Terdzo-CHI-054: Difference between revisions

From Rinchen Terdzö
m (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")
m (Text replacement - "2007-2016" to "2007-2018")
Line 5: Line 5:
|fulltitletib=གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་
|fulltitletib=གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་
|fulltitle=gcod yul gyi khrid yig zab don snying por dril ba
|fulltitle=gcod yul gyi khrid yig zab don snying por dril ba
|citation=[[smin gling lo chen d+harma shrI]]. gcod yul gyi khrid yig zab don snying por dril ba. In Rin chen gter mdzod chen mo pod so drug pa (The Great Treasury of Rediscovered Teachings Volume 36) by 'jam mgon kong sprul, 1007-1055. New Delhi: Shechen Publications, 2007-2016.
|citation=[[smin gling lo chen d+harma shrI]]. gcod yul gyi khrid yig zab don snying por dril ba. In Rin chen gter mdzod chen mo pod so drug pa (The Great Treasury of Rediscovered Teachings Volume 36) by 'jam mgon kong sprul, 1007-1055. New Delhi: Shechen Publications, 2007-2018.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 03:35, 7 November 2018

གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་

gcod yul gyi khrid yig zab don snying por dril ba

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  གཅོད་ཡུལ་སྟན་ཐོག་གཅིག་མ་ (Gcod yul stan thog gcig ma)
Volume 36 (ཆི) / Pages 1007-1055 / Folios 1a1 to 25a6

Last Text in Volume
[edit]

༄༅། །གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། འགྲན་ཟླ་ཀུན་བྲལ་རིན་པོ་ཆེ། །དུས་གསུམ་རྒྱལ་བའི་དགོངས་པ་ཅན། །ཐུགས་རྗེས་འགྲོ་ཀུན་སྒྲོལ་མཛད་པ། །དྲིན་ཅན་གཏེར་བདག་གླིང་པས་སྐྱོངས། །མི་སྐྱེ་མི་འགག་བསམ་བརྗོད་བྲལ། །ཡུལ་འདས་དམིགས་མེད་ཤེར་ཕྱིན་ཡུམ། །དབྱེར་མེད་མ་གཅིག་སྤྲུལ་སྐུ་ལ། །བཏུད་ནས་བདུད་གཅོད་ཟབ་མོ་བྲི། །འདིར་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱིས་བརྣག་པ། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གསང་སྔགས་དང་རྗེས་སུ་མཐུན་པའི་ཉེ་ལམ། བདུད་བཞི་དབྱིངས་སུ་གཅོད་ཅིང་འགལ་རྐྱེན་ལམ་དུ་སློང་བའི་མན་ངག་ཟབ་ལམ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ཐེག་པ་ཆེན་པོའི་སྒོར་འཇུག་པ། ཚོགས་གསག་པ། ཡུམ་ཆེན་མོའི་སྒོམ་བཟླས། བྱིན་རླབས་གནད་འབེབ་ཆེན་མོའོ། །དང་པོ་ལ་གཉིས་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའོ། །དང་པོ་ནི། རང་རེ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང་། རྒྱལ་བའི་བསྟན་པ་དང་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་བྱ་དགོས་ཤིང་། དེའང་ཐོག་མར་རྩིག་པའི་རྨིང་གཞི་ལྟ་བུ་དེ་སྐྱབས་འགྲོ་ཡིན་ལ། དེའི་རྒྱུ་ངེས་འབྱུང་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ། རང་ཅག་རྣམས་ཀྱི་ཚེ་འདིའི་བྱ་བ་མཐོ་དམན་ལེགས་ཉེས་ཐམས་ཅད་ཡུན་རིང་རྟག་མི་ཐུབ་པ་ནམ་གཞུག་གི་བུང་བ་ལྟ་བུ། ལེགས་ཀྱང་སྙིང་པོ་མེད་པ་བྱིས་པའི་ཁང་པ་ལྟ་བུ། རང་ཐོག་ཏུ་ཡོང་ངེས་ཅན་འཆི་བ་ལས་ནམ་ཡང་བཟློག་ཏུ་མེད་པ་རི་གཟར་གྱི་རྦབ་དང་འདྲ་བར་ཤེས་པས། ཚེ་འདིའི་བདེ་སྐྱིད་གཏམ་གསུམ་དགྲ་གཉེན་ཆགས་སྡང་སོགས་ཐམས་ཅད་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུའི་འདུ་ཤེས་ཀྱིས་ཞེན་ལོག་དྲག་པོ་བསྒོམས་ཏེ། འཆི་ཆོས་གཤའ་མ་ཞིག་མི་བྱེད་རེ་ཤི་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་དྲག་ཏུ་བསམ་ལ། སོ་སོ་རང་རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་དབུས་སུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་སྒྲོན་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ་བཀའ་བརྒྱུད་ཀྱི་བླ་མ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཀུན་གྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་དུ་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ཏེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་པ། །བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་སྐྱབས་སུྎ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ་སྐྱབས་སུྎ གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ་སྐྱབས་སུྎ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ་སྐྱབས་སུྎ སྙིང་རྗེས་ངེས་པར་རྒྱུད་གང་བ། །སྤྱན་རས་གཟིགས་ལ་སྐྱབས་སུྎ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། ཁྱེད་རྣམས་ལ་ནི་གསོལ་བ་འདེབས། ཁྱེད་རྣམས་ལ་ནི་རྟེན་བཅའ་འོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕུང་པོ་ལྔ་པོ་མཆོད་པར་བཞེས། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་བསྡུས་པ་ལ་དགའ་ན། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆི། །ཞེས་ཅི་ནུས་བཟླས་པའི་རྗེས་སུ། བདག་གི་རྒྱུད་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཕ་རོལ་ཏུ་ཕྱིན་པ་སྐྱེ་མེད་ཆིག་ཆོད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་སྟེ། སྐྱབས་འགྲོ་ཁོ་ན་སྒོམ་པའི་དུས་ཡིན་ན་འདིར་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སྔོན་འགྲོ་འོག་མ་རྣམས་སྦྲེལ་ནས་སྒོམ་པའི་ཚེ་འོག་ཏུ་ཚོགས་གསོག་གི་རྟེན་དང་གོ་ཆུ་རུབ་ཏུ་བྱས་ན་བདེ་བས་མི་བསྡུ་བར་འཇོག །གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་འདི་ཐམས་ཅད་རང་གི་ཚེ་རབས་གཏན་གྱི་ཕ་མའི་འཁོར་ལོ་ཡིན་ཡང་ཐམས་ཅད་སྡུག་བསྔལ་གྱི་མེ་དོང་དུ་ཚུད་ནས་ཐོན་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེ་ཡང་སྙིང་རྗེ་བའི་སར་མི་བཞག་པར་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་གཅོད་ཁྲིད་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་དུ་བསམ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་མང་དུ་བརྗོད་ཅིང་རྒྱུད་དང་བསྲེའོ། །གཉིས་པ་ཚོགས་གསག་པ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་བ་ནི། ཚོགས་གསོག་པའི་ཡུལ་སྔར་ལྟར་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེད་ལྟར་སྤྲུལ་ནས་ཕྱག་འཚལ་བ་དང་། དངོས་སུ་ཅི་ནུས་བཤམ་ཞིང་ཡིད་སྤྲུལ་ཀྱི་མཆོད་རྫས་དཔག་ཏུ་མེད་པར་སྤྲོས་ཏེ་མཆོད་པ་འབུལ་བ་དང་། སྡིག་སྒྲིབ་ཉེས་ལྟུང་རྣམས་ལ་འགྱོད་སྡོམ་གྱི་བསམ་པ་དྲགས་པོས་བཤགས་པ་དང་། རང་གཞན་གྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བར་བསྐུལ་བ་དང་། འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་སྙམ་དུ་བསམ་ལ། བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་ཅི་ནུས་འདོན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཚོགས་གསག་ནི། བདག་གི་ལུས་འདོད་དགུ་འབྱུང་བའི་རིན་པོ་ཆེ་གཅེས་ཤིང་ཕངས་པར་མོས་ཏེ། དེ་ཉིད་བླ་མ་དཀོན་མཆོག་ལ་ཕུལ་བར་བསམ་ལ། ཕཊ྄ཿ ཅེས་བརྗོད་པས་རང་གི་པགས་པ་ཧག་གིས་བཤུས་ཏེ་དམར་ཆམ་གྱིས་བཏིང་བ་དབང་ཆེན་གསེར་གྱི་ས་གཞིར་གྱུར། ཕཊ྄ཿ ཁྲག་ཆིལ་གྱིས་བྱུང་བ་དྲི་བཟང་གིས་ཆག་ཆག་གདབ་པ། ཕཊ྄ཿ ཤ་ཐམས་ཅད་མེ་ཏོག་གི་ཚོམ་བུ། ཕཊ྄ཿ ཡན་ལག་བཞི་གླིང་བཞི། ཕཊ྄ཿ ཉིང་ལག་རྣམས་གླིང་ཕྲན། ཕཊ྄ཿ ཟོམ་ཁོག་རིའི་རྒྱལ་པོ་རི་རབ། ཕཊ྄ཿ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། ཕཊ྄ཿ མིག་གཉིས་ཉི་མ་དང་ཟླ་བ། ཕཊ྄ཿ སྙིང་ཡིད་བཞིན་གྱི་ནོར་བུ་དགོས་འདོད་མ་ལུས་འབྱུང་བའི་གཏེར་དུ་གྱུར་པ་བླ་མ་དཀོན་མཆོག་ལ་ཕུལ་བས་མཉེས་པར་བསམ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་ཞེས་སོགས་ཀྱི་མཐར། མ་ཧཱ་གུ་རུ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མཎྜལ་པཱུ་ཛ་ཨཱཿཧཱུྃ། ཞེས་ཅི་ནུས་བརྗོད་ཅིང་དབུལ་ལོ། །གསུམ་པ་ཡུམ་ཆེན་མོའི་སྒོམ་བཟླས་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་སྟེང་ཨ་ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་དང་པོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་དང་པོ་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ། ཕྱག་འོག་མ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་པད་ཟླའི་སྟེང་ལ་ཨ་ཡིག་གནས་པའི་མདུན་དུ་ཧཱུྃ། ཐུགས་ཀའི་ཡི་གེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། སླར་ཡང་ནམ་མཁར་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལྔས་བུམ་པའི་ཆུས་དབང་བསྐུར། རིགས་ལྔས་དབུ་བརྒྱན་པར་བསམ། དེ་ནས་ཐུགས་ཀའི་ས་བོན་གཉིས་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་ནང་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཕོག་པས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་མོས་ལ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བཟླས་ལ་མཐར་སྣང་བ་ཐམས་ཅད་ཡུམ་གྱི་སྐུ་དང་། དེ་ཡང་ཨ་ཡིག་བར་རིམ་གྱིས་བསྡུ། ཨ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་བསམ་བརྗོད་བྲལ་བའི་ངང་ལ་བཞག་ཅིང་བསྔོ་བ་བྱའོ། །བཞི་པ་བྱིན་རླབས་གནད་འབེབ་ཆེན་མོ་ནི། སྐྱབས་སེམས་སྔར་ལྟར་གྱི་རྗེས་སུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཞེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་སྭ་བྷཱ་ཝས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡལ་ག་ལོ་འདབ་ཕྱོགས་བཅུར་རྒྱས་པའི་ལྟེ་བར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ་རྒྱ་ཆེ་བའི་སྟེང་དུ་པད་ཟླའི་གདན་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་གླེགས་བམ། འོག་མ་གཉིས་མཉམ་གཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེས་བརྒྱན་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ །ལྔ་ཀའང་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་གར་སྟབས་ལིང་ལིང་བསྒྱུར་བ། སྐུ་ལས་མུ་མེད་པའི་འོད་ཟེར་འཕྲོ་བ། ཡུམ་ཆེན་མོའི་སྐུའི་མཐའ་སྐོར་དུ་པད་ཟླའི་གདན་རེ་རེ་ལ་གཡས་སུ་མར་མེ་མཛད། མདུན་དུ་ཐུབ་དབང་། གཡོན་དུ་བྱམས་པ་རྣམས་ལ། འདས་པ་དང་བཞུགས་པ་དང་འབྱོན་འགྱུར་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ། རྒྱབ་ཏུ་དམ་ཆོས་གླེགས་བམ་བརྩེགས་པའི་རྣམ་པ་ཅན། ཡུམ་གྱི་ཐུགས་ཀའི་ཐད་ཀྱི་བར་སྣང་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། ཡུམ་གྱི་གདན་ཁྲིའི་མཐའ་སྐོར་དུ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པར་བསམ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་ཡུམ་ཆེན་མོ་འཁོར་དང་བཅས་པ་བཛྲ་ས་མཱཿཛཿ ཞེས་དང་། མ་ལུས་སེམས་ཅན་མཐར་མ་ཧཱ་གུ་རུ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་བྱིན་ཐིབ་ཀྱིས་བྱོན་ནས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམས་པ་ལ་མཆོད་སྤྲིན་དཔག་མེད་སྤྲོས་ཏེ་ཕུལ་བར་བསམ་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་ཀུན། །བླ་མ་ཡུམ་ཆེན་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་དང་། སྤྲོ་ན་སྔར་གྱི་མཎྜལ་ཡང་འབུལ། གང་དྲིན་མ་དང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། དེ་ནས་རང་ལ་གནོད་བྱེད་ཀྱི་གདོན་དང་གཞི་བདག་གི་གཙོ་བྱས་བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་དྲགས་པོས་གསོལ་བ་འདེབས་པར་བསམ་ལ་ཅང་ཏེའུ་འཁྲོལ་བཞིན་དུ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན།  །བྱིན་རླབས་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག  །བྱ་རྒོད་ཕུང་པོའི་རི་བོ་རུ། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན། །གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །འཇའ་འོད་འཁྱིལ་བའི་གཞལ་ཡས་སུ། །སུ་ཁ་སིདྡྷི་བྱིན་རླབས་ཅན། །རྒྱ་གར་འཇག་མའི་སྤྱིལ་པོ་རུ། །ཨཱརྻ་དེ་ཝ་བྱིན་རླབས་ཅན། །ལ་སྟོད་དིང་རི་གླང་འཁོར་དུ། །དམ་པ་སངས་རྒྱས་བྱིན་རླབས་ཅན། །ར་ས་སྤང་ལུང་དགོན་པ་རུ། །སྐྱོ་སྟོན་ཁུ་དབོན་བྱིན་རླབས་ཅན། །ཟངས་རི་མཁར་དམར་གནས་མཆོག་ཏུ། །མ་གཅིག་ལབ་སྒྲོན་བྱིན་རླབས་ཅན། །ཨེ་ཆུང་གླང་ལུང་དགོན་པ་རུ། །རྒྱལ་བ་དོན་གྲུབ་བྱིན་རླབས་ཅན། །སྙེ་མོ་ཁུ་ཡི་རྭ་བ་རུ། ཁུ་སྒོམ་ཆོས་སེང་བྱིན་རླབསྎ ལུང་སྨད་ལྕང་གསར་དགོན་པ་རུ། །དོལ་པ་ཟང་ཐལ་བྱིན་རླབསྎ ཆུ་བོ་རི་ཡི་གནས་མཆོག་ཏུ། །རྒྱ་ནག་གཅེར་བུ་བྱིན་རླབས་ཅན། །རབ་གྲོང་སེ་བའི་གླིང་གསེབ་ཏུ། །སངས་རྒྱས་རབ་སྟོན་བྱིན་རླབས་ཅན། །ཟལ་མོ་བྲག་གི་མཐའ་རྩ་རུ། །རྟོགས་ལྡན་དགེ་སློང་བྱིན་རླབས་ཅན། ཁ་རག་མུན་ཁུང་གཞལ་ཡས་སུ། །ཞེན་མེད་རས་པ་བྱིན་རླབསྎ རི་གོང་དཔལ་གྱི་གནས་མཆོག་ཏུ། །སངས་རྒྱས་སྟོན་པ་བྱིན་རླབསྎ ཉང་སྟོད་བསམ་གླིང་དགོན་པ་རུ། །མཁས་གྲུབ་ཆོས་རྗེ་བྱིན་རླབསྎ གནས་མཆོག་གསེར་གླིང་དགོན་པ་རུ། །བཀྲ་ཤིས་མཚན་ཅན་བྱིན་རླབསྎ གནས་མཆོག་བྲག་ཆེན་དགོན་པ་རུ། །རྡོ་རྗེའི་མཚན་ཅན་བྱིན་རླབསྎ གར་བཞུགས་དག་པའི་ཞིང་ཁམས་སུ། །ཀུན་དགའི་མཚན་ཅན་བྱིན་རླབསྎ ཕག་གྲུ་དཔལ་གྱི་མཐའ་རྩ་རུ། །ཆོས་ཀྱི་རྒྱ་མཚོ་བྱིན་རླབསྎ འོན་ཕུ་ཆོས་ལྡིང་རི་ཁྲོད་དུ། །རྒོད་ཕྲུག་རས་པ་བྱིན་རླབསྎ ཡར་ལུང་ཤེལ་བྲག་དགོན་པ་རུ། །དུར་ཁྲོད་རས་ཆེན་བྱིན་རླབསྎ མངོན་པར་དགའ་བའི་ཞིང་ཁམས་སུ། །སངས་རྒྱས་བློ་གྲོས་བྱིན་རླབསྎ མོན་མཁར་ཁྱུང་ཚང་གནས་མཆོག་ཏུ། །ཆོས་ཀྱི་བློ་གྲོས་བྱིན་རླབསྎ དར་རྒྱས་ཆོས་གླིང་རི་ཁྲོད་དུ། །སྣ་ཚོགས་རང་གྲོལ་བྱིན་རླབསྎ མཁའ་སྤྱོད་དཔལ་གྱི་རི་བོ་རུ། །བསྟན་འཛིན་གྲགས་པ་བྱིན་རླབསྎ ཐ་ཕུག་རྒྱལ་བའི་རི་ཁྲོད་དུ། །མདོ་སྔགས་བསྟན་འཛིན་བྱིན་རླབསྎ བྱང་ཆུབ་གླིང་གི་དགོན་པ་རུ། །ཕྲིན་ལས་ལྷུན་གྲུབ་བྱིན་རླབསྎ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ། །འགྱུར་མེད་རྡོ་རྗེ་བྱིན་རླབས་ཅན།། ༼བརྒྱུད་པའི་ཁ་སྐོང་ནི། སྒྲ་བསྒྱུར་ལུང་གི་ཕོ་བྲང་དུ། །ཆོས་དཔལ་རྒྱ་མཚོ་བྱིན་རླབས་ཅན། །ས་སྤྱོད་འོག་མིན་ཆོས་གྲྭ་རུ། །རིན་ཆེན་རྣམ་རྒྱལ་བྱིན་རླབས་ཅན། །ཟབ་མོ་གསང་སྔགས་ཕོ་བྲང་དུ། །པདྨ་བསྟན་འཛིན་བྱིན་རླབས་ཅན། །ཨོ་རྒྱན་གླིང་གི་གཞལ་ཡས་སུ། །ཕྲིན་ལས་རྣམ་རྒྱལ་བྱིན་རླབས་ཅན། །བདེ་ཆེན་གླིང་གི་རི་ཁྲོད་དུ། །ཕྲིན་ལས་ཆོས་སྒྲོན་བྱིན་རླབས་ཅན། །བཀའ་བབས་བདུན་གྱི་མཛོད་ཁང་དུ། །འཇམ་དབྱངས་མཁྱེན་བརྩེ་བྱིན་རླབས་ཅན། །མཁའ་སྤྱོད་ཀུན་བཟང་བདེ་གླིང་དུ། །བློ་གྲོས་མཐའ་ཡས་བྱིན་རླབས་ཅན། །རང་སྣང་དག་པའི་ཞིང་ཁམས་སུ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ལས་སོ།།༽ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་བྱིན་རླབས་ཅན། །སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །ཡི་དམ་ལྷ་ཚོགས་བྱིན་རླབས་ཅན། །དག་པ་མཁའ་སྤྱོད་ཞིང་ཁམས་སུ། །མ་དང་མཁའ་འགྲོ་བྱིན་རླབས་ཅན། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མ་མགོན་ལྕམ་དྲལ་བྱིན་རླབས་ཅན། །ཞེས་པ་རེ་རེའི་མཚན་མཐར་ཡང་། །བྱིན་རླབས་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །ཞེས་ཤོ་ལོ་ཀ་གཅིག་པོ་འདི་སྦྱར་རོ། །བཀའ་བརྒྱུད་བླ་མ་དམ་པ་རྣམས། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་བྱིན་གྱིས་རློབས། །སེམས་ལ་ཐུགས་ཀྱི་བྱིན་གྱིས་རློབས། །སྙེམས་ཐག་ཆོད་པར་བྱིན་གྱིས་རློབས། །གཉིས་འཛིན་འཇིག་པར་བྱིན་གྱིས་རློབས། །སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་ཟིན་པ་དང་། །ཕུང་པོ་གཟན་དུ་ཐོང་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཅོད་ཡུལ་མཐའ་རུ་ཕྱིན་པ་དང་། །ལྷ་འདྲེའི་འགྲོ་དོན་ནུས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་འཛིན་རྩད་ནས་ཐོན་པ་དང་། །བདག་མེད་ཤེས་རབ་རྟོགས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བ་དང་། །འཆི་བ་སྙིང་ནས་དྲན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་ལོང་པ་དང་། །འགལ་རྐྱེན་གྲོགས་སུ་འཆར་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟོང་ཉིད་སྙིང་རྗེ་འབྱོངས་པ་དང་། །རང་གཞན་དོན་གཉིས་འགྲུབ་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །འདུག་ས་འདི་རུ་བྱིན་གྱིས་རློབས། །སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་མཇུག་ཏུ་མཐའ་སྐོར་གྱི་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་དམ་ཆོས་ཐམས་ཅད་གཙོ་བོ་ཡུམ་ཆེན་མོ་ལ་བསྡུས། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་བསམ་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་གསལ་བཏབ་ལ། ཕཊ྄ཿ ཅེས་བརྗོད་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་རང་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས་པར་བསམ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། དེ་ནས་ཡུམ་ཆེན་མོ་རང་གི་སྤྱི་བོའི་ཐད་དུ་བྱོན་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་མོས་ཏེ་ཡིད་ལ་མི་བྱེད་པའི་ངང་ལ་དར་གཅིག་ཀློད་ལ་བཞག་བསྔོ་བ་བྱས་ཏེ་ཅུང་ཟད་ངལ་གསོ། དེ་ལྟར་ཡང་ཡང་བསྐྱར་ཞིང་བསྒོམ་མོ། །དེའང་སྔོན་འགྲོ་དམིགས་ཐུན་བཞི་པོ་དེ་ལ་དང་པོ་དམིགས་པ་རེ་རེ་ནས་ཞིབ་ཏུ་བཅད་དེ་རིམ་པར་བསྒོམ། ཅུང་ཟད་འབྱོངས་ནས་སྔ་དྲོ་སྐྱབས་སེམས། ཉིན་གུང་སྒོམ་བཟླས། ཕྱི་དྲོ་ཚོགས་གསོག །སྲོད་ལ་བླ་མའི་རྣལ་འབྱོར་སྒོམ་པའི་རིམ་པ་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་དུ་བསླབ་བོ། །གཞན་ཡང་བདུད་ཀྱི་བར་གཅོད་ཞི་བ། ཚེ་དང་ལོངས་སྤྱོད་སྤེལ་བ། འཁོར་དང་ལོངས་སྤྱོད་བསྡུ་བ། སྟོང་ཉིད་རྟོགས་ཤིང་སྙེམས་གཅོད་པར་འདོད་པ་རྣམས་ལ་མ་གཅིག་ལས་བཞིའི་སྐུ་མདོག་དང་མཐུན་པར་བསྒོམས་ལ་གསོལ་བ་འདེབས་པའི་མན་ངག་ཁ་བསྒྱུར་རྣམས་ནི་གཞན་ལས་ཤེས་པར་བྱའོ། ༈ །གཉིས་པ་དངོས་གཞི་ནི། ཁྲིད་ཡིག་སྔ་མ་རྣམས་སུ་ས་བཅད་དགུར་མཛད་ནའང་། བླ་མས་འཆད་བདེ་ཞིང་སློབ་མའི་བློ་ལ་འཆར་སླ་བའི་ཆེད་དུ་འདིར་གཉིས་སུ་བསྡུ་སྟེ། ཡུམ་དོན་ངོ་སྤྲོད་པ་དང་། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་ཡུམ་དོན་ངོ་སྤྲོད་པ་ལ་གསུམ་སྟེ། རིག་པ་རྐྱང་དེད་ལ་བརྟེན་ནས་སེམས་བཙལ་བ། ཁྲིད་ཚུད་ནས་བཞག་ཐབས་བསྟན་པ། ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲད་པའོ། །དང་པོ་ནི། སྔོན་ཆད་འཁོར་བའི་གནས་སུ་འཁྱམས་ནས་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་འདི་གང་གིས་ལན་ན། རང་སེམས་འཁྲུལ་པས་ལན་པ་ཡིན་ཏེ། འཁྲུལ་པའི་སེམས་གྱ་གྱུ་སྤྲ་སྤྲོ་ཐལ་ཐོལ་མི་དྲན་དགུ་དྲན་རྣམ་རྟོག་སྣ་ཚོགས་འཆར་ཞིང་མྱོང་བ་འདིའི་རྩ་གདར་མ་ཆོད་པའི་ཐབས་མེད་པས་གཅད་དགོས། དེའི་རྒྱུ་མཚན་བཟོ་བོ་ཇི་ལྟར་མཁས་ཀྱང་བཟོ་རྒྱུ་མེད་ན་བཟོ་མི་ཤེས་པ་ལྟར། བླ་མ་ཆོས་མཁས་གདམས་ངག་ཟབ་ངོ་སྤྲོད་པ་བཟོ་ཡང་སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲོད་མི་ཤེས་པས་སེམས་འཚོལ་དགོས། འཚོལ་ལུགས་དོ་ནུབ་ནས་གཟུང་སེམས་ཀྱི་གནས་ལུགས་མ་རྟོགས་ཀྱི་བར་དུ་རྩབ་རྩུབ་མང་པོ་མ་བྱེད་པར་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་ཞོག །སེམས་གནད་ཚིག་གསུམ་པོ་འདི་ཁོ་ན་ལ་དྲིལ་ཏེ་ཉམས་སུ་ལོངས་ཤིག །སེམས་གང་ན་གནས་བལྟ་བ་དང་གཅིག །གཟུགས་ཇི་ལྟར་འདུག་བལྟ་བ་དང་གཉིས། ཁ་དོག་ཇི་འདྲ་འདུག་བལྟ་བ་དང་གསུམ་མོ། །དང་པོ་ནི། སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཆར་བ་འདི་ཡ་ཀི་སྤྱི་གཙུག་ནས་མ་ཀི་རྐང་མཐིལ་གྱི་བར་ལུས་ཀྱི་ཆ་ཤས་གང་ན་འདུག་ཚོལ། ཐོལ་གྱིས་སྐྱེས་པ་དེ་ཀ་གང་ནས་སྐྱེས། ད་ལྟ་གར་གནས། ཐ་མ་གང་དུ་ཐིམ་རྐྱང་འདེད་ཀྱིས་ལྟོས། གཉིས་པ་གཟུགས་ཇི་ལྟར་འདུག་བལྟ་བ་ནི། དགའ་མི་དགའ་བདེ་སྡུག་སོགས་ཐམས་ཅད་ཀྱི་བྱེད་པ་པོ་སེམས་ཁོ་རང་དུ་འདུག་པ་ལ་ཁོའི་གཟུགས་དེ་གྲུ་བཞི་ཟླུམ་པོ་སོགས་དབྱིབས་ཅི་འདྲ་འདུག་ལྟོས། གསུམ་པ་ཁ་དོག་ལ་བལྟ་བ་ནི། དྲན་རྟོག་སྣ་ཚོགས་སུ་འཆར་ཞིང་འཕྲོ་བ་འདི་སེམས་ལ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་ཡིན་ན་འདི་ཚོ་མི་འཆར་ཐང་བས་ཁ་དོག་དཀར་དམར་སོགས་ཇི་འདྲ་འདུག་ལྟོས། དེ་ཡང་ཡར་བལྟ་མར་བལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྐྱང་འདེད་ཀྱིས་ལྟོས། དེ་ལྟར་བལྟས་པས་སེམས་མ་མཐོང་ན་གྱ་གྱུ་ཐལ་ཐོལ་བྱུང་རེས་བཞིན་མ་ཡེངས་པར་ལྟོས། འགྱུ་མཁན་དེ་ཀ་གང་ན་འདུག་ཅི་འདྲ་འདུག་ལྟོས། ཁྱེད་རྣམས་ཀྱིས་སེམས་ལ་བལྟས་པས་མ་མཐོང་། བཙལ་བས་མ་རྙེད། བཟུང་བས་མ་ཟིན་སྙམ་ན། མ་མཐོང་མ་རྙེད་མ་ཟིན་པའི་ངང་དེ་ཉིད་ལ་ཅི་ཡང་མི་སེམས། ཅི་ཡང་མི་རྟོག །བཅས་བཅོས་གང་ཡང་མ་བྱེད་པར་ཆད་པ་ངལ་གསོ་བ་ལྟར་ལྷོད་དེ་ཤིག་གེ་ཞོག །ཡང་རྣམ་རྟོག་ཐོལ་ཐོལ་སྐྱེ་ན་སྐྱེས་རེས་བཞིན་ལྟ་གཞག་བྱ་སྟེ། ད་རེས་འཁོར་འདས་འཁྲུགས་ཤན་འབྱེད་དུས་སོས་དལ་དུ་སྡོད་པ་ཅི་ལ་ཁོམ་སྙམ་དུ་བརྩོན་འགྲུས་དྲགས་པོས་སེམས་འཚོལ་ལ་འབད། བླ་མས་རྙེད་དམ་མ་རྙེད་ཇི་ལྟར་འདུག་ཅེས་ཡང་ཡང་བསྐྱར་ནས་འདྲི། དངོས་པོ་འདི་འདྲ་བ་ཞིག་འདུག་ཅེས་བདེན་འཛིན་ཨ་འཐས་དང་། ཅང་མེད་སྟོང་པར་འདུག་ཅེས་ཚོད་དཔོགས་དང་། མ་རྙེད་པས་ཡེ་ནས་མེད་པ་ཞིག་གམ་ཡོད་པ་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཞིག་ཡིན་ནམ། ཞེས་བློ་ཐག་མ་ཆོད་པ་ད་དུང་བསྐྱར་ནས་རྩ་བ་གཅོད་དུ་བཅུག་ཅིང་འདྲི། བལྟས་པས་མ་མཐོང་བཙལ་བས་མ་རྙེད་པས་དོན་ལ་གང་དུའང་མ་གྲུབ་པ་ཞིག་ཡིན་ནམ་ཟེར་ན་ཁྲིད་ཚུད་པ་ཡིན་པས་བཞག་ཐབས་བསྟན་པར་བྱའོ། །གཉིས་པ་ཁྲིད་ཚུད་ནས་བཞག་ཐབས་བསྟན་པ་ནི། དེ་ལྟར་བཙལ་བས་མ་རྙེད། བཟུང་བས་མ་ཟིན། བལྟས་པས་ཅི་ཡང་མ་མཐོང་། ཅི་ཡང་མ་ཡིན་ཞིང་ངོས་གཟུང་རྒྱུ་མེད་པའི་གཤིས་ལུགས་དེ་ཀའི་ངང་ལ་གློད་དེ། འབོལ་ལེ། ཤིག་གེ །སལ་ལེ། སེང་ངེ་མ་བཅོས་པར་གཞག །རྣམ་རྟོག་གི་ཡིད་བྱེད་གང་གིས་ཀྱང་མ་བསླད་པར་ཧད་དེ་གཞག །ཡུལ་བཟང་ངན་གྱིས་མ་བསྒྱུར་བར་གང་ཤར་གྱི་སྟེང་དུ་རྗེན་ནེ་གཞག །བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་ཅིང་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ངང་ལ་སོ་ཁད་དེ་གཞག་གོ །གསུམ་པ་ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲད་པ་ནི། དོན་ཁྲིད་དུ་སྒོམ་ངོ་སྤྲད་པ་དང་། ཚིག་ཁྲིད་དུ་སྒོམ་གཏན་ལ་དབབ་པ་དང་། ཉམས་ཁྲིད་དུ་སྒོམ་བསྐྱང་བར་བྱ་བའོ། །དང་པོ་ནི། ཁྱེད་རང་རྣམས་ལུས་གནད་ཆོས་བདུན་བཅའ། རླུང་རང་སོར་ཞོག །མིག་བར་སྣང་ལ་ཆེར་གྱིས་ལྟོས། སེམས་བཟོ་བཅོས་མེད་པར་ཧད་དེ་ཞོག །དེ་ཁའི་ངང་ལས་མིག་སྣ་རྩེར་ཞོལ་གྱིས་ཕབ་ལ་ཁ་ནང་ལོག་གི་ཤེས་པས་སེམས་རང་གི་ངོ་བོ་ལ་ཆེར་རེ་ལྟོས་དང་། བལྟས་པས་གང་དུའང་མ་མཐོང་ཞིང་ཅི་ཡང་མ་ཡིན་པ་སྟོང་གསལ་ཡུལ་མེད་དུ་ལྷག་གེ་བ། ངོས་གཟུང་ཐམས་ཅད་དང་བྲལ་ཞིང་རང་སྣང་ས་ལེ་བ་ཅིར་ཡང་འཆར་དུ་གཏུབ་པ་འདི་ཀ་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གནས་ཐོག་ནས་ངོ་སྤྲད། ཡང་ཁྱེད་རང་རྣམས་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེར་ཆུག་ལ་དེ་ཀ་ལ་ཆེད་ཀྱིས་ལྟོས་དང་སེམས་གནས་པའི་ངང་ནས་རྣམ་རྟོག་སྐྱེས་པའི་ཚེ་ནའང་སྐྱེ་བཞིན་པའི་དུས་དེ་ཀ་ལ་བལྟས་པས་ངོས་གཟུང་མེད། རྣམ་རྟོག་ཤར་ནས་རུ་མ་མ་འགགས་པར་ཡོད་པའི་སྐབས་དེ་ཉིད་ནའང་འདི་ལྟ་བུ་ཞེས་གང་དུའང་མ་གྲུབ་པས་ངོས་གཟུང་མེད། རྣམ་རྟོག་ཡལ་བའི་ཚེ་ནའང་འདི་ལྟ་བུ་ཞིག་ཏུ་ཐིམ་འདི་ལྟར་ཡལ་ཞེས་དམིགས་སུ་མེད། དེ་བས་ན་སྐྱེ་འགག་གནས་གསུམ་གྱི་སྣང་བ་འདི་ཐམས་ཅད་འཆར་སྒོ་མ་འགགས་པ་ཙམ་མ་གཏོགས། གང་དུའང་ངོས་གཟུང་མེད་པ་ཡུལ་ཡུལ་ཅན་བསམ་མེད་བརྗོད་མེད་དམིགས་མེད་ཕྱལ་བ་དེ་ཁའི་ངང་ལ་ཙེན་གྱིས་ཞོག །ལྷོད་ཀྱིས་ཀློད། ཁྲེས་སེ་བོར། རྒྱང་གིས་སྐྱུར་ལ་སྒོམ་པའི་བློ་དང་ཕྲོལ་ལ་ཞོག་དང་། འདི་ཀ་གདོད་མའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་དགོངས་པ་སྤྲོས་བྲལ་དོན་དམ་པ་སོགས་ཐ་སྙད་ཀྱི་སྒོ་ནས་མིང་ཇི་སྙེད་ཅིག་བཏགས་ཀྱང་། དོན་རང་སེམས་སྐད་ཅིག་མ་བསམ་བརྗོད་བྲལ་བ་འདི་ཀ་ལགས་པས། དེ་ཀ་རང་ངོ་ཤེས་ཙམ་གྱི་དྲན་པ་ལ་བརྟེན་ནས་གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པར་གློད་ནས་འཇོག་པ་སྟེ། མ་གཅིག་གི་ཞལ་ནས། གྲིམ་གྱིས་སྒྲིམས་ལ་ལྷོད་ཀྱིས་ཀློད། །སྒོམ་པའི་གནད་ཅིག་དེ་ན་གདའ། །ཞེས་གསུངས། མདོར་ན་སྣང་བ་ཐམས་ཅད་སེམས་ཀྱི་འཁྲུལ་པ་ཙམ་སྟེ། རང་སྣང་རིས་མེད་སེམས་ཉིད་ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་ཞིང་སྣང་དུས་ཉིད་ནས་སྟོང་པས་སྣང་སྟོང་ཟུང་འཇུག་དེ་ཀ་རང་གི་ཁ་ནང་དུ་ཕྱོགས་ཏེ་རིག་པར་བྱ་བ་ལས་གཞན་མ་ཡིན་ཏེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཚིག་ཁྲིད་དུ་སྒོམ་གཏན་ལ་དབབ་པ་ནི། སློབ་དཔོན་གསུམ་ལ་བསྟེན་ནས་ངོ་སྤྲོད་པ་སྟེ། དང་པོ་གསུང་རབ་ལུང་གི་སློབ་དཔོན་ནི། དེ་ལྟར་ངོ་སྤྲད་པས་སེམས་ཉིད་སྟོང་པ་ཉིད་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ་བ་དེ་ཀ་གཤིས་ཀྱི་གནས་ལུགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། གཟུགས་ཀྱང་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་ཀྱང་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡོད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་དོན་དམ་སྟོང་པ་ཉིད་དེ། དོན་དམ་པ་ནི་ཡེ་ཤེས་སོ། །སྟོང་པ་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀ་མཐོང་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་དབུ་མ་མཐའ་གཉིས་དང་བྲལ་བ་རིག་པར་བྱའོ། །ཞེས་སོགས་མདོ་རྒྱུད་ཀྱི་བཀའ་ལུང་མང་པོ་དཔུང་གཉེན་དུ་དྲངས་ཏེ་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་གསུང་སྒྲོས་མན་ངག་གི་སློབ་དཔོན་ནི། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་ནས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ་རྩིས་པོ་ཆེ་དེ་ཡང་ཡེ་གདོད་མ་ནས་ང་དང་བདག་མེད། ཕྱོགས་དང་རིས་མེད། གཟུང་བ་དང་འཛིན་པ་མེད། བཟུང་བས་མ་ཟིན། བཏང་བས་མ་ཐོང་། བཞག་པས་མ་ཞོག །བཤིགས་པས་མ་གཞིག །ཕྲལ་བས་མ་ཕྲོལ་བ་དེ་ཁྱེད་རང་གི་གན་ན་འདུག་པའི་ཤེས་པ་ཝལ་ལེ་ཁྱུག་གེ་བ་འདི་རང་ཡིན་ནོ། །ཞེས་གསུངས། མ་གཅིག་སྤྲུལ་སྐུའི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་དུ་བལྟ། བལྟས་པས་རང་གི་སེམས་མི་མཐོང་། །མཐོང་བས་ཆོས་ཉིད་དོན་མ་རིག །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་ནོ། །ཞེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་སོ། །གསུམ་པ་ཉམས་མྱོང་ཡིད་ཆེས་སློབ་དཔོན་ནི། དེ་ལྟར་ལུང་དང་མན་ངག་ཐམས་ཅད་ནས་སེམས་ཉིད་སྟོང་གསལ་དམིགས་མེད་ཉིད་གཤིས་ཀྱི་གནས་ལུགས་ཡིན་པར་གསུངས་ཤིང་། བླ་མས་ཀྱང་དེ་ལྟར་ངོ་སྤྲད། རང་གིས་བལྟས་པས་ཀྱང་ཅི་ཡང་མ་ཡིན་ལ་ཅི་ཡང་འཆར་དུ་རུང་བས་ངོས་གཟུང་མེད་པ་བསམ་མེད་བརྗོད་མེད་དུ་ཉམས་སུ་མྱོང་བའི་ཕྱིར། དེ་ཀ་གསར་བྱུང་གློ་བུར་གྱི་ཆོས་མ་ཡིན། གདོད་མའི་གནས་ལུགས་མ་ནོར་མ་འཁྲུལ་བ་ཡིན་པར་ཐག་ཆོད་པའོ། །དེ་སྐད་དུའང་མཚན་བརྗོད་ལས། ནོར་བ་ཐམས་ཅད་རྣམ་པར་སྤང་། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཉམས་ཁྲིད་དུ་སྒོམ་བསྐྱང་བ་ལ་གསུམ་ལས། དང་པོ་མཉམ་གཞག་ཏུ་ཉམས་སུ་བླང་བ་ནི། སྔར་རང་གིས་ཉམས་སུ་མྱང་ཞིང་བླ་མས་དེ་དོན་ངོ་སྤྲད་པ་དེ་གོ་ཙམ་མྱོང་ཙམ་གྱིས་མི་ཆོག་སྟེ་ཉམས་སུ་བླངས་པས་གོམས་འདྲིས་བརྟན་པ་ཐོབ་པར་བྱས་ལ། དེའི་ངང་ལས་རྩོལ་མེད་ཀྱི་དྲན་པ་ཉམས་སུ་བླང་དགོས་ཏེ། དབེན་པའི་གནས་སུ་དྲན་བསམ་འཕྲོ་འདུའི་རྟོག་པ་མེད་པའི་ངང་ལས་མ་བཅོས་མ་བསླད་པར་སྟོང་གསལ་ཡུལ་མེད་དུ་བཞག །དེའི་ངང་ལས་རྟོག་པ་འགྱུ་ན་གང་ཤར་ལ་ཆེར་གྱིས་བལྟས་ལ་རྗེས་མེད་རང་གྲོལ་དུ་བསྐྱངས་ཏེ་ཡུལ་མི་དམིགས་པ་ལ་བློས་ཅིར་ཡང་མི་འཛིན་པར་གཞག་པར་བྱའོ། །གཉིས་པ་རྗེས་ཐོབ་ཏུ་ཉམས་སུ་བླང་བ་ནི། ཆོས་ཐམས་ཅད་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཐུན་མཚམས་སུའང་སེམས་དྲན་འཛིན་དང་མ་བྲལ་བས་བལྟ་ཞིང་བདུད་བཞི་གཅོད་པ་དང་། དབྱིངས་རིག་བསྲེ་ཞིང་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་སོགས་འོག་ནས་འབྱུང་བ་ལྟར་ཡང་ཡང་སྦྱང་ངོ་། །གསུམ་པ་ཟུང་འཇུག་ཏུ་ཉམས་སུ་བླང་བ་ནི། རིག་པ་སྤྲོས་བྲལ་ངོས་གཟུང་མེད་པ་དེ་ཀ་འཆར་སྒོ་མ་འགགས་པའི་རྩལ་སྣང་སྒྱུ་མ་ལྟ་བུར་ཤར་བ་མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་ཟུང་འཇུག་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ལ་ཟློ་བར་བྱས་ཏེ་ཉམས་སུ་བླང་ངོ་། །གཉིས་པ་བདུད་བཞི་དབྱིངས་སུ་གཅོད་པ་ནི། ཐོགས་བཅས་ཡུལ་གྱི་འཁྲི་བ་གཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་གཅད། །དགའ་བྲོད་ཞེན་པའི་འཁྲི་བ་གཅད། །སྙེམས་བྱེད་བདག་གི་འཁྲི་བ་གཅད། །ཅེས་གསུངས་པ་ལྟར་ཉམས་སུ་བླངས་ཏེ། དེ་ལ་དང་པོ་ཐོགས་བཅས་བདུད་ནི་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཕྱིའི་དངོས་པོ་ལ་བརྟེན་པས་རྣམ་རྟོག་ཐོལ་གྱིས་ཤར་བ་དེ་ལྷོངས་པ་ཡིན། དེ་ལ་རྣམ་རྟོག་གི་ཞེན་འཛིན་སྐྱེས་ན་ཐོགས་བཅས་ཀྱི་བདུད་ཡིན་པས་དེ་གཅོད་པ་ནི། དགྲ་གཉེན་སོགས་ཡུལ་གང་རིགས་བསམ་ལ་ཆགས་སྡང་དང་སྐྱོ་འཇིགས་ལ་སོགས་པའི་བློ་རུམ་མེ་སྐྱེས་པའི་ཚེ། དེའི་དབང་དུ་མི་བཏང་བར་ཕཊ྄ཿཅེས་འཕྲོ་རྦད་ཀྱིས་བཅད་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཆམ་གྱིས་གློད་ལ་བཞག་པས་ཆོད་དོ། །གཉིས་པ་ཐོགས་མེད་བདུད་ནི་ཕྱི་ནང་གི་རྐྱེན་ལ་རག་མ་ལས་པར་སེམས་ལ་དགའ་མི་དགའ་སྐྱེ། འཇིགས་སྣང་སྤྲོ་སྣང་སུན་པ་ཚིག་པ་ཟ་བ་སོགས་ཡིད་ཡུལ་གྱི་མྱོང་ཚོར་ཐ་མལ་གྱི་རྣམ་རྟོག་གང་ཤར་ཡང་ལྷོང་། དེ་ལ་རེ་དོགས་སྐྱེས་ན་ཐོགས་མེད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་སྔར་བཞིན་འཛིན་མེད་ཀྱི་ངང་དུ་བཞག་པས་ཆོད་དོ། །གསུམ་པ་དགའ་བྲོད་བདུད་ནི་བླ་མ་དང་ཆོས་བརྒྱུད་བཟང་། རང་དགེ་སྦྱོར་འཕེལ། གནས་ཁང་དང་ལོངས་སྤྱོད་སྙན་གྲགས་སོགས་མཐུན་རྐྱེན་ཚོགས་པ་ལ་བརྟེན་ནས་གཟུང་འཛིན་གྱི་བློ་སྐྱེས་པ་དེ་ལྷོང་། དེ་ལ་དགའ་བྲོད་དང་སྐྱིད་སྣང་འཆར་ན་དགའ་བྲོད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་འཛིན་མེད་དུ་བཞག་པས་ཆོད་དོ། །བཞི་པ་སྙེམས་བྱེད་བདུད་ནི་རྣམ་རྟོག་གི་འགྱུ་བ་གང་སྐྱེས་པ་དེ་ལྷོང་། དེ་ལ་ཞེན་ན་སྙེམས་བྱེད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་གང་ཤར་འཛིན་མེད་དུ་ཁྲོལ་ལེ་བཞག་པས་ཆོད་དོ། །ཐོགས་བཅས་ཐོགས་མེད་དགའ་བྲོད་གསུམ་ཡང་འདིར་འདུས་ཏེ། བཀའ་ཚོམས་ལས། བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཞེས་གསུངས། མདོར་ན་ཟ་ཉལ་འགྲོ་འཆག་སོགས་སྤྱོད་ལམ་ཀུན་ཏུ་འཛིན་ཞེན་གང་སྐྱེས་དེ་ཀ་ལ་ཕཊ྄ཿཅེས་སྒྲ་དང་བཅས་པའམ། མི་མང་ཁྲོད་ལྟ་བུར་ཤུབ་བུར་བརྗོད་དེ། གང་ཤར་ལ་སྐྱོན་ཡོན་དུ་མི་བལྟ་བར་རང་སར་རྦད་ཀྱིས་བཅད་ནས་སྔར་གྱི་ཡུམ་དོན་སྤྲོས་བྲལ་གྱི་དབྱིངས་དེར་ཆམ་མེ་ཤིག་གེ་བག་དྲོ་འུར་རེ། གཅེར་བུ་ལྷིང་པ་རྗེན་ནེ་ཁྲེས་སེ་སྒོམ་པའི་བློ་དང་ཕྲལ་ལ་འཇོག་སྟེ། ལེ་ལག་ལས། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་གསུངས་སོ། །དེ་ལྟར་རྟག་ཏུ་བསྐྱངས་པས་སྔར་གྱི་སྒོམ་ལ་བོགས་ཐོན་པར་བྱུང་ན་ཚར་ཚད་ཡིན་ནོ། ༈ །གསུམ་པ་རྗེས་ཀྱི་ཁྲིད་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་ཀློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །གཞན་ནས་འབྲས་བུ་ཕྱི་དུས་འདེབས། །འདིར་ནི་མངོན་སུམ་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། རྐྱེན་ངན་པ་བྱུང་རེས་བཞིན་ཐོག་རྫིས་ཀྱིས་བཅད་ནས་རོ་སྙོམས་ཤིང་ལམ་དུ་ཁྱེར་བས་ཉམས་རྟོགས་ཁྱད་པར་ཅན་བཙན་ཐབས་སུ་སྐྱེད་པར་བྱེད་པ་ཉམས་སྣང་བསྐྱང་བ་བོགས་འདོན་གྱི་ཁྲིད་ནི། འདི་ལ་གསུམ། གང་དུ་གང་གི་ཚེ་འགྲོ་ལུགས། ཕྱིན་ནས་ཇི་ལྟར་ཉམས་སུ་བླང་ཐབས། མཇུག་ཚར་ཚད་མཐའ་གཏད་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། གང་དུ་འགྲོ་བ་གནས་ཀྱི་མཚན་ཉིད། ནམ་འགྲོ་དུས་ཀྱི་བྱེ་བྲག །རྣལ་འབྱོར་འགྲོ་ལུགས་རྣམ་བཞིའོ། །དང་པོ་ནི། ས་དཔྱད་འཕྲུལ་གྱི་མེ་ལོང་དུ་རྫས་དང་གཟུགས་དང་མ་ངེས་པ་གསུམ་དུ་གསུངས་ཏེ། རྫས་ནི་ས་ཕྱོགས་དེ་རིན་པོ་ཆེ་འབར་བ་ལྟ་བུར་འདུག་ན་དེའི་དཀྱིལ་དུ་ཉལ་བ་སོགས་དང་། གཟུགས་ནི་སེང་གེ་འདྲ་ན་སྡེར་མོར་ཉལ་བ་སོགས་དང་། མ་ངེས་པ་ནི། ནགས་སྲབ་་་འཐུགས།ན་རྩུབ་པའི་འཇམ་པ་སོགས་འཆོལ་བ་མ་ངེས་པ་སྟེ། ལེགས་པར་བརྟགས་ལ་མ་ནོར་བ་ཤེས་པར་བྱ་ཞིང་། དེར་མ་ཟད་གཞན་གྱིས་གཉན་ཟེར་བ་དང་། ཁྱད་པར་རང་གིས་བལྟས་ཀྱང་རང་བཞིན་གྱིས་འཇིགས་ཤིང་སྐྱི་གཡའ་བ། བྲེད་ཅིང་ཉམ་ང་བ། ཐེ་ཚོམ་དང་རྣམ་རྟོག་འཁུལ་ནུས་པ་ཞིག་དགོས་ཏེ། དེ་མེད་ན་གཅད་བྱ་མེད་པའི་ཕྱིར་རོ། །དེས་ན་དུར་ཁྲོད་དང་ལྷ་ཁང་གོག་པོ་དང་། རི་རུལ་རྙིང་པ་སོགས་སླེབ་པ་ཙམ་གྱིས་སྐྱི་བུང་བྱེད་པ་ཞིག་དུ་འགྲོ་བར་བྱ་སྟེ། ཟབ་དོན་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནམ་འགྲོ་དུས་ཀྱི་བྱེ་བྲག་ནི། སྤྱིར་འཇིགས་ཤིང་སྐྲག་པ་དང་། ཉམ་ང་ཞིང་བག་ཚ་བ་དང་། ནད་དང་སྡུག་བསྔལ་བྱུང་དུས་ཉམས་སུ་ལེན་ལ། ཁྱད་པར་དུ་མཚན་མོ་མུན་པའི་དུས་སུ་ཟླ་གྲོགས་དང་ལག་ཆ་སོགས་ཀྱི་སྙེམས་མེད་པར་འགྲོ་སྟེ། ཉིན་མོ་གང་དུ་ཕྱིན་ཀྱང་མི་འཇིགས་ཤིང་ཟླ་གྲོགས་ཡོད་ན་དུས་ནམ་ཕྱིན་ཀྱང་རུང་། གནས་གང་དུ་ཕྱིན་ཀྱང་རུང་སྟེ་འཇིགས་པ་མི་འབྱུང་བས་གཅད་ཡུལ་མེད་པའི་ཕྱིར་རོ། །མཚན་མོ་ཉམ་ང་བའི་དུས་ལྷ་འདྲེ་རྣམས་འདུ་ཞིང་རྣམ་རྟོག་འཁུལ་ནུས་པས་འགྲོ་བར་བྱ་སྟེ། ཟབ་དོན་ལས། མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཞེས་སོ། །གནས་དེར་ཇི་ལྟར་འགྲོ་བའི་ཚུལ་ཡང་ཞེ་སྡང་འགྲན་སེམས་རྒན་ཉམས་དང་ཕོ་ཚོད་ཕོ་རུས་དང་ཁེངས་དྲེགས། གྲགས་པ་དང་ལོ་འདོད་རྙེད་པ་དང་བཀུར་སྟིའི་ཆེད་དུ་མི་འགྲོ་བར་ངེས་འབྱུང་གི་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་འཁྲུལ་རྟོག་གཅད་པའི་ཕྱིར་འགྲོ་བར་བྱ་སྙམ་དུ་བསམ་ཞིང་། འགྲོ་བའི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་གསོལ་བ་དྲག་ཏུ་བཏབ་སྟེ་འགྲོ་བར་བྱའོ། །གསུམ་པ་རྣལ་འབྱོར་འགྲོ་ལུགས་རྣམ་བཞི་ནི། དཔའ་བོའི་སྟོབས་འགྲོས། མཁའ་འགྲོ་མའི་གར་འགྲོས། སྦྲུལ་ནག་གི་འཁྱིལ་འགྲོས། རྣལ་འབྱོར་པའི་ལྡིང་འགྲོས་སོ། །དང་པོ་ནི། མིག་གི་མཐོང་ཚད་ཀྱི་ལྷ་འདྲེ་དེད་པར་བསམས་ནས་དཔའ་བོའི་འགྱིང་སྟབས་ཀྱིས་འགྲོ །གཉིས་པ་མཁའ་འགྲོ་མའི་གར་འགྲོས་ནི། རང་ལུས་ལ་ལྷ་འདྲེ་ཐམས་ཅད་ཡང་ཡང་བསྟིམས་ནས་འགྲོ །གསུམ་པ་སྦྲུལ་ནག་འཁྱིལ་འགྲོས་ནི། ས་བདག་ཀླུ་གཉན་ཐམས་ཅད་གནས་མལ་དང་བཅས་པ་གཉན་ཁྲོད་དུ་ཁྱེར་ནས་འགྲོ་བར་བསམ། བཞི་པ་རྣལ་འབྱོར་ལྡིང་འགྲོས་ནི། ལམ་གྱི་སྟེང་འོག་ཐམས་ཅད་དུ་ལྷ་འདྲེ་རྣམས་ལྟ་སྟངས་ཀྱིས་གཟིར་ཞིང་འགྲོ་བའོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། སྔ་མ་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །བར་མ་བར་དུ་མ་ནོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །ཕྱི་མ་ཕྱི་རུ་མ་ནོན་ན། །ནོར་ངན་ཕྱི་ཡི་རྗེས་སྙེག་འདྲ། །ཞེས་འབྱུང་བས་གཉན་ཁྲོད་དུ་འགྲོ་བའི་ཚེ་གནས་དེར་འདུན་པ་གཏད་ནས་ཟིལ་གནོན་གྱི་དམིགས་པ་གཏད་དེ་འགྲོ་བ་ནི་སྔ་གནོན། གཉན་ཁྲོད་དུ་སླེབས་ནས་དེ་ཉིད་དུ་ཟིལ་གནོན་གྱི་དམིགས་པ་བྱེད་པ་ནི་བར་གནོན། གནས་གཞན་དུ་སྤོ་དུས་སྔར་ལྟར་ཟིལ་གནོན་གྱི་དམིགས་པ་གཏོད་ལ་འགྲོ་བ་ནི་ཕྱི་གནོན་ཞེས་བྱའོ། །གཉིས་པ་ཕྱིན་ནས་ཇི་ལྟར་ཉམས་སུ་བླང་བའི་ཐབས་ལ་གསུམ་སྟེ། ཟིལ་གནོན་གྱི་དམིགས་པ་སྐོར་གསུམ། ཕྱི་ནང་ལྷོང་ཚད་བརྟག་ཐབས། ཉམས་ལེན་ཕུང་པོ་གཟན་སྐྱུར་རོ། །དང་པོ་ལ་གསུམ། གནས་ལྷ་འདྲེ་བདག་ཟིལ་གྱིས་གནོན་པའོ། །དང་པོ་ནི། དབྱིངས་རིག་བསྲེས་ལ་རང་ལུས་ཤིན་ཏུ་ཆེ་བ་མགོ་བོས་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་ཁེབས་པས་ལུང་པ་ཐམས་ཅད་ནོན་པར་བསམ་ལ། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་གཡོ་བར་མི་བྱའོ་སྙམ་དུ་བསམ་ལ་དེའི་ངང་ལ་ཅི་གནས་བཞག་གོ །གཉིས་པ་ལྷ་འདྲེ་ཟིལ་གྱིས་གནོན་པ་ནི། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་གསོལ་འདེབས་སྔོན་དུ་འགྲོ་བས། བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་འབྱུང་པོ་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ཕ་མ་མ་བྱས་པ་གཅིག་ཀྱང་མེད། འདི་རྣམས་མ་རིག་པའི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་སྡུག་བསྔལ་གྱིས་མནར་བ་འདི་རྣམས་སྙིང་རེ་རྗེ་ཞེས་བརྗོད་ཅིང་དྲག་ཏུ་བསམ། འདི་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་བདག་ཉིད་ས་ཕྱོགས་འདི་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་གཡོ་བར་མི་བྱ་འགུལ་བར་མི་བྱ་སྙམ་དུ་ཞེ་དམ་བཅའ། དེའི་ངང་ནས་རང་གི་སྣ་བུག་གཉིས་ནས་རླུང་སངས་ཀྱིས་བུས་པས་རླུང་དེས་ཕྱོགས་ཐམས་ཅད་ཁྱབ་པར་སོང་། དེས་འཇིག་རྟེན་ཁམས་ཀྱི་འབྱུང་པོ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་རླུང་ནང་དུ་འཇུག་པ་དང་བསྟུན་རང་གི་མལ་འོག་ཏུ་ཧྲིལ་གྱིས་ཚུད་པས་ལྡང་མི་ནུས་པར་བསམས་པའི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་རྣམས་གོ་མཚམས་མེད་པར་བཞུགས་པའི་ཕྱི་རོལ་དུ་རྡོ་རྗེའི་མཚོན་ཆ་དང་ཡེ་ཤེས་ཀྱི་མེ་དཔུང་འཕྲོ་བས་བཅིངས་ཏེ་ཐར་པའི་སྐབས་མེད་པར་བསམ་ལ་ཕཊ྄ཿབརྗོད། དེས་ཚར་ཚད་མ་བྱུང་ན། གསུམ་པ་བདག་ཟིལ་གྱིས་གནོན་པ་ནི། རང་གི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པས་སེམས་འཁྲུལ་ཕྱིར་འབྲེང་བ་འདི་གཡས་རེ་ཆུང་སྙམ་དུ་བསམ་ལ་དེའི་ངང་ནས་ཕཊ྄ཿཅེས་སེམས་ཉིད་བློ་བྲལ་གྱི་ངང་ལ་ཆམ་མེ་བཞག །དེ་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་ཡང་ཟིལ་གནོན་གྱི་ཏིང་འཛིན་གསུམ་པོ་རེ་མོས་སུ་བསྒོམ། དམིགས་པ་གསུམ་པོ་འདི་ལ་འབད་པས་ཐ་མལ་གྱི་ཞེན་རྟོག་མི་འཇུག །ལྷ་འདྲེ་ལྷོང་ཞིང་དབང་དུ་འདུ། སྣང་བ་བདེན་མེད་དུ་བུན་ལོང་ངེར་འགྲོ །ལྷ་འདྲེ་འབྲོས་པ་དང་མགོ་སྐོར་གྱི་ཚར་ཚད་སད་སུད་དེ་འདྲ་མི་འབྱུང་བ་ཡིན་གསུང་། གཉིས་པ་ཕྱི་ནང་ལྷོང་ཚད་བརྟག་ཐབས་ནི། དེ་ལྟར་ཟིལ་གནོན་གསུམ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷོང་གསུམ་འབྱུང་བ་ལས་དང་པོ་ཕྱི་ལྷ་འདྲེ་ལྷོངས་པའི་རྟགས་ནི། ས་གཡོ་བ་དང་རི་འུར་བ་དང་། གཟུགས་མི་སྡུག་པའི་མཐོང་སྣང་དང་སྒྲ་མི་སྡུག་པའི་ཐོས་སྣང་སོགས་འཇིགས་པའི་ཆོ་འཕྲུལ་འདི་མི་འབྱུང་བ་ཅི་ཡང་མེད་དེ་དངོས་ཉམས་རྨི་ལམ་གང་རུང་ལ་འབྱུང་ངོ་། །དེའང་རབ་ཞག་གསུམ་འབྲིང་ཞག་ལྔའམ་བདུན། ཐ་མའང་ཉིན་ཞག་བཅུ་ལས་མི་འགྱང་པར་ལྷོང། འོན་ཀྱང་གདོན་བྱིངས་ཆུང་། རྣལ་འབྱོར་པ་ནུས་པ་ཆེས་པས་ལྡང་མི་ནུས་པ་དང་། གདོན་བྱིངས་ཆེ་རྣལ་འབྱོར་པ་ནུས་པ་ཆུང་བས་མ་ལྷོང་པ་སོགས་ལུགས་མང་བས་གང་ཡིན་ཤེས་པར་བྱ་གསུངས། གཉིས་པ་བར་ན་ཚ་ལྷོངས་པའི་རྟགས་ནི། སྙིང་རླུང་གཟེར་སོགས་ན་ཚ་དྲག་པོ་གློ་བུར་དུ་འབྱུང་བའོ། །གསུམ་པ་ནང་རྣམ་རྟོག་ལྷོངས་པའི་རྟགས་ནི། རང་གི་རྒྱུད་ལ་སྡུག་སྣང་། སྐྱོ་འཇིགས་མི་ཚུགས་པ་ལྟ་བུ་དང་འགྲོ་སྙིང་འདོད་པ་ཚིག་པ་ཟ་བ། ཆོས་བརྒྱད་འདོད་ཡོན་གྱི་ཡུལ་ཕྱིར་འཕྲོ་བའི་རྟོག་པ་མི་ནོན་པ་འདྲ་བ་འབྱུང་བ་སོགས་སེམས་ཐོག་ཏུ་རེ་དོགས་ཀྱི་འཆར་སྒོ་སྣ་ཚོགས་པ་འཆར་རོ། །དེ་ལྟར་ཕྱི་ནང་བར་གསུམ་གྱི་ལྷོང་རྟགས་དེ་འདྲ་བའི་རིགས་གང་བྱུང་ཡང་དགའ་སྡུག་དང་ཉམ་ང་བག་ཚ་རྡུལ་ཙམ་ཡང་མི་བྱ་བར། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ནམ་མཁའི་རི་མོ་ལྟ་བུར་ཐག་བཅད་ལ་ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སེམས་གཞི་མེད་རྩ་བྲལ་གྱི་ངང་ལ་ཁྲེས་སེ་བོར། ཅི་འོང་བ་ཤོག །ཅི་དགའ་བ་གྱིས། གར་འགྲོ་བར་སོང་སྙམ་དུ་བློའི་སྙེམ་ཐག་བཅད་ལ་བཞག་གོ །གསུམ་པ་ཉམས་ལེན་ཕུང་པོ་གཟན་སྐྱུར་ནི། ཟིལ་གནོན་གྱི་དམིགས་པ་ལ་བརྟེན་ནས་ལྷོང་ཚད་བྱུང་བའི་ཚེ་བྱ་བ་སྟེ། དེའང་མ་གཅིག་གི་ཞལ་ནས། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་ཅི་གནས་གཞག །ཉམས་ལེན་ཕུང་པོ་གཟན་དུ་སྐྱུར། །ཞེས་གསུངས་པས། བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་བཅའ། མིག་བར་སྣང་ལ་ཧར་རེ་གཏད་དེ་རང་གི་རྐང་མཐིལ་གཉིས་སུ་ངོ་བོ་རིག་པ་བྱང་ཆུབ་ཀྱི་སེམས་རྣམ་པ་ཐིག་ལེ་དཀར་པོ་བྱ་མ་གསར་གྱི་སྒོ་ང་ཙམ་པ་གསལ་ཞིང་འཚེར་བ་ཞིག་བསམ། དེ་གཉིས་ངར་གདོང་གི་དཀྱིལ་རྐང་པའི་ཁོང་ནས་ཡར་བྱུང་སྟེ་པུས་མོ་གཉིས་སུ་སླེབ། དེ་ནས་བརླ་གཉིས་ནས་ཡར་ཧྲི་ལི་ལི་སོང་བ་སུམ་མདོར་གཅིག་ཏུ་འདྲིལ་བ་དེ་ཕཊ྄ཿཅེས་ལྟེ་བ། ཕཊ྄ཿཅེས་སྙིང་ག །ཕཊ྄ཿཅེས་མགྲིན་པ། ཕཊ྄ཿཅེས་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་རྒྱང་གིས་ཐོན། ཕཊ྄ཿཅེས་པས་ཐིག་ལེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་དབྱིངས་རིག་བསྲེས་པའི་ངང་ལ་གཞག །དེའང་ནམ་མཁས་གར་ཁྱབ་རིག་པས་ཁྱབ་པས་ཡངས་ཆ་ལེ་བ་ལ་ངོས་གཟུང་མེད་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་རྗེས་མེད་སང་ངེ་སྐྱུར་ཏེ་ཅི་གནས་མཉམ་པར་གཞག །དེ་ལ་མི་གནས་ན་ཕུང་པོ་གཟན་སྐྱུར་བྱ་སྟེ། དེ་ལ་ཐོག་མར་དཀར་འགྱེད་ནི། རང་གི་ལུས་འདི་གཞོན་ཞིང་དར་ལ་བབས་པ་མཛེས་ཤིང་ཡིད་དུ་འོང་བར་བསྐྱེད་ལ། ཕཊ྄ཿ ཅེས་པས་རང་གི་སྙིང་ག་ནས་རང་སེམས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་གུག་དང་ཐོད་པ་བསྣམས་པ་ཞབས་གཡོན་བརྐྱང་བའི་གར་སྟབས་གཅེར་བུ་སྐྲ་གྲོལ་བ། མཛེས་ཤིང་ཡིད་དུ་འོང་བ་ཞིག་རྒྱང་གིས་ཐོན་ཏེ་མདུན་གྱི་ནམ་མཁའ་ལ་བྱོན་ནས། ཕཊ྄ཿ ཅེས་པས་ཕྱག་གཡས་ཀྱི་གྲི་གུག་གིས་རང་ལུས་སེམས་མེད་དེའི་ཐོད་པ་སྨིན་མཚམས་ནས་ཧག་གིས་བྲེགས་ཏེ། མདུན་དུ་མི་མགོའི་སྒྱེད་པུ་རི་བོ་ཙམ་པ་གསུམ་རང་བྱུང་དུ་བྱུང་བའི་སྟེང་དུ་ཀ་པཱ་ལ་བཞག་པ་ནམ་མཁའ་དང་མཉམ་པར་གྱུར། རང་ལུས་ལྷག་མ་རྣམས་ཕྱག་གི་གྲི་གུག་གིས་བཤས་ཏེ་དུམ་བུར་བཏང་བ་ཐོད་པའི་ནང་དུ་བླུགས་པས། ཕཊ྄ཿཤའི་རི་བོ་ཆེན་པོ། ཕཊ྄ཿཁྲག་གི་རྒྱ་མཚོ་ཆེན་པོ། ཕཊ྄ཿརུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བའི་ཕུང་པོར་གྱུར། རྡོ་རྗེ་རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པ་སྦྱངས་ཏེ་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་བས་ཟག་མེད་ཀྱི་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་འཕྲོ་བར་བསམ་ཞིང་། འཁོར་འདས་ཀྱིས་བསྡུས་པའི་ཡར་མགྲོན་དང་མར་མགྲོན་ཐམས་ཅད་སྤྲིན་འཐིབས་པ་བཞིན་དུ་བྱོན་ནས་ས་གཞི་ནམ་མཁའ་བར་སྣང་ཐམས་ཅད་ཁེངས་པར་གྱུར་པ་ལ། རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོས་ཏེ་ཐོད་པས་བདུད་རྩི་བཅུས་ནས་དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ། མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ་ཕུལ་བས་མཉེས་ཤིང་ཚིམས་ནས་འགལ་རྐྱེན་ལམ་དུ་ལོངས་ཤིང་གཅོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ་པར་བསམ། སྙིང་རྗེ་དང་བུ་ལོན་ལན་ཆགས་ཀྱི་མགྲོན་རྣམས་ལ་ཐོད་པས་བདུད་རྩི་བཅུས་ནས་ཆིལ་ཆིལ་སྟོར་བས་སོ་སོའི་ནད་དང་སྡུག་བསྔལ་ཞི། བཀྲག་དང་གཟི་མདངས་རྒྱས། ཅི་འདོད་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ལ། ངག་ཏུ། ཕ་དྲིན་ཅན་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དང་། ཕ་རྒྱུད་དཔའ་བོའི་ལྷ་ཚོགས། མ་རྒྱུད་དཔའ་མོའི་ལྷ་ཚོགས། སྲས་རྒྱུད་ཉམས་མྱོང་གི་ལྷ་ཚོགས་ཏེ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བཀའ་བརྒྱུད། སྒྲུབ་བརྒྱུད། དབང་བསྐུར། ཞལ་མཇལ། གསུང་ཐོས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད། དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །མཉེས་ཤིང་ཚིམས་པར་གྱུར་ཅིག །དཔལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བཅུ། རྒྱལ་པོ་ཆེན་པོ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ལ་སོགས་པ་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གནས་པོ་ཆེན་པོ་འདིས་ཐོག་དྲངས་གཞི་བདག་གི་མགྲོན་དུ་གྱུར་པ་དང་། དུས་གསུམ་གྱི་ཕ་མ། ཁམས་གསུམ་གྱི་སེམས་ཅན་རིགས་དྲུག་ནམ་མཁའ་དང་མཉམ་པ་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་གྱི་གླུད་དུ་རེ་བ། བུ་ལོན་མ་འཁོར་བ། ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་ཆགས་ཤ་མཁོན་ཐམས་ཅད་བྱང་བར་གྱུར་ཅིག །བདག་གི་ཤ་ཁྲག་ལས་གྲུབ་པའི་བདུད་རྩི་ཆེན་པོ་འདི་དག་མཐོང་བ་ཐོས་པ་འཐུངས་པ་ལོངས་སྤྱད་པ་ཙམ་གྱིས་བླ་མ་དང་འཕགས་པ་རྣམས་མཉེས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྱང་། ཚོགས་གཉིས་རྫོགས་པར་བསམ། དེ་ལྟར་ལན་བརྒྱའམ་ཉེར་གཅིག་སོགས་གང་ལྕོགས་བསྔོ། ལྷག་མ་ཤལ་ཤོལ་རྣམས་ཁས་ཉེན་པ། དབང་ཆུང་བ། གློ་བུར་དུ་ལྷགས་པ་རྣམས་ལ་བྱིན་ནས། ཕཊ྄ཿཅེས་སྦྱིན་པའི་ཡུལ། ཕཊ྄ཿཅེས་སྦྱིན་པའི་དངོས་པོ། ཕཊ྄ཿཅེས་སྦྱིན་ཡུལ་མི་དམིགས་ཤིང་། ཡང་ཕཊ྄ཿཅེས་པས་སེམས་ཉིད་ཀྱི་ངོ་བོ་རྣལ་འབྱོར་མའང་ནམ་མཁའ་ལ་འཇའ་ཡལ་བ་ལྟ་བུར་གྱུར་ནས་དབྱིངས་རིག་བསྲེས་པའི་ངང་ལ་ཅི་གནས་གཞག །དེ་ལས་གཟུང་འཛིན་གྱི་རྟོག་པ་ཐོལ་གྱིས་སྐྱེས་ན། ཕཊ྄ཿཅེས་པས་འཐོར་བ་སྡུད། བྱིང་བ་སངས། ཐམས་ཅད་སེམས་སུ་ཤེས་པས་སེམས་གང་ཤར་གྱི་ངོ་བོ་དེ་ཀ་ལ་ཆེར་གྱིས་བལྟས་ལ། རིག་པ་རྟེན་མེད་ལས་མེད་གཏད་མེད་ཀྱི་ངང་ལ་སྐྱུར་ཏེ་གཞག་གོ །དེ་ནས་དམར་འགྱེད་ནི། རང་ལུས་མཛེས་ཤིང་ཡིད་དུ་འོང་བར་བསྐྱེད་ལ་རང་སེམས་རྣལ་འབྱོར་མའི་རྣམ་པར་སྔར་བཞིན་བཏོན་ནས། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཚོ་བཅུད་སྣུམ་བག་དང་ལྡན་པ་ཞིག་ཏུ་གྱུར་པ། རང་སེམས་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་པགས་པ་ཧག་གིས་བཤུས་པ་དམར་ཆམ་གྱིས་བཏིང་ཞིང་། ཉྭ་བཞི་ཐང་གིས་བརྒྱངས། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། ནང་རོལ་བཏོན་ནས་སྤུངས་ཏེ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། རྐང་དང་ལྷ་ང་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་བསམ་ལ། སྐད་ཆེན་པོས་ངག་ཏུ། འེ་འེ། གཙོ་བོ་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། གཟའ་གདོན་རྒྱུ་སྐར། ཀླུ་གདོན་ས་བདག །བཙན་གདོན་གཤིན་རྗེ། འགོང་པོ། ཐེའུ་བྲང་། གྲི་ཕོ་གྲི་མོ། མཐོ་བ་སྲིད་པའི་རྩེ་མོ་མན་ཆད། དམའ་བ་ན་རག་དམྱལ་ཁམས་ཡན་ཆད། མཐོ་བ་ནམ་མཁའི་ལྷ་ཚོགས་མན་ཆད། དམའ་བ་ས་འོག་ལྟོ་འཕྱེ་ཡན་ཆད། མཐོ་བ་པེ་ཧར་རྒྱལ་པོ་མན་ཆད། དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད་ཀྱི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །འེ་འེ། ཁྱད་པར་དུ་གཉན་ཁྲོད་འདི་ན་གནས་པའི་དཀར་པོ་ལྷའི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི་སྡེ་ཚན། ཁྲ་བོ་གཟའི་སྡེ་ཚན། འཕན་པོ་གཉན་གྱི་སྡེ་ཚན། ཕྱུག་པོ་ཀླུའི་སྡེ་ཚན། རཀྴ་སྲིན་པོའི་སྡེ་ཚན། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པ་ཐམས་ཅད་འདིར་འདུས་ཤིག །ཁྱད་པར་དུའང་བདག་མིང་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མར་ནད་ལ་མི་ཕན་པར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། གྲི་ཕོ་གྲི་མོ་སོགས་སྔ་འདྲེ་རྙིང་པ། ད་འདྲེ་སོ་མ། ཡུལ་འདྲེ་འཁྱམ་པོ། ཟ་འདྲེ་ཤི་གཤེད། ཁའི་དབུགས་འཕྲོག་པ། ཁོང་པའི་སྲོག་གཅོད་པར་འདོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས་ལྷ་འདྲེ་ཐམས་ཅད་སྐད་ཅིག་ལ་འུབ་ཀྱིས་འདུས་ཏེ། ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་བསམ་ལ། དེ་རྣམས་ལ་ལུས་སྟོན་མོར་བཀྱེ་བ་ནི། འོ་འོ། བདག་གི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད། དབང་པོ་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར། སོ་དང་སེན་མོ། སྐྲ་དང་བ་སྤུ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁོང་ཁྲག །ཚེ་དང་སྲོག །མདངས་དང་བཀྲག །ཁམས་སུམ་ཅུ་སོ་གཉིས་ལ་སོགས་པ་ཐམས་ཅད་ཁྱེད་རྣམས་ལ་སྟེར་བ་ཡིན་པས། ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །འདི་སྤྱིར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཅན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ལ་གཟན་དུ་སྟེར། ཆེད་དུ་བསྔོ་བ་ཡིན་པས་ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཤིག །འདི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་པ་ཡིན་པས་ཟོས་པ་ཙམ་གྱིས་ཁྱེད་རྣམས་ཁམས་གསུམ་འཁོར་བ་ལས་ཐར་ནས་རིགས་དྲུག་གི་སྡུག་བསྔལ་དང་བྲལ་ཞིང་། མྱུར་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། སེམས་ཅན་མ་སྒྲོལ་བ་རྣམས་སྒྲོལ་བ་ཡིན། མ་གྲོལ་བ་རྣམས་གྲོལ་བ་ཡིན། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡིན་པས། ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །ཞེས་བརྗོད་པས་མགྲོན་རྣམས་སོ་སོའི་བསམ་པ་དང་མཐུན་པར་ཤ་ཁྲག་རུས་པ་ནང་རོལ་ཡན་ལག་སོགས་ཧབ་དིར་གྱིས་ཟོས་འཐུངས་ཁྱེར་པས་གནས་སྐབས་སུ་ཚིམས་ཤིང་དགའ་མགུ་ཡི་རང་། མཐར་ཐུག་ཉོན་མོངས་པ་ཞི་བར་བསམ། དེ་ལྟར་ལན་བརྒྱའམ་ཉེར་གཅིག་སོགས་ཀྱིས་བསྔོས་ལ། ལྷག་མ་ཁས་ཞན་དབང་ཆུང་བ་གློ་བུར་དུ་ལྷགས་པ་རྣམས་ལ་སྦྱིན་ནས། ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་གཞག །དེ་ལྟར་དཀར་འགྱེད་དམར་འགྱེད་ཀྱི་དམིགས་པ་འདི་གཉིས་གཟན་སྐྱུར་གྱི་དམིགས་པའི་གཙོ་བོ་ཡིན། གཞན་དུ་དཀར་འགྱེད་ལས་འཕྲོས་པ་ལུས་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་དུ་བསམས་ནས་བསྔོ་བ་སོགས་ལ་སྤྱིར་གཟན་དུ་སྐྱུར་བ་ཟེར། བྱེ་བྲག་ཏུ་གཟན་དུ་སྐྱུར་བ་ནི། རང་ལུས་ཀྱི་བྱེ་བྲག་གང་ན་ས་དེ་ལག་གཡས་ཀྱི་རལ་གྲིས་ཧག་གིས་བཀོག་ནས་གནོད་བྱེད་ཀྱི་གཙོ་བྱས་པའི་གདོན་རྣམས་ལ་སྦྱིན་པས་ཧབ་དིར་གྱིས་ཟོས་པར་བསམ་ལ་ངག་ཏུ། འཁོར་བ་ཐོག་མ་མེད་པ་ནས་བདག་ལུས་ངག་ཡིད་གསུམ་ལ་བདག་ཏུ་བཟུང་། གཅེས་འཛིན་བྱས་པས་གནས་སྐབས་སུ་འདྲེ་དང་གདོན་བགེགས་ཀྱིས་གནོད། ན་ཚ་དང་སྡུག་བསྔལ་བྱུང་། མཐར་ཐུག་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་དེ་བདག་འཛིན་གྱིས་ལན་པ་ཡིན་པས། ད་ངའི་ལུས་མཛེས་ཤིང་གཙང་ལ་ཡིད་དུ་འོང་བ་གཅེས་ཤིང་ཕངས་པ་དགོས་ཤིང་མཁོ་བ་འདི། སྤྱིར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ཀྱི་གཟན་དུ་གཏོང་བས། རིངས་ན་དྲོན་མོར་ཟོ། མི་རིངས་ན་ཚོས་ལ་ཟོ། ཞེན་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་དོ། །སུ་འདོད་པ་ཁྱེར་ཅིག །ཅེས་བློས་ལིང་གིས་བཏང་སྟེ་སྦྱིན། ཕཊ྄ཿཅེས་དབྱིངས་རིག་བསྲེ། ཐོད་རྒལ་དུ་གཟན་དུ་སྐྱུར་བ་ནི། གནོད་བྱེད་ཀྱི་གཙོ་བྱས་ཐམས་ཅད་སློང་མོ་བའི་ཚུལ་དུ་འདུས་པ་ལ། རང་ལུས་རིལ་པོ་ལྟོས་མེད་དུ་བྱིན་པས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ལྷག་མེད་དུ་ཟོས་པར་བསམ་ཞིང་དབྱིངས་རིག་བསྲེ། སྔར་གྱི་དམར་འགྱེད་ཀྱང་ཐོད་རྒལ་དུ་སྐྱུར་བའི་རིགས་སུ་འདུ་བ་ཡིན། མདོར་ན་འཇིགས་སྐྲག་དང་ཉམ་ང་བ་སོགས་ཅི་བྱུང་ཡང་། ད་ནི་ལུས་འདི་ཁྱེད་རྣམས་ལ་སྦྱིན་ཚར་བས་ཆགས་ཞེན་བྱ་རྒྱུ་རྡུལ་ཙམ་ཡང་མེད། ང་ལ་དབང་བ་ནི་སྤུ་ཉག་གཅིག་ཙམ་ཡང་མེད། ངའི་ནི་མིན། ལྷ་འདྲེ་ཁྱེད་རང་རྣམས་དབང་བ་ཡིན་པས་ཅི་དགའ་གྱིས་བྱས་ལ་བློས་ལིང་གིས་བཏང་། རྗེས་ལ་བདག་དང་ལྷ་འདྲེ་དང་གཅོད་གང་ཡང་ཡིད་ལ་མི་བྱ་བར་ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སྟོང་ཉིད་ཀྱི་ངང་ལ་སྐྱུར་ཏེ་བཞག་གོ། །གང་ལྟར་ཡང་མཐར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་ལ། སེམས་ཅན་སྡུག་བསྔལ་བདག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བསྔོ་བ་བྱའོ། །གསུམ་པ་མཇུག་ཚར་ཚད་མཐའ་གཏད་དང་བཅས་པ་ལ་གསུམ་སྟེ། ཚར་ཆོད་པའི་ཚད། མཐའ་གཏད་ཀྱི་དམིགས་པ། བོགས་དབྱུང་བའི་མན་ངག་གོ །དང་པོ་ལའང་། དུས་ཀྱི། རྟགས་ཀྱི། མཐར་ཐུག་གི་ཚར་ཚད་དང་གསུམ། དང་པོ་ནི། ཞག་གསུམ་མམ་བདུན་ནམ་བཅུ་ཚུན་ལ་བར་མ་ཆད་དུ་བྱས་ན་ཡོང་བར་བཤད་ཅིང་། རྣལ་འབྱོར་པ་རབ་ལ་ལྷོང་གཅོད་ཚར་གསུམ་ཞག་གཅིག་ལ་འོང་བའང་ཡོད་གསུངས། གཉིས་པ་རྟགས་ཀྱི་ཚར་ཚད་ནི། དངོས་ཉམས་རྨི་ལམ་གང་རུང་དུ་ཁྲོམ་མང་པོས་རང་ལ་བསྙེན་བཀུར་བྱེད་པ་སོགས་ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད། རང་ཉིད་དཔོན་དུ་གྱུར་ནས་ཁྲིམས་བསྒྱུར་བ་སོགས་ཟིལ་གྱིས་གནོན་པའི་ཚར་ཚད། རང་གི་ལས་གང་བཅོལ་བྱེད་པ་སོགས་བྲན་དུ་འཁོལ་བའི་ཚར་ཚད། ཐོག་མར་ཆོ་འཕྲུལ་མང་པོ་བྱུང་རྗེས་མཐར་རང་སར་ཉལ་གྱིས་ཞི་ནས་བློ་བདེ་འབོལ་ལེ། ཉམས་དགའ་ཡལ་ལེ། བག་དྲོ་འུ་རེ། རིག་པ་དྭངས་སལ་ལེ། ཉོན་མོངས་པའི་རྟོག་པ་ཉལ་གྱིས་འགག །བདག་དང་ལྷ་འདྲེ་ཆོ་འཕྲུལ་གསུམ་དུ་མ་རོ་གཅིག་ཏུ་རྟོགས། སྒོ་གསུམ་དགེ་སྦྱོར་ལ་བསྐུལ་བར་སྤྲོ་བ་རྣམས་ནི་ལམ་དུ་ལོངས་པའི་ཚར་ཚད་དེ། དེའང་ཚར་ཚད་བྱུང་མ་བྱུང་ལ་དགའ་མི་དགའི་འདོད་ཞེན་དང་རེ་དོགས་གང་ཡང་མི་བྱ་བར་ཐམས་ཅད་མཉམ་ཉིད་དུ་སྐྱེལ་བ་གནད་དོ། །གསུམ་པ་མཐར་ཐུག་མཆོག་གི་ཚར་ཚད་ནི། རང་ཉིད་ཁྲུས་བྱེད་པ་རྨི་བ་སོགས་སྤྱིར་སྡིག་སྒྲིབ་དག་པའི་རྟགས་དང་། བྱེ་བྲག་ཏུ་ནམ་མཁའ་གཡའ་དག་པ་རྨི་བ་སོགས་བཟང་རྟགས་མང་པོ་འབྱུང་ཞིང་། ཁྱད་པར་དུ་རང་རྒྱུད་ལ་སྔར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་དང་། སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་མཐའ་ཡས་པ་དང་། གཞན་ཡང་ལུས་ཉམས་དང་ངག་ཉམས་དང་མངོན་ཤེས་དང་རྫུ་འཕྲུལ་སོགས་ཡོན་ཏན་དཔག་མེད་འཆར། ཕྲིན་ལས་བཞི་ཐོགས་པ་མེད་པར་སྒྲུབ་ནུས་པ་སོགས་འབྱུང་བར་འགྱུར་ཞིང་། དེ་ལྟར་མཆོག་དང་ཐུན་མོང་གི་ཚར་ཚད་ཅི་བྱུང་ཡང་རློམ་སེམས་དགའ་བྲོད་མི་བྱ་བར་ཡུམ་དོན་གྱི་ངང་ལ་མཉམ་པར་གཞག་པར་བྱའོ། །གཉིས་པ་མཐའ་གཏད་ཀྱི་དམིགས་པ་ནི། གཉན་ཁྲོད་དུ་སྔར་གྱི་ཉམས་ལེན་རྣམས་ལ་འབད་པར་བྱས་ཀྱང་ཚར་ཚད་མི་འབྱུང་ཞིང་ཆོ་འཕྲུལ་དང་ལྷོང་ཤིན་ཏུ་ཆེ་བ་བྱུང་ན་མཐའ་གཏད་བྱ་བ་ལ་གསུམ་ལས། དང་པོ་ཕྱི་ལྷ་འདྲེ་མཐའ་ལ་གཏད་པ་ནི། སྔར་ནས་གནོད་པའི་ལྷ་འདྲེ་ལ་གཅོད་བྱས་ནས་མ་ཆོད་པའམ། ཅིས་ཀྱང་མ་ལྷོང་པ་སོགས་ལ་བྱ་སྟེ། གཉན་ཐོག་ཏུ་གཉན་དབབ་པ་བྱ་བ་ཤིན་ཏུ་གཉན་པའི་ས་ཆོ་འཕྲུལ་དང་གདུག་རྩུབ་ཆེ་བར་གང་གཅད་པར་དཀའ་བའི་ས་དེར་ཕྱིན་ཏེ་བསྡད་པས། ལྷ་འདྲེས་མ་བཟོད་པར་ཟིང་གིས་ལངས་འོང་། དེ་དུས་ཉམས་ལེན་གྱི་གདིངས་ཚན་བསྐྱེད། རྟོགས་པའི་ལྟག་ཚན་བསྐྱེད། སྙིང་རུས་ཀྱི་སྡེ་ཚན་བསྐྱེད་ནས་བསྡད་པས་གླགས་མ་རྙེད་པར་ཁོ་རང་བྲེད་དེ་བྲོས་འགྲོའོ། །གཉིས་པ་བར་ཕུང་པོ་མཐའ་ལ་གཏད་པ་ནི། ཆོ་འཕྲུལ་ཆེ་ས་གཅད་པར་དཀའ་བ་དེར་ཕྱིན་ནས་རང་ཉིད་ཀྱི་སྐེ་ལ་ཐག་པ་བཏགས་པའི་སྣེ་མོ་གང་གནས་ཀྱི་རྟེན་ལ་གཏད་དེ་བཞག་གོ །གསུམ་པ་ནང་བདག་འཛིན་མཁའ་ལ་གཏད་པ་ནི། འདི་ལྟར་བསམ་སྟེ་ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཇི་ཚུགས་བྱས་ཀྱང་འཆི་བ་ལས་མ་འདས། ས་སྟེང་འདིར་རྟག་ཏུ་ནི་མི་སྡོད། ཚེ་ཐར་དུ་ལུས་པ་ནི་སུ་ལའང་མེད་པས་ནམ་ཡང་གཏང་བ་མཉམ་པོ་ལ། དུས་ད་ལྟ་ལྷ་འདྲེ་རྣམས་འདོད་ཅིང་རང་ལ་སྦྱིན་དབང་ཡོད་དུས་འདིར་ཅིས་མི་གཏོང་། སྤྱིར་འགྲོ་དྲུག་ཡོངས་དང་སྒོས་དྲིན་ཅན་ཕ་མ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་གཏོང་། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ཀྱི་དོན་དུ་གཏོང་བས། མཐོ་བ་སྲིད་པའི་རྩེ་མོ་ནས་དམའ་བ་དམྱལ་ཁམས་ཡན་ཆད་ཀྱི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །བདག་ཆེ་གེ་མོའི་བཞི་བསྡུས་ཀྱི་ཕུང་པོ་འདི་ཁྱེད་ཚོ་གང་འདོད་ལ་གང་འདོད་དུ་སྟེར་བས། གསོལ་ཅིག །ཁྱེར་ཅིག །མཉེས་པར་དགོངས་ཤིག །སྟེར་མ་ནུས་ན་ང་ངན་། ཟ་མ་ནུས་ན་ཁྱེད་ངན་ནོ། །རབ་ལྷ་འདྲེ་ཁྱེད་རྣམས་ཀྱིས་ང་དམྱལ་བར་སྐྱུར་ཅིག །འབྲིང་དོ་ནུབ་ཟོ་ལ་ནངས་པར་ང་ལ་ལྡོག་རྒྱུ་མེད་པར་ཐོངས་ཤིག །ཐ་ནའང་ནད་སྣ་དགུ་ཐོངས། ཤི་ཡང་མ་ཤི། གསོན་ཡང་མ་གསོན་པ་ཞིག་གྱིས་ཤིག །ཅེས་བརྗོད་ཅིང་བསམ། ཕཊ྄ཿཅེས་རིག་པ་སྟོང་གསལ་འཛིན་མེད་ཀྱི་ངང་ལ་འཇོག །དེ་ལྟར་ཞེ་ནས་རྒྱུད་ལ་སྐྱེས་ན་ནད་གདོན་བར་གཅོད་གང་གིས་ཀྱང་མི་ཚུགས། ལྷ་འདྲེའི་རིགས་ཚན་གཅིག་མ་བཟོད་ནས་བཏུད་དུ་འོང་། ཡང་ན་ཆོ་འཕྲུལ་སྟོན་དུ་འོང་སྟེ་ཅི་བྱུང་ནའང་ཉམ་ང་བག་ཚ་མེད་པའི་ངང་དུ་འབོལ་ལེ་ཤིག་གེ་ཡུམ་དོན་ལ་ཞོག་དང་། གནོད་པ་བྱེད་མཁན་མི་ཡོང་གིས། ལར་ཆོ་འཕྲུལ་དང་བར་གཅོད་ཅི་བྱུང་ཡང་བསྲུང་དུ་གསོལ་བརྒྱ་ལས་ཟོ་ཞིག་ཟེར་བ་གཅིག་དགའ། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ལྷ་འདྲེ་སྟོང་ཟ་རུ་འཇུག་པ་དགའ། བསྲུང་བ་བརྒྱ་འདོགས་པ་ལས་ན་དགའ་ཤི་སྐྱིད་གཅིག་དགའ་བ་ཡིན་གསུང་ངོ་། །གསུམ་པ་བོགས་དབྱུང་བའི་མན་ངག་ནི། དེ་ལྟར་ཉམས་སུ་བླངས་ཀྱང་ཡོན་ཏན་མ་སྐྱེས་ན། ཡར་བླ་མ་ལ་གསོལ་བ་བཏབ་སྟེ་བོགས་དབྱུང་། མར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམས་ཏེ་བོགས་དབྱུང་། བར་དུ་འགལ་རྐྱེན་ཅི་བྱུང་ཡང་ཐོག་རྫིས་བྱས་ལ་བོགས་དབྱུང་བར་བྱ་སྟེ། ཁ་འཐོར་ལས། གང་ལ་གཅད་པར་དཀའ་བ་ལ། །ཉམ་ང་མེད་པར་ཐོག་རྫིས་གྱིས། །ཉམས་མྱོང་རྟོགས་པའི་བོགས་ཐོན་ནས། །རྩལ་དང་ཡོན་ཏན་རྫོགས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་དུར་ཁྲོད་དང་གཉན་ཁྲོད་དུ་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པར་བྱས་པས་དང་པོར་ལྷོང་ཚད། བར་དུ་ཉམས་ལེན། ཐ་མར་ཚར་ཚད་རྣམས་ཡིད་ཆེས་ཐག་ཆོད་པ་བྱུང་བ་དང་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ༈ །ད་ནི་གཅོད་ཀྱི་ལག་ལེན་ལ་ཉེ་བར་མཁོ་བའི་གནད་ཀྱི་སྒོ་ཅུང་ཟད་བསྟན་པར་བྱ་སྟེ། ཐོག་མར་སྔོན་འགྲོ་སྐབས་སུ་སྐྱབས་ཡུལ། ཚོགས་ཞིང་བླ་མའི་རྣལ་འབྱོར་གྱི་རྟེན་རྣམས་དམིགས་པ་རྒྱས་པ་གསལ་མི་ཐེབས་པའི་རིགས་ལ། པད་ཉི་ཟླ་བའི་གདན་སྟེང་དུ་བླ་མ་དང་མ་གཅིག་ལབ་ཀྱི་སྒྲོན་མ་དབྱེར་མེད་དུ་བསྒོམས་ལ་སྐྱབས་གནས་ཀུན་འདུས་སུ་བློ་ཐག་གཅོད། སྔོན་འགྲོའི་རྐང་གྲངས་ཀྱང་བསྡུས་པ་ལ་དགའ་ན་སྐྱབས་སེམས་མཎྜལ་གསོལ་འདེབས་ཙམ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་། དངོས་གཞི་ཉམས་རྟོགས་སྐྱེ་བའི་སྒོ་ཡིན་པས་རྒྱས་བསྡུས་གང་ལྟར་ཉམས་སུ་ལེན་ཡང་མྱོང་བ་ཐོན་ཙམ་རེ་བསླབ་དགོས་སོ། །དངོས་གཞིའི་སྐབས་སུ་མཉམ་གཞག་གི་རྣལ་འབྱོར་ཡུམ་དོན་ལ་མཉམ་པར་འཇོག་པ་འདི་དམིགས་པའི་མཐིལ་ཡིན། དེའི་རྗེས་ཐོབ་ཀྱི་རྣལ་འབྱོར་གང་ཤར་རྟོག་པའི་བདུད་དབྱིངས་སུ་གཅོད་པ་དེ་ཡིན་ཞིང་། འདི་ཐུན་མཚམས་ཀུན་ཏུ་སེམས་དྲན་འཛིན་དང་མ་བྲལ་བར་བྱས་ཏེ་ཉམས་སུ་ལེན་པ་ཡིན་མོད། ཐོག་མའི་དུས་སུ་མཉམ་གཞག་དང་སྦྲེལ་ནས་འཇུར་སྒོམ་དང་། རྣམ་རྟོག་དེའི་གཉེན་པོར་ཡང་དམིགས་པ་ཐུན་ཆུང་ལ་གྲང་མང་བ་བཏུད་མར་ལམ་དུ་ཁྱེར་བ་བྱ། དེ་ལྟར་དངོས་གཞིའི་དམིགས་པ་གཉིས་པོ་འདི་ཉམས་ལེན་གྱི་འགག་ཡིན་པས་ཉམས་ལེན་གྱི་རྐང་ཚུགས་པ་ལ་འབད། རྗེས་བོགས་འདོན་གཉན་ཁྲོད་འགྲིམ་པའི་སྐབས་སུ་ཐོག་མར་ཡུམ་དོན་སྒོམ་པ་དང་བདུད་བཞི་གཅོད་པའི་དམིགས་པ་གཉིས་པོ་དེའི་ཐུན་མཚམས་སུ་ལན་རེ་ཙམ་དང་། དེ་གཉིས་ལ་ཉམས་མྱོང་སྐྱེས་མཚམས་ནས་རང་གི་ཁྱིམ་དུ་ཐུན་བཞིར་ཟིལ་གནོན་གྱི་དམིགས་པའི་ནང་ནས་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམ་པ་གཅིག་པོ་ལ་བསྒྲིལ། ཐུན་འཇོག་ཁར་དཀར་འགྱེད་ཚར་རེ་བྱས་ལ་དབྱིངས་རིག་བསྲེ། དེ་ནས་དམིགས་པ་ཅུང་ཟད་འབྱོངས་པ་ན། རང་ཉིད་གང་དུ་འགྲོ་བའི་གཉན་ཁྲོད་དེར་འདུན་པ་གཏད་ལ་ཟིལ་གནོན་གྱི་དམིགས་པ་དང་། ཞི་གཅོད་དྲག་གཅོད་སྐབས་དང་བསྟུན་པའི་གཟན་སྐྱུར་གྱི་དམིགས་པ་དཀར་འགྱེད་དང་དམར་འགྱེད་གང་རིགས་ཡང་ཡང་སྒོམ་པ་ཞག་གཉིས་གསུམ་ཙམ་བྱས་རྗེས་གཉན་ཁྲོད་ལ་དངོས་སུ་འགྲོ་བ་ཡིན། དེ་ཡང་ལམ་དུ་འཇུག་ཁར་སྐྱབས་སེམས་དང་གསོལ་འདེབས་སྔོན་དུ་འགྲོ་བས་སྔ་ནོན་གྱི་ཟིལ་གནོན་དམིགས་པ་སྙིང་ཚིམས་པ་གཅིག་བཏང་ལ་དམིགས་པའི་སྟངས་མ་ཤོར་བར་རྣལ་འབྱོར་པའི་ལྡིང་འགྲོས་ལྟ་བུས་ཐོལ་གྱིས་འགྲོ། དེར་སླེབ་མ་ཐག་ཟིལ་གནོན་གྱི་དམིགས་པ་གང་རུང་ཞིག་སྒོམ་ཞིང་། རང་ཁྲོས་མ་ནག་མོར་སྒོམ་ལ་དབང་སྡུད་ཀྱི་དམིགས་པ་དང་བཅས་སྟན་ཞིང་ལྤགས་སུ་མོས་པས་ཕྱོགས་བཞིར་གཡོབ་ཅིང་། ས་གནད་ཆེ་བ་ཞིག་ཏུ་འདིང་། གལ་ཏེ་ལྕོག་པུ་ཕུབ་ཡོད་ན་གུར་མཁའ་འགྲོ་མའི་གཞལ་ཡས་ཁང་དུ་བསྐྱེད། སྟན་ལ་ལུས་གནད་དང་བཅས་པས་འདུག་ཏེ་སྐྱབས་སེམས་གསོལ་འདེབས་སྔོན་དུ་འགྲོ་བས་ཟིལ་གནོན་གྱི་དམིགས་པ་ཁོ་ན་ལ་ཐུན་བཞིར་འབད། ཐུན་བཞི་ནི། ཐོར་ཐུན་སྐྱ་རེངས་དང་པོའི་དུས་དང་། སྔ་ཐུན་རི་མགོར་ཉི་མ་ཤར་ཙམ་དང་། དགོང་ཐུན་གྲིབ་སོ་འབབ་པ་ཙམ་དང་། སྲོད་ཐུན་སྲོད་གདོང་ནག་གི་དུས་སོ། །དེ་ལྟར་འབད་པས་ལྷོངས་རྟགས་བྱུང་བ་དང་ཉམས་མྱོང་གི་རྩལ་དང་སྦྱར་ཏེ་དཀར་འགྱེད་དམར་འགྱེད་དུ་གྲགས་པའི་གཟན་སྐྱུར་སོ་སོ་གང་རིགས་སམ། སྤེལ་མ་སྟེ་ཞི་དྲག་ཕྱེད་མ་གསུམ་པོ་སྐབས་དང་སྦྱར་ནས་ཉམས་སུ་བླང་ཞིང་། ཆོ་འཕྲུལ་དང་ཉམ་ང་ཇི་ལྟར་ཆེ་ནའང་དགེ་སྦྱོར་གྱི་སྟངས་མ་ཤོར་བ་གལ་ཆེ། དེ་ལྟར་ས་རྡེ་བཙུགས་པས་མཐར་གནས་བག་ཆགས་ཤིང་དགེ་སྦྱོར་ལ་བོགས་ཐོན་ན་ཚར་ཚད་ལྷོང་ཚད་ཀྱི་ཚད་གཉིས་འགྲིགས་པ་ཡིན་པས་གཏང་རག་ཏུ་དཀར་འགྱེད་མང་དུ་གཏོང་ཞིང་ཆོས་སྦྱིན་དང་སྨོན་ལམ་གདབ། དེ་ནས་གཉན་ཁྲོད་གཞན་དུ་འདེགས་ཀར་ཡང་སྔར་བཞིན་ཟིལ་གནོན་གྱི་དམིགས་པ་གཏོང་། སྡོད་ཤུལ་དུ་ཐོ་བརྩིགས་པ་ཐུགས་རྗེ་ཆེན་པོར་བསྐྱེད་ཅིང་། དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་གཉན་ཁྲོད་དེའི་གཞི་བདག་དང་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་སེམས་ཅན་ཐམས་ཅད་ཚིམས་པར་བསམ་ལ། སྔར་བཞིན་འགྲོ་ལུགས་རྣམ་བཞི་གང་རུང་གིས་འགྲོ་བ་སོགས་ཤེས་པར་བྱ། དེ་ཡང་གཉན་སར་རྐང་རྗེན་གྱིས་མི་འགྲོ་བ་དང། མཚན་མོ་མེ་མི་གཏོང་བ་དང་། བཤང་གཅི་ཕྱོགས་གཅིག་ཏུ་དོར་བ་དང་། གཉན་ས་གཅིག་ཏུ་ཡང་ཡང་མི་འགྲོ་བ། ཚར་ཚད་བྱུང་ནས་དེར་མི་སྡོད་པ། ཚར་ཚད་མ་བྱུང་བར་གཞན་དུ་མི་སྤོ་བ་སོགས་དམ་ཚིག་རྣམས་ཀྱང་ངེས་པར་བྱ། འོན་ཀྱང་ཉམས་ཁྲིད་ཞག་བདུན་མ་ལྟ་བུ་ལ་གཉན་ས་མི་གཅིག་པ་བདུན་དུ་འགྲོ་བའི་ཕྱག་ལེན་སྣང་བས་ཚར་ཚད་མ་བྱུང་བར་གནས་སྤོ་མི་རུང་བའང་མཐའ་གཅིག་ཏུ་མ་ངེས་པ་ཡིན། དེ་ཡང་ཐོག་མར་གཉན་ཁྲོད་བཀྲ་ཤིས་པ་གཞི་བདག་འཇམ་ཞིང་ཆོས་ལ་དཀར་བ་ཞིག་ཏུ་འགྲོ་ཞིང་གཟན་སྐྱུར་ཀྱང་དཀར་འགྱེད་ཤིས། དང་པོ་ནས་གཉན་ཁྲོད་རྩུབ་པ་དང་དམར་འགྱེད་སོགས་ལམ་དུ་ལོང་དཀའ་གསུང་ནའང་ཉམས་མྱོང་དང་བསྟུན་ནས་གནད་ཤེས་པར་བྱ་ཞིང་། སྤྱིར་དཀར་འགྱེད་ལ་ཞི་གཅོད། དམར་འགྱེད་ལ་དྲག་གཅོད། ཐུན་བཞི་པོ་སྔ་ཐུན་གཉིས་དང་ཕྱི་ཐུན་གཉིས་སུ་ཕྱེད་དེ་ཞི་དྲག་སྤེལ་མར་ཉམས་སུ་ལེན་པ་ལ་ཕྱེད་མ་ཞེས་གྲགས། དྲག་གཅོད་ཀྱི་དུས་སུ་རང་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསམ་ལ་ཆོས་ཐམས་ཅད་རང་སྣང་སྒྱུ་མ་ལྟར་ཤེས་པས། འཕྱོང་རྒྱུག་དང་དྲག་སྔགས་བཟླ་བ་སོགས་ལྷོང་སློང་བའི་སྤྲོས་བཅས་ཀྱི་སྤྱོད་པའང་ལྷོང་པ་ཤིན་ཏུ་འགོར་ན་བྱ་བར་གསུངས་པ་ལས་གཞན་དུ་བྱར་མི་རུང་། སྤྲོས་བཅས་ཀྱི་སྤྱོད་པ་འདི་ལ་ལྟོས་ནས་སྔར་གྱི་ཟིལ་གནོན་དང་གཟན་སྐྱུར་དབྱིངས་རིག་བསྲེ་བ་གསུམ་སྤེལ་མར་ཉམས་སུ་ལེན་པ་དེ་སྤྲོས་མེད། ཡུམ་དོན་སྤྲོས་བྲལ་ཁོ་ན་ལ་མཉམ་པར་འཇོག་པ་དེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པར་འགྱུར་ཞིང་། ཡང་དངོས་གཞི་ཡུམ་དོན་ལ་ངོ་སྤྲོད་ཐེམས་ནས། བོགས་འདོན་རྗེས་ཀྱི་ཁྲིད་ལ་ཉམས་ཁྲིད་ཞག་བདུན་མ་ཉམས་སུ་ལེན་པར་འདོད་ནའང་འཇམ་དབྱངས་མགོན་པོའི་ཁྲིད་ཡིག་བཞིན་སྦྱར་དུ་རུང་མོད། ཁོ་བོས་ནི་བྱ་རྒོད་མཁས་གྲུབ་ལས་ཞག་བདུན་མའི་དཔེ་ལུང་ཙམ་ཞིག་མ་གཏོགས་ཉམས་ཁྲིད་མ་ཐོབ་པས་བྲི་བར་མ་ནུས་ལ། ཁྲིད་ཚུལ་འདི་ནི་རྗེ་བླ་མ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས་དམིགས་པའི་ངོ་བོ་ཙམ་ཁྲིད་དུ་ནོད་ཅིང་གཉན་ཁྲོད་འགྲིམ་པ་སོགས་མ་གྲུབ་ཀྱང་། ཟབ་མོའི་གདམས་པ་འདི་ལ་ངེས་ཤེས་ཀྱི་དད་པ་ཅུང་ཟད་ཙམ་སྐྱེས་པ་དང་། ཉམས་མྱོང་གིས་རང་སེམས་ལ་སིམ་པ་ཐོབ་པ་མེད་ཀྱང་སྐྱུད་བྱང་མདོར་བསྡུས་པ་འདི་ཙམ་བླ་མ་དམ་པའི་ཕྱག་བཞེས་མི་ཉམས་པའི་ཕྱིར་སྤེལ་བ་ལ་འགལ་བ་མེད་དོ། །འདིར་སྨྲས་པ། འཆི་བ་སྙིང་ཟུག་བཅོས་མིན་ངེས་འབྱུང་གིས། །ཚེ་འདིའི་བདེ་སྐྱིད་གཏམ་ལ་མ་ཆགས་པར། །རང་སེམས་གཉུག་མའི་རང་ཞལ་རྗེན་གཅེར་རེ། །མཐོང་བའི་མེ་ལོང་འདི་འདྲ་བལྟ་བར་མཛོད། །སྣང་གྲགས་འགྱུ་བར་འཛིན་ཞེན་བདུད་ཀྱི་དཔུང་། །ཉམས་ལེན་ཞེན་མེད་མཚོན་ཆའི་འཕྲུལ་འཁོར་གྱིས། །བཅོམ་ནས་བྱར་མེད་བློ་བྲལ་ངང་བསྐྱངས་ཏེ། །རང་རིག་ཆོས་སྐུའི་རྒྱལ་ས་ཟིན་པར་མཛོད། །དེ་ལྟར་གཅོད་ཡུལ་མན་ངག་ཟབ་མོའི་དོན། །སྙིང་པོར་དྲིལ་བའི་དགེ་འདིས་འགྲོ་བ་ཀུན། །འགལ་རྐྱེན་ལམ་ལོངས་བདུད་བཞི་དབྱིངས་བཅོམ་ནས། །ཆོས་དབྱིངས་རྣམ་དག་ཡུམ་དོན་རྟོགས་པར་ཤོག །ཞེས་པ་འདིའང་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་མཆོག་གིས་སྐལ་ལྡན་འདུས་པའི་ཚོགས་ལ་ངེས་དོན་སྙིང་པོའི་ཆོས་འཁོར་རྒྱུན་མི་འཆད་དུ་བསྐོར་བའི་ཁྲིད་གཉེར་བ་དགེ་སློང་སྒྲུབ་ཆེན་བློ་ལྡན་ལྷུན་གྲུབ་དང་། ཆབ་མདོ་དགེ་སློང་སྤོང་བ་པ་ངག་དབང་བློ་བཟང་གཉིས་ཀྱིས་བསྐུལ་ངོར་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །དགེའོ། །མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).