ནང་དུ་ཡེ་ཤེས་ཀྱི་བདུད་རྩི་འཁྱིལ་པའི་དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྔོ༔ ཤར་དུ་རྣམ་པར་སྣང་མཛད་ཡབ་ཡུམ་དཀར༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར༔ ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ་དམར༔ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང༔ ཤར་སྒོར་ལས་བུམ་གྱི་ནང་དུ་པཾ་ལས་པདྨ་ཨ་ལས་ཟླ་བ་རཾ་ལས་ཉི་མའི་སྟེང་དུ༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས༔ ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རྡོ་རྗེ༔ གཡོན་དྲིལ་བུ་བསྣམས་པ༔ དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ༔ སྤྱན་གསུམ་དམར་ཞིང་ཟླུམ་པ༔ མཆེ་བ་རབ་ཏུ་གཙིགས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་ཀྱི་གླིང་ནས་གུ་རུ་ཞི་བ་ལྷ་ལྔ་དང༔ ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་ཏུ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ སློབ་དཔོན་པདྨ་རྒྱལ་པོ་ལ༔ པདྨ་ཐོད་ཕྲེང་ཞེས་ཀྱང་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གསུམ་པ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ བདག་གི་མཆོད་ཡོན་བཞེས་ནས་ཀྱང༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ སྟོང་གསུམ་ཀུན་དང་མཉམ་པ་ཡི༔ པདྨ་འདབ་བརྒྱད་གེ་སར་བཅས༔ བདེ་ཞིང་ཡངས་པ་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཞི་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས༔ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ཞེས་པ་ནས། ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར༔ སྒོ་གསུམ་གྱི་དྲི་མ་དག༔ དབང་བཞི་ཐོབ༔ ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་རྣམས་ལ་རིགས་ཀྱི་བདག་པོས་དབུར་བརྒྱན༔ ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར༔ ལྔ་པ་མཆོད་པ་འབུལ་བ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པ༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་དུད་པའི་བདུག་སྤོས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུ་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་རྔ་རོལ་མོས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་མ་ཧཱ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུང་ཐུགས་ལྡན་རྡོ་རྗེ་འཆང་ལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་མ༔ རྒྱས་པའི་ལས་མཛད་རིན་ཆེན་མཁའ་འགྲོ་མ༔ དབང་གི་ལས་མཛད་པདྨ་མཁའ་འགྲོ་མ༔ མངོན་སྤྱོད་ལས་མཛད་ལས་ཀྱི་མཁའ་འགྲོ་མ༔ རིགས་བཞི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༔ བགེགས་རྣམས་མ་ལུས་འཇོམས་མཛད་པ༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ བདུན་པ་བསྙེན་པ་ནི༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་འདས་སྣོད་བཅུད་ཀྱི་ཚེ་དཔལ་ཐམས་ཅད་བསྡུས་ཏེ་བདག་མདུན་གྱི་ལྷ་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་གྱུར༔ ཅེས་དམིགས་ཏེ་གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཌཱ་ཀི་ནི་སོགས་གཙོ་བོ་དང་། འཁོར་ལ་ཧ་རི་ནི་ས་སོགས་བཟླ། ལས་བུམ་ལ་བདུད་རྩི་འཁྱིལ་བའི་སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་བར་བསམས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླ། སླར་ཡང་། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ གུ་རུ་ཞི་བ་ལྷ་ལྔའི་ཐུགས་ཀར་ཕོག་པས༔ ཞི་བ་ལྷ་ལྔའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ འཁོར་འདས་ཀྱི་ཚེ་དཔལ་ཐམས་ཅད་བཀུག་ནས་ཕྱག་གི་ཀ་པཱ་ལའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་སྤྱི་བོར་ཐིམ༔ སྦྱོར་བ་མཛད་ནས་སྐུ་བདེ་བ་སྐྱེས་པར་གྱུར་པར་བསམ་ལ། སླར་ཡང་མཆོད་ཅིང་བསྟོད་ནས། གུ་རུ་ཞི་བ་ལྷ་ལྔ་འོད་དུ་ཞུ་བ་ལས་སིནྡྷུ་རའི་རང་བཞིན་དུ་གྱུར་ཅིང་བདུད་རྩི་འཁྱིལ་པས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་པར་གྱུར་པར་བསམ་མོ༔ གསུམ་པ་མདུན་བསྐྱེད་སྒྲུབ་པ་ལ་བཅུ་ལས། དང་པོ་དཀྱིལ་འཁོར་བསྐྱེད་པ་ནི། མདུན་གྱི་དཀྱིལ་འཁོར་ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ནམ་མཁར་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿདམར་པོ༔ ཧྲཱིཿདེ་ལས་ཏྲཱཾ་ཆད༔ ཏྲཱཾ་རཏྣ་མཎྜ་ལ་ཧཱུྃ༔ ཏྲཱཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་བཞི་བཞི་དང་ལྡན་པ༔ དེའི་ཕྱི་རོལ་དུ་གྲུ་ཁྱམས་ཟླ་གམ་འཁོར་ཡུག་དུར་ཁྲོད་ཀྱི་ར་བ༔ དེའི་ཕྱི་རོལ་དུ་པདྨ་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ༔ དེའི་ནང་ཆོས་འབྱུང་གི་གཞལ་ཡས་ཁང་གི་ནང་དུ་དབུས་སུ་པདྨ་འདབ་བཞི༔ དེའི་ཕྱི་རོལ་དུ་མུ་ཁྱུད་ཀྱི་པདྨ་འདབ་བརྒྱད་དང་བཅས་པ༔ ཆོས་འབྱུང་གི་དབུས་སུ་ཧྲཱིཿལས་པཾ་ཆད༔ པཾ་པདྨ་མཎྜ་ལ༔ ལྷ་རྣམས་ཀྱི་པདྨའི་གདན༔ ཨ་ཆད་པ་ལས་ཨ་ཙནྡྲ་མཎྜ་ལ༔ ཟླ་བའི་གདན་དཀར་ལ་ཟླུམ་པ༔ མ་ཆད་པ་ལས༔ མ་སཱུརྱ་མཎྜ་ལ༔ ཉི་མའི་དཀྱིལ་འཁོར་གྱི་དབུས་ཀྱི་ཧྲཱིཿལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ མདུན་དུ་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་བར་དུ་ཚེའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ༔ ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ༔ དེའི་པང་ན་ཡུམ་མནྡཱ་ར་བ་དམར་མོ་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཉིས་ཀའང་སྤྱན་གསུམ་མཆེ་བ་གཙིགས་པ༔ རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ༔ དེའི་སྤྱི་བོར་པད་ཟླའི་སྟེང་དུ་མགོན་པོ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན༔ ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྲིལ་བ་ཡབ་ཡུམ་གཉིས་ཀ་སྐུ་མདོག་དམར་པོ་ཚེའི་བུམ་པ་འཛིན་པ༔ རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ༔ དེའི་ཕྱི་རོལ་དུ་པདྨ་འདབ་བཞིའི་སྟེང་དུ༔ ཤར་གྱི་འདབ་མ་ལ་རྣམ་སྣང་དཀར་པོ༔ ལྷོར་རིན་ཆེན་འབྱུང་ལྡན་སེར་པོ༔ ནུབ་ཏུ་འོད་དཔག་མེད་དམར་པོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ༔ ཐམས་ཅད་ཀྱང་རང་རང་གི་ཡུམ་ལ་འཁྲིལ་བ༔ ཚེའི་བུམ་པ་འཛིན་ཅིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ༔ རང་གི་གདན་གྱི་པད་འདབ་བཞི་ལ༔ ཤར་དུ་རྡོ་རྗེ་ཌཱ་ཀི་མ་སྔོན་མོ༔ ལྷོར་རིན་ཆེན་ཌཱ་ཀི་མ་སེར་མོ༔ ནུབ་ཏུ་པདྨ་ཌཱ་ཀི་མ་དམར་མོ༔ བྱང་དུ་ལས་ཀྱི་ཌཱ་ཀི་མ་ལྗང་གུ༔ ཐམས་ཅད་ཀྱང་ཚེ་བུམ་འཛིན་ཅིང་རང་རང་གི་ཡབ་དང་བཅས་པ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཕྱིའི་མུ་ཁྱུད་དེ་ལ་ཚེ་ལ་དབང་བའི་རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་སྐུ་གཅེར་བུ་ལ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་བསྣམས་ནས་བདག་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ༔ ཕྱིའི་སྣ་ཚོགས་པད་འདབ་ལ་མཁའ་འགྲོ་བདུད་འདུལ་མ༔ ཞི་བ་འཚོ༔ རྒྱ་མཚོའི་གླིང་ན་གནས་པའི་མཁའ་འགྲོ་མ༔ རྡོ་རྗེ་ཕྲ་མེན་མ༔ རྡོ་རྗེ་ལས་བྱེད་མ༔ རིན་ཆེན་ལས་བྱེད་མ༔ པདྨ་ལས་བྱེད་མ༔ ཀརྨ་ལས་བྱེད་མ༔ ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ༔ ཕྱག་ན་ཚེའི་བུམ་པ་བསྣམས་པ༔ སྒོ་བཞི་ལ་ཤར་སྒོར་རྟ་གདོང་མ་དཀར་མོ༔ ལྷོ་སྒོར་ཕག་གདོང་མ་སེར་མོ༔ ནུབ་སྒོར་སེང་གདོང་མ་དམར་མོ༔ བྱང་སྒོར་ཁྱི་གདོང་མ་ལྗང་གུ༔ ཐམས་ཅད་ཀྱང་ཕྱག་གཡས་ལྕགས་ཀྱུ་ཞགས་པ༔ ལྕགས་སྒྲོག་དྲིལ་བུ་འཛིན་པ༔ གཡོན་པ་ཀུན་གྱིས་ཚེའི་བུམ་པ་འཛིན་པའོ༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཚེ་དཔག་མེད་ཟླ་གམ་དབང་གི་དཀྱིལ་འཁོར་ནས་གུ་རུ་མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མ་ཡ་ཛ་ཛ༔ གཉིས་པ་སྤྱན་འདྲེན་པ་ནས། བདུན་པ་བསྟོད་པའི་བར་གོང་གསལ་བདག་བསྐྱེད་ལྟར་ཚང་བ་བཏང་། བརྒྱད་པ་བསྙེན་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་འདས་སྣོད་བཅུད་ཀྱི་ཚེ་དཔལ་ཐམས་ཅད་བསྡུས་ཏེ་བདག་མདུན་གྱི་ལྷ་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་གྱུར་ཞེས་བུམ་སྒྲུབ་ལྟར་དམིགས་ལ་གཙོ་འཁོར་རྩ་སྔགས་ལ་བཟླས་པའི་དངོས་གཞི་དང་། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱང་ཅི་ནུས་བཟླ། མདུན་བསྐྱེད་སྒྲུབ་པའི་དངོས་གཞི་བྱེད་སྐབས་གོང་གསལ་སྲིད་པ་གསུམ་གྱི་ཚེ་བཅུད་བསྡུ་བ་སོགས་ཐུན་བཞིའི་དམིགས་གནད་རྣམས་ཀྱང་སྦྱར། མཐར་ལས་སྔགས་ཀྱང་ཇི་ལྟར་འོས་པར་བཟླའོ། །དགུ་པ་ཚེ་འགུགས་པ་ནི། གོང་གི་སྤྱན་འདྲེན་སྐབས་བཞིན་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། ཚེའི་རིག་འཛིན་བསྐུལ་བ་ནི། མདའ་དར་གཡབ་ལ། ཧྲཱི༔ མ་ཆགས་པདྨ་དབང་གི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཀུན་གྱིས་དབང་བསྐུར་ཅིང༔ འཆི་མེད་ཚེ་དབང་རིག་འཛིན་གྲུབ་པའི་སྐུ༔ མཚོ་སྐྱེས་རྡོ་རྗེ་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་མཛོད༔ གཉིས་མེད་ཡུམ་ཆེན་མནྡཱ་ར༔ ཤེས་རབ་རང་བཞིན་བདེ་སྟེར་མ༔ དགའ་བ་བཞི་ཡི་ངོ་བོ་ཉིད༔ དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡུམ་ཆེན་སྡུད་བྱེད་མཱ་མ་ཀཱི༔ ཡབ་ཡུམ་གཉིས་སུ་མེད་པ་རུ༔ མི་རྟོག་གཉིས་སུ་མེད་པར་སྦྱོར༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་ཁྲི་སྟེང་ནས༔ རྡོ་རྗེ་མཁའ་འགྲོ་དཔའ་བོ་གིང་དང་འཁྲིལ༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང༔ རྡོ་རྗེའི་རིགས་ཏེ་བགེགས་ཚོགས་ཞི་བར་མཛོད༔ ཁྱེད་ནི་ཚེ་ཡི་རིག་འཛིན་སོགས་གོང་གི་ཤློ་ཀ་འགྲེ །ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་སྟོང་ལྡན་ཁྲི་སྟེང་ནས༔ རིན་ཆེན་མཁའ་འགྲོ་དཔའ་བོ་གིང་དང་འཁྲིལ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ རིན་ཆེན་རིགས་ཏེ་ཚེ་དཔལ་རྒྱས་པར་མཛོད༔ ཁྱེད་ནི༴ ཧཱུྃ༔ ནུབ་ཕྱོགས་པདྨ་སྟོང་ལྡན་ཁྲི་སྟེང་ནས༔ པདྨ་མཁའ་འགྲོ་དཔའ་བོ་གིང་དང་འཁྲིལ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང༔ པདྨའི་རིགས་ཏེ་སྣང་བ་དབང་དུ་སྡུས༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཧཱུྃ༔ བྱང་ཕྱོགས་རྒྱ་གྲམ་སྟོང་ལྡན་ཁྲི་སྟེང་ནས༔ ལས་ཀྱི་མཁའ་འགྲོ་དཔའ་བོ་གིང་དང་འཁྲིལ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༔ ལས་ཀྱི་རིགས་ཏེ་བར་ཆད་དགྲ་བགེགས་ཐུལ༔ ཁྱེད་ནི༴ ཧཱུྃ༔ སྤྲུལ་པའི་གནས་མཆོག་དུར་ཁྲོད་གནས་བརྒྱད་ནས༔ མཁའ་འགྲོ་བདུད་འདུལ་མཁའ་འགྲོ་ཞི་བ་འཚོ༔ མཁའ་འགྲོ་ལས་མཛད་རྡོ་རྗེ་ཕྲ་མེན་མ༔ རྒྱ་མཚོའི་གླིང་ན་གནས་པའི་མཁའ་འགྲོ་བཞི༔ སྣ་ཚོགས་ལས་མཛད་དངོས་གྲུབ་ཆར་འབེབ་མ༔ ཁྱེད་ནི༴ དཀྱིལ་འཁོར་ཆེན་པོའི་ཕོ་བྲང་སྒོ་བཞི་ནས༔ རྟ་གདོང་ཕག་གདོང་སེང་གདོང་ཁྱི་གདོང་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས༔ བྱམས་སོགས་ཚད་མེད་བཞི་ཡི་ངོ་བོ་ཉིད༔ ཁྱེད་ནི་ཚེ་ཡི་རིག་འཛིན་ལྷ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཆགས་མེད་ཟླ་གམ་དབང་གི་དཀྱིལ་འཁོར་དུ༔ པདྨ་དབྱིངས་ཕྱུག་ཧེ་རུ་ཀ༔ མཚོ་སྐྱེས་རྡོ་རྗེ་ཚེ་ཡི་ལྷ༔ མནྡཱ་ར་བ་ཡུམ་དང་བཅས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ འཆི་མེད་བདུད་རྩིས་བཀང་ནས་ནི༔ རྡོ་རྗེ་ཚེ་དབང་གྲུབ་པའི་ལས་མཛོད་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་དཔལ་ཉམས་ནི་མ་ཉམས་ཏེ༔ གལ་ཏེ་ཉམས་པར་གྱུར་ན་ནི༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་ཡབ་ཡུམ་སྤྱི་གཙུག་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཱ་མ་ཀཱི་དང་གཉིས་མེད་འཁྲིལ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གོང་གི་ཚིག་རྐང་བཅུ་ཀུན་ལ་འགྲེ །ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཔའ་བོ་གིང་དང་གཉིས་མེད་འཁྲིལ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ དཔའ་བོ་གིང་དང་གཉིས་མེད་འཁྲིལ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དཔའ་བོ་གིང་དང་གཉིས་མེད་འཁྲིལ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ དཔའ་བོ་གིང་དང་གཉིས་མེད་འཁྲིལ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ ཕྱོགས་མཚམས་ཀུན་ནས་ཚེ་འགུག་མ༔ བྱིན་རླབས་བདེ་སྟེར་མཁའ་འགྲོའི་ཚོགས༔ སྣ་ཚོགས་དངོས་གྲུབ་ཆར་འབེབ་མ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ སྒོ་བཞིའི་གནས་ནས་ཚེ་འགུག་མ༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ ཚད་མེད་བཞི་ཡི་དངོས་གྲུབ་འབེབ༔ ཕྱག་ན་ཚེ་ཡི༴ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ནུབ་ཕྱོགས་ཀླུ་ཡི་ལག་ནས་ཚེ་ཁུག་ཅིག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས༴ ཤར་ལྷོ་མེ་ལྷའི་ལག་ནས༴ ལྷོ་ནུབ་སྲིན་པོའི་ལག་ནས༴ ནུབ་བྱང་རླུང་ལྷའི་ལག་ནས༴ བྱང་ཤར་དབང་ལྡན་ལག་ནས༴ སྟེང་ཕྱོགས་ཉི་ཟླ་གཟའ་སྐར་ལག་ནས༴ འོག་ཕྱོགས་ཀླུ་དང་ས་བདག་ལག་ནས༴ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཡ་བདུད་རྒྱལ་པོའི་ལག་ནས་ཚེ་ཁུག་ཅིག༔ མ་བདུད་རྒྱལ་མོའི་ལག་ནས༴ འཇིགས་པའི་བདུད་བཞིའི་ལག་ནས༴ མགྱོགས་པའི་བཙན་བཞིའི་ལག་ནས༴ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཚེ་ཟད་པ་ཡོད་ན་བསྣན་དུ་གསོལ༔ ཚེ་ཆད་པ་ཡོད་ན་མཐུད་དུ་གསོལ༔ ཚེ་རལ་བ་ཡོད་ན་དྲུབ་ཏུ་གསོལ༔ ཚེ་གས་པ་ཡོད་ན་སྦྱོར་དུ་གསོལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ མི་འཆི་ཚེ་ཡི་དངོས་གྲུབ་སྩོལ༔ མི་ཟད་ནོར་གྱི་དངོས་གྲུབ་སྩོལ༔ ཚེ་དབང་མཆོག་གི་དངོས་གྲུབ་སྩོལ༔ ཚེ་མི་ནུབ་པ་ཡི་རྒྱལ་མཚན་དང༔ ཚེ་མི་འགྱུར་བ་ཡི་གཡུང་དྲུང་དང༔ ཚེ་མི་ཤིགས་པ་ཡི་རྡོ་རྗེ་དང༔ ཚེ་ཉི་ཟླ་དང་ནི་མཉམ་གྱུར་ཅིག༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཌཱ་ཀི་ནཱི་ཚེ་བྷྲཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཾ་གུ་ཤ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཆགས་མེད་ཟླ་གམ་དབང་གི་དཀྱིལ་འཁོར་ནས༔ པདྨ་དབྱིངས་ཕྱུག་ཧེ་རུ་ཀ༔ མནྡཱ་ར་བ་ཡུམ་དང་བཅས༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་རྣམས༔ རིག་འཛིན་ཚེ་ཡི་ལྷ་ཡིན་པས༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ སྒྲུབ་པ་པོ་ནི་བདག་ཅག་ལ༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ འཁོར་འདས་ཀུན་གྱི་ཚེ་བསྡུས་ནས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་ཉི་ཟླ་དང་ནི་མཉམ་པར་ཤོག༔ ཚེ་ཡི་འཁོར་ལོ་འདི་ལ་ཚེ་ཁུག་ཅིག༔ མེ་ལོང་ཡིག་དྲུག་འདི་ལ་ཚེ་ཁུག་ཅིག༔ ཐོད་པའི་བདུད་རྩི་འདི་ལ་ཚེ་ཁུག་ཅིག༔ ཚེ་བུམ་འདི་ལ་ཚེ་ཁུག་ཅིག༔ ཚེ་རྒྱས་འདི་ལ་ཚེ་ཁུག་ཅིག༔ པད་གཏོར་འདི་ལ་ཚེ་ཁུག་ཅིག༔ བཀྲ་ཤིས་རྫས་བརྒྱད་འདི་ལ་ཚེ་ཁུག་ཅིག༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པའི་ཕྱིར༔ མི་འགྱུར་འཆི་མེད་ཚེ་དབང་རིག་འཛིན་འདིས༔ འགྲོ་བ་ཀུན་གྱི་འཆི་བདག་བདུད་བཅོམ་ནས༔ མཚོ་སྐྱེས་རྡོ་རྗེ་པདྨའི་གནས་ཐོབ་ཤོག༔ བཛྲ་ཀཱི་ལི་ཀཱི་ལའི་གནས་ཐོབ་ཤོག༔ ཅེས་དབྱངས་རོལ་སྔགས་དང་བཅས་དམིགས་པ་གསལ་ཞིང་བརྟན་པས་དགུག་གོ །བཅུ་པ་ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་ཚོགས་པར་བཤམས་ལ། བསང་སྦྱང་། ནང་མཆོད་ལྟར་བྱིན་བརླབས་ལ། ཀྱཻ༔ ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ༔ དུར་ཁྲོད་འབར་བའི་གཞལ་ཡས་སུ༔ འཁོར་བཅས་ཚོགས་ལ་སྤྱན་འདྲེན་གྱིས༔ དགྱེས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ གཟུགས་ཀྱི་ལྷ་མོ་མེ་ལོང་མ༔ སྤྱན་གྱི་ཚོགས་སུ་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོ་པི་ཝང་མ༔ སྙན་གྱི་ཚོགས་སུ་བཞེས་སུ་གསོལ༔ དྲི་ཡི་ལྷ་མོ་སྤོས་ཕོར་མ༔ ཤངས་ཀྱི་ཚོགས་སུ་བཞེས་སུ་གསོལ༔ རོ་ཡི་ལྷ་མོ་ཞལ་ཟས་མ༔ ལྗགས་ཀྱི་ཚོགས་སུ་བཞེས་སུ་གསོལ༔ རེག་བྱའི་ལྷ་མོ་གོས་ཟུང་མ༔ སྐུ་ཡི་ཚོགས་སུ་བཞེས་སུ་གསོལ༔ ཆོས་ཀྱི་ལྷ་མོ་ཆོས་འབྱུང་མ༔ ཐུགས་ཀྱི་ཚོགས་སུ་བཞེས་སུ་གསོལ༔ ཐབས་དང་ཤེས་རབ་རྫས་ཀྱི་མཆོག༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པ༔ དད་པའི་སེམས་ཀྱིས་བདག་འབུལ་ན༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི༔ ཞེས་འབུལ། སྐོང་གི་ཆོ་ག་གཞན་ཡང་ལྕོགས་ན་བྱ། དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ་ཞིང་ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས་ཏེ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་བ༔ འཇིག་རྟེན་མཁའ་འགྲོ་དྲེགས་བྱེད་ཚོགས༔ བསྟན་པ་སྲུང་བར་ཞལ་བཞེས་པ༔ ལྷག་མ་དག་ལ་གནས་པ་རྣམས༔ དམ་ཚིག་ཅན་རྣམས་བསྲུང་བའི་ཕྱིར༔ ལྷག་མའི་བདག་པོ་ལྷག་ལ་རོལ༔ ཕུད་ཀྱི་བདག་པོ་ཕུད་ལ་རོལ༔ ཀུན་ཀྱང་མཉེས་ཤིང་ཚིམ་པར་མཛོད༔ ཅེས་ཕྱི་རོལ་དུ་བཏང་ངོ་། །གསུམ་པ་རྗེས་ཀྱི་ལས་རིམ་ནི། ཕྱི་རོལ་དུ་གཏོར་མ་བསྐྱང༔ བཟོད་གསོལ༔ དགེ་བསྔོ༔ གཤེགས་གསོལ་བྱ༔ མི་དམིགས་པའི་རྒྱས་གདབ༔ ལས་ཀྱི་རྗེས་མི་མངོན་པར་བྱའོ༔ ཞེས་འབྱུང་བས་ཆོས་སྐྱོང་གཏེར་སྲུང་ལ་གཏོར་མ་འབུལ། ཆད་མདོ་བརྟན་སྐྱོང་ཉུང་འདུས་སྤྱི་རྒྱུགས་གཏང་། གཏང་རག་མཆོད་བསྟོད་དངོས་གྲུབ་བླང་། ནོངས་བཤགས་བྱ་ཞིང་ཡིག་བརྒྱ་བཟླ། དགེ་བ་བསྔོ། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་ཡེ་ཤེས་པ་གཤེགས་པའམ། དམ་ཡེ་གཉིས་མེད་རང་ལ་བསྡུ། བདག་བསྐྱེད་འོད་གསལ་བའི་དབྱིངས་སུ་བསྡུ་ཞིང་སླར་ཡང་ཟུང་འཇུག་གི་སྐུར་ལྡང་། བཀྲ་ཤིས་པའི་ཚིག་ཕྲེང་ཇི་ལྟར་རིགས་པ་བརྗོད་དོ། ༈ །གཉིས་པ་གཞན་དོན་དབང་བསྐུར་བའི་རིམ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད། བྱིན་རླབས་དབང་བསྐུར་བའི་རིམ་པའོ། །དང་པོ་སྟེགས་གཙང་མའི་སྟེང་དུ་ཞི་དཀྱིལ་སྒོ་རྫོགས་སྤྱི་དང་མཐུན་པ་ལ། ལྷ་གནས་ཆོས་འབྱུང་གི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཚེ་བུམ། ཆོས་འབྱུང་ཕྱི་རོལ་དུ་པདྨ་འདབ་བརྒྱད། དེ་རྣམས་དང་སྒོ་བཞི་ལ་ཐིག་ལེ་ཕྱོགས་མདོག་གམ། ཐམས་ཅད་ལ་ལྷ་མཚན་ཚེ་བུམ་བྲིས་ཀྱང་ཆོག མ་འཛོམ་ན་མཎྜལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བའི་ཁར་ཐོད་པ་བདུད་རྩིས་གང་བར་ཚེ་རྫས། ཅོང་ཞི། བྲག་ཞུན། མུ་ཟི། ཚྭ། ཤེལ། བྱ་རྒོད་མཁྲིས་པ། མར། བུ་རམ། སྦྲང་རྩི། ཆང་སྟེ་རྩ་བ་བཅུ། ཤ་ལྔ། བདུད་རྩི་ལྔ་སྟེ་སྐྱོབས་བཅུ། ཨ་རུ། བ་རུ། སྐྱུ་རུ། ཤིང་ཀུན། བཟང་པོ་དྲུག་སྟེ་གྲོགས་བཅུ་བཅས་པའི་སུམ་ཅུའི་རིལ་བུ་བཏབ་པའི་ཁར་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ་ཧྲཱིཿལ་རྩ་སྔགས་དང་བཛྲ་གུ་རུས་བསྐོར་བ་དང་། ཆོས་འབྱུང་གི་ཟུར་དྲུག་ལ་གཡུང་དྲུང་རེ་བྲིས་པས་བཀབ་པའི་སྟེང་དུ་དར་དམར་པོའི་གུར་ཕུབ་པ་ལ་གཟུངས་ཐག་རྡོ་རྗེ་བཏགས་པ་དང་། དེའི་གཡས་སུ་ཚེ་རྒྱས་རིན་པོ་ཆེ་ཟུར་བརྒྱད་པའི་རྣམ་པ་ཅན་རིལ་བུས་བསྐོར་བ་དང། གཡོན་དུ་དཔལ་གཏོར་རིན་པོ་ཆེ་འབར་བའི་རྣམ་པ་ཅན་པདྨ་འདབ་བཞིས་བསྐོར་བ་རྣམས་བཀོད། དབང་བསྐུར་བའི་འཁོར་ལོ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཧྲཱིཿབྲིས་པ་དང་། ཚེ་བསྲིང་བའི་འཁོར་ལོ་པདྨ་འདབ་བཞིའི་དབུས་སུ་བཾཿདང་། འདབ་བཞིར། ཧཿ རིཿ ནིཿ སཿབྲིས་པ། གཉིས་ཀ་ཡང་མུ་ཁྱུད་ལྔ་ལྔས་བསྐོར་བར་རིམ་བཞིན་དབྱངས་དང་། གསལ་བྱེད་དང་། རྟེན་སྙིང་དང་། རྡོར་ར་དང་། མེ་རི་གཡས་སྐོར་ཅན་དུ་བྲིས་པ་བལྟེབས་ལ་སྐུད་པ་དམར་པོའི་འཆིང་དང་དར་དམར་གྱིས་གཡོགས་པ། འཛོམ་ན་སློབ་མའི་གྲངས་དང་མཉམ་པ་དབུས་ཀྱི་བུམ་པ་ལ་བརྟེན་ཏེ་དགོད། གཞན་ཡང་ཚེ་རིལ། ཚེ་ཆང་། ཚེ་མདའ། བཀྲ་ཤིས་རྫས་བརྒྱད་བཅས་ཀྱི་མཐར་ཕྱི་ནང་གསང་བའི་མཆོད་པས་བསྐོར། ལས་བུམ། མིག་དར། མེ་ཏོག ཚོགས་མཆོད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། གསོལ་འདེབས་ནས་བརྩམ། བདག་བསྐྱེད་བཟླས་པ་དང་བཅས་པ། བུམ་སྒྲུབ། མདུན་བསྐྱེད་བཟླས་པ་ཚེ་འགུགས། ཚོགས་འབུལ་བ་ཡན་བཏང་། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱས། ཕྱག་འཚལ། གྲལ་ལ་འཁོད་པ་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ཏེ་ཀུན་སློང་བཅོས་པ་དང་། ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་སོགས་ཇི་རིགས་བརྗོད་ལ། ཁྱད་པར། དེའང་སྤྱིར་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་སྒོས་སུ་སྙིགས་མའི་འགྲོ་བ་རྣམས་ཚེ་ཐུང་ཞིང་བར་ཆད་ཤིན་ཏུ་མང་བས་དེ་དག་སྐྱོབ་པའི་ཐབས་སུ། བཅོམ་ལྡན་འདས་ཚེ་དཔག་མེད་དང་ཐ་དད་མི་མངའ་བ་སློབ་དཔོན་ཆེན་པོ་པདྨཱ་ཀ་རས་གངས་ཅན་ཀྱི་རྗེ་འབངས་སྐལ་ལྡན་རྣམས་ལ་འཆི་མེད་ཚེའི་སྒྲུབ་ཐབས་བྱེ་བ་ཕྲག་བསམ་ལས་འདས་པ་བསྩལ་ཅིང་། མ་འོངས་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་མཐའ་དབུས་རྣམས་སུ་ཟབ་མོའི་གཏེར་དུ་སྦས། ཕྱིས་འདུལ་བའི་དུས་སྐབས་སོ་སོར་བབས་པའི་ཚེ་གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་སྤྱན་དྲངས་ཏེ་འགྲོ་བ་མཐའ་ཡས་པ། གནས་སྐབས་འཆི་བདག་གི་འཇིགས་ལས་བསྐྱབས་ཤིང་མཐར་ཐུག་འཆི་མེད་མགོན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པའི་ནང་ནས་ཁྱད་པར་དུ་གྱུར་པ། གུ་རུ་མཚོ་སྐྱེས་རྡོ་རྗེའི་གདམས་སྐོར་ལ་རིམ་པ་གསུམ་དུ་བྱོན་པའི་དང་པོ་འཇམ་མགོན་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་རྣམ་རོལ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་གཏམ་ཤུལ་གྱི་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་དང་། གཉིས་པ་ལྷ་སྲས་མུ་རུབ་བཙད་པོའི་སྐྱེ་བ་གཏེར་ཆེན་སངས་རྒྱས་གླིང་པས་དགྱེར་བྱེ་མ་དཀར་པོའི་མཆོད་རྟེན་ནས་སྤྱན་དྲངས་པ་ཉི་ཟླ་ཁ་སྦྱོར་དུ་གྲགས་པ་དང་། གསུམ་པ་ཆོས་རྒྱལ་ཁྲི་ལྡེའི་ཡོན་ཏན་གྱི་སྤྲུལ་པ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་གཙང་རོང་ཁམ་བུ་ལུང་ནས་སྤྱན་དྲངས་པའི་སྐུ་གསུམ་རིགས་འདུས་བཅས་ཡོད་པ་ལས། འདིར་སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱི་སྤྱི་མེས་ཡང་ཟབ་ཐུགས་གཏེར་ཆེན་པོའི་མངའ་བདག་འགྲན་ཟླ་ཐམས་ཅད་དང་བྲལ་བའི་གཏེར་ཆེན་ཉང་རལ་པ་ཅན་གྱི་གཏེར་ནས་བྱོན་པ་སྟེ། དེའང་གཞུང་ཉིད་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཱ་ར་ཏི་ཀར་ཚེ་ཡི་རིག་འཛིན་ཐོབ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་གྱུར༔ ཕྱི་རབས་ཚེ་ཡི་རིག་འཛིན་ཐོབ་འདོད་རྣམས༔ མཚོ་སྐྱེས་རྡོ་རྗེ་པདྨ་ཉིད་བསྒྲུབ་ན༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད༔ ཕྱི་རབས་དོན་དུ་ཚེ་ཡི་སྒྲུབ་པ་འདི༔ མཚོ་རྒྱལ་ཁྱོད་ལ་ཟབ་པའི་རྒྱ་རུ་གཏད༔ ཅེས་བསྔགས་པའི་གདམས་པ་ཟབ་མོ་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་པ་དང་འབྲེལ་བར་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་སོགས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །ཆས་སུ་འཇུག་པ་ནི་མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ་ཙཀྵུ་རྦནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་པས་མིག་དར་དང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་པས་མེ་ཏོག་གཏད། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མ་མཆིས་པ་ལ་མི་ཕྱེད་པའི་དད་གདུང་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ལན་གསུམ། བླ་མ་འཆི་མེད་མཚོ་སྐྱེས་རྡོ་རྗེ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་བདག་གཞན་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་སོགས་སྒྲུབ་ཐབས་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གུ་རུ་མཚོ་སྐྱེས་རྡོ་རྗེའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་ཐོབ་ལ་འདིའི་རྗེས་ཟློས། རྒྱལ་བ་སྲས་བཅས་སོགས་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་གྱི་སྙིང་པོ་ཡན་ལག་བདུན་པ་ཚུལ་བཞིན་བགྱི་བའི་ཏིང་ངེ་འཛིན་སོ་སོ་ལ་བློ་བཞག་སྟེ་རྗེས་ཟློས། ཧཱུྃ༔ འཇིགས་པ་མེད་པ་སོགས། སླར་ཡང་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་དང༔ ཚེ་ལ་དབང་བའི་རིག་འཛིན་གྱིས༔ འཆི་མེད་རྡོ་རྗེའི་གནས་ཐོབ་པའི༔ ཚེ་དབང་བདག་ལ་གནང་དུ་གསོལ༔ ལན་གསུམ། སྐབས་འདིར་སྤྲོ་ན་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་སྤྱི་ལྟར་བྱེད་པའང་བཤད། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛད་པར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སློབ་མའི་རྣམ་སྨིན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་མི་དམིགས་པར་སྟོང་པར་སྦྱངས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དམར་པོ་ཞེས་པ་ནས་མདུན་བསྐྱེད་ལྟར་ལ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་པདྨ་འོད་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་གུ་རུ་པདྨ་འབྱུང་གནས་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད་གུ་རུ་མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བྱོན་ནས་ཁྱེད་རང་ལ་ཐིམ་པ་དང་། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ངོ་བོ་ཨ་དཀར་པོའི་རྣམ་པར་ཆར་ལྟར་བབས་ནས་ཁྱེད་རང་གི་ལུས་ལ་ཐིམ་པའི་མོས་པ་བརྟན་པོ་མཛོད་ཅིག །ཅེས་བརྗོད་ལ་སྤྲོ་ན་སྒྲུབ་ཐབས་ཀྱི་སྤྱན་འདྲེན་དབྱངས་དང་བཅས་པས་གྱེར། བསྡུ་ན་རྩ་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་དབབ་ནས། ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་རྡོ་རྗེའམ་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་སྐྱེ་བ་སྔ་མ་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ནས་བསྙེན་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཅེས་དོར་དུ་གཞུག །དེ་ལྟར་ཕུལ་བའི་མེ་ཏོག་ལྷག་པའི་ལྷས་བཞེས་ནས་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག ཨུ་དུམྦཱ་ར་མནྡཱ་ར༔ ཡོངས་འདུས་དང་ནི་མལླི་ཀ༔ ཀར་ནི་ཀ་ཡི་ཕྲེང་བ་འདི༔ སྐལ་ལྡན་བུ་ཁྱོད་ལེགས་པར་ཟུངས༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ༔ ཞེས་མེ་ཏོག་སྤྱི་བོར་བཞག །མིག་དབྱེ་བ་ནི། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱིས༔ གསེར་གྱི་ཐུར་མ་ལེགས་བསྣམས་ནས༔ མ་རིག་པ་ཡི་མིག་ཕྱེ་ནས༔ ཡེ་ཤེས་སྤྱན་དང་ལྡན་གྱུར་ཅིག༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ས་མ་ཡ་ཧཱུྃ༔ ཞེས་མིག་དར་དབྱེ། ལྷ་ངོ་བསྟན་པ་ནི། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ འདི་ནི་ཁྱོད་ཀྱི་ལྷ་ཡིན་ནོ༔ ཨོཾ་བཛྲ་པ་ཤྱ་ཧོ༔ གུ་རུ་མཚོ་སྐྱེས་རྡོ་རྗེ་ལྷ་ཉེར་ལྔ་པའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་པའམ་སྤྲོ་ན་བརྡ་དོན་རྟགས་གསུམ་གྱིས་སོ་སོར་སྟོན་པའམ་མདུན་བསྐྱེད་ལྟར་མངོན་རྟོགས་ཙམ་ཞིག་བརྗོད་ལ་བསྟན་ནོ། །དེ་དག་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ་སོ་སོའི་དམིགས་པའི་རིམ་པ་རྣམས་གསལ་འདེབས་ཤིང་འདུན་པ་རྩེ་གཅིག་ཏུ་མཛད་པར་ཞུ། རང་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་དང་སེམས་ཅན་གྱི་སྙིང་ག་ནས་ཚེའི་ངོ་བོ་ནྲྀ་དམར་པོ་བཀུག་ནས་འཁོར་ལོ་ལ་ཐིམ་པར་གྱུར༔ འཁོར་ལོ་བཟུང་ལ། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཚེ་བདུད་བཟློག་པའི་འཁོར་ལོ་འདིས་དབང་བསྐུར་བས་ཚེ་མི་ནུབ་པའི་རྒྱལ་མཚན༔ མི་འགྱུར་བའི་སྲོག་ཤིང༔ ཚེ་ཉི་ཟླ་དང་མཉམ་པ་ལ་མངའ་བརྙེས་པར་གྱུར་ཅིག༔ ཧཱུྃ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ འཆི་བདག་གནས་སུ་འཇོམས་པ་ཡི༔ འཁོར་ལོ་འདི་ཡིས་དབང་བསྐུར་རོ༔ ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ འཁོར་ལོ་དར་དམར་པོས་དྲིལ་ལ་མགུལ་དུ་འདོགས། རང་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་སོགས་གོང་ལྟར་འགྲེ །བཀུག་ནས་སིནྡྷུ་རའི་དཀྱིལ་འཁོར་ལ་ཐིམ་པར་གྱུར༔ རྡོ་རྗེ་སློབ་དཔོན་ངས་ཁྱོད་ལ་མེ་ལོང་སིནྡྷུ་རས་དབང་བསྐུར་བས་ཚེ་མི་ནུབ་པའི་རྒྱལ་མཚན་སོགས་གོང་ལྟར་འགྲེ །ཧཱུྃ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ འཆི་བདག་གནས་སུ་འཇོམས་པ་ཡི༔ མེ་ལོང་འདི་ཡིས་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱ་དརྴ་ཨ་བྷི་ཥིཉྩ་མཱཾ༔ གནས་གསུམ་དུ་སིནྡྷུ་རས་བྱུགས་པས། སྤྱི་བོར་བླ་མ་དང་ཚེ་དཔག་མེད་ཡབ་ཡུམ༔ མགྲིན་པར་མཁའ་འགྲོ་ཡབ་ཡུམ༔ སྙིང་ག་ནས་རིགས་ལྔ་ཡབ་ཡུམ་ཐིམ་པའི་མོས་པ་མཛོད༔ ཅེས་དང་རྩ་སྔགས་བཟླ། ཐོད་པས་དབང་བསྐུར་བ་ནི། རང་དང་ལྷ་ཚོགས་འགྲེས། ཐོད་པ་ལ་ཐིམ་པར་གྱུར༔ རྡོ་རྗེ་སློབ་དཔོན་ངས་ཁྱོད་ལ་ཐོད་པ་འདིས་དབང་བསྐུར་བས་ཚེ་མི་ནུབ་པའི་རྒྱལ་མཚན་སོགས་འགྲེ །ཧཱུྃ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ འཆི་བདག་གནས་སུ་འཇོམས་པ་ཡི༔ ཐོད་པ་འདི་ཡིས་དབང་བསྐུར་རོ༔ ཀ་པཱ་ལ་ཨ་མྲྀྀཏ་ཨ་བྷི་ཥིཉྩ་མཱཾ༔ ཐོད་པའི་བུ་ག་ནས་བདུད་རྩི་བྱུང་བ་སློབ་མའི་ཚངས་བུག་ཏུ་ཞུགས༔ སྙིང་གའི་ཚེའི་ས་བོན་ཨ༔ སྲོག་གི་ས་བོན་ནྲྀ༔ བྱིན་གྱིས་བརླབས་པའི་ས་བོན་ཧྲཱིཿགསུམ་ལ་ཐིམ་པས་ཡིག་འབྲུ་གསུམ་བཀྲག་མདངས་གཟི་མདངས་དང་ལྡན་པའི་མོས་པ་མཛོད༔ ཅེས་བརྗོད། དེ་ནས་བུམ་པའི་དབང་བསྐུར་བ་ནི། རང་དང་ལྷ་ཚོགས་འགྲེ། བུམ་པ་ལ་ཐིམ་པར་གྱུར༔ རྡོ་རྗེ་སློབ་དཔོན་ངས་ཁྱོད་ལ་ཚེ་བུམ་འདིས་དབང་བསྐུར་བས་མི་ནུབ་པའི་རྒྱལ་མཚན༔འགྲེ །ཧཱུྃ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ འཆི་བདག་གནས་སུ་འཇོམས་པ་ཡི༔ ཚེ་བུམ་འདི་ཡིས་དབང་བསྐུར་རོ༔ གཟུངས་རིང་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་མཱཾ༔ བུམ་མཆུའི་ཁ་ནས་ཚེའི་བདུད་རྩིས་ལུས་མེར་གྱིས་གང་བ་བ་སྤུའི་བུ་ག་ནས་ཕྱིར་ཟིལ་པ་ཕྲོམ་གྱིས་བྱུང་ནས་རྡོ་རྗེ་འབར་བས་རྒྱས་བཏབ་པའི་མོས་པ་མཛོད༔ དེ་ནས་ཚེ་རྒྱས་ཀྱི་དབང་བསྐུར་བ་ནི༔ རང་དང་ལྷ་ཚོགས་འགྲེ །ཚེ་རྒྱས་ལ་ཐིམ་པར་གྱུར༔ ཁྱད་པར་དུ་སྤྲུལ་པའི་མཁའ་འགྲོ་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རི་རབ་ཀྱི་རྨིང་བཟློག་རྒྱ་མཚོའི་གཏིང་སྤྲུགས་འཆི་བདག་གཤིན་རྗེའི་ཀླད་པ་ཚལ་པ་བརྒྱར་བཀས་པའི་ནང་ནས་ཚེ་སྲོག་གི་དྭངས་མ་ནྲྀཿའི་རྣམ་པར་བསྡུས་ནས་ཚེ་རྒྱས་ལ་ཐིམ་པར་གྱུར༔ རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཚེ་རྒྱས་འདིས་དབང་བསྐུར་བས་ཚེ་མི་ནུབ་པའི་རྒྱལ་མཚན༔ མི་འགྱུར་བའི་སྲོག་ཤིང༔ ཚེ་ཉི་ཟླ་དང་མཉམ་པ་ལ་མངའ་བརྙེས་པར་གྱུར་ཅིག༔ ཧཱུྃ༔ མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ འཆི་བདག་གནས་སུ་འཇོམས་པ་ཡི༔ ཚེ་རྒྱས་འདི་ཡིས་དབང་བསྐུར་རོ༔ བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས༔ སྙིང་པོ་བསྡུས་པའི་བཅུད་འདི་ནི༔ དེ་རིང་བུ་ཡིས་བཟའ་བར་བྱ༔ འདི་ཟོས་སངས་རྒྱས་ཚེ་དཔག་མེད༔ ཞལ་མཐོང་བརྟེན་ན་ནད་ཀུན་ལས༔ གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་ཚེ་རྒྱས་ཀྱི་མཐའི་ཚེ་རིལ་སྦྱིན། དེ་ནས་དཔལ་གཏོར་གྱི་དབང་བསྐུར་བ་ནི། རང་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ངོ་བོ་ཨ་དཀར་པོ་དང་སེམས་ཅན་གྱི་སྙིང་ག་ནས་ཚེའི་ངོ་བོ་ནྲྀ་དམར་པོ་བཀུག་ནས་དཔལ་གཏོར་ལ་ཐིམ་པར་གྱུར༔ དཔལ་གཏོར་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་མཚོ་སྐྱེས་རྡོ་རྗེ་ལ་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པའི་མོས་པ་མཛོད༔ རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དཔལ་གྱི་གཏོར་མས་དབང་བསྐུར་བས་ཚེ་མི་ནུབ་པའི་རྒྱལ་མཚན༔ མི་འགྱུར་བའི་སྲོག་ཤིང༔ ཚེ་ཉི་ཟླ་དང་མཉམ་པ་ལ་མངའ་བརྙེས་པར་གྱུར་ཅིག༔ ཧཱུྃ༔ མཚོ་སྐྱེས་རྡོ་རྗེ་ཚེ་ཡི་ལྷ༔ མནྡཱ་ར་བ་ཡུམ་དང་བཅས༔ སྤྱི་གཙུག་མགོན་པོ་ཚེ་དཔག་མེད༔ མཱ་མ་ཀཱི་དང་གཉིས་མེད་སྦྱོར༔ རིགས་ཀྱི་ཡབ་ལྔ་ཡུམ་ལྔ་དང༔ མཁའ་འགྲོ་བཞི་དང་གིང་བཞི་དང༔ བདུད་འདུལ་ལ་སོགས་མཁའ་འགྲོ་བརྒྱད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཉི་ཟླར་མཉམ་པའི་ཚེ་ཐོབ་ཤོག༔ རྩ་སྔགས་དང་། ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར། གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་སློབ་མ་རྣམས་ལ་ཐིམ་པར་གྱུར་པར་བསམ་མོ༔ དེ་ལྟར་དབང་བསྐུར་དངོས་གཞི་གྲུབ་ནས་མཐའ་རྟེན་དུ་བཀྲ་ཤིས་པའི་རྫས་བརྒྱད་པོ་ཕྱག་ཏུ་གཏད་ནས་མངའ་གསོལ་བའི་དབང་ཆེན་བྱིན་པར་མོས་ཤིག །རྫས་བརྒྱད་རེ་རེ་བཞིན་གཏད་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩ་དཱུརྦ་ཕུལ་བས༔ བཀྲ་ཤིས་ཚེ་འཕེལ་གྱི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ༔ རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དཱུརྦས་དབང་བསྐུར་བས༔ ཚེ་མི་ནུབ་པའི་རྒྱལ་མཚན༔ མི་འགྱུར་བའི་སྲོག་ཤིང༔ ཚེ་ཉི་ཟླ་དང་མཉམ་པ་ལ་མངའ་བརྙེས་པར་གྱུར་ཅིག༔ དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ༔ རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས༔ ཉོན་མོངས་སྐྱེ་འཆི་རྒྱུན་གཅོད་གྱུར་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ ཨ་པྲ་ཏི་ཧ་ཏ༔ ཨ་བྷི་ཥིཉྩ་མཱཾ༔ དེ་བཞིན་དུ། ལྷ་ཚངས་པས་བིལ་བ༴ བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་ཆོས༔ འཇིག་རྟེན་འདས་པའི་སྤྱོད་པ་ཀུན་ལྡན་ཏེ༔ བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་ཅིང༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ བིལ་བ༔ ཨ་བྷི་ཥིཉྩ་མཱཾ༔ བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ༔ ཆོས་རྣམས་མ་ལུས་དབང་དུ་གྱུར་ནས་ཀྱང༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་ཏེ༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ ཧྲཱི༔ ཨ་བྷི་ཥིཉྩ་མཱཾ༔ ཚོང་དཔོན་གྱི་བུ་མོ་ལེགས་སྐྱེས་མས་ཞོ༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ༔ སྙིང་པོ་རྣམ་དག་ཆོས་ཉིད་རབ་རྟོགས་ནས༔ ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ ཤྲཱི༔ ཨ་བྷི་ཥིཉྩ་མཱཾ༔ གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང༴ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས༔ ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ ཨཱ་དརྴ༔ ཨ་བྷི་ཥིཉྩ་མཱཾ༔ ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་པ༴ དུང་ནི་ཆོས་ཀྱི་སྒྲ་སྟོང་སྒྲོག་པའི་ཚུལ༔ ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ༔ ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ ཤངྑ༔ ཨ་བྷི་ཥིཉྩ་མཱཾ༔ གླང་པོ་ཆེ་ས་སྲུང་གིས་གི་ཝཾ༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན༔ སྨན་མཆོག་རྣམ་དག་ཆོས་ཉིད་རབ་རྟོགས་ནས༔ ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ གི་ཝཾ༔ ཨ་བྷི་ཥིཉྩ་མཱཾ༔ ཕྱག་ན་རྡོ་རྗེས་ཡུངས་དཀར༴ ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ༔ བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི༔ མཐུ་རྩལ་གོ་འཕང་མཆོག་གི་བདག་གྱུར་ཏེ༔ དབང་མཆོག་དེས་ཀྱང་ཚེ་ནི་འཕེལ་བར་ཤོག༔ ཨོཾ་མངྒ་ལ༔ སིདྡྷརྠ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་ཚིག་ལྷུག་གོང་ལྟར་ཁ་བསྒྱུར་དང་། ཚིགས་བཅད་རྣམས་བརྗོད་མཐར་སོ་སོའི་སྔགས་རྣམས་དེ་ལྟར་འདོག་གོ །དེ་ནས་ཚེ་བརྟན་པར་བྱ་བའི་ཕྱིར་སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། ང་ནི་མཚོ་སྐྱེས་རྡོ་རྗེ་སྟེ༔ ཀུན་གྱིས་བརྙས་པ་སྤང་བར་གྱིས༔ འཆི་བདག་ཆེན་པོ་ང་ཡིས་བཅོམ༔ བུ་ཁྱོད་ཚེ་ཡི་རིག་འཛིན་བརྙེས༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་རྡོ་རྗེ་བཞག་ལ། སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ རྒྱ་རིམ་པ་གསུམ་གྱིས་བཏབ་པས་ཚེ་ཉི་ཟླ་དང་མཉམ་ཞིང་ལུས་རྡོ་རྗེའི་བྲག་རི་ལྟར་སྲ་ཞིང་མཁྲེགས་ལ་བརྟན་པར་གྱུར་ཅིག༔ ཅེས་བརྗོད། དེ་ནས་ཚེ་འགུགས་ཤིང་བཅུད་བསྡུས་ཏེ་དབང་དང་དངོས་གྲུབ་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། རང་དང་ལྷ་ཚོགས་སོགས་གོང་ལྟར་ལ། བཀུག་ནས་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རིལ་དང་ཚེ་ཆང་ལ་ཐིམ༔ ཁྱད་པར་དུ་སྤྲུལ་པའི་མཁའ་འགྲོ་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རི་རབ་ཀྱི་རྨིང་བཟློག༔ རྒྱ་མཚོའི་གཏིང་སྤྲུགས༔ འཆི་བདག་གཤིན་རྗེའི་ཀླད་པ་ཚལ་པ་བརྒྱར་བཀས་པའི་ནང་ནས་ཚེ་སྲོག་གི་དྭངས་མ་ནྲྀཿའི་རྣམ་པར་བསྡུས་ནས་ཁྱེད་རང་དང་ཚེ་རིལ་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་མོས་ཤིག༔ ཅེས་དང་མདའ་དར་གཡབ་ལ་སྒྲུབ་ཐབས་ལྟར་ཚེ་འགུགས་གྱེར། དེ་ནས། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས༔ སྙིང་པོ་བསྡུས་པའི་བཅུད་འདི་ནི༔ དེ་རིང་བུ་ཡིས་བཟའ་བར་གྱིས༔ འདི་ཟོས་སངས་རྒྱས་ཚེ་དཔག་མེད༔ ཞལ་ཟས་བརྟེན་ན་ནད་ཀུན་ལས༔ གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས༔ ཞེས་ཚེ་རིལ་དང་། སྒྲུབ་རྫས་འཆི་མེད་བདུད་རྩི་འདི༔ དེ་རིང་བུ་ཡིས་བཏུང་བར་གྱིས༔ ང་ཡིས་བསྒོ་བའི་བཀའ་མ་བཅག༔ སྒྲུབ་ལ་ནན་ཏན་གཅེས་སུ་གྱིས༔ སོགས་ཀྱིས་ཚེ་ཆང་སྦྱིན་ལ། ཤིས་བརྗོད་རྒྱས་པར་སྤེལ། རྗེས་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། རྗེས་ཀྱི་ཆོ་ག་རྣམས་སྒྲུབ་ཐབས་སུ་བཤད་པ་ལྟར་བྱའོ། །མཆི༵་མེ༵ད་རྟག་པའི་བདུད་རྩིའི་རྒྱུན། །མཚོ༵་སྐྱེ༵ས་ཐུགས་རྗེས་བདག་སོགས་ཀྱིས། །ཚིམས་པར་བཏུང་ནས་རྡོ༵་རྗེ༵འི་སྲོག །གྲུབ་པའི་རྒྱལ་སར་ལེགས་གནས་ཤོག །ཚུལ་འདི་སྔོན་གྱི་རིག་པ་འཛིན་པ་རྣམས་ལ་གྲགས་ཆེ་རུང་དེང་སང་མཚན་ཙམ་དུ་གནས་པ་ལ། ༧ཁྱབ་བདག་བླ་མ་མཚོ་སྐྱེས་རྡོ་རྗེ་དང་ཞལ་མི་གཉིས་པའི་བཀའ་དྲིན་ལས་ཐོས་པའི་སྐལ་པ་མཆོག་དང་ལྡན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཆོག་བསྒྲིགས་ལས་ཅུང་ཟད་གསལ་བར་བསྡེབས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-01.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-02.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-03.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-04.JPG
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-05.JPG
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-06.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-07.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-08.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-09.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-10.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-11.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-12.jpeg
RTZ-Tsagli-Dzongsar-DZA-03-nyang gter mtsho skyes rdo rje-13.jpeg
RTZ-Mandala-090-snang gter mtsho skyes rdo rje.jpeg
RTZ-Mandala-Dzongsar-02-198-nyang gter mtsho skyes rdo rje.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).