Terdzo-AI-005-1

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 
























སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔

slob dpon chen po sprul sku pad+ma 'byung gnas kyi bka' 'bum bzhugs pa'i dbu'i phyogs:_chos 'di nyams su len pa'i snying gtam gyi chos yin pas:_thugs su len par mdzod legs s+ho:
Alternate Title: བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (bla ma dmar khrid kyi zhal gdams zhus lan skor)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (Bla ma dmar khrid kyi zhal gdams zhus lan skor)
Volume 60 (ཨི) / Pages 155-254 / Folios 1a1 to 50b6

[edit]

༄༅༅༔ སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔ ཨེ་མ་ཧོ༔ སློབ་དཔོན་པདྨ་འབྱུང་གནས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་ཀྱི་ས་གཞི་འདུལ་བའི་དོན་དུ་སྤྱན་དྲངས༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས་སུ་གསོལ་ནས་རབ་གནས་མཛད་པའི་དུས་སུ༔ སློབ་དཔོན་དབུ་རྩེ་གོང་མར་སྤྱན་དྲངས༔ དར་ཟབ་ཀྱི་ཁྲི་ལ་བཞུགས་སུ་གསོལ༔ ཟ་འོག་སྨུག་བེར་སྐུ་ལ་གསོལ༔ འབྲས་ཆང་དིང་བས་གསེར་སྐྱོགས་དངུལ་སྐྱོགས་སུ་བཀང་ནས་ཕྱག་གཡས་གཡོན་དུ་དྲངས༔ འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་དྲངས་ནས༔ གསེར་གྱི་མ་དྷལ་ཁྲུ་གང་བ་གཅིག་ལ་གཡུའི་མེ་ཏོག་རིན་པོ་ཆེ་སྣ་བདུན་གྱི་ཚུལ་དུ་བཀོད་ནས༔ རྗེའི་མགུལ་གཡུ་མེ་རུ་འོད་འབར་ཉི་མའི་ཚུལ་དུ་བྱས༔ ཀེ་རུ་ཀོང་ཆོག་ལ་ཟླ་བའི་ཚུལ་དུ་བྱས༔ རིན་ཆེན་གསེར་གྱི་མ་དྷལ་ལ་གླིང་བཞི་རི་རབ་ཀྱི་ཚུལ་དུ་བྱས་ནས་ཕུལ་ཏེ༔ སློབ་དཔོན་ལ་བསྟོད་པ༔ ཡབ་དང་ཡུམ་ལ་མ་བསྟེན་པདྨའི་ནང་ནས་སྤྲུལ་པའི་སྐུ་རུ་བྱོན༔ འགྲོ་བ་འདུལ་བའི་དོན་དུ་སྐྱེ་ཤི་རྒྱུན་བཅད་རྡོ་རྗེའི་སྐུ་རུ་བཞུགས༔ དགོངས་པ་ཕྱོགས་མེད་ཀློང་ནས་སྐལ་ལྡན་རྣམས་ལ་སངས་རྒྱས་དགོངས་པ་སྟོན༔ སྣ་ཚོགས་ཐབས་ཀྱིས་འདུལ་མཁས་དྲེགས་པའི་ལྷ་སྲིན་དམ་ལ་འདོགས༔ སྐུ་གསུམ་ཕྲིན་ལས་རྫོགས་པས་སངས་རྒྱས་ཀུན་ལས་ལྷག་པ་སྤྲུལ་པའི་སྐུ༔ རྡོ་རྗེ་ཐོད་ཕྲེང་པདྨའི་སྐུ་ལ་ཕྱག་འཚལ་བདག་གིས་མོས་པས་བསྟོད༔ འདོད་པའི་ཡོན་ཏན་ལྔ་ལ་དགྱེས་ཤིང་ཞེན་ཆགས་སྤྱོད་པས་བཞེས་པ་མི་མངའ་ཡང༔ འགྲོ་བ་ཀུན་གྱི་བསོད་ནམས་གསག་ཕྱིར་ཐུགས་རྗེས་བཞེས༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ཟབ་མོའི་དོན་མཆོག་གནང་བར་གསོལ་བ་འདེབས་སོ༔ ཞེས་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ སློབ་དཔོན་གྱི་ཞལ་ནས༔ རྗེ་ལྷ་གཅིག་ལགས༔ བདག་གི་ལུས་འདི་ལ་ཁྱོད་སྤྲོའམ་གསུངས༔ སྤྲོ་ཞུས་ནས༔ འབྱུང་བ་བཞིའི་ནད་མེད་སྐྱེ་ཤི་གཉིས་སྤངས་ནས༔ འགྲོ་བའི་དོན་མཛད་ཐུགས་རྗེ་མཆོག་དང་ལྡན༔ དགོངས་པ་ཆོས་ཉིད་དོན་ལ་རྟག་ཏུ་བཞུགས༔ འགྲོ་མགོན་སྐུ་ལ་བདག་ནི་སྤྲོ་འོ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྐལ་པ་སྟོང་གི་སངས་རྒྱས་བས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས༔ བླ་མ་དག་ལ་བསྟེན་ཏེ་བྱུང༔ བླ་མ་མེད་པའི་སྔོན་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་པ་དང༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཏེ༔ དཀོན་མཆོག་གསུམ་གྱི་རྩ་བ་ཡིན༔ མཆོད་པ་ཐམས་ཅད་ཡོངས་སྤངས་ལ༔ བླ་མའི་མཆོད་པ་ཡང་དག་བརྩམ༔ དེ་མཉེས་དངོས་གྲུབ་གང་འདོད་འབྱུང༔ ཞེས་གསུངས༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པར་བྱེད་པ་ལ༔ དང་པོ་ཁོ་ནར་རྟོགས་པའི་ལྟ་བ་གཅེས་པར་གདའ་བས༔ རྟོགས་པ་ལྟ་བ་དང་ལྡན་པ་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ༔ སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དང༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་དང༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དོན་གཅིག་སྟེ༔ སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་འདུས་སོ༔ དེ་ལ་སེམས་ཞེས་བྱ་བ་ནི་མ་བྱས་པར་སྣ་ཚོགས་སུ་བྱུང་བའོ༔ འོ་ན་སེམས་ཅན་དང་སངས་རྒྱས་ལ་ཁྱད་པར་ཅི་ཡོད་ཅེ་ན༔ སེམས་རྟོགས་མ་རྟོགས་ལས་མེད་དེ༔ སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་དེ་ངོ་མ་ཤེས༔ སེམས་ངོ་མ་ཤེས་པས་རྒྱུ་དྲུག་དུ་འཁྱམས་པ་ཡིན་ནོ༔ འོ་ན་སེམས་རྟོགས་པར་བྱེད་པ་ལ་ཐབས་ཅི་མཆིས་ན༔ ཞུས་པས༔ དེ་ལ་བླ་མའི་གདམས་ངག་དགོས་གསུངས༔ དེ་ལ་སེམས་ཞེས་དྲན་ཞིང་རིག་པ་ཉམས་སུ་མྱོང་བ་ཞིག་ཡོད་དེ༔ སེམས་ཕྱི་རུ་མ་ལྟ་ནང་དུ་ལྟོས༔ སེམས་ཀྱིས་སེམས་ཚོལ༔ སེམས་ཀྱི་རང་བཞིན་གཏན་ལ་ཕོབ་ཅིག༔ སེམས་དེ་དང་པོ་གང་ནས་བྱུང༔ ད་ལྟ་གང་དུ་གནས༔ ཐ་མ་གང་དུ་འགྲོ་ལྟོས་ཤིག༔ དེ་ལ་རང་གི་སེམས་འདི་ལ་རང་གིས་བལྟས་པས༔ བྱུང་ས་གནས་ས་འགྲོ་ས་མ་རྙེད༔ དེ་འདི་འདྲ་ཞེས་མཚོན་དུ་མེད་པས༔ སེམས་ལ་ཕྱི་ཞིག་དང་ནང་ཞིག་དང༔ ལྟ་མཁན་ཞིག་དང་ལྟ་བྱེད་མེད་པ༔ མཐའ་དབུས་བྲལ་བའི་ཡེ་ཤེས་ཆེན་པོ༔ ཡེ་སྟོང་ཡེ་བྲལ་ཁྱབ་བརྡལ་ཆེན་པོ༔ ཡེ་ཤེས་རང་གནས་སུ་རང་ལ་གནས་པ་སྟེ༔ ད་ལྟ་བྱས་པ་ལྟ་བུ་མ་ཡིན་ཏེ༔ ཡེ་ཉིད་དུ་རང་ལ་གནས་པ་དེ༔ ངོ་ཤེས་པ་དེ་ལྟ་བ་ཡིན་པར་རྦད་ཀྱིས་ཆོད་གསུངས༔ དེ་ལ་གདེང་དང་བཅས་པ་ཞེས་བྱ་བ་ནི༔ ནམ་མཁའ་དང་འདྲ་སྟེ་ཡེ་ནས་ལྷུན་གྲུབ༔ ཉི་མ་དང་འདྲ་སྟེ་མ་རིག་པའི་མུན་པ་གཞི་མེད༔ པདྨ་དང་འདྲ་སྟེ་སྐྱོན་གྱིས་མ་གོས༔ གསེར་དང་འདྲ་སྟེ་དོན་ཆོས་ཉིད་ལས་མི་འགྱུར༔ རྒྱ་མཚོ་དང་འདྲ་སྟེ་གཡོ་འགུལ་མེད༔ ཆུ་བོ་དང་འདྲ་སྟེ་རྒྱུན་ཆད་མེད༔ གནམ་ས་དང་འདྲ་སྟེ་འདུ་འབྲལ་མེད༔ རི་རབ་དང་འདྲ་སྟེ་འཕོ་འགྱུར་མེད་པས༔ དེ་ལྟ་བུའི་དོན་རྟོགས་ནས་བརྟན་པའི་དུས་ན༔ རྟོགས་པ་ལྟ་བ་དང་ལྡན་པ་ཞེས་ཟེར་བ་ཡིན་ནོ་གསུངས༔ ༔རྒྱལ་པོས་ཞུས་པ༔ སྒོམ་པ་ཉམས་མྱོང་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ཉོན་ཅིག༔ སྒོམ་པ་ཉམས་མྱོང་དང་ལྡན་པ་ནི༔ སེམས་ཉིད་མ་བཅོས་པ༔ མ་བསླད་པ་སོ་མ༔ རང་ཐད་རྣལ་མ༔ ལྷུག་པ༔ ཕྱིར་མི་གཞག༔ ནང་དུ་མི་འགུགས༔ གཏད་མེད་དུ་གཞག༔ ཆོས་ཉིད་མཉམ་པ་ཆེན་པོའི་ངང་ལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གཞག་གོ༔ དེ་ལ་ཉམས་མྱོང་ནི༔ ཤེས་པ་མེར་བ་དང༔ ལྟེམ་པ་དང༔ ཆད་པ་དང༔ བདེ་བ་དང༔ གསལ་བ་དང༔ རྟོག་པ་མེད་པ་དང༔ སྣང་བ་རབ་རིབ་དུ་འདུག་པ་དང༔ གཟའ་གཏད་ཆུང་བ་དང༔ འཇིག་རྟེན་གྱི་སྤྱོད་པ་དང་མི་མཐུན་པ་བྱུང་ན༔ ཉམས་ཀྱི་རྟགས་ཡིན་པས་གང་ལ་ཡང་ངོ་མཚར་མི་བརྩི་འོ༔ ཞེན་འཛིན་གང་ལ་ཡང་མི་བྱའོ༔ དེ་ལྟར་སྒོམ་པ་ཉམས་མྱོང་དང་ལྡན་པ་ཞེས་བྱའོ་གསུངས༔ ༔རྒྱལ་པོས་ཞུས་པ༔ སྤྱོད་པ་རོ་སྙོམས་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྤྱོད་པ་ནི་སྒོམ་པ་ལ་རྒྱུན་ཆད་མེད་དེ༔ འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང་མ་བརྗེད་པར་དྲན་པར་བྱའོ༔ དཔེར་ན་ཆུ་བོ་རྒྱུན་ཆད་མེད་པ་ལྟ་བུའོ༔ ཞེས་རོ་སྙོམས་ནི་དབང་པོ་ལྔ་ལ་འདོད་པའི་ཡོན་ཏན་ཅི་མཐོང་ཅི་ཤར་ཐམས་ཅད་ལ་ཆགས་ཞེན་མེད་པས་ཆོས་ཉིད་ཀྱི་རྩིས་ཟིན་སྟེ༔ གང་ལ་ཡང་སྤང་བླང་མེད་པར་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ༔ དེ་ཁོ་ན་ལ་སྤྱོད་པ་རོ་སྙོམས་དང་ལྡན་པ་ཞེས་བྱའོ་གསུངས༔ ༔ཡང་རྒྱལ་པོས་ཞུས་པ༔ རྣམ་རྟོག་འགྱུར་མེད་ཀྱི་འཕྲང་གང་དུ་གཅད༔ སློབ་དཔོན་གྱིས་གསུང་པ༔ མཉམ་པར་གཞག་པའི་ཚེ༔ རྣམ་པར་རྟོག་པ་སྐྱེས་པའི་ཚེ༔ ཅི་སྐྱེས་ཀྱང་རང་གི་སེམས་ལས་སྐྱེས༔ སེམས་ཅིའི་ངོ་བོ་ལ་མ་གྲུབ་པས༔ རྣམ་རྟོག་སྐྱེ་རྒྱུའི་ངོ་བོ་སྟོང༔ དཔེར་ན་སྤྲིན་ནམ་མཁའ་ལས་བྱུང་ནས་ནམ་མཁའ་ལ་དེངས་པ་ལྟར༔ རྣམ་རྟོག་སེམས་ལས་བྱུང་ནས་སེམས་ཀྱི་ངང་དུ་དེངས༔ རྣམ་རྟོག་ཆོས་ཉིད་ཀྱི་རང་བཞིན་ཡིན་གསུངས༔ འཕྲང་གཅད་པ་ནི༔ སེམས་དྲན་པ་སྣ་ཚོགས་སུ་འགྱུ་ན༔ དེ་ཉིད་ལ་ཤེས་པ་གཏད་པས་ཁང་སྟོང་གི་རྐུན་མ་ལྟར༔ སེམས་སྟོང་པ་ལ་རྣམ་པར་རྟོག་པས་གནོད་པ་བསྐྱལ་བ་ཅི་ཡང་མེད་དོ༔ དེ་ལ་རྣམ་རྟོག་འགྱུ་བྱེད་ཀྱི་འཕྲང་ཆོད་པ་ཟེར་བ་ཡིན་ནོ༔ ༔གསུངས་སོ༔ སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ འབྲས་བུ་མི་འགྱུར་བའི་གདེང་གང་དུ་བཅའ༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་གསོན་ཅིག༔ བྱང་ཆུབ་སེམས་རྒྱུ་ཡིས་མ་བསྐྱེད༔ རྐྱེན་གྱིས་མི་འཇིག༔ སངས་རྒྱས་སྒམ་པོས་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་དེ་ལ༔ བླ་མའི་གདམས་ངག་གིས་ངོ་ཤེས་པའི་དུས་ན༔ སངས་རྒྱས་ཀྱི་མེས་པོ་སེམས་ཡིན་པས༔ སྔར་འདྲིས་པའི་མི་ངོ་ཤེས་པ་དང་འདྲའོ༔ དེ་ལྟ་བུ་ལ་བརྟན་པ་ཐོབ་མངོན་དུ་གྱུར་པའི་ངང་ལ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པས༔ རྒྱལ་བུ་རྒྱལ་སར་ཕྱུང་བ་ལྟ་བུ་སྟེ༔ ཉམ་ང་བ་དང་བག་ཚ་བ་མེད་པར༔ ཡེ་ནས་ལྷུན་གྲུབ་ཏུ་སངས་རྒྱས་པས་འབྲས་བུ་གདེང་དང་ལྡན་པ་ཞེས་བྱའོ་གསུངས༔ ༔སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ གོལ་ས་དང་སྐྱོན་གྱི་མཐའ་གང་དུ་གཅད༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ རེ་དོགས་གཉིས་བྱུང་ན༔ ལྟ་བ་མ་རྟོགས་པའི་སྐྱོན་ཡིན༔ རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ལ༔ སངས་རྒྱས་ལ་རེ་བ་མེད༔ སེམས་ཅན་དུ་ལྟུང་གི་དོགས་པ་མེད་དོ༔ བསྒོམ་བྱ་དང་སྒོམ་བྱེད་གཉིས་བྱུང་ན༔ སེམས་ཉིད་འཕྲང་མ་ཆོད་པའི་སྐྱོན་ཡིན༔ ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ༔ བསྒོམ་པར་བྱ་བའི་ཡུལ་མེད༔ སྒོམ་པར་བྱེད་པའི་མཁན་པོ་མེད༔ བསྒོམ་རྒྱུ་ཅི་ཡང་མེད་གསུངས་སོ༔ བླང་དོར་གཉིས་བྱུང་ན་ཆགས་འཛིན་མ་ཆོད་པའི་སྐྱོན་ཡིན་པས༔ སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ༔ བསྒྲུབ་བྱ་ལ་ཆགས་སུ་མེད༔ དོར་བྱ་ལ་སྤང་དུ་མེད༔ ཡོན་ཏན་དང་སྐྱོན་ལ་བླང་དོར་མེད་དོ༔ ཡོ་བྱད་ལ་ཆགས་ན་ལམ་དུ་ཁྱེར་མ་ཤེས་པའི་སྐྱོན་ཡིན་པས༔ གང་ལ་ཡང་དམིགས་མེད་འཛིན་མེད་དུ་ཁྱེར་ལ༔ ཆགས་ཞེན་གཞི་རྩ་དང་བྲལ་བར་ཤེས་པར་བྱའོ་གསུངས༔ ཧྲིལ་གྱིས་དྲིལ་བས༔ ཡེངས་པ་མེད་པ་ལྟ་བ༔ བཞག་པ་མེད་པ་སྒོམ་པ༔ མྱོང་བ་མེད་པ་ཉམས་མྱོང༔ ཐོབ་པ་མེད་པ་འབྲས་བུ༔ དེ་ལས་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ༔ དེ་ལ་གོལ་ས་དང་སྐྱོན་གྱི་མཐའ་ཆོད་པ་ཟེར་བ་ཡིན་གསུངས་སོ༔ ༔སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ ངེས་པར་ཤེས་པའི་སྐྱོན་བསལ་བ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་མི་སྤང༔ སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅད༔ སངས་རྒྱས་ལ་རེ་བ་མེད་ཀྱང་ལྷར་དཀོན་མཆོག་མཆོད༔ འཁོར་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང༔ ཆོས་ཉིད་འགྱུར་མེད་ཀྱི་གདེང་རྙེད་ཀྱང་ཆོས་གང་ལ་ཡང་སྒྲོ་སྐུར་མི་གདབ༔ རང་ལ་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཤར་ཡང་ང་རྒྱལ་དང་རློམ་སེམས་སྤང༔ འཁོར་འདས་གཉིས་མེད་དུ་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་གཅད་གསུངས་སོ༔ ༔ཡང་རྒྱལ་པོས་ཞུས་པ༔ ངེས་པའི་ཤེས་པ་སྐྱེད་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རང་སེམས་གདོད་མ་ནས་སངས་རྒྱས་པར་ངེས་ཤེས་བསྐྱེད༔ ཆོས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན་པར་ངེས་ཤེས་བསྐྱེད༔ འབྲས་བུ་རང་ལ་གནས་པས་གཞན་ནས་བཙལ་དུ་མེད་པར་ངེས་ཤེས་བསྐྱེད༔ བླ་མ་ལ་སངས་རྒྱས་དངོས་ཡིན་པར་ངེས་ཤེས་བསྐྱེད༔ ལྟ་སྒོམ་གྱི་དོན་ཉིད་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ངེས་ཤེས་བསྐྱེད་ལ་ཉམས་སུ་བླང་དགོས་གསུངས༔ ༔ཡང་རྒྱལ་པོས་ཞུས་པ༔ རྒྱུད་ལ་མན་ངག་དང་ལྡན་པ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཀུན་ཏུ་བཟང་པོས་གསང་གཏམ་འདི་རྡོ་རྗེ་སེམས་དཔའི་སྙན་དུ་བྱིན་གྱིས་བརླབས་ཀྱིས་བཤད༔ དེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་སྙན་གྱི་གྭའུར་བླུགས༔ དེ་ཤྲཱི་སིཾ་ཧའི་ཐུགས་ཀྱི་དཀྱིལ་དུ་གཏད༔ དེའི་ཐུགས་པདྨ་བདག་ལ་གནང༔ ཁྲི་སྲོང་ལྡེ་བཙན་སྙིང་གི་དཀྱིལ་དུ་ཆོངས་གསུངས༔ ༔སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ ལྷ་གཅིག་ལགས༔ ཆོས་ཉིད་སྐྱེ་བ་མེད་པའི་དོན་གཅིག་མ་རྟོགས་ན༔ སྐུ་ལུས་རྒྱལ་པོར་སྐྱེས་ཀྱང་ཚེ་ལོང་མེད་ཆུའི་ཆུ་བུར་འདྲ༔ ཆོས་ཉིད་བསམ་དུ་མེད་པར་ལོངས་མ་སྤྱད་ན༔ མངའ་ཐང་རྒྱལ་སྲིད་འཇའ་ཚོན་རི་མོ་འདྲ༔ རིག་པ་རང་བྱུང་གྲོགས་དང་མ་འགྲོགས་ན༔ ཇོ་བོ་འཁོར་འབངས་ཤུལ་ཀའི་མགྲོན་དང་འདྲ་སྟེ་སོ་སོར་འགྲོ༔ ལྟ་སྒོམ་གནས་ལུགས་དོན་ལ་མ་བསྒོམ་ན༔ སྐྱེ་ཤི་འབྱུང་འཇུག་ཟོ་ཆུའི་འཁྱུད་མོ་འདྲ་སྟེ་གཅིག་ནས་གཅིག་ཏུ་འཁོར༔ རྒྱལ་སྲིད་ཞི་བའི་ཆོས་ཀྱིས་མ་བསྐྱངས་ན་བཀའ་ཁྲིམས་བསྡམས་ཀྱང་དུག་གི་སྡོང་པོ་འདྲ་སྟེ་རང་ཕུང་འགྱུར༔ རྒྱལ་པོ་ཆེན་པོ་ཆོས་ཁྲིམས་མཛད་པ་ཞུ་ཞེས་གདམས་སོ༔ ༔ཡང་སློབ་དཔོན་གྱིས་གདམས་པ༔ རྒྱལ་པོ་ལགས༔ དུས་ཀྱི་ཐ་མ་ལ་བཀའ་བཀའ་བཟང་རེ་ནི་འདོད༔ རྟོགས་ནི་སུས་ཀྱང་མ་རྟོགས༔ བཀའ་བཞིན་མི་བྱེད་པར་ཆོས་པར་ཁས་ལེན་པ་མང༔ དེའི་དུས་སུ་གྲུབ་ཐོབ་ཉུང༔ ཐོ་ཅོ་ཆེ་བ་མང༔ བོད་རྒྱ་བྱེའུ་རྒྱུན་ཆད་པ་ལྟར་འགྱུར་བས་འདུལ་བ་དཀའ༔ དེའི་དུས་སུ་ཆོས་བསྟན་བསྲུང་དགོས་པས༔ རྗེ་ཡིས་གཏེར་དུ་སྦོས་ཤིག༔ རྗེ་ཉིད་ཀྱང་སྐྱེ་བ་ཐ་མ་ལ་ཆོས་དང་བསྟན་སྲུང་རྣམས་དང་འཕྲད་དེ་འོང༔ དེའི་ཚེ་སྐྱེ་བ་རྒྱུན་ཆད་རིག་འཛིན་གྱི་ས་ལ་འགྲོ་བས་གཞན་ལ་མ་སྤེལ་ཅིག་གདམས་པས༔ རྗེ་རབ་ཏུ་དགྱེས་ནས༔ གསེར་གྱི་མ་དྷལ་ཕུལ༔ ཕྱག་དང་བསྐོར་བ་གྲངས་མེད་པ་མཛད་དོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ཡང་དེ་ཉིད་ཀྱི་ཚེ༔ རྒྱལ་པོས་ཕྱག་དང་བསྐོར་བ་མཛད་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་རྒྱལ་པོ་འདྲ་བ་དད་པ་ཆུང་བ༔ ཁེ་གྲགས་ཆེ་བ༔ ཆོས་ལ་གནག་པ༔ གདུག་པ༔ དགེ་སེམས་ཆུང་བ༔ སྡིག་པར་ཤས་ཆེ་བ༔ ཆོས་ལ་མི་གནས་པ༔ གཡེང་བ་དང་བསོད་ནམས་ལ་དགའ་བ༔ ཚེ་ལམ་འདི་ལ་བསོད་ནམས་དང་ལྡན་ན༔ ཕྱི་མ་ངན་སོང་དུ་འགྲོ་ཡང་འཇིགས་སེམས་མེད་པ་ལགས་པས༔ བདག་ལ་ཐུགས་རྗེས་གཟིགས་ལ༔ འཆི་ཀར་སངས་རྒྱས་པའི་གདམས་ངག་ཅིག་ཞུ་བྱས་ནས༔ ཕྱག་དབུ་ཐོད་བུད་བུད་དུ་བཙལ༔ སྤྱན་ཆབ་བཏོན་པས༔ སློབ་དཔོན་གྱི་ཐུགས་ཀྱིས་དགོངས་ཏེ༔ གདམས་ངག་གི་བཅུད་ཕྱུང་ནས་གནང་བ༔ ཨེ་མ་ཧོ༔ ཐུགས་དད་པ་གཏིང་ནས་སྐྱེས་པ་ངོ་མཚར་ཆེའོ༔ འཆི་ཀར་རྒྱལ་པོ་ཐུགས་ཁྲལ་མི་འཚལ༔ གསང་སྔགས་གསེང་ལམ་གྱི་གདམས་པ༔ སྡིག་པོ་ཆེ་སྔོན་ལ་འཚང་རྒྱ་བ༔ བར་དོ་མེད་པའི་གདམས་པ་ཞིག་བདོག་པས༔ ལྷ་སྲས་གསོན་མཛོད་ཅིག༔ འོ་སྐོལ་མ་རིག་པའི་རྐྱེན་དང་ལས་ཀྱི་སྟོབས་ཀྱིས༔ དང་པོ་མངལ་དུ་ཞུགས་ནས་སྐྱེས་པ་ལགས༔ བར་དུ་ལོ་གྲངས་འགའ་ཙམ་ས་སྟེང་ན་གནས་པ་ཡིན༔ ཐ་མ་ཤི་བའི་དུས་སུ་ཕུང་པོ་ས་སྟེང་དུ་འགྲོ༔ སེམས་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་ཏུ་ལུས་ལེན་པས་འཁོར་བར་འཁྱམས་པ་ཡིན་གསུངས༔ དེ་ལ་འོ་སྐོལ་ཚེ་འདི་མཐར་ཕྱིན་ཡང་ཚེ་ལོ་བརྒྱ་པའི་དུས་ཡིན༔ དེ་ལ་ཚེ་ཕྱེད་ནུབ་མོ་ཉལ་བས་རོ་དང་འདྲ༔ རྨི་ལམ་དུ་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང༔ དེས་ན་སྣང་བ་དང་བཅས་པ་ལོ་ལྔ་བཅུ་ལས་མེད༔ དེ་ཉིད་ཀྱང་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པ་ཡིན་གསུངས༔ དེ་ལྟ་མ་ཡིན་པ་མ་ལ་སྐྱེས་ནས་འཆི་བ་ཞིག་རང་ཆས་སུ་ཡོད༔ དེ་ལ་འོ་སྐོལ་གཏན་དུ་མི་འཆི་བ་ལྟ་བུར༔ ཆགས་སྡང་སྣ་ཚོགས་སྤྱོད་པ་འདི་རྣམས་ཀྱིས༔ འཆི་བ་མ་དྲན་པ་ཡིན་གསུངས༔ འཆི་བའི་དུས་བཏབ་མེད་པས་དུས་ནམ་གྱི་ཚེ་ན་ནམ་འཆི་ཆ་མེད༔ འཆི་རྐྱེན་མང་པོ་ཡོད་པས༔ ཞག་གཅིག་མི་འཆི་བའི་དབང་ཡང་མེད་གསུངས༔ རྒྱལ་པོ་གསོན་ཅིག༔ དེ་ཡང་འཆི་ལུགས་རབ་འབྲིང་ཐ་གསུམ་ཏེ༔ རྒྱལ་པོ་ལྟ་བུར་འཆི་བ་ནི༔ ཁྱེད་མངའ་རིས་དང་ལོངས་སྤྱོད་ལ་ཆགས་ནས་འཆི་བ་རྣམས་སྟེ༔ འཆི་ལུགས་ཐ་མ་ཡིན༔ འཆི་ཁར་ཆགས་ཞེན་མེད་པར་བྱ་གསུངས༔ སྤྲང་པོ་ལྟར་འཆི་བ་ནི༔ རྫས་དང་ཡོ་བྱད་གང་ལ་ཡང་ཆགས་པ་མེད་པར་འཆི་བ་ཡིན་ཏེ༔ འཆི་ལུགས་འབྲིང་ཡིན་གསུངས༔ རི་དྭགས་ལྟ་བུར་འཆི་བ་ཞེས་བྱ་སྟེ༔ གཅིག་པུར་ཆགས་པ་དང་ཞེན་པའི་རྟོག་པ་མེད་པར་འཆི་བ་འཆི་ལུགས་རབ་ཡིན་གསུངས༔ རྗེ་ལྷ་གཅིག་གསོན་མཛོད་ཅིག༔ དེ་ལྟར་འཆི་བའི་དུས་སུ་སངས་རྒྱས་ལུགས་གསུམ་སྟེ༔ དབང་པོ་ཐ་མ་ཚོགས་བསགས་ནས༔ ཚེ་ཕྱི་མ་དང་བཅས་ནས་སངས་རྒྱ་བ་ཡིན༔ དབང་པོ་འབྲིང་གོམས་འདྲིས་དང་བཅས་ནས་བར་དོར་སངས་རྒྱ་བ་ཡིན༔ དབང་པོ་རབ་རྟོགས་པ་དང་བཅས་ནས་བར་དོ་མེད་པར་སངས་རྒྱ་བ་ཡིན༔ ད་རེས་འོ་སྐོལ་གྱི་འདི་བར་དོ་མེད་པར་སངས་རྒྱ་བའི་གདམས་ངག་ཡིན༔ གསང་སྔགས་ཀྱི་གསེང་ལམ་ཡིན་གསུངས༔ དེ་ཡང་གདམས་པའི་རྩ་བ་ཚིག་གསུམ་གྱིས་མཚོན་ནས་སྟོན་ཏེ༔ ཕྱི་སྣང་བའི་ངོ་བོ་ཐམས་ཅད་ནམ་མཁའི་ངོ་བོར་རྩད་བཅད་པས༔ ཕྱི་འགྲོ་དྲུག་གི་འཇིག་རྟེན་འགྲོ་དྲུག་གི་སྐྱེ་གནས་རྩ་བ་དང་བྲལ༔ ནང་འཛིན་པའི་ངོ་བོ་སེམས་གསལ་སྟོང་གི་ངོ་བོར་རྩ་བ་བཅད་པས༔ ནང་བཅུད་ཀྱི་སེམས་ཅན་མངལ་ཁ་སྟོང་པར་བཞག་ནས་སྐྱེ་བ་ཐམས་ཅད་རྩ་བ་དང་བྲལ༔ མ་རིག་པ་སྐྱེ་མེད་དུ་རྟོགས་པས༔ ཆོས་ཀྱི་རྩ་བ་བཅད་པས༔ དགེ་སྡིག་གི་རྩ་བ་དང་བྲལ་ལོ༔ གདམས་པ་ཚིག་གསུམ་པོ་འདི་ཡིན་ནོ་གསུངས༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཕྱི་སྣང་བའི་ཡུལ་ནམ་མཁའི་ངོ་བོར་རྩད་ཇི་ལྟར་གཅད་ལགས༔ ཕྱི་སྣོད་ཀྱི་འཇིག་རྟེན་འགྲོ་དྲུག་གི་སྐྱེ་གནས་རྩ་བ་དང་ཇི་ལྟར་བྲལ་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ གསོན་མཛོད་ཅིག༔ ཕྱི་སྣང་བའི་ཡུལ་གང་ཡིན་ན༔ ད་ལྟར་གྱི་སྣང་བ་ལ༔ གླིང་བཞི་རི་རབ་བྱེ་བ་ཕྲག་ཐེར་འབུམ་ཡོད་པ་ལ༔ འོ་སྐོལ་གྱི་སྣང་བ་ལ༔ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་དུ་སྣང་བ་འདི་ཡིན་ཏེ༔ མ་རྟོགས་པ་ལོག་པའི་སྣང་བ་བྱ་བ་ཡིན༔ མདོ་དགོངས་པ་འདུས་པ་ནས༔ རྫས་ཀྱི་ངོ་བོ་གཅིག་ལ་ཡང༔ ལོག་ལྟ་དྲུག་དང་ཡང་དག་གཅིག༔ ཕྱིན་ཅི་ལོག་ནི་རྣམ་པ་གཉིས༔ ཞེས་གསུངས་པས༔ འོ་སྐོལ་གྱི་ཆུ་གཅིག་པུ་ལ༔ ལྷས་བདུད་རྩིར་མཐོང༔ ལྷ་མ་ཡིན་གྱིས་གོ་མཚོན་དུ་མཐོང༔ མིས་ཆུར་མཐོང༔ བྱོལ་སོང་གིས་བཏུང་བར་མཐོང༔ ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང༔ དམྱལ་བས་ཟངས་ཆུ་ཁོལ་མར་མཐོང༔ ལོག་ལྟ་དྲུག་དུ་བྱུང༔ ཡང་དག་པར་ན་དེ་དག་གང་ཡང་མ་ཡིན༔ དེ་ལ་ཕྱིན་ཅི་ལོག་གཉིས་སུ་བཟུང་སྟེ༔ མུ་སྟེགས་རྟག་པ་བ་རྣམས་ན་རེ༔ རྒྱུ་འབྲས་གཉིས་རྟག་པས་མི་ཤི་བ་མིར་སྐྱེ༔ རྟ་ཤི་བ་རྟར་སྐྱེ་བ་ལ་སོགས་པ་འདོད༔ མུ་སྟེགས་ཆད་པ་པ་ན་རེ༔ ལུས་འབྱུང་བ་བཞིའི་བག་ལ་ཞ༔ སེམས་ནམ་མཁའི་བག་ལ་ཞ༔ ད་ལྟའི་རྐྱེན་སྣང་བློ་བུར་བ་ཡིན༔ ཤི་ནས་ལུས་མི་ལེན་ཟེར༔ དེ་གཉིས་ཕྱིན་ཅི་ལོག་གི་རྟོག་པ་ཡིན་གསུངས༔ འོ་ན་ཡང་དག་པའི་དོན་གང་ཡིན་ན༔ ཅི་ཡང་མ་ཡིན་ལ་འཛིན་པ་ཐམས་ཅད་དང་བྲལ་བ་ཡིན༔ ད་ལྟར་གྱི་སྣང་བ་ས་རྡོ་རི་བྲག༔ རྩི་ཤིང་ནགས་ཚལ་ལ་སོགས་པ་འདི་ལ་གང་དུ་ཡང་མི་འཛིན༔ གང་དུ་ཡང་མི་སྒྲུབ༔ སྣང་བ་མི་འགེགས༔ ཡོད་མེད་དུ་མི་སྒྲུབ༔ སྣང་བ་རང་སྣང༔ སྟོང་པ་རང་སྟོང༔ ནམ་མཁའི་ངོ་བོ་དང་འདྲ་སྟེ༔ ངོ་བོ་རང་སྟོང༔ སྣང་ལ་རང་བཞིན་མེད་པར་བཞག་གོ་གསུངས༔ དེ་ལྟ་བུའི་ཡུལ་སྣང་ལ་འཛིན་པ་མ་ཞུགས་པས་ཞེན་ཆགས་མ་སྐྱེས་ཏེ༔ ཕྱི་སྣོད་ཀྱི་འཇིག་རྟེན་རྩ་བ་བཅད༔ རིགས་དྲུག་དུ་སྐྱེ་བ་མེད་དེ་རྒྱུ་དྲུག་གནས་སྟོངས་པ་ཡིན་གསུངས༔ དེ་ཅི་སྟེ་ཞེ་ན༔ རིགས་དྲུག་གི་སྣང་བ་འཁྲུལ་པ་ཡིན༔ འཁྲུལ་པ་དང་བྲལ་བ་ལ༔ ཡུལ་སྣང་ལ་མཐོང་རྒྱུ་མི་གདའ་གསུངས༔ རྒྱལ་པོས་ཞུས་པ༔ ནང་འཛིན་པའི་སེམས་གསལ་སྟོང་གི་ངོ་བོར་རྩད་གཅད་པ་དེ་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་ལགས༔ གསོན་མཛོད་ཅིག༔ ནང་འཛིན་པའི་སེམས་གསལ་སྟོང་དུ་རྩད་བཅད་ནས༔ ནང་སེམས་ཀྱི་མངལ་ཁ་སྟོང་པར་བཞག་པས༔ སྐྱེ་རྒྱུ་རྩ་བ་བྲལ་ཟེར་ཙམ་ན༔ ནང་འཛིན་པའི་སེམས་གང་ཡིན་ན༔ ཕ་མ་སྤུན་གྲོགས་བུ་ནོར་དགྲ་གཉེན་ལ་སོགས་པ་རྣམས་ཡིན༔ འོ་ན་འཛིན་མཁན་རང་གང་ཡིན་ན༔ ཉོན་མོངས་པ་ཅན་གྱི་ཡིད་ཡིན༔ དེ་རྩ་བ་བཅད་པས་ཡིད་དེ་གང་དུ་ཡང་མ་གྲུབ༔ གང་ཡང་མེད་པ་མིན༔ མ་རྟོགས་པའི་དུས་ན་ཡིད་ཀུན་བྱེད་ཕུང་ཀྲོལ་མཁན༔ སེམས་མི་དྲན་དགུ་དྲན་ཞེས་བྱ༔ དེ་ཉིད་རྟོགས་ཤིང་ཡིད་རྩད་ཆོད་ནས༔ གསལ་ལ་མ་འགགས་པ་ཞིག་ཡོད་དེ༔ དེ་ལ་སེམས་ཉིད་རྟོགས་ཞེས་བྱ༔ གང་དུ་ཡང་མ་གྲུབ་པ་དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ༔ དེ་ཉིད་གསལ་ལ་མ་འགགས་པར་གསལ་བ་ཡིན༔ སྣང་ཡང་གང་དུ་ཡང་མ་གྲུབ་པ་སྟོང་པ་ཡིན༔ དེ་ལྟར་ཡུལ་སྣང་གང་ལ་ཡང་ཕ་དང་མའི་འཛིན་པ་མ་ཞུགས་པས༔ འཛིན་པ་ཕའི་རྒྱུ་དང༔ ཆགས་པ་མའི་རྐྱེན་ཟད་པས༔ རིགས་དྲུག་གི་མངལ་ཁར་སྐྱེ་དོགས་མི་གདའ་གསུངས༔ རྒྱལ་པོས་ཞུས་པ༔ མ་རིག་པ་སྐྱེ་མེད་དུ་རྟོགས་པས་ཆོས་ཀྱི་རྩ་བ་བཅད་པ་དེ་གང་ལགས༔ མ་རིག་པ་སྐྱེ་མེད་དུ་རྟོགས་དགོས་པ་ཡིན༔ སྐྱེ་མེད་བྱ་བ་གང་ལ་ཟེར་ན༔ སེམས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་རིག་པ་རིག་པར་ཤར་བ་ཟེར༔ རང་གིས་རང་ངོ་ཤེས་པ་ཞེས་བྱ༔ སྐྱེ་བ་མེད་པའི་ཆོས་རྟོགས་པ་ཞེས་བྱ༔ དོན་ལ་ཆོས་ཀྱི་ངོ་བོ་རྩད་ཆོད་པ་ཞེས་ཟེར་ཏེ་དགེ་སྡིག་ལས་ཀྱི་ཆོས་དང་བྲལ་ཞེས་བྱའོ༔ དགེ་བ་ཇི་སྙེད་བྱས་ཀྱང་སངས་རྒྱས་ཀྱི་འབྲས་བུ་ལ་རེ་བ་མེད༔ སྡིག་པ་ཇི་སྙེད་བྱས་ཀྱང་ངན་སོང་དང་དམྱལ་བ་ལ་དོགས་པ་མེད་དོ༔ དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པས་གོས་པ་མེད་དོ་གསུངས༔ དེ་ལ་རིག་བཟོའམ༔ འདོད་ཁའམ༔ བཅོས་པ་ལྟ་བུ་མ་ཡིན་ཏེ་བཀའ་ལུང་ཐམས་ཅད་ནས་བཤད་དོ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་ལས་ཀྱང༔ ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ལ་ལས་ཀྱང་མ་མཆིས༔ ལས་ཀྱི་རྣམ་པར་སྨིན་པ་ཡང་མ་མཆིས་སོ༔ ཞེས་གསུངས་སོ༔ ཚུལ་བརྒྱ་ལྔ་བཅུ་པ་ལས་ཀྱང༔ ཇི་ལྟར་པདྨ་རབ་དམར་ལ༔ ཉེས་པའི་སྐྱོན་གྱིས་མ་གོས་སོ༔ དེ་བཞིན་ཆོས་རྣམས་སྟོང་པ་ལ༔ ལས་ཀྱི་ཉེས་པས་མི་གོས་སོ༔ ཞེས་གསུངས་སོ༔ ནམ་མཁའ་ཆེ་ལས༔ ཇི་སྟེ་ལས་ཀྱི་དབང་གྱུར་ན༔ རང་བྱུང་ཡེ་ཤེས་ཡོད་མ་ཡིན༔ ཞེས་གསུངས་སོ༔ རྡོ་རྗེ་རི་རབ་ཁང་པ་ནས༔ བདག་ནི་བདག་གིས་སྟོང༔ གཞན་ནི་གཞན་གྱིས་སྟོང༔ གཉིས་ཀ་ནི་གཉིས་ཀས་སྟོང༔ གཉིས་ཀ་མ་ཡིན་པ་ཡང་གཉིས་ཀ་མ་ཡིན་པས་སྟོང༔ གཉིས་ཀ་མ་ཡིན་པ་ནི་མཐའ་མེད་པས་སྟོང་སྟེ༔ ཡང་དག་པར་མ་ཡིན་པ་ལ་ཀུན་བརྟགས་པའི་ཕྱིར་རོ༔ ཞེས་གསུངས་སོ༔ བློ་གྲོས་རྒྱ་མཚོའི་མདོ་ལས༔ ཐེག་པ་ཆེན་པོའི་མདོ་འདི་དག་ནི་འཇིག་རྟེན་དང་མི་མཐུན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ནི་རྒྱུན་གྱི་རྗེས་སུ་འཇུག་པ་བྲལ་བའོ༔ ཞེས་གསུངས་སོ༔ དེས་ན་ཐམས་ཅད་རང་སེམས་ཀྱི་འཁྲུལ་པར་ཤེས་པས༔ ཆོས་ཉིད་ཀྱི་དོན་རྩད་ཆོད༔ དགེ་སྡིག་རྩ་བ་དང་བྲལ་བ་ཡིན་གསུངས༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ འཆི་དུས་སུ་བར་དོ་མེད་པར་སངས་ཇི་ལྟར་རྒྱ་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ རྗེ་ལྷ་གཅིག་གསོན་ཅིག༔ རྣལ་འབྱོར་བློ་རབ་ཀྱིས་ཕྱི་སྣང་བའི་ཡུལ་ལ་འཛིན་པ་མེད་པས༔ སྣང་བ་ལ་སྒྲོ་འདོགས་ཆོད་ནས༔ སྣང་བ་རང་སར་གྲོལ་ཏེ་བར་དོར་སྣང་བའི་ཡུལ་མི་འཆར༔ ཕྱི་སྣོད་ཀྱི་འཇིག་རྟེན་སྐྱེ་བ་མེད༔ ནང་འཛིན་པའི་སེམས་གང་ཅིའི་ངོ་བོར་མ་གྲུབ་པས་འཁོར་བ་རང་སར་གྲོལ་ཏེ་བར་དོར་ཡིད་ཀྱི་ལུས་མེད་པས༔ རིགས་དྲུག་མངལ་ཁ་སྟོངས་ཏེ་སྐྱེ་བའི་རྒྱུ་མེད་ཆོས་ཉིད་རང་སར་དག༔ རྣལ་འབྱོར་པའི་ལུས་བོར་བས༔ རིག་པ་ནམ་མཁའ་དང་འཕྲད༔ དེ་ལས་དགེ་སྡིག་གི་འཕེན་པ་ཟད་པ་ཡིན་ནོ༔ གསུངས་སོ༔ རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དེ་ལྟ་བུ་དེ་ལ་སྐུ་གསུམ་གྱི་འབྲས་བུ་ཇི་ལྟར་འབྱུང་བ་ལགས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཉིད་ཀྱི་གཞི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས༔ གང་ཅི་ཡང་མ་ཡིན་པ་ནམ་མཁའ་ལྟ་བུའི་ངང་ལ་འབྲས་བུ་ཆོས་སྐུ་ཞེས་བྱའོ༔ ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་ངང་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་སྤྲིན་ལྟ་བུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ལ་སྣང༔ སྤྲུལ་པའི་སྐུ་ཆར་ལྟ་བུས་སྤྲུལ་པ་དཔག་ཏུ་མེད་པ་གང་ལ་གང་འདུལ་གྱི་དོན་བྱེད་པའོ་གསུངས་སོ༔ ཐིག་ལེ་སྦས་པའི་རྒྱུད་ལས༔ ནམ་མཁའ་སྟོང་པའི་ངང་ཉིད་ལས༔ ཆུ་འཛིན་སྤྲིན་གྱི་རང་བཞིན་ཆགས༔ དེ་ཡང་ཆར་དུ་བབས་པ་ཡིས༔ རྩི་ཤིང་ནགས་ཚལ་སྐྱེས་པ་བཞིན༔ ཆོས་སྐུ་བསམ་གྱིས་མི་ཁྱབ་པ༔ རྣལ་འབྱོར་རྣམ་གསུམ་རྟོགས་པའི་ཡུལ༔ དེ་ལས་ལོངས་སྐུ་འབྱུང་བ་ཡིན༔ ཐེག་ཆེན་བྱང་ཆུབ་སེམས་དཔའི་ཡུལ༔ དེ་ལས་སྤྲུལ་སྐུ་འབྱུང་བ་ཡིན༔ སྐལ་ལྡན་སེམས་ཅན་རྣམས་ཀྱི་ཡུལ་ཞེས་གསུངས་སོ༔ དེ་ནི་འབྲས་བུ་སྐུ་གསུམ་གྱི་འཆར་ལུགས་ཡིན་གསུངས་སོ༔ ༔སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ རྗེ་ལྷ་གཅིག་དགོངས་མཛོད་ཅིག༔ ཚེ་ལ་ལོང་མེད་ཆོས་ཉིད་ཟབ་མོའི་དོན་འདི་ཉམས་སུ་ལོངས་མཛོད་ཅིག༔ དགོངས་པ་ཟབ་མོའི་དོན་དང་ལྡན་ཡང༔ འདུས་བྱས་ཀྱི་དགེ་བ་རྒྱུན་མ་ཆད་པར་མཛོད༔ ཅི་བྱེད་དམིགས་པ་མེད་པའི་རྒྱས་ཐོབས༔ ཆོས་འདི་གཞན་ལ་བསྟན་ན་སྒྲོ་སྐུར་གྱི་སར་འགྲོ་བས༔ མ་སྤེལ་གཏེར་དུ་སྦོས་མཛོད༔ དུས་ཀྱི་མཐའ་ལ་རྒྱལ་པོ་ཉིད་དང་འཕྲད་པར་མཆི་ཡི་ཞེས་བཀའ་བསྩལ་རྒྱས་བཏབ་བོ༔ རྒྱལ་པོ་དགྱེས་ཏེ་དུས་དེ་ཉིད་དུ་རིག་པ་རང་སར་གྲོལ་བར་གྱུར་ཏོ༔ སློབ་དཔོན་ལ་ཤིན་ཏུ་དྲིན་དུ་བཟོའོ༔ གསང་སྔགས་ཀྱི་གསེང་ལམ༔ སྡིག་པོ་ཆེ་སྔོན་ལ་སངས་རྒྱ་བའི་མན་ངག་གོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས༔ གསེར་གྱི་མ་དྷལ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ ཐེག་པ་ཆེ་ཆུང་གང་དང་ཡང་མི་འགལ་བའི་ཆོས་ཉམས་སུ་བླང་ཐབས་ཤིག་ཞུ་དང་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལགས༔ མི་ལུས་ཚད་མ་བསོད་ནམས་དང་ལྡན་པའི་རྒྱལ་པོར་ཡང་ཡང་སྐྱེ་བ་དཀོན་པས་ཆོས་སྲིད་བསྐྱང་བ་གཅེས༔ འཇིག་རྟེན་གྱི་བྱ་བ་རྒྱལ་ཁྲིམས་དམ་ཡང་སེམས་ཅན་རྣམས་ལ་གནོད་པས༔ བྱང་ཆུབ་ཀྱི་སེམས་སྦྱང་བ་གཅེས༔ སྒྱུ་མའི་ལུས་འདི་གཅེས་སྤྲས་ཀྱིས་ཕངས་པར་བྱས་ཀྱང་ནམ་འཆི་ཆ་མེད༔ སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཆི་བའི་བྱ་གཏོང་བ་ཡིན་པས༔ སྐྱོ་བ་སྐྱེད་ལ་གཉེན་པོ་ཆོས་སྤྱོད་ལ་འབད་པ་གལ་ཆེའོ༔ ཐར་པའི་ལམ་སྣ་ཟིན་པའི་རྒྱུ་ངོ་ཚ་དང་ཁྲེལ་འཛེམ་སྔོན་དུ་སོང་བས༔ སྡོམ་ཁྲིམས་མ་ཉམས་པར་བསྲུང་བ་གལ་ཆེ༔ སེམས་ཅན་སྙིང་རྗེའི་ཡུལ་ཡིན་པས༔ གསར་འགྲོགས་མཐོ་དམའ་མེད་པར་གྱིས་ལ༔ འཁོར་འབངས་དང་ཉེ་འབྲེལ་ཐམས་ཅད་ཆོས་ལ་གཟུད་ཅིང་བསྐྱང་བ་གལ་ཆེ༔ ཟས་ནོར་ལ་སོགས་པ་བསགས་པའི་རྫས་ལ་ཆོག་ཤེས་མེད་པས༔ ཆུད་ཟོས་ཏེ་དགྲ་ཟས་འདྲེ་ཟས་ཁ་ལེན་དུ་མ་སོང་བར་ཆོས་ཕྱོགས་སུ་གཏོང་བ་གལ་ཆེ༔ དད་གུས་མེད་ན་གདམས་པའི་བཅུད་མི་ཐོབ་པས༔ དད་བརྩོན་གུས་པས་ཡིད་ཆེས་དང་ལྡན་པས་བླ་མ་གོང་མ་རྣམས་མཆོད་ཅིང་བཀུར་བསྟི་བྱ་བ་གལ་ཆེ༔ སངས་རྒྱས་ཀྱི་ཡེ་ཤེས་རང་གི་རྒྱུད་ལ་སྟོན་པར་བྱེད་པ་བླ་མ་ཡིན་པས༔ བླ་མ་སྙན་བརྒྱུད་ཅན་ལ་གདམས་པ་ཞུས་ཏེ་ཉམས་སུ་བླང་བ་གལ་ཆེ༔ ལུས་ངག་ཡིད་གསུམ་ཐ་མལ་དུ་འཇུག་ན་བྱིན་རླབས་མི་འབྱུང་བས༔ ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་མི་རྟོག་པས་ལུས་ངག་ཡིད་གསུམ་བརྟོད་ལ་གནོན་པ་གལ་ཆེ༔ སྤྱོད་པ་ཐ་མལ་པའི་རྗེས་ཕྱིར་འབྲངས་ན་ལུས་ངག་ཡིད་གསུམ་འཇིག་རྟེན་གྱི་སྣང་བ་ལ་ཡན་པར་འཆོར་བས༔ གྲོགས་ངན་ཐབས་ཀྱིས་སྤང་ཞིང་རི་ཁྲོད་བརྟེན་པ་གལ་ཆེ༔ ཡབ་ཡུམ་དང་སྐུ་མཆེད་སྲས་དང་མཛའ་བཤེས་ཐམས་ཅད་ཤུལ་ཀའི་མགྲོན་པོ་དང་འདྲ་སྟེ་ལྷན་ཅིག་མི་གནས་པས༔ དེ་དག་ལ་ཆགས་ཞེན་སྤང་ཞིང་འཁོར་བའི་རྩ་བ་བུད་མེད་དང་མི་འགྲོགས་པ་གལ་ཆེ༔ འཇིག་རྟེན་འདིའི་རྙེད་པ་དང་བཀུར་བསྟི་སྙན་གྲགས་ཐམས་ཅད་གཡེང་བ་དང་བར་ཆད་ཀྱི་རྒྱུ་ཡིན་པས༔ འཇིག་རྟེན་བློས་བཏང་སྟེ་ཆོས་བརྒྱད་གཏན་ནས་སྤང་བ་གལ་ཆེ༔ ད་ལྟར་གྱི་སྣང་བ་བདེ་སྡུག་སྣ་ཚོགས་སུ་སྣང་བ་འདི་ཀུན་རྫོབ་མི་བདེན་པ་ཡིན་པས༔ སྣང་སྲིད་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་རང་དབང་མེད་པར་ཤེས་པ་གལ་ཆེ༔ སེམས་ཉིད་རྟ་དམུ་རྒོད་དང་འདྲ་བ་གང་དགའ་དགར་འཆོར་བས༔ དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་གཞག་པ་གལ་ཆེ༔ སེམས་ཉིད་ངོས་གཟུང་མེད་པ་དེ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པས༔ རང་གིས་རང་ལ་བལྟས་ཏེ་ངོ་ཤེས་པ་གལ་ཆེ༔ སེམས་བཟུང་ན་གནས་སུ་མི་འདོད་པས༔ ལུས་སེམས་ཁོང་གློད་ལ་ཤེས་པ་རང་སར་གཞག་པ་གལ་ཆེ༔ བཅོས་སྒྱུར་ཐམས་ཅད་རྟོག་པའི་ཉིང་འཁྲུལ་ཡིན་པས༔ རྣམ་རྟོག་འཕྲོ་རྒོད་ཐམས་ཅད་གློད་ལ་རང་སར་གྲོལ་དུ་གཞུག་པ་གལ་ཆེ༔ རྩོལ་སྒྲུབ་ཐམས་ཅད་འདོད་པའི་ཐག་པས་འཆིང་བས༔ འདོད་རྩོལ་བྲལ་བར་རང་སར་དྭངས་སུ་གཞུག་པ་གལ་ཆེ༔ རེ་དོགས་བྱུང་ན་སངས་རྒྱས་མི་ཐོབ་པས༔ སེམས་ཉིད་སྐྱེ་མེད་སྟོང་པ་ལ་སངས་རྒྱས་ཐོབ་རྒྱུ་མེད་ཅིང༔ འཁོར་བར་ལྟུང་རྒྱུ་མ་གྲུབ་པར་ཐག་གཅད་པ་གལ་ཆེ༔ ཨེ་མ་ཧོ༔ ལྷ་སྲས་གསོན་མཛོད་ཅིག༔ འདི་ལྟར་བགྱིས་ན་ཐེག་པ་ཆེ་ཆུང་སྔགས་མཚན་ཉིད་རྒྱུ་དང་འབྲས་བུའི་ཆོས་གང་དང་ཡང་མི་འགལ་བས༔ རྒྱལ་པོ་ཆེན་པོ་ཐུགས་ལ་ཞོག་མཛོད༔ དུས་ཀྱི་མཐའ་ལ་རྒྱལ་པོ་ཆེན་པོ་ཉིད་སྐྱེ་བའི་རྒྱུན་ཆོད་འཁོར་བའི་མཐའ་ཆོད༔ སངས་རྒྱས་ཀྱི་ཡེ་ཤེས་རྒྱུད་ལ་ཤར་ནས༔ འགྲོ་དོན་རྒྱུན་ཆད་མེད་པར་བྱེད་པར་གདའ་ཡིས༔ ཆོས་ཀུན་རིན་ཆེན་གཏེར་དུ་སྦོས་མཛོད་གསུངས་སོ༔ བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག༔ མངའ་བདག་རབ་ཏུ་དགྱེས་ནས་ཕྱག་དང་བསྐོར་བ་གྲངས་མེད་མཛད་དོ༔ གསེར་ཕྱེ་གཏོར་ཏོ༔ ཐེག་པ་ཐུན་མོང་པ་དང་མི་འགལ་བའི་གདམས་པ་གལ་པོ་ཆེའི་གདམས་ངག་གོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་པདྨ་འབྱུང་གནས་ལ༔ ལྷ་སྲས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ མཚན་བཅས་དང་མཚན་མེད་ཟུང་འབྲེལ་གྱི་ངོ་སྤྲོད་ཅིག་ཞུ་འཚལ་ཞེས་གསེར་གྱི་མ་དྷལ་ཕུལ༔ ཚོགས་ཀྱི་འཁོར་ལོ་མཛད་ནས་ཞུས་པས༔ སློབ་དཔོན་གྱིས་གདམས་པ་གནང་བ༔ ཨཱོྃ་ཨཱཿཧཱུྃ༔ ཡིག་འབྲུ་གསུམ་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་ལ་ངོ་སྤྲད་པ་ནི༔ བདག་ཉིད་གང་ན་འདུག་པ་དེ་ལུས་ཀྱི་རི་བོ་དགོན་པའི་གནས༔ དེ་ན་སེམས་ཉིད་སྒོམ་ཆེན་བཞུགས་ཏེ༔ དེ་ཡང་དང་པོ་རང་སྐད་ཅིག་དྲན་རྫོགས་སུ་ཡི་དམ་ལྷ་བསྐྱེད་ལ༔ ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུར་ངོ་སྤྲད༔ སྐུ་དེ་ཡང་གདོས་པ་ཅན་མ་ཡིན་ཏེ་སྣང་ལ་རང་བཞིན་མེད་པ་དེ་སྤྲུལ་པའི་སྐུར་ངོ་སྤྲད༔ དེ་ལྟར་གསལ་བའི་དུས་ན་བདག་གི་སེམས་དྲན་རྟོག་སྣ་ཚོགས་ཅན་མ་ཡིན་ཏེ༔ གསལ་ལ་རྟོག་པ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གནས་པར་བྱ་སྟེ་ཆོས་ཀྱི་སྐུར་ངོ་སྤྲད༔ དེ་ལྟར་གསལ་བའི་ལྷ་དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཉིད་ལྷའི་ངོ་བོར་ཤར་བར་ངོ་སྤྲད་དོ༔ དེ་ལྟ་བུ་དེ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་བྱ་སྟེ༔ སྤྱི་བོར་འཁོར་ལོ་རྩིབས་བཞིའི་སྟེང་དུ་ཨཱོྃ་དཀར་པོ་ཞིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོར་ངོ་སྤྲད༔ མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་ཨཱཿདམར་པོ་ཞིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ངོ་བོར་ངོ་སྤྲད༔ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་མཐིང་ནག་ཅིག་བསྒོམ་སྟེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་ངོ་སྤྲད༔ དེ་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་དེ་ཕྱག་རྒྱ་ཆེན་པོར་གསལ་བའི་ལྷ་དེ༔ ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་ངོ་བོ་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཤེས་ནས་བསྒོམས་ན་ཡི་དམ་གྱི་ལྷ་གཅིག་བསྒོམས་པས་སངས་རྒྱས་ཐམས་ཅད་བསྒོམས་པར་ངོ་སྤྲད༔ དེ་ལྟར་ལྷར་གསལ་བའི་དུས་ན་སྐུ་ལ་བགྲེས་རྒུད་མི་མངའ་བས༔ སྐྱེ་ཤི་དང་འདུ་འབྲལ་མེད་པར་ངོ་སྤྲད་དོ༔ དེ་དག་ནི་སྐུ་ཕྱག་རྒྱ་ཆེན་པོ་ལ་ངོ་སྤྲད་པའོ༔ ད་ནི་གསུང་ཡིག་འབྲུ་གསུམ་ལ་ངོ་སྤྲད་པ་ནི༔ སྤྱི་གཙུག་གི་ཨཱོྃ་དེ་བདེ་བར་གཤེགས་པའི་སྐུའི་སྙིང་པོར་ངོ་སྤྲད༔ མགྲིན་པའི་ཨཱཿགསུང་གི་སྙིང་པོར༔ ཐུགས་ཀའི་ཧཱུྃ་ཐུགས་ཀྱི་སྙིང་པོར་རོ༔ ཨཱོྃ་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ ཨཱཿས་ངག་གི༔ ཧཱུྃ་གིས་ཡིད་ཀྱིའོ༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བས་གྲུབ་རྟགས་རྣམ་གསུམ་འབྱུང་སྟེ༔ ཨཱོྃ་གྱིས་ལུས་ལ་བདེ་བ་འབྱུང་སྟེ༔ བདེ་བ་ཆོས་ཀྱི་སྐུར་ངོ་སྤྲད༔ ཨཱཿས་གསུང་གྲུབ་པས་ངག་ལ་ནུས་པར་འབྱུང་སྟེ༔ གྲགས་སྟོང་ཆོས་ཉིད་ཀྱི་སྒྲར་ངོ་སྤྲད༔ ཧཱུྃ་གིས་ཐུགས་གྲུབ་པས་སེམས་ལ་རྟོགས་པ་འཆར་ཏེ༔ གསལ་ལ་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་ངོ་སྤྲད༔ དེ་ལྟར་གསལ་བའི་དུས་ན་རྒྱུན་མི་ཆད་པ་རྣམ་པ་གསུམ་འབྱུང་སྟེ༔ རླུང་ནང་དུ་འཇུག་པ་ཨཱོྃ་སྟེ༔ ཨཱོྃ་ཞེས་སྤྱི་བོ་ནས་འབྱུང༔ རླུང་བར་ན་གནས་པ་ཨཱཿསྟེ་མགྲིན་པ་ནས་འབྱུང༔ ཕྱིར་རྒྱུ་བ་ཧཱུྃ་སྙིང་ག་ནས་འབྱུང༔ སྙིང་པོ་འབྲུ་གསུམ་རླུང་འབྱུང་གནས་འཇུག་རྒྱུན་མི་ཆད་པས༔ རྡོ་རྗེའི་བཟླས་པ་ལ་ངོ་སྤྲད་དོ༔ དེ་རྣམས་ནི་གསུང་ཡིག་འབྲུ་གསུམ་ལ་ངོ་སྤྲད་པའོ༔ ད་ནི་སྐུ་གསུང་ཐུགས་ལ་ངོ་སྤྲད་པ་ནི༔ ཨཱོྃ་སྤྲུལ་པའི་སྐུའི་ངོ་བོ་ཡིན་ཏེ་ད་ལྟར་གྱི་ཤེས་པ་སྣ་ཚོགས་དྲན་རིག་འགྱུ་བ་ཅན་འདི་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ་རིག་པ་གསལ་ལ་མ་འགགས་པར་རང་ཤར་འདི་ལ་ངོ་སྤྲད༔ ཧཱུྃ་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཏེ་སེམས་ངོ་བོ་གང་དུ་ཡང་མ་གྲུབ་པ་སྤྲོས་པ་དང་བྲལ་བ་འདི་ལ་ངོ་སྤྲད༔ དེ་ཡང་ཨཱོྃ་སྤྲུལ་སྐུའི་ངོ་བོ་དེ་སྤྱོད་པ་སྣ་ཚོགས་པ་ལ་ཞེན་པ་མེད་པས་གང་ལྟར་ཡང་འཆར་བ་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་པའི་སྐུ་དེ་སྒོམ་པ་གསལ་ལ་འཛིན་པ་མེད་པ་ལ་ངོ་སྤྲད༔ ཧཱུྃ་ཆོས་ཀྱི་སྐུའི་ངོ་བོ་དེ་ལྟ་བ་བདེ་ཆེན་མཐའ་བྲལ་གང་གི་ཡང་འདོད་པ་མེད་པ་ལ་ངོ་སྤྲད༔ ཨཱོྃ་སྤྲུལ་པ་སྐུའི་ངོ་བོ་དེ་དྲན་འགྱུས་རྣམ་རྟོག་རང་སར་གྲོལ་བས་རྟོག་པ་ཆོས་ཉིད་དུ་འཆར་བ་ལ་ངོ་སྤྲད༔ ཨཱཿལོངས་སྤྱོད་རྫོགས་སྐུའི་ངོ་བོ་དེ་ཉིད་ཆོས་ཉིད་རང་གསལ་དུ་ཤར་བས་སྒོམ་ཐུན་མཚམས་མེད་པར་ངོ་སྤྲད༔ ཧཱུྃ་ཆོས་སྐུའི་ངོ་བོ་དེ་ཆོས་ཉིད་གཞི་མེད་ལྟ་བ་ལ་གོལ་ས་མེད་པར་ངོ་སྤྲད༔ དེ་ནི་ཐུགས་གསུང་སྐུ་གསུམ་ལ་ངོ་སྤྲད་པའོ༔ གདམས་པ་གཅིག་དུ་དྲིལ་བས༔ ལུས་ལྷར་སྣང་ལ་རང་བཞིན་མེད་པར་སྣང་སྟོང་གཉིས་མེད༔ ངག་འབྲུ་གསུམ་ཡིད་ཀྱིས་གསལ་བར་བཟླས་པས་གསལ་སྟོང་གཉིས་མེད༔ དེ་གསུམ་དང་ལྡན་པ་མཚན་བཅས་མཚན་མེད་ཟུང་འཇུག་ཡིན༔ སངས་རྒྱས་ལ་འཆོར་ས་མེད་པར་ཐོབ་པར་བྱེད་པས་རྒྱལ་པོ་ཆེན་པོ་ཐུགས་དམ་དུ་བཞེས་འཚལ༔ འདི་ལས་ལྷག་པའི་གདམས་ངག་པདྨ་བདག་ལ་ཡོད་རེ་ཀན་ཞེས་གདམས་པས༔ མངའ་བདག་རབ་ཏུ་དགྱེས་ནས་ཕྱག་བྱས༔ གསེར་ཕྱེ་གཏོར༔ བསྐྱེད་རྫོགས་ཟུང་འཇུག་གི་གདམས་པའོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སློབ་དཔོན་གྱིས་རྒྱལ་པོ་ལ་གདམས་པ༔ རྗེ་ལྷ་གཅིག་ལགས༔ གདམས་པ་ཟབ་མོའི་དོན་འདི་ཉམས་སུ་ལོང་མཛོད༔ འཁོར་བའི་གནས་ན་བདེ་བའི་ས་མེད༔ སངས་རྒྱས་གནས་ན་བདེ༔ སངས་རྒྱས་བསྒྲུབས་པས་མི་འགྲུབ་མ་བཙལ་བཞག་ན་འགྲུབ༔ འཁོར་བ་སྤངས་པས་མི་སྤོང་རང་སར་བཞག་པས་གྲོལ༔ སྡུག་བསྔལ་བཅོས་པས་མི་བདེ་གློད་ནས་བཞག་པས་བདེ༔ བདེ་བ་འདོད་པས་མི་མྱོང་འདོད་སྲེད་བཞག་པས་སྐྱེད༔ ཆགས་ཞེན་བཅད་པས་མི་ཆོད་ཞེན་པ་ལོག་ན་ཆོད༔ གདམས་པ་འདོད་པས་མི་རྙེད་བླ་མ་བསྟེན་པས་རྙེད༔ བྱིན་རླབས་ཞུས་པས་མི་འོང་མོས་གུས་སྐྱེས་ན་འོང༔ རྒྱལ་པོ་ཉིད་ཀྱང་ཆོས་དང་འགྲོགས་ན་བདེ༔ བྱ་བྱེད་གཡེང་བ་སྐྱུར་ལ་ལྟ་སྒོམ་དོན་ལ་སྤྱོད༔ སྐྱེ་མེད་ཆོས་སྐུ་མཉམ་པའི་ངང་ལ་བཞུགས་ཞེས་གསུངས་སོ༔ རྒྱལ་པོ་དགྱེས་ནས་ཕྱག་དང་བསྐོར་བ་མང་དུ་མཛད་དོ༔ སློབ་དཔོན་ལ་ཤིན་ཏུ་གུས་ཤིང་དད་དོ༔༔ ༔༔ ༄༅༔ སྐྱོན་ཅན་སུན་འདོན་གྱི་སྐོར༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་སྐུ་སྐྱེ་ཤི་མེད་པ་སྤྲུལ་པའི་སྐུ་དངོས་དེ༔ སྔོན་ལས་ཀྱིས་བསྐུལ་ནས་བོད་དུ་བྱོན་པ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞབས་ཏོག་བྱེད་ཅིང་ཡོད་པ་ལ༔ བོད་ཀྱི་མི་རྣམས་ལ་ཐུགས་མུག་ནས་འདི་སྐད་གསུངས༔ མཚོ་རྒྱལ་བོད་ཀྱི་མི་འདི་རྣམས་ལ་གདོལ་བའི་རིགས་སྤྲེའུ་དང་བྲག་སྲིན་གྱི་བུའི་ཞད་ཅིག་འདུག་གསུངས༔ ཇོ་མོས་ཇི་ལྟར་གདའ་ཞུས་པས༔ ཁོང་སྒྲིན་ལ་ཅོལ་ཆུང༔ མི་འགྲུབ་པའི་བྱ་བ་མང༔ སྙིང་རྗེ་མེད་ལ་སྲོག་གཅོད་པ་ལ་དགའ༔ ཆོས་ལ་གནག་ལ་སྡིག་ལ་བརྩོན༔ ཆོས་བྱེད་པ་ལ་མི་བརྩི་བར་སྡིག་བྱེད་ལ་བསྟོད༔ ལས་འཁྲུགས་པ་ལ་བྱེད་ཅིང་ཕྱོགས་རིས་དང་ཁ་འཛིན་ཆེ༔ དྲིན་བཞག་མི་དྲན་པར་ཁེ་སྐམ་ལ་ཅི་ཡང་བྱེད༔ བྱ་བ་མང་ལ་ཆོས་སྒྲུབ་པ་ཉུང༔ བོད་འདི་ཀུན་གྱིས་ཆོས་མི་འོང༔ ཇི་སྐད་ཞལ་ཏ་བྱས་ཀྱང་སླར་ཁྱོད་རང་དེ་ལྟར་བྱ་མོད་ཟེར་བ་ཤ་སྟག་འདུག༔ བོད་འདི་ཀུན་ཆོས་བཞིན་བྱེད་པ་ཇེ་ཉུང་ཇེ་ཉུང་འོང་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ བཙུན་པའི་ཆ་ལུགས་བྱས་ནས༔ བླང་རྒྱུའི་དགེ་བཅུ་དང་དུ་མི་ལེན་པར་རྒྱབ་དུ་བསྐྱུར༔ སྤང་རྒྱུའི་ཆུང་མ་དང་དུ་བླངས་ནས་མདུན་དུ་བསྟེན༔ བྱ་རྒྱུའི་ཆོས་སྤྱོད་མི་བྱེད་པར་ཡལ་བར་དོར༔ གཞག་རྒྱུའི་བྱ་བྱེད་གཡོ་ཁྲམ་དང་དུ་བླངས༔ བསམ་རྒྱུའི་ལས་འབྲས་རྣམ་སྨིན་སྐད་ཅིག་ཀྱང་མི་སེམས༔ སྤང་བྱའི་ཚོང་དང་ཁེ་སྤོགས་དོན་ལ་སེམས༔ འགྲོ་ན་རྟ་བོང་གི་ཁལ་ཕྱིར་འབྲང༔ འདུག་ན་ཚོང་འདུས་དང་སྐྱེ་བོའི་ནང་ན་འདུག༔ ཟ་ན་ཤ་ཆང་དང་སྒོག་ཙོང་ལ་འབད༔ ཉལ་ན་བུད་མེད་ཀྱི་ནུ་ཕྲག་ཏུ་མགོ་ཧྲིལ་ལེ་གཉིད་ལོག་པ་འདི་ཀུན་མཐོང་ཙམ་ན་ང་ཡི་མུག༔ མཁན་པོ་དང་སློབ་དཔོན་ལ་ངོ་རེ་ཚ་ན༔ སྐྱེ་བོ་རྣམས་ཀྱིས་ཞེ་རེ་ཁྲེལ་ན༔ སྟོན་པའི་ན་བཟའ་ཆུད་རེ་ཟོས་ན༔ ངུར་སྨྲིག་གི་ཆོས་གོས་འོ་རེ་བརྒྱལ་ན༔ སངས་རྒྱས་ཀྱི་བསྟན་པ་ལ་ཏོག་ཙེས་བརྐོས་པ་འདི་ལྟ་བུ་མཐོང་ཙམ་ན་སྙིང་དུ་འདྲེ་བས་མི་སྡུག༔ བཙུན་འཆོས་ཚོ་ལ་ཚེ་ཕྱི་མར་ལས་གཅིག་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བུད་མེད་བཙུན་མ་བྱས་ནས༔ བསྲུང་རྒྱུའི་སྡོམ་པ་མི་སྲུང་བར་གཏོང་རྒྱུའི་ཟས་ནོར་སྲུང༔ ཉན་རྒྱུའི་ཆོས་མི་ཉན་པར་བོར་རྒྱུའི་ལོང་གཏམ་ཉན༔ འགྲིམ་རྒྱུའི་ཆོས་གྲ་མི་འགྲིམ་པར་གྲོང་ཁྱེར་འཕོང་ར་འགྲིམ༔ བྱ་རྒྱུའི་དགེ་སྦྱོར་མི་བྱེད་པར་གཞག་རྒྱུའི་བལ་ཕྲུག་བྱེད༔ བལྟ་རྒྱུའི་སེམས་ལ་མི་ལྟ༔ ཆགས་སེམས་ཀྱིས་སྐྱེས་པའི་གཟུགས་བྱད་ལ་ལྟ༔ རྣམ་སྨིན་སྐད་ཅིག་ཀྱང་མི་དྲན་པར༔ སྐྱེ་བོའི་ལམ་ན་མགོ་ཧྲིལ་ཧྲིལ་བྱས་ནས༔ མཁན་སློབ་ཁྱད་དུ་གསོད༔ སྡོམ་ཁྲིམས་གྲི་རུ་བཀུམ༔ དགེ་བ་ཕྱགས་མས་བཏབ༔ རང་གིས་རང་ཉིད་བསླུས༔ མི་ཚེ་སྟོང་ལོག་བྱས༔ སྡིག་པ་ཁུར་དུ་བྲེས་པས་ཁ་ཅིག་མཐོང་ཙམ་ན་ང་ཡི་མུག༔ ཁྱེད་དང་པོ་སྐྱེས་པའི་སྙིང་དུ་མི་སྡུག་གམ༔ ཕ་མ་བཏང་ནས་ཁྱིམ་ནས་བྱུང་ངམ༔ ཟས་ནོར་མགོ་རྒྱན་ཙམ་མེད་དམ༔ ཁྱོ་སྐལ་ཆད་ནས་གོ་རྒས་སུ་ལུས་སམ༔ སྔ་ཕྱིའི་བསམ་མནོ་གཏོང་བའི་སྙིང་འཕོངས་སུ་བྱིལ་ལམ༔ འདི་ཁོ་ན་ལྟས་ངན་ཡིན་སྙམ་པ་ལ༔ སྐྱེས་པ་ཀུན་ཡང་འདོད་ཆགས་སྐྱེ་བར་འདུག༔ གཉིས་ཀ་སྨྱོ་བ་ཡིན་ཏེ༔ ཉོན་མོངས་པ་ཅན་ཚོ་དམྱལ་བའི་གྲོང་ཁྱེར་དུ་སྡུག་ཡུན་རིང་པར་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་པའི་ཆ་ལུགས་བྱས་ནས༔ སློབ་རྒྱུའི་ཤེས་རབ་རྣམ་གསུམ་ལ་མི་སློབ༔ དབང་དང་རིམ་པ་མནོས་ནས༔ བསྲུང་རྒྱུའི་དམ་ཚིག་ཡིད་ལ་ཡང་མི་དྲན༔ ཐེག་པ་ཆེན་པོར་ཁས་བླངས་ནས༔ སེམས་ཅན་ལ་ཕན་པའི་དོན་སྐད་ཅིག་ཀྱང་མི་སྒྲུབ༔ སྔགས་སྒོར་ཞུགས་ནས༔ བསྐྱེད་རྫོགས་གཞུང་དང་མཐུན་པ་སྐད་ཅིག་ཀྱང་མི་སྒོམ༔ བུད་མེད་མཆན་དུ་རོ་ཉལ་བྱས་ནས༔ ཀ་བ་ལི་གོག་པོ་རེ་འཕོངས་ཀྱི་རྩ་ན་བཞག༔ ཐོད་པ་གོག་པ་རེ་ནི་སྔས་ཀྱི་འགྲམ་ན་སྦུབ༔ རྔ་གོག་པོ་རེ་རྩིག་པའི་ལོགས་སུ་གཟེར༔ ཏིང་ངེ་འཛིན་བྲེང་གཅིག་ཀྱང་མེད་པར་ཁས་ཕྲིན་ལས་བོན་གྱེར་བྱེད༔ ཞེ་སྡང་གདུག་སེམས་ཀྱིས་ར་རྒན་ལུག་འཛི་ལ་དམོད་པ་རྨོ༔ བུ་སྨད་ཀྱི་འཁོར་གྱིས་བསྐོར་ནས་སྤྱོད་པ་འབོག་ཆོས་བྱེད༔ སྐྱེ་བོའི་སྤྱོད་པ་ལས་མ་ལོག་པར་མཐུ་རྩལ་དང་བྱིན་རླབས་རེ༔ གསོད་གཅོད་ཀྱི་རྣམ་སྨིན་ལ་མི་འཛེམ་པར་བཀྲ་ཤིས་དང་རྒྱུད་བཟང་འདོད༔ སྔགས་པ་འདི་ལྟ་བུ་མཐོང་ཙམ་ན་ཡི་མུག༔ རྡོ་རྗེ་སེམས་དཔའི་བསྟན་པ་འཇིག་པ་འདི་རྣམས་དྲན་ཙམ་ན་ངུ་སྙིང་འདོད༔ འབན་པོ་ཆེ་རྡོ་རྗེ་དམྱལ་བར་སྡུག་པ་ཁམ་ཆེ་བར་འོང་བ་སྙིང་རེ་རྗེ་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྒོམ་ཆེན་དུ་ཁས་བླངས་ནས་སེམས་བག་ཙམ་ཡང་མི་འཛིན༔ བཙུན་ཆེན་དུ་ཁས་བླངས་ནས་ཁྲིམས་ཀྱང་མི་སྲུང༔ དགེ་བཤེས་སུ་ཁས་བླངས་ནས་ཆོས་ཀྱི་མཁྱེན་པ་སྣ་གཅིག་ཀྱང་མཐར་མ་ཕྱིན༔ སྔགས་པར་ཁས་བླངས་ནས་དམ་ཚིག་སྐུ་གསུང་ཐུགས་ཀྱང་མི་སྲུང༔ ཐམས་ཅད་ཀྱང་ཟས་ནོར་འདོད་པ་མ་གཏོགས་པ་རང་ལ་ཕན་པ་སྐད་ཅིག་ཀྱང་མི་སྒྲུབ་པར་འདུག་སྟེ༔ འཇིག་རྟེན་འདིའི་ཆེད་དུ་རྐྱང་བྱེད་པའི་ཁས་བླངས་ཆེ་ལ་ཉམས་ལེན་ཆུང་བ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ ཆོས་དཔག་འགྲིམ་པ་ཅན་འདི་ཚོ་ཡ་ང་སྙིང་རྗེ་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་ནས༔ མཐོ་ས་བཟུང་ནས་དམན་པའི་སྤྱོད་པ་བྱེད༔ ཆེ་ས་བཟུང་ནས་ཆུང་དགུའི་ལས་བྱེད༔ ཐར་པའི་ས་བཟུང་ནས་སྐྱེ་བོའི་ཁ་འཛིན༔ འཁོར་བའི་འབྲེལ་ཐག་མི་གཅོད་པར་གཉེན་འདུན་བདག་འཛིན་བྱེད༔ བག་ཙམ་གྱི་ཁེ་མཐོང་ན་རྣམ་སྨིན་ལ་མི་འཛེམ་པའི་ལས་བྱེད༔ ཁྲོམ་ཁོང་དུ་བཙུད་ནས་བཙུན་བཙུན་ལྟར་བྱེད་པའི་ཚུལ་འཆོས་མཁན་འདི་རྣམས་མཐོང་ཙམ་ན་ཡི་མུག༔ བཙུན་པ་འདི་ལྟ་བུ་ཐ་མལ་པ་བས་ཐུ་བར་འདུག་པ་ལ༔ ཁོ་རང་བཟང་དུ་རེ་ནས་ཚུགས་པ་མི་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཀློག་མཁན་ཟེར་བའི་ཆོས་ཁ་ཏོན་བྱེད་པ་ལ་དགེ་སྦྱོར་དུ་མ་ཤེས་པར༔ ཟས་ནོར་གྱི་རྙེད་པ་ལ་དམིགས་ནས་མྱུར་དུ་ཐོན་ན་དགའ༔ རང་གིས་ལེགས་པར་བཏོན་ཡང་མ་དག་པའི་ཉེས་དམིགས་ཀྱིས་ཆོག་སྟེ༔ ཚིག་ལ་ཅི་བཏོགས་དང་ཤུབ་ཀློག་བྱེད༔ ཆོས་འབྲི་བའི་དུས་ན་ཡིག་འབྲུ་ཆད་པ་ཡང་གསོ་དགོས་པ་ལ༔ བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་འབྲུ་གཅིག་ཀྱང་ཡིད་ལ་མི་འཛིན༔ སློབ་དཔོན་ལ་གདམས་པ་ཞུ་ཞིང་ཆོས་ཚོལ་བ་ལ་དཀའ་བ་དུ་མ་སྤྱོད་དགོས་པ་ལ༔ སངས་རྒྱས་ཀྱི་གསུང་གི་གདམས་ངག་ལྷུག་པར་འདོན་པ་མན་ངག་ཏུ་མ་ཤེས༔ བྱང་ཆུབ་སེམས་ཀྱིས་ཟིན་ན་རང་དང་ཡོན་བདག་གཉིས་ཀ་ལ་ཕན་པར་མ་ཤེས་པར༔ ཟོལ་དང་རྫུན་ཆོས་བྱས་ནས་དམྱལ་བ་རིན་གྱིས་ཉོ་བ་འདི་རྣམས་མཐོང་ཙམ་ན་ང་ཡི་མུག༔ ཀློག་མཁན་འདི་ཚོའི་ལྕེ་ལ་ཕྱི་མར་ལས་བཟོད་པར་དཀའ་བར་འོང་ན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྨན་པ་རྣམས་ཀྱིས་ཀྱང་བྱང་སེམས་དང་ལྡན་པས༔ ལེགས་པར་བཅོས་ན་ཆོས་སུ་འགྲོ་བ་ཞིག་འདུག་པ་ལ༔ ཟས་ནོར་ལ་བལྟས་ནས་མ་ཤེས་ཀྱང་མཁས་པར་ཁས་ལེན༔ ནད་ངོ་མ་ཤེས་ཀྱང་བཅོས་བྱེད༔ སྙིང་རྗེ་མེད་པར་ཕོད་པ་ཆེ༔ མི་རི་བ་ལ་སྨན་རིན་ལེན༔ མི་དབང་བའི་རྐང་གླ་འདོད༔ མི་ཕན་པའི་དཔྱད་བྱེད༔ མི་ན་བ་ནར་འཇུག༔ མྱུར་དུ་སོས་པ་མི་སོས་པར་བྱེད༔ མི་དགོས་པའི་སྨན་གཏོང༔ རིག་པ་ཕུལ་དུ་མ་ཕྱིན་པར་ནད་པ་བྱུང་ན་དགའ་བ་ལ་སྙམ་པ་ཞིག་མཐོང་ཙམ་ན་ང་ཡི་མུག༔ སྨན་པ་འདི་ཀུན་ཡང་སྡིག་པ་ཉེན་ཆེ་བར་གསོག་པར་འོང་འདུག༔ འབྱུང་པོ་གཙགས་བུ་ཐོགས་པ་མང་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡིག་མཁན་ཟེར་ཆོས་སུ་མི་འགྲོ་བར་རྣམ་སྨིན་ངན་པ་ཁོ་རང་གིས་གསོག་པར་འདུག༔ བཀའ་དྲི་མ་མེད་པ་དང་འཕྲད་པར་དཀའ་བའི་དུས་འདིར་བཀུར་སྟི་མི་བྱེད་པར་འགོང་ལམ་བྱེད༔ ཡོན་བདག་གི་ཟས་སྐོམ་ལ་མ་མགུ་ན་ཟོལ་ཟོག་ཆོས་ལ་འཛུད༔ རྒྱལ་བའི་བཀའ་གླེགས་བམ་ལ་རིན་ཐང་གཅོད༔ འདོད་པ་ཁོང་དུ་བཅུག་ནས་རྙེད་པའི་ཆོས༔ བྱང་ཆུབ་སེམས་ཀྱིས་མ་ཟིན་པར་བཀའ་འགྱུར་རོ་ཅོག་བྲིས་ཀྱང་རང་ལ་མི་ཕན༔ བ་ལང་སྨྱུག་གུ་ཐོགས་པ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ ལར་ཆོས་སྤོང་བའི་ལས་གསོག་པ་ཉེན་ཆེ་བར་གདའ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོ་ག་མཁན་འདི་རྣམས་ཀྱིས་ཀྱང་བོན་པོའི་ལད་མོ་ལས་མ་ཤེས༔ མཆོད་པ་གཞུང་བཞིན་དུ་མི་བཤམ་པར༔ དཀོན་མཆོག་སྤྱན་འདྲེན༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་མ་བརླབས་པར་ཡོངས་ལ་བསྔོ༔ ཏིང་ངེ་འཛིན་གྱི་རྩལ་མེད་པར་གཞན་གྱི་སྡིག་སྦྱོང་བྱེད༔ གཏོར་མ་གནས་སུ་མ་སྐྱོལ་བར་འགྲོ་བའི་བར་ཆད་སེལ་བར་འདོད༔ རང་དོན་དགོངས་པ་དང་མི་ལྡན་པར་རང་སྡིག་གསོག་ཅིང་བར་ཆད་རིན་གྱིས་ཉོ་བ་ཞིག་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མདོས་མཁན་འདི་ཚོས་མི་ཤིས་པ་རིན་གྱིས་ཉོ་བར་འདུག་གསུངས༔ རྫས་དང་ཡས་སྟགས་གཞུང་བཞིན་མ་བསགས་པར་ཆོ་འབྲང་མང་པོ་འདོན༔ ཏིང་ངེ་འཛིན་གྱིས་དབང་དུ་མ་འདུས་པར་ལྷ་འདྲེའི་མཚང་འབྲུ༔ བྱིན་རླབས་སྤེལ་སྦྱོང་མ་ཤེས་པར་རྫས་ཆུང་ངུ་རེ་ལ་ལྷ་སྲིན་ཐམས་ཅད་སྐད་གཏོང༔ ཡས་ཐགས་སྐོས་ལ་མ་ཐེབས་པར་མདོས་རྫོངས་སུ་འདེབས༔ ཐེབ་ལྡོག་དུས་ཚོད་མ་ཤེས་པར་ཕྲིན་ལས་ཀྱི་ལམ་སྟོན༔ ལྷ་འདྲེ་མཐུན་རྫས་ཀྱིས་མ་མཉེས་པར་བཀའ་བསྒོ་བའི་ལས་འཆོལ༔ ལྟ་བ་ལ་མ་སླེབ་པར་འོ་དོད་འབོད་པ་འདི་ཚོ་ལ་ང་ཡི་མུག༔ ལྷ་འདྲེ་འཁྲུགས་ནས་རང་དང་ཡོན་བདག་བརླག་པར་བྱེད་ཉེན་ཆེ་འོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བོན་པོ་ཟེར་རྒོད་བྲོ་བ་ཞིག་འདུག༔ ཅིར་སྣང་ཡས་སུ་བསགས་ནས་རིགས་རྒྱུད་ལྷ་རུ་མཆོད༔ རྒྱུད་སྨྲང་དུ་འདོན་ཅིང་ཁ་ནས་འོ་དོད་འབོད༔ ཡས་གདན་ཁྱིམ་དུ་གསོག་ཅིང་ཡས་ཟས་བུ་སྨད་གསོ༔ རྔ་གོག་འགྲམ་པ་གཅོག་ཅིང་ཟན་ཆང་རྩ་བ་ནས་གཅོད༔ ལྷ་གསོལ་ཟེར་ནས་ལུག་གསོད༔ སྲི་གནོན་ཟེར་ནས་ཁྱི་ཐོད་སྦེད༔ མཚུན་གསོལ་ཟེར་ནས་གཤིན་པོ་འབོད༔ གཡང་ལྡོན་ཟེར་ནས་ཤ་མར་ཁོས་ཟ༔ རིམ་གྲོ་བྱེད་ཟེར་ནས་འདྲེ་སྙོམས་སུ་འཇུག༔ མི་ཁ་འགྲང་ཟེར་ནས་བལ་ཚོན་གྱིས་གཡོགས༔ བསང་བྱེད་ཟེར་ནས་ཁྱིམ་དུ་ནག་གིས་འགེངས༔ ལོག་རྟོག་གི་དྲྭ་བས་བཅིངས་ནས་ཡོན་བདག་གི་ཟན་ཆུར་དོར་བ་འདི་ཚོ་མཐོང་ཙམ་ན་ང་ཡི་མུག༔ མུ་སྟེགས་རྒྱང་འཕེན་པ་ཚོ་སྙིང་རེ་རྗེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཙོ་བོ་ཟེར་སྡིག་གསོག་པ་ཞིག་འདུག༔ ལྟ་རྟོག་གཡོ་སྒྱུ་ལ་གཏོང༔ བསམ་མནོ་ཁྲོམ་ལ་བྱེད༔ ཟས་སུ་མནའ་ཟ་ཟོང་དུ་རྫུན་འཚོང༔ ལས་མགོ་བསྐོར་ལ་བྱེད༔ སྨྲ་ན་ཆེད་དུ་ཕྲ་མ་འཇུག༔ འདུན་མར་ཁེ་གྲགས་སྐྱོང༔ ནོར་ལྐོག་སུན་ལ་རེ༔ གནག་སེམས་མི་དགེ་བ་ལ་འཆབ༔ སོ་ནམ་སྐྱོན་སྐོར་སྒྲུབ༔ གཅོད་ན་སྲིད་སྡེ་གཅོད༔ སློང་ན་འཁྲུགས་པ་སློང༔ ཟས་འགྲོ་འདུག་ལ་ཟད༔ སེམས་ལ་ངན་སེམས་མིན་པ་ཅི་ཡང་མི་འགྱུ་བས༔ ལས་སུ་གཞན་གོང་དུ་ཤོར་གྱིས་དོགས་པར་བྱས་ནས༔ ཚེ་ཕྱི་མའི་འདུན་མ་སྐད་ཅིག་མི་བྱེད་པའི་བོད་ཀྱི་གཙོ་བོ་རྣམས་ལ་ང་ཡི་མུག༔ བློན་པོ་གདུག་པ་ཅན་འདི་ཚོས་རང་གྲོས་མི་ཤེས་པ་སྙིང་རེ་རྗེ༔ འདུན་མ་མཁན་ཚོ་ལ་མགོ་བསྐོར་ཆེན་པོ་གཅིག་མྱུར་དུ་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མི་ཆོས་པ་ཟེར་བ་ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན་པར༔ འདིའི་ཆེད་དུ་མི་དགེ་བ་ཅི་ཡང་ཚང་བ་བྱེད་པ་ཞིག་འདུག༔ སྲོག་གཅོད་པ་ལ་གཞན་གསོད་དུ་བཅུག་པས་སྡིག་པ་མི་འོང་དུ་རེ༔ རྐུ་བ་ལ་མི་རུང་བ་འོང་སྙམ་པ་མེད༔ འཕྲོག་པ་ལ་སྙིང་རྗེ་ངོ་ཚ་མི་དྲན༔ རྫུན་གཏོང་བ་ལ་རྣམ་སྨིན་ཡོད་སྙམ་པ་ཡིད་ལ་མི་འགྱུ༔ ཚིག་རྩུབ་དང་དམོད་མོ་བུ་ལ་ཡང་ཟེར༔ ཕྲ་མ་མ་སྨད་ལ་ཡང་འཇུག༔ ངག་འཁྱལ་ལ་ཀུ་རེར་ཆེ༔ ལོང་གཏམ་ལ་ཡང་བསྲིང་བྱེད༔ འདོད་ལོག་ལ་བཀའ་བདེར་མཐོང༔ མི་ཚངས་པར་སྤྱོད་པ་ལ་ལོངས་སྤྱོད་དུ་བྱེད༔ འདོད་སེམས་ཕ་མ་འཕྱའོ༔ བརྣབ་སེམས་ཆོས་བྱེད་ཀྱི་ནོར་ལ་ཡང་བྱེད༔ ཆོས་བྱེད་པ་ལ་ངན་པའི་ལོག་ལྟར་འཛིན༔ ཅི་བྱེད་ཀྱང་མི་དགེ་བ་བཅུ་ལས་མ་འདས་པར་འདུག་པ་འདི་རྣམས་ལ་ང་ཡི་མུག༔ ལས་ངན་གྱིས་མནར་བ་སྙིང་རེ་རྗེར་འདུག་པ་ལ་ཁོང་རང་གིས་སྡུག་པར་མ་ཚོར་བར་འདུག༔ ཤི་ནས་ངན་སོང་གསུམ་ལས་འགྲོ་ས་མེད་པ་འདི་ཡ་ཆ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཁྱད་པར་དུ་བུད་མེད་ཟེར་བའི་ཞན་མ་གཅིག་འདུག༔ སྐྱེ་བ་དམན་པས་སྙིང་ཆེ་ལ་ཆུང༔ ལས་ངན་པས་ལུས་ལ་ཁྱད་པར་གྱི་ནད་མང༔ དགྲ་རང་ལུས་ལ་ཡོད་པས་ཁྱིམ་ཐབ་མ་བྱས་པར་མི་ཚུགས༔ བསོད་ནམས་ཆུང་བས་ནོར་རྫས་ཐོག་ནས་ཁོལ་མོ་ལ་འགྲོ༔ ཚོགས་མ་བསགས་པས་ལྷག་པའི་ལས་ངན་མང་པོ་ལ་འབད༔ ཡི་དྭགས་ཀྱི་ལས་གསོག་པས་སེར་སྣ་དང་འཇུར་གེགས་ལ་དགའ༔ དུད་འགྲོའི་ཆ་མཐུན་ཡོད་པས་ཆོས་ཇི་ལྟར་བསྟན་ཡང་མི་གོ༔ དམྱལ་བའི་ལས་གསོག་པས་ཕྲག་དོག་གདུག་སེམས་ལ་བརྣན༔ ཡོ་བྱད་ཡོད་ན་འཚོ་སྐྱོང་དང་མེལ་ཚེས་སྤྱོད༔ མེད་ན་ཁྱད་པར་གྱི་སྡུག་སྲིས་བུད་མེད་ལ་འབབ༔ རང་གཅིག་པུ་ལྟོག་པས་མི་ཆོག༔ ཁྱོ་ལྟོག་ཀྱང་སྦྱིན་རྒྱུ་མི་རྙེད༔ འཛད་དྲིན་ཅན་ཚོ་ཚེ་འདིའི་ཁེ་གྲགས་ལ་ཡེངས༔ ཐམས་ཅད་ཀྱིས་ཆོས་མི་དྲན་པར་ཕྱི་དུས་ལ་འཇོག༔ ཁ་ཅིག་ཆོས་དྲན་ནས་ཉན་བསམ་ལ་སོགས་པ་མང་པོ་བྱས་ཀྱང་དོན་དང་མ་མཐུན་པར་ཁ་ཆོས་སུ་སོང༔ ཅི་བྱེད་ཀྱང་ངན་སོང་གི་ས་བོན་ལས་མ་འདས་པ་འདི་རྣམས་ལ་ང་ཡི་མུག༔ མི་ལུས་ཐོབ་ཀྱང་དམྱལ་བའི་སྡུག་བསྔལ་ལ་སྤྱོད་པ་འདི་རྣམས་མཐོང་ཞིང་སྙིང་རྗེ་བཙན་ཐབས་སུ་སྐྱེ་བར་འདུག་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་བོད་ཀྱི་མི་རྣམས་མཐོང་ཙམ་ན༔ རྒོད་བྲོ་ལ་ཡི་མུག་པར་འདུག་གསུངས༔ ཇི་ལྟར་གདའ་ཞུས་པས༔ དགེ་བའི་བཤེས་གཉེན་ཡིན་ཟེར་ནས་གྲུབ་མཐའི་སྤྲོས་པ་མི་ཆོད༔ སྒོམ་ཆེན་ཡིན་ཟེར་ནས་ཡང་དག་པའི་དོན་གྱི་ཆེ་བ་དང་མི་ལྡན༔ སྔགས་པ་ཡིན་ཟེར་ནས་སྔགས་ཀྱི་གནད་མི་ཤེས༔ བཙུན་པ་ཡིན་ཟེར་ནས་སྐྱེ་བོའི་སྤྱོད་པ་བྱེད༔ རྣལ་འབྱོར་པ་ཡིན་ཟེར་ནས་ཆོས་ལ་བློ་མ་འབྱོར༔ སྨན་པ་ཡིན་ཟེར་ནས་ཁོ་རང་ནད་སྐྲན་གྱིས་འཆི༔ རྒྱ་ནག་གི་དཔྱད་རྩི་ཤེས་ཟེར་ནས་རང་སྐག་གིས་འཆི༔ བོན་པོ་ཡིན་ཟེར་ནས་ཁ་འོ་དོད་འབོད༔ རྒྱལ་པོ་ཡིན་ཟེར་ནས་དམངས་ཀྱི་ཁ་ལོ་མི་འགྱུར༔ བློན་པོ་ཡིན་ཟེར་ནས་ཆོས་ལ་གནག་ཅིང་གྱོང༔ གཙོ་བོ་ཡིན་ཟེར་ནས་མིའི་ཁོལ་པོ་བྱེད༔ ཕྱུག་པོ་ཡིན་ཟེར་ནས་སླར་ཟས་སྐོམ་ཆུང༔ དཔའ་བོ་ཡིན་ཟེར་ནས་ལུས་སྲོག་འབེན་དུ་འཛུགས༔ འཁྲུག་པ་བྱེད་ཟེར་ནས་མི་ནོར་ཟད་པར་བྱེད༔ འདུན་མ་མཁས་ཟེར་ནས་རང་གཞན་ཕུང་དུ་འཇུག༔ དྲག་པོ་ཡིན་ཟེར་གཞན་ལ་དོ་བདོ༔ ཁྱིམ་ཐབ་སྡུག་ཟེར་ནས་སླར་ཕོ་མོ་འདུ༔ བཀྲེན་པས་གདུང་ཟེར་ནས་སྦྱིན་པ་ཆུ་ཁྲོག་གཅིག་ཀྱང་མི་གཏོང༔ མཁར་ལས་བྱེད་ཟེར་ནས་ཟས་ནོར་ས་རྡོ་དང་བསྲེ༔ ཤར་མོ་ཡིན་ཟེར་ནས་སེམས་ལ་མི་རྟག་པ་སྐད་ཅིག་ཀྱང་མ་ཤར༔ བུད་མེད་ཡིན་ཟེར་ཡང་ད་རུང་སྡུག་བསྔལ་ལས་མི་འབུད༔ རྒད་པོ་ཡིན་ཟེར་ནས་མགོ་དཀར་པོར་སོང་ཡང་ཤེད་མ་བྱེ༔ ཤེས་རབ་ཆུང་ཟེར་ནས་ཆོས་མི་ཉན༔ འཁོར་བ་སྡུག་ཟེར་ནས་ཐར་པ་མི་སྒྲུབ༔ དྲན་པ་གསལ་ཟེར་ནས་ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན༔ སོ་ནམ་ལ་བརྩོན་ཟེར་ནས་འཆི་ཁ་ཙམ་ན་སྟོང་པར་འགྲོ༔ མི་ཆོས་མཁས་ཟེར་ནས་འཁོར་བར་འཁྱམ་པའི་མིང་དང་དོན་དུ་འཛོལ་བ་འདི་རྣམས་མཐོང་ཙམ་ན་ང་ཡི་མུག༔ བོད་སྤྲེའུ་དང་བྲག་སྲིན་གྱི་བུ་གདོལ་པའི་རིགས་སུ་སོང་བས་ལན་གསུངས༔ ༔ཇོ་མོས་སློབ་དཔོན་ལ་ཞུས་པ༔ འོ་ན་ལས་དེ་རྣམས་ལས་ཟློག་པར་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རབ་བྱུང་གི་ཆོས་ཤིག་ང་ལ་ཡོད་གསུངས༔ ཇི་ལྟར་བགྱི་ཞུས་པས༔ རབ་བྱུང་རྣམས་ཆོས་བྱེད་ན༔ ཁེ་གྲགས་རྒྱབ་དུ་སྐྱུར༔ འདུལ་ཁྲིམས་དང་དུ་ལོངས༔ ལས་སུ་ཆོས་སྤྱོད་གྱིས༔ སེར་སྣ་སྤུ་གྲིས་གཞོར༔ ཕྲག་དོག་ཆན་པས་བྲེག༔ མ་ཡེངས་གཉེན་པོ་སྟོན༔ མཚན་མའི་དྲི་མ་ཁྲུས༔ གཉིས་མེད་ཕུབ་ཆུང་ཐོགས༔ བཟོད་པའི་ཆོས་གོས་གྱོན༔ ཆོས་ཀྱི་དབྱིངས་ཀྱི་བདེ་ས་བཟུང་ན༔ ཆོས་འོང་བར་འདུག་པ་ལ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་པ་རྣམས་མཐུའི་བྱ་ཐབས་ཞིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཀྱི་དབྱིངས་ཀྱི་འབྲུབ་ཁང་དུ༔ གཟུང་འཛིན་གཉིས་ཀྱི་ལིང་ག་བཅུག༔ ལོ་འདོད་སྔགས་ཀྱིས་བྲོབས༔ རྟོག་ཚོགས་མཐུ་ཡིས་སོད༔ དུག་ལྔ་གནན་པར་ཆུགས༔ སྒྲིབ་གཉིས་སྦྱིན་སྲེག་ཏུ་སྦོོར༔ འཆི་བདག་ཁྲག་ཟོར་དུ་འཕངས་ན་མཐུར་འགྲོ་སྟེ༔ དྲེགས་པ་ཅན་ཚོ་མཐུས་དགྲ་བྲུབ་པར་འདོད་དེ༔ མཐུ་ལོག་ཆེན་པོ་གཅིག་རང་ལ་འོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བོན་པོའི་བོན་གྱི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པ༔ བོན་པོས་བོན་མི་ཤེས་པར་འདུག༔ ཆོས་ཉིད་ཡས་གཞིར་གཏིང༔ དུག་གསུམ་ཕུད་དུ་གཏོར༔ འཁྲུལ་རྟོག་ཡས་སུ་ཐོང༔ སྣང་གྲགས་རང་གྲོལ་གྱེར༔ ཉེར་ལེན་གྱི་འགལ་བ་ཆུང༔ བདག་མེད་ཀྱི་རྔ་ཆེན་རྡུངས༔ ཐོས་བསམ་སྨྲང་དུ་ཐོན༔ གཉིས་མེད་ལྷ་ལ་མཆོད༔ གཟུང་འཛིན་གྱི་ལྷ་འདྲེ་སོད༔ བདེ་སྟོང་གཡང་དུ་ལེན༔ རྟོགས་པ་ཁྱིས་མ་ཁྱེར་ན་བོན་དུ་འགྲོ་སྟེ༔ སྐྱོས་དད་ཅན་ཚོ་ལ་རྣམ་སྨིན་གྱི་སྐྱོས་མ་ཆེ་རབ་ཅིག་སྐུར་དུ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ མདོས་མཁན་ཀུན་གྱིས་མདོས་མི་ཤེས་པར་འདུག༔ མདོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ གཉིས་སྣང་ཐམས་ཅད་ཡས་སུ་གསག༔ དྲན་རྟོག་ཡས་གཞིར་གདིང༔ རང་བྱུང་གི་ལྷ་འདྲེ་ལ་རྟོག་མེད་དུ་བསྔོ་བ་བྱ༔ བློ་འདས་སུ་རྫོངས་སུ་གདབ༔ སྐྱེ་མེད་ཀ་དག་ལ་བསྐྱལ་ན་རྫོངས་སུ་འགྲོ་སྟེ༔ ཡོན་བདག་ཅན་ཚོ་ལ་མདོས་ལོག་ཆེན་པོ་ཞིག་འོང་བར་བྱེད་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོ་ག་མཁན་པོ་ཀུན་གྱིས་ཆོ་ག་མི་ཤེས་པར་འདུག༔ ཆོ་གའི་བྱ་ཐབས་ཞིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ བདེ་ཆེན་གྱི་མ་དྷལ་ཤོམས༔ དུག་ལྔ་མཆོད་པར་འབུལ༔ གཉིས་འཛིན་གཏོར་མར་ཐོངས༔ དུག་གསུམ་སྐུ་གསུང་ཐུགས་སུ་སྦྱང༔ འཁོར་བ་ཡེ་དག་ཏུ་གནས་སྦོར༔ དམིགས་མེད་རྒྱ་ཡིས་བཏབ་ན༔ མཆོད་པའི་རྩིས་སུ་འགྲོ་སྟེ་ཇོ་བོ་འགྲོ་དོན་མཁན་ཚོ་རང་ལ་ལོག་ཏུ་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཡིག་མཁན་ཀུན་གྱིས་ཡི་གེ་མི་ཤེས་པར་འདུག༔ ཡི་གེ་བྲི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཀུན་གཞི་རྣམ་དག་གི་ཤོག་གུ་ལ༔ ཡིད་སྤྲོས་པ་དང་བྲལ་སྨྱུ་གུ་ཡིས༔ རང་སེམས་དྲི་མེད་ཀྱི་སྣག་ཚ་བླུགས༔ ཉམས་ལེན་གསལ་སྟོང་ཡི་གེ་བྲིས༔ བྱིང་རྒོད་མཐའ་བྲལ་ཞུ་དག་བྱས༔ འཁོར་འདས་གཉིས་མེད་ཀྱི་གླེགས་ཤིང་བཀབ༔ ཐབས་ཤེས་རབ་ཟུང་འབྲེལ་གླེགས་ཐག་སྡོམས༔ ཆོས་སྐུ་བདེ་ཆེན་གྱི་མཆོད་ཁང་དུ་བཞུགས་ན་ཡིག་མཁན་འོང་སྟེ༔ མཆོད་གནས་པ་ཚོ་ལ་ནོར་བ་ཆེན་པོ་ཞིག་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཀློག་མཁན་ཚོས་ཀློག་མི་ཤེས་པར་འདུག༔ ཀློག་གི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པ༔ སྟོང་ཉིད་སྙིང་རྗེའི་གདན་ཁྲི་ལ༔ གཉིས་མེད་རང་གྲོལ་གྱི་ཨན་གཡོགས་བདག༔ བདེ་སྟོང་གཉིས་མེད་ལ་གསུང་རབ་བཞག་ནས༔ རིག་སྟོང་གཉིས་མེད་ཀྱི་སྐད་ལྕེ་ཡིས༔ གྲགས་སྟོང་གཉིས་མེད་ཀྱི་ཚིག་བཀླགས་ན་ཀློག་དུ་འགྲོ་སྟེ༔ གང་སྦྱིན་བྱས་ནས་ལྟོ་ཚོལ་བ་འདི་ཚོའི་ལྕེ་ལ་ལས་ཤིག་འོང་བར་བྱེད་པ་ཡིན་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྷ་བཟོ་བས་ལྷ་མི་ཤེས་པར་འདུག༔ ལྷའི་འབྲི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ སྣང་སྟོང་གཉིས་ཀྱི་རས་གཞི་ལ༔ དུ་མ་རོ་གཅིག་གི་རི་མོ་བྲི༔ འཁོར་འདས་གཉིས་མེད་ཀྱི་འདག་པ་ལ༔ སྤང་བླང་གཉིས་ཀྱི་ལྡེར་སོ་བགྱིས༔ དུས་གསུམ་འགྱུར་མེད་ཀྱི་རིན་ཆེན་ལ༔ སྐུ་གསུམ་ལྷུན་གྲུབ་ཀྱི་ལུགས་སྐུ་བཞེངས༔ བྱར་མེད་བདེ་ཆེན་གྱི་ཁང་པར་བཞུགས༔ དེ་ལྟར་བྱས་ན་ལྷ་བཟོ་མཁས་པར་འོང་སྟེ༔ ལག་བཟོ་བ་ཚོས་གཟུགས་སྐུ་བཙོངས་པས་ལྕི་མོར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྨན་པ་རྣམས་ཀྱིས་སྨན་མི་ཤེས་པར་འདུག༔ སྨན་གྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ དུག་ལྔའི་ནད་གསོས༔ རོ་སྙོམས་ཀྱི་གཏར་ཀ་གྱིས༔ དམ་ཚིག་གི་མེ་བཙའ་སྲེགས༔ སྒོམ་པའི་སྨན་སྟེན༔ རྟོགས་པའི་བཤལ་ཐོངས༔ ཉོན་མོངས་པ་རྨང་ནས་བཏོན་ན་སྨན་འོང་སྟེ༔ ལྷ་རྗེ་ཚོ་ལ་མི་བདེ་བ་མང་རབ་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྲུང་ཟློག་མཁན་པོས་སྲུང་ཟློག་མི་ཤེས་པར་འདུག༔ སྲུང་ཟློག་གི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ རྣམ་པར་རྟོག་པ་ཆོས་ཉིད་དུ་ཟློགས༔ འཁོར་བ་མྱ་ངན་ལས་འདས་པར་ཟློགས༔ སྡུག་བསྔལ་བདེ་བ་ཆེན་པོར་ཟློགས༔ དམ་ཉམས་ནུས་པ་ཅན་ཚོ་ལ་ལྷ་འདྲེའི་ཡོག་གཅིག་འོང་ཉེན་ཡོད་དོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྩིས་མཁན་རྣམས་ཀྱིས་རྩིས་མི་ཤེས་པར་འདུག༔ རྩིས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོས་ཉིད་ཀྱི་གབ་ཙེ་གདིང༔ སྤར་ཁ་སེམས་དཔའ་བརྒྱད་དུ་སྐོར༔ མ་ལྔ་བུ་ལྔ་རྒྱལ་བ་ཡུམ་བཅུར་རྩིས༔ དགུ་མིག་ཐེག་པ་རིམ་དགུར་རྩིས༔ གཅོད་འདྲལ་གཉེན་པོ་དང་ཡེ་ཤེས་འཐོབ༔ རྡེའུ་སྐྱོན་དང་ཡོན་ཏན་རང་སེམས་ལ་ཕྱེ༔ ཁ་དམར་ཉམས་མྱོང་གདམས་ངག་ཏུ་ཤོད༔ ངན་རྟོག་དེ་ལྷ་ཆོས་སུ་ཐོངས༔ ངན་སོང་གསུམ་པོའི་ཀེག་ཆོས༔ ཁམས་གསུམ་འཁོར་བའི་གཡུལ་ངོ་ཟློགས༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་དུར་བཏབ་ན༔ བཀྲ་ཤིས་པར་འོང་སྟེ༔ རྫུན་པོ་མཁན་ཚོ་ལ་རྡེའུ་ནག་ཁོ་ན་མང་བར་འོང་སྟེ་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྣལ་འབྱོར་པ་རྣམས་ཀྱིས་ཆོས་མི་ཤེས་པར་འདུག༔ ཆོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ བདེ་ཆེན་གྱི་གྲོང་ཁྱེར་འགྲིམ༔ ཉམས་ལེན་གྱི་ལྡུམ་བུ་གྱིས༔ ང་བདག་གི་ཁྱི་རྒན་བཏུལ༔ མཚན་མའི་སྒོ་གཤམ་རྡུངས༔ རྟོག་མེད་ཀྱི་ཁ་ཟས་ཟོ༔ ཞེན་མེད་ཀྱི་ཕུག་ཏུ་ཉོལ༔ ཟབ་ལམ་གྱི་དུག་པོ་གོན༔ ལྷུན་གྲུབ་ཀྱི་འབྲས་བུ་སྦྱངས་ན༔ རྣལ་འབྱོར་པ་བཟང་པོ་འོང་སྟེ༔ ཐོ་ཅོ་ཅན་ཚོ་ལ་ཡག་པ་འོང་ངེས་མེད་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཙོ་བོ་རྣམས་ཀྱིས་གྲོས་མི་ཤེས་པར་འདུག༔ གྲོས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཆོད་དེ་འདུན་མ་སྡུས༔ སྐྱེ་མེད་དུ་འདུན་སྟངས་གཅད༔ འགག་མེད་ཀྱི་བསམ་མནོ་གཏང༔ བདུད་ལ་རུ་ཤགས་བཏབ༔ གཉིས་མེད་ཀྱི་ཞལ་ཆེ་གཅད༔ བདེ་སྟོང་གི་ཁང་པར་བདག༔ ཉོན་མོངས་ལ་མགོ་སྐོར་ཐོངས༔ གདམས་ངག་ཟས་སུ་ཟོ༔ སངས་རྒྱས་སྲིད་བདེར་གཅད༔ འགྲོ་དྲུག་གནད་ལ་ཕབ་ན༔ འདུན་མར་འགྲོ་སྟེ༔ འདུན་མཁན་ཚོ་ལ་གྲོས་ལོག་ཆེན་པོ་ཞིག་འོང་བར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤར་པོ་རྣམས་ཀྱིས་ཤར་ཕོ་མི་ཤེས་པར་འདུག༔ དཔའ་བོའི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ལྟ་བའི་ཕུབ་ཆུང་ཐོགས༔ བཟོད་པའི་གོ་ཆ་གོན༔ བསམ་གཏན་གྱི་མཁར་ལ་གནས༔ དད་པའི་གཞུ་མོ་རྡུངས༔ བརྩོན་འགྲུས་མདའ་ལྟར་འཕང༔ ཤེས་རབ་ཀྱི་རལ་གྲི་ཐོགས༔ བྱང་ཆུབ་སེམས་ཀྱི་མདུང་བཟུང༔ ཁམས་གསུམ་ལས་རྒྱལ་བའི་དཔའ་དར་ཕྱོར༔ འཁོར་བའི་གཡུལ་ངོ་ཟློགས༔ བརྒྱད་ཁྲི་བཞི་སྟོང་གི་འབྲས་བུ་གསད༔ སྐྱེ་རྒས་ན་འཆི་ཡི་ཆུ་བོ་བཞི་ལས་བྲོས་ནས༔ ཆོས་ཀྱི་གཏན་ཡུལ་བཟུང་ན་དཔའ་བོར་འགྲོ་སྟེ༔ རེམ་པ་ཚོའི་སྟེང་དུ་དེ་བས་ཀྱང་རེམ་པ་ཞིག་མྱུར་དུ་འོང་བ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ རྐུན་མོ་རྣམས་ཀྱིས་རྐུ་མི་ཤེས་པར་འདུག༔ རྐུ་བའི་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཤེས་རབ་ཀྱི་ལྕགས་རྡར་ཁྱེར༔ ཡེ་ཤེས་ཀྱི་བུག་པ་ཕུག༔ ཤེས་བཞིན་གྱི་ནང་བྱན་གཏང༔ དད་པའི་ཁྱིམ་དུ་བཙལ༔ བླ་མའི་གདམས་ངག་རྐུ༔ ཆོས་ཉིད་ཀྱི་བདུད་རྩི་བཏུང༔ ཟག་མེད་ཀྱི་རྟོགས་པ་ཟ༔ རང་སེམས་ཀྱི་ནོར་བུ་ཁྱེར་ནས་བཟའ༔ ཐར་པའི་ས་ལ་བྲོས་ན་རྐུན་མར་འགྲོ་སྟེ༔ འཇབ་བུ་མཁན་ཚོ་ལ་འཛིན་མཁན་གཅིག་འོང་བར་བྱེད་པ་ཡིན་ནོ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བུད་མེད་བལ་མ་རྣམས་ཀྱིས་བལ་ལས་མི་ཤེས་པར་འདུག༔ བལ་གྱི་ཁམ་འཁལ་འཐགས་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ རྣམ་རྟོག་བལ་དུ་གཡེངས༔ བདག་མེད་ཀྱི་མཐེབ་ལ་སྒྲིལ༔ ཕྱོགས་རིས་དྲུ་གུར་བརྟུལ༔ ཟུང་འཇུག་ཐགས་སུ་བཏགས༔ སྒྲིབ་པའི་དྲི་མ་བཀྲུ༔ ཚད་མེད་ཆགས་སུ་བཅག༔ དུག་ལྔ་ཕྲུག་གིས་བཤད༔ རྟོག་པའི་སྤུ་རྩེ་བསྐྱིལ༔ འབྲལ་མེད་གོས་སུ་གོན་ན་འོང་སྟེ༔ བལ་ཕྲུག་མཁན་ཚོ་ནམ་གཅེར་བུར་འགྲོ་དགོས་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱན་མོ་ཚོས་གཡོས་མི་ཤེས་པར་འདུག༔ གཡོས་ཀྱི་བྱ་ཐབས་ཤིག་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ དད་པའི་ཚ་བ་བཀོལ༔ རིག་པའི་སྐྱོ་ཚ་གདབ༔ དྲན་པའི་ཚོད་སྡོར་གཞུག༔ ཡེ་ཤེས་ཀྱི་མར་ཁུར་བཀོལ༔ ཡོན་ཏན་ཀྱི་ཤ་ཚོད་མ་བཙོ༔ ཉམས་ལྡན་གྱི་མར་དང་སྦག༔ རྒྱུན་ཆགས་ཀྱི་ཁ་སྐོམ་འཐུང༔ ལུས་སེམས་བདེ་བ་ཆེན་པོས་ཚིམས་པར་བྱས་ན་འོང་སྟེ༔ འཇུངས་མ་ཚོ་མགྱོགས་པར་ལག་སྟོང་དུ་འགྲོ་བ་ཁམ་ཆེ་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཤར་མོ་ཚོས་འཕོང་ར་མི་ཤེས་པར་འདུག༔ འཕང་ར་འཛིན་པའི་ཐབས་ང་ལ་ཡོད་པ་ལ་གསུངས༔ ཇོ་མོས་ཇི་ལྟར་བགྱི་ཞུས་པས༔ ཞི་དེས་ཀྱི་འཕོང་ར་བཟུང༔ སེམས་ཀྱི་མེ་ལོང་ལྟ༔ རྣམ་རྟོག་གི་དྲི་མ་བཀྲུ༔ རང་གསལ་གྱི་གསལ་མདངས་གདོན༔ མི་དགེའི་སྤྱོད་པ་གཟོབས༔ ཚུལ་ཁྲིམས་ཀྱི་རྒྱན་ཆ་བཏགས༔ བཟོད་པའི་དར་ཟབ་གོན༔ སྦྱིན་པའི་ཕྱོགས་རིས་བསྒྱུར༔ རང་སེམས་ལ་ལྟད་མོ་ལྟ༔ རང་གྲོལ་དུ་ཁྲོམ་ཐོག་གཅོད༔ སྙིང་སྡུག་ཏུ་རྟོགས་པ་བཟུང་ན་ཤར་མོ་འོང་སྟེ༔ སྐྱེ་བྱད་ཅན་ཚོ་མི་ཚེ་སྟོང་སྐྱེལ་བྱེད་པར་མཆི་གསུངས༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྷོ་འཛམ་བུ་གླིང་དུ་སྐྱེས༔ སངས་རྒྱས་བསྟན་པ་གནས་པ་དང་འཛོམ༔ བླ་མའི་གདམས་ངག་བསྒོམ་དུ་ཡོད་པ་ལ༔ ཆོས་ཀ་ཁ་ཡང་ངོ་མི་ཤེས༔ ལས་དགེ་སྡིག་ཆ་མེད༔ འཆི་བ་འོང་ངེས་ཀྱང་ཚེ་ཕྱི་མ་ལ་མི་འཇིགས་པའི་མི་མང་པོ་འདུག༔ འདི་རྣམས་ལ་ཅི་བྱས་ན་ཕན་ནམ་སྙིང་རྗེ་བར་འདུག༔ ཁ་ཅིག་ཆོས་ཤེས་གོ་བ་ཡོད་བཞིན་དུ་ཉལ་ནས་བསམ་པ་མེད་པར་སྡོད་པ་འདི་ཡ་ཆ་བ་འདུག༔ དེ་བས་ཀྱང་ཁ་ཅིག་ཚེ་སྟོད་ཆོས་ལ་དཀའ་ལས་བྱས་ནས༔ ཚེ་སྨད་ཆོས་དགོས་དུས་སུ་ཆོས་དང་བྲལ་ནས་འགྲོ་བ་ཤས་གཅིག་འདུག༔ ལར་དུས་ད་རེས་འཁོར་བ་ལས་བཟློག་དགོས་པས༔ སྙིང་མེད་པ་རྣམས་དགར་རེ་དང༔ ལེ་ལོ་དང༔ ལོང་ཡོད་དང་ཚོད་ཡོད་དེ་མ་བྱེད་པར་མཛོད་ཅིག་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ བོད་མཐའ་ཁོབ་སྲིན་པོ་གདོང་དམར་གྱི་རིགས་ལ༔ ཨོ་རྒྱན་པདྨས་ཞལ་ཏ་སྙིང་སྦྲིད་བར་བྱས་ཀྱང༔ ཞལ་ཏར་མ་གོ་བར་སླར་རྒྱ་གད་དུ་གོ་ནས༔ སོ་སོའི་སྐྱོན་ཁོང་ན་ཡོད་པ་ལ་ཕོག་ནས་དེ་ང་ལ་ཟེར་བ་ཡིན་ན༔ ཁྱོད་རང་ལ་ཡོན་ཏན་ཅི་ཡོད་ཟེར་བར་འདུག༔ བདག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ བོད་ཀྱི་མི་ལ་ཞལ་ཏ་གཏོང་བ་ཁ་ན་བར་འདུག་གསུངས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་རིན་ཆེན་གཏེར་དུ་སྦས་པ༔ སྐྱོན་ཅན་སུན་འདོན་གྱི་སྐོར་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སྤྱོད་པའི་ཞལ་གདམས་འཐོར་བུ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས༔ མངའ་བདག་གིས་བོད་ཡུལ་བསམ་ཡས་སུ་སྤྱན་དྲངས་ཏེ་བཞུགས་ནས༔ རྒྱལ་བློན་དད་པ་ཅན་རྣམས་ལ་གདམས་ངག་མང་དུ་གསུངས་པ་ལ༔ ཀུན་གྱིས་ཀྱང་ཚུལ་བཞིན་མ་གོ་ནས༔ གདམས་པ་ནན་ཏན་དུ་བསྟན་པ༔ དབུ་རྩེའི་ཤར་ཕྱོགས་སུ་གསུངས་པའོ༔ སློབ་དཔོན་པདྨའི་ཞལ་ནས༔ བོད་ཀྱི་མི་འདི་ལ་ཇི་ལྟར་བསྟན་ཡང་མི་གོ་བར༔ ལོག་སྤྱོད་ཤ་སྟག་བྱེད་པར་འདུག༔ ཆོས་ཞེ་ཐག་པ་ནས་བྱེད་ན་འདི་ལྟར་གྱིས་དང༔ དགེ་བསྙེན་བྱ་བ་རྩ་བ་བཞི་སྲུང་བ་ལ་མི་ཟེར༔ དགེ་བ་ཚུལ་བཞིན་དུ་སྤྱོད་པ་ལ་ཟེར་བ་ཡིན༔ དགེ་ཚུལ་བྱ་བ་བཙུན་པའི་ཚུལ་དུ་འཆོས་པ་ལ་མི་ཟེར༔ སྡིག་པ་མི་དགེ་བ་རིང་དུ་སྤངས་པ་ལ་ཟེར་བ་ཡིན༔ དགེ་སློང་བྱ་བ་སྤྱོད་པ་ལམ་གྱིས་བསྡམས་ནས་ཅིར་ཡང་བྱར་མི་རུང་བ་དེ་གཅིག་པུ་ལ་མི་ཟེར༔ དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་སློང་བ་ལ་ཟེར་བ་ཡིན༔ དགེ་བའི་ཚུལ་བྱ་བ་སེར་མོ་གྱོན་པ་ལ་མི་ཟེར༔ རྣམ་སྨིན་ལ་འཛེམ་པ་ལ་ཟེར་བ་ཡིན༔ དགེ་བའི་བཤེས་གཉེན་བྱ་བ་ཆེ་འགྱིང་ཆེ་བ་ལ་མི་ཟེར༔ ཡོངས་ཀྱི་དཔལ་མགོན་དུ་གྱུར་པ་ལ་ཟེར་བ་ཡིན༔ རྣལ་འབྱོར་པ་བྱ་བ་སྤྱོད་པ་རྩིང་བ་ལ་མི་ཟེར༔ དོན་ཆོས་ཉིད་ལ་བློ་འབྱོངས་པ་ལ་ཟེར་བ་ཡིན༔ སྔགས་པ་བྱ་བ་ཁ་བོན་གྱེར་བྱེད་པ་ལ་མི་ཟེར༔ ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་གྱིས་མྱུར་དུ་སངས་རྒྱས་པ་ལ་ཟེར་པ་ཡིན༔ སྒོམ་ཆེན་པ་བྱ་བ་ས་ཕུག་ན་འདུག་པ་ལ་མི་ཟེར༔ ཡང་དག་པའི་དོན་ལ་གོམས་པར་བྱེད་པ་ལ་ཟེར་བ་ཡིན༔ དགོན་པ་བྱ་བ་ནགས་ཁྲོད་ན་འདུག་པ་ལ་མི་ཟེར་བ༔ སེམས་གཟུང་འཛིན་གྱི་སྤྲོས་པས་དབེན་པ་ལ་ཟེར་བ་ཡིན༔ མཁས་པ་བྱ་བ་འཇིག་རྟེན་གྱི་ཆོས་བརྒྱད་སྐྱོང་བ་ལ་མི་ཟེར༔ དོན་དང་དོན་མ་ཡིན་པའི་བྱེ་བྲག་ཐམས་ཅད་འབྱེད་པ་ལ་ཟེར་བ་ཡིན༔ བྱང་ཆུབ་སེམས་དཔའ་བྱ་བ་ཕུགས་ན་རང་དོན་སྒྲུབ་པ་ལ་མི་ཟེར༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཐབས་ལ་བརྩོན་པ་ལ་ཟེར་བ་ཡིན༔ དད་པ་བྱ་བ་ཁ་འཁུན་པ་ལ་མི་ཟེར༔ སྐྱེ་ཤིས་སྐྲག་ནས་ཡང་དག་ལམ་དུ་འཇུག་པ་ལ་ཟེར་བ་ཡིན༔ བརྩོན་འགྲུས་བྱ་བ་ཙབ་ར་ཙུབ་ར་སྣ་ཚོགས་བྱེད་པ་ལ་མི་ཟེར༔ འཁོར་བ་སྤོང་བའི་ཐབས་ལ་བརྩོན་པ་ལ་ཟེར་བ་ཡིན༔ སྦྱིན་པ་བྱ་བ་ཡུལ་ཕྱོགས་རིས་སུ་ཕྱེ་ནས་གཏོང་བ་ལ་མི་ཟེར༔ གང་ལ་ཡང་འཛིན་པ་གཏིང་ནས་བྲལ་བ་ལ་ཟེར་བ་ཡིན༔ གདམས་ངག་བྱ་བ་ཡིག་རིས་ཀྱི་དཔེ་ཆ་མང་བ་ལ་མི་ཟེར༔ རྗོད་བྱེད་ཚིག་ཏུ་ཉུང་བ་དོན་སེམས་ཐོག་ཏུ་གནད་དུ་འགྲོ་བ་ལ་ཟེར་བ་ཡིན༔ ལྟ་བ་བྱ་བ་གྲུབ་མཐའི་འདོད་པ་དེ་དག་ལ་མི་ཟེར༔ སྤྲོས་པའི་མཐའ་གྲོལ་པ་ལ་ཟེར་བ་ཡིན༔ སྒོམ་པ་བྱ་བ་རྟོག་པས་འཛིན་པ་དེ་ལ་མི་ཟེར༔ སེམས་འཛིན་མེད་རང་གསལ་སྟོན་པར་བྱེད་པ་ལ་ཟེར་བ་ཡིན༔ ཞིག་པོ་བྱ་བ་སྨྱོན་སྤྱོད་བྱེད་པ་ལ་མི་ཟེར༔ འཁྲུལ་སྣང་ལ་བདེན་འཛིན་དང་བྲལ་བ་ལ་ཟེར་བ་ཡིན༔ ཤེས་རབ་བྱ་བ་ལོག་རྟོག་གི་བློ་རྣོ་བ་ལ་མི་ཟེར༔ ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་ཤེས་པ་ལ་ཟེར་བ་ཡིན༔ ཐོས་པ་བྱ་བ་རྣ་བར་ལམ་གཏད་པ་ཙམ་ལ་མི་ཟེར༔ ཕྱིའི་སྒྲོ་འདོགས་ཆོད་ནས་དགོངས་པ་བློ་ལས་འདས་པ་ལ་ཟེར་བ་ཡིན༔ བསམ་པ་བྱ་བ་རྣམ་རྟོག་ཡིད་དཔྱོད་ཀྱི་ཕྱིར་འབྲང་བ་ལ་མི་ཟེར༔ ནང་གི་འཁྲུལ་ཞེན་ཆོད་པ་ལ་ཟེར་བ་ཡིན༔ འབྲས་བུ་བྱ་བ་གཟུགས་སྐུ་འོག་མིན་ནས་སྤྱན་འདྲེན་པ་དེ་དག་ལ་མི་ཟེར༔ སེམས་ཉིད་རང་ངོ་ཤེས་ནས་བརྟན་པ་མངོན་དུ་གྱུར་པ་ལ་ཟེར་བ་ཡིན༔ ཆོས་ཐམས་ཅད་ཚིག་དང་དོན་དུ་མ་འཛོལ་བ་ཉམས་ལེན་རང་རྒྱུད་དང་བསྲེས་ནས༔ དུས་ད་རེས་འཁོར་བ་ལས་ཐར་བར་བྱེད་དགོས་པ་ཡིན་ནོ་གསུངས༔ ༄༅༔ ཡང་སློབ་དཔོན་བསམ་ཡས་མཆིམས་ཕུ་ན་བཞུགས་པའི་དུས་གཅིག་ན༔ མངའ་བདག་ལ་བར་ཆད་སྙུན་གྱིས་ཕོག་ནས༔ རིམ་གྲོ་སྨན་པ་མོ་དཔྱད་ལ་སོགས་པ་མང་དུ་བྱེད་ཅིང་ཡོད་པའི་ཚེ༔ སློབ་དཔོན་གྱིས་བྱོན་སྙུན་འདྲི་བ་ཡང་མཛད༔ མངའ་བདག་གིས་ཀྱང་བཞེངས་ཕྱག་བྱས་ཏེ་ཞུས་པ༔ བདག་ལ་བར་ཆད་མང་པོ་ཞིག་བྱུང་ན༔ འདི་བསལ་བའི་བྱིན་རླབས་ཤིག་ཞུ་འཚལ་ཞེས་ཞུས་པས༔ མངའ་བདག་ལ་དུས་རྟག་ཏུ་ཟབ་མོའི་ཆོས་བསྟན་ཀྱང་མོ་བོན་གྱིས་བར་ཆད་སེལ་བ་དེེ་ལ་སློབ་དཔོན་མ་མཉེས་ནས༔ མངའ་བདག་ལ་གསུང་པ༔ མངའ་བདག་ལགས༔ བདག་གིས་ལྷ་སྲས་ལ་ཟབ་མོའི་གདམས་པ་མཐའ་དག་བསྟན་པ་ལགས་ཏེ༔ ཐུགས་ལ་མ་བཞག་པར་གདའ་བ༔ ད་འདི་ལྟར་དྲན་པར་མཛོད་དང༔ ཆོས་ཐམས་ཅད་གཉེན་པོ་དགོས་དུས་ན་སྟོངས་པ་ཞིག་དགོས་པས༔ འཇིགས་པའི་རྣམ་པ་ཅི་བྱུང་ཡང་སྐྱབས་གནས་དཀོན་མཆོག་གསུམ་ཡིད་ལ་དྲན་པར་གྱིས༔ སྤྱོད་ལམ་གང་གི་དུས་སུའང་སློབ་དཔོན་སྤྱི་བོར་དྲན་པར་གྱིས༔ བཟོད་པ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་པ་ཆེན་པོའི་ཆོས་རྩ་བ་རུལ་བར་ཡིད་ལ་དྲན་པར་གྱིས༔ སྦྱིན་པ་གཏོང་བའི་ཚེ་སེར་སྣ་སྐྱེས་ན་ཡི་དྭགས་ཀྱི་སྡུག་བསྔལ་ཡིད་ལ་དྲན་པར་གྱིས༔ ཚངས་སྤྱོད་ཀྱི་དུས་ན་འདོད་ཆགས་སྐྱེས་ན་རོ་མྱགས་ཀྱི་དམྱལ་བ་ཡིད་ལ་དྲན་པར་གྱིས༔ བཟོད་པ་སྒོམ་པའི་ཚེ་ཁོང་ཁྲོ་སྐྱེས་ན་ལྕགས་ཀྱི་ཁང་སྒྲོམ་དུ་བསྲེག་པའི་དམྱལ་བ་ཡིད་ལ་དྲན་པར་གྱིས༔ ལེ་ལོ་དང་སྙོམ་ལས་བྱུང་ན་ཚེ་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བ་ཡིད་ལ་དྲན་པར་གྱིས༔ ཉིན་ཞག་གི་རེས་མོ་བྱེད་པ་འདི་ཚེའི་སག་དར་དུ་ཡིད་ལ་དྲན་པར་གྱིས༔ བསྲུང་སྡོམ་གྱི་བསྔོ་བགྲང་ཉིན་མཚན་དུས་དྲུག་ཏུ་ཡིད་ལ་དྲན་པར་གྱིས༔ ཐ་མལ་དུ་རོ་ཉལ་བྱེད་པ་འདི་བ་གླང་བས་ཞན་པར་ཡིད་ལ་དྲན་པར་གྱིས༔ མི་ལུས་ཐོབ་ནས་ཆོས་མེད་པ་འདི་མཛེ་བོ་བས་ཐུ་བར་ཡིད་ལ་དྲན་པར་གྱིས༔ དགེ་སྡིག་ཆ་ཡོད་བཞིན་དུ་རྣམ་སྨིན་ལ་མི་འཛེམ་པ་འདི་བདག་སྨྱོ་བར་ཡིད་ལ་དྲན་པར་གྱིས༔ ཉེས་པ་རྣམ་སྨིན་ཕྲ་མོ་བྱུང་ཡང་སྡུག་བསྔལ་རི་ཙམ་དུ་ཡིད་ལ་དྲན་པར་གྱིས༔ དགེ་བ་ཆུང་ངུ་ལ་ཡང་སྙིང་ལྟ་བུའི་གཅེས་སྤྲས་སུ་ཡིད་ལ་དྲན་པར་གྱིས༔ སྲོག་གཅོད་ཀྱི་ལས་དྲན་ན་ཕ་མ་བུ་ཚ་གསོད་པ་ཡིད་ལ་དྲན་པར་གྱིས༔ འདོད་པ་ཡིད་ལ་དྲན་ན་མངལ་གྱི་སྲིན་བུར་སྐྱེ་བ་ཡིད་ལ་དྲན་པར་གྱིས༔ མ་བྱིན་པར་ལེན་པ་ཡིད་ལ་དྲན་ན་བདག་གི་འཚོ་སྐྱོང་མེལ་ཚེ་ཡིད་ལ་དྲན་པར་གྱིས༔ བདག་ལྟ་བུས་ཆོས་ཅི་འོང་སྙམ་ནས་སྒྱིད་ལུག་ན་ཡང་སངས་རྒྱས་ཉིད་ཀྱང་རྫ་མཁན་གྱི་བུ་སྣང་བྱེད་ཡིན་པར་ཡིད་ལ་དྲན་པར་གྱིས༔ ང་རྒྱལ་དྲེགས་པས་རློམ་ན་ཐམས་ཅད་མཁྱེན་པ་ལ་ཡོན་ཏན་ཚད་ལས་འདས་ཀྱང་རློམ་སེམས་མེད་པ་ཡིད་ལ་དྲན་པར་གྱིས༔ རྐྱེན་ངན་ལ་མོ་བོན་གྱིས་རིམ་གྲོ་དགོས་ན་རྫོགས་པ་ཆེན་པོ་ལ་ལོག་ལྟ་སྐྱེས་པར་ཡིད་ལ་དྲན་པར་གྱིས༔ སྡུག་བསྔལ་ཅི་བྱུང་ཡང་སྔོན་གྱི་ལན་ཆགས་འཁོར་བ་ཡིན་པས་དགའ་བར་ཡིད་ལ་དྲན་པར་གྱིས༔ བདེ་བ་ཅི་བྱུང་ཡང་དཀོན་མཆོག་གི་བྱིན་རླབས་ཡིན་པར་ཡིད་ལ་དྲན་པར་གྱིས༔ དགྲ་སྡང་བྱུང་དུས་སུ་བདག་ལ་བཟོད་པ་སྐྱེ་བའི་གྲོགས་ཡིན་པར་ཡིད་ལ་དྲན་པར་གྱིས༔ གྲོགས་པོ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་བར་ཡིད་ལ་དྲན་པར་གྱིས༔ གཉེན་བྱམས་པས་བརྩེ་གདུང་བྱེད་པའི་དུས་སུ་འཁོར་བའི་གདོས་ཐག་ཏུ་ཡིད་ལ་དྲན་པར་གྱིས༔ གདོས་ཐག་དེ་བདུད་ཀྱིས་བར་ཆད་བཏང་བར་ཡིད་ལ་དྲན་པར་གྱིས༔ ཁམས་གསུམ་གྱི་སེམས་ཅན་གང་མཐོང་ཡང་ཕ་མར་ཡིད་ལ་དྲན་པར་གྱིས༔ ཕ་མ་འཁོར་བ་འཁྱམས་པ་ལ་ཚད་མེད་བཞི་ཡིད་ལ་དྲན་པར་གྱིས༔ ཡིད་ལ་དྲན་པ་དེ་དག་ཐམས་ཅད་བདག་གིས་དྲན་དགོས་པ་ཡིད་ལ་དྲན་པར་གྱིས༔ སྐྱིད་པའི་ལོངས་སྤྱོད་གང་བྱུང་ཡང་སླུ་བྲིད་ཀྱི་བདུད་ཡིན་པར་ཡིད་ལ་དྲན་པར་གྱིས༔ བདུད་དེ་ལ་དུག་སྦྲུལ་བས་འཇིགས་པར་ཡིད་ལ་དྲན་པར་གྱིས༔ ཚེ་འདིར་ཕུན་སུམ་ཚོགས་ཀྱང་ཡུད་ཙམ་སྐད་ཅིག་ཏུ་ཡིད་ལ་དྲན་པར་གྱིས༔ ཡུད་ཙམ་ལ་འཇིག་རྟེན་འདིའི་ཆེད་དུ་ཅི་ཡང་བྱེད་པ་རྣམས་འཁྲུལ་པས་མནར་བར་ཡིད་ལ་དྲན་པར་གྱིས༔ མངའ་རིས་དང་རྒྱལ་སྲིད་ཐམས་ཅད་དང་ལོངས་སྤྱོད་ཐམས་ཅད་བཞག་ནས་འགྲོ་དགོས་པར་ཡིད་ལ་དྲན་པར་གྱིས༔ དེའི་དུས་ན་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་ཡིད་ལ་དྲན་པར་གྱིས༔ འཆི་བའི་དུས་ཀྱི་ཚེ་ཇོ་བོ་དང་འཁོར་འབངས་མང་ཡང་རང་གཅིག་པུར་འགྲོ་དགོས་པར་ཡིད་ལ་དྲན་པར་གྱིས༔ དེའི་དུས་ཀྱི་འགྲོག་ཟླ་ཞིག་ད་ལྟར་བཙལ་དགོས་པར་ཡིད་ལ་དྲན་པར་གྱིས༔ བར་ཆོད་ཀྱི་བགེགས་བྱུང་བའི་དུས་སུ་དགེ་སྐུལ་གྱི་སློབ་དཔོན་དུ་ཡིད་ལ་དྲན་པར་གྱིས༔ སློབ་དཔོན་དེ་དྲིན་ཆེ་བས་མི་འབྲལ་བར་གཅེས་སྤྲས་ཀྱིས་བསྟེན་དགོས་པར་ཡིད་ལ་དྲན་པར་གྱིས༔ ལུས་ལ་ན་ཚ་བྱུང་བའི་ཚེ་བྱང་ཆུབ་ཀྱི་ལམ་ལ་འདྲེན་པའི་སྐྱབས་གནས་སུ་ཡིད་ལ་དྲན་པར་གྱིས༔ སྐྱབས་གནས་དེ་ཐ་མལ་དུ་ནམ་ལུས་པའི་དུས་ཐམས་ཅད་ན་མེད་ཐབས་མེད་པར་ཡིད་ལ་དྲན་པར་གྱིས༔ ལུས་ཤ་ཁྲག་གི་ཕུང་པོ་ལ་བདག་ཏུ་འཛིན་པའི་འགོང་པོ་སྙིང་དུ་ཞུགས་པར་ཡིད་ལ་དྲན་པར་གྱིས༔ སྙིང་ལ་ཞུགས་པ་དེ་མ་ཡེངས་པར་སྒོར་འདོན་དགོས་པར་ཡིད་ལ་དྲན་པར་གྱིས༔ སྣང་བ་འདི་རྨི་ལམ་སྒྱུ་མ་ཙམ་རང་བཞིན་མེད་པར་ཡིད་ལ་དྲན་པར་གྱིས༔ རང་བཞིན་མེད་པ་ལ་མེད་པར་མ་ཤེས་པས་བདག་གཞན་ཐམས་ཅད་འཁྲུལ་པར་ཡིད་ལ་དྲན་པར་གྱིས༔ འཁྲུལ་པ་དེ་དུས་ད་རེས་ཆོས་ཉིད་དུ་ཟློག་དགོས་པར་ཡིད་ལ་དྲན་པར་གྱིས༔ ད་རེས་མ་བཟློག་ན་ཕྱིས་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པར་ཡིད་ལ་དྲན་པར་གྱིས༔ དེ་ཡིས་འཁོར་བ་ན་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བར་ཡིད་ལ་དྲན་པར་གྱིས༔ དེས་ན་བྱ་བ་གཞན་ཐམས་ཅད་བཏང་ལ་ཆོས་ཁོ་ན་བྱེད་དགོས་པར་ཡིད་ལ་དྲན་པར་གྱིས༔ དེ་བྱས་ན་འཁོར་བ་རུ་ལོག་པར་ཡིད་ལ་དྲན་པར་གྱིས༔ དེ་ལོག་ན་བདེ་ཆེན་རང་ལ་རྒྱུན་ཆད་མེད་པར་འབྱུང་བ་ཡིད་ལ་དྲན་པར་གྱིས༔ མངའ་བདག་གིས་གདམས་ངག་འདི་ལྟ་བུ་ཡིད་ལ་མ་དྲན་ན༔ མོ་བོན་གྱི་གླུ་གར་ཡིད་ལ་དྲན་པར་གྱིས་དང་ཞེས་གསུངས་པས༔ མངའ་བདག་དེ་ཉིད་དུ་ནད་དང་བྲལ་བས་ཤིན་ཏུ་མོས་པ་ཡང་སྐྱེས་སོ༔ ༔དེ་ནས་མངའ་བདག་གིས་ཆོས་ལ་ཡིད་ཆེས་ནས༔ སློབ་དཔོན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སློབ་དཔོན་གྱིས་གསུངས་པ་རྣམས་གང་ཉམས་སུ་བླངས་ཀྱང་བྱིན་རླབས་དེ་བཞིན་དུ་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཨེ་མ་ཧོ༔ མངའ་བདག་ལགས་ཆོས་ཚུལ་བཞིན་དུ་སྤྱད་ན༔ བྱིན་རླབས་ཤུགས་ཀྱིས་འབྱུང་བ་ཡེ་ནས་ཆོས་ཉིད་ཡིན་ཏེ༔ དེ་ཡང་བྱམས་པ་རྒྱུད་ལ་བརྟེན་ན་འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་ཆོས་ཉིད་ཡིན༔ སྙིང་རྗེ་རྒྱུད་ལ་བརྟེན་ན་ཀུན་གྱིས་བུ་བཞིན་བརྩེ་བ་ཆོས་ཉིད་ཡིན༔ བཏང་སྙོམས་རྒྱུད་ལ་བརྟེན་ན་དགྲ་ཟུན་ཕྱོགས་རིས་མི་འོང་བ་ཆོས་ཉིད་ཡིན༔ དགའ་བ་རྒྱུད་ལ་བརྟེན་ན་སྤྱོད་ལམ་ཀུན་དང་མཐུན་པ་ཆོས་ཉིད་ཡིན༔ གཞན་ལ་གནོད་སེམས་སྤངས་ན་བདག་ལ་འཚེ་བ་ཉུང་བ་ཆོས་ཉིད་ཡིན༔ རྒྱུད་དུལ་ཞིང་གཏོང་ཕོད་ཆེ་ན་འཁོར་འདུ་བ་ཆོས་ཉིད་ཡིན༔ ཕྲག་དོག་དང་མཐོ་རྟགས་མེད་ན་ལྐོག་སྨྲས་ཉུང་བ་ཆོས་ཉིད་ཡིན༔ འགྲོ་ལས་དང་བྱ་བཞག་སྤངས་ན་ཉེས་པ་ཉུང་བ་ཆོས་ཉིད་ཡིན༔ འདོད་པ་ལས་བློ་ལོག་ན་ཟས་ནོར་འདུ་བ་ཆོས་ཉིད་ཡིན༔ བསྲུང་སྡོམ་རྒྱུད་གཙང་ན་སེམས་ལས་སུ་རུང་བ་ཆོས་ཉིད་ཡིན༔ འཁོར་བའི་མཚན་ཉིད་ཤེས་ན་འཇིག་རྟེན་ལས་བློ་ལྡོག་པ་ཆོས་ཉིད་ཡིན༔ ཞེ་འདོད་གང་ཡང་མེད་ན་ཚོགས་རང་བཞིན་གྱིས་རྫོགས་པ་ཆོས་ཉིད་ཡིན༔ ཟབ་མོའི་ཆོས་ཉིད་ལ་འཇུག་པའི་ཚེ་བར་ཆད་ཀྱིས་རྐྱེན་མང་བ་ཆོས་ཉིད་ཡིན༔ བླ་མ་བཟང་པོ་དང་འགྲོགས་ན་ཡོན་ཏན་ཤུགས་ཀྱིས་འགོ་བ་ཆོས་ཉིད་ཡིན༔ དཀོན་མཆོག་ལ་མོས་གུས་རྒྱུན་མ་ཆད་ན་བྱིན་རླབས་མ་ཞུས་ཀྱང་འོང་བ་ཆོས་ཉིད་ཡིན༔ ཐོས་བསམ་ཕྱོགས་མེད་དུ་བྱས་ན་ཆོས་ལ་ཕྱོགས་རིས་ཆུང་བ་ཆོས་ཉིད་ཡིན༔ ཟབ་མོའི་བསྐྱེད་རྫོགས་བསྒོམས་ན་ནུས་མཐུ་དང་བྱིན་རླབས་འོང་བ་ཆོས་ཉིད་ཡིན༔ མི་ཆོས་ཐ་མལ་དང་སྣང་བ་མ་བསྟུན་ན་སྒྲོ་སྐུར་ཉུང་བ་ཆོས་ཉིད་ཡིན༔ ཆགས་ཞེན་འཛིན་པ་བཏང་ན་ལུས་སེམས་ཅིག་ཅར་བདེ་བ་ཆོས་ཉིད་ཡིན༔ རི་ཁྲོད་དགོན་པར་གནས་ན་ཉམས་མྱོང་སེམས་ལ་འཆར་བ་ཆོས་ཉིད་ཡིན༔ བདག་འཛིན་གཅེས་སྤྲས་བོར་ན་བར་ཆད་བདུད་ཀྱིས་མི་ཚུགས་པ་ཆོས་ཉིད་ཡིན༔ སེམས་ཀྱིས་སེམས་ལ་བལྟས་ན་ཆོས་ཉིད་རང་ལ་འཆར་བ་ཆོས་ཉིད་ཡིན༔ རྟག་ཏུ་སྒྲུབ་ལ་བརྩོན་ན་ཡོན་ཏན་ཕྱོགས་མེད་འཆར་བ་ཆོས་ཉིད་ཡིན༔ སེམས་ཉིད་རང་ངོ་ཤེས་ན་རྩོལ་སྒྲུབ་རང་སར་གྲོལ་བ་ཆོས་ཉིད་ཡིན༔ འཁོར་འདས་ཆོས་སྐུར་རྟོགས་ན་སྒོམ་ལ་རྩོལ་བ་མི་དགོས་པ་ཆོས་ཉིད་ཡིན༔ ཉམས་ལེན་ལེ་ལོར་མ་ཤོར་ན་འཆི་ཁར་འགྱོད་པ་མེད་པ་ཆོས་ཉིད་ཡིན༔ མངའ་བདག་ཆོས་རྒྱུད་ལ་ཁོལ་མཛོད་དང༔ སངས་རྒྱས་ཀྱི་བདེ་བ་རང་ལ་འབྱུང་བར་གདའ་ཡིས་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ དེ་ལྟར་ན་ཆོས་ཀྱི་དགྲ་ཐེ་ཚོམ་དུ་གདའ་བས༔ ཆོས་ཐམས་ཅད་ལ་ཡིད་ཆེས་པའི་ཚད་ཇི་ལྟར་གཟུང་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཉོན་མོངས་པ་མ་བཏུལ་ན༔ དགྲ་སྡང་བ་བཏུལ་ཞིང་མང་བས་དོན་མེད་རང་སེམས་སྡུག་པར་ཡིད་ཆེས༔ ཆོས་སྤྱོད་ཀྱི་དགེ་སྦྱོར་མ་བསྐྱང་ན༔ གཉེན་བྱམས་པ་མི་ཚེ་ལ་བསྐྱངས་ཀྱང་འཆི་བའི་དུས་མི་སྟོངས་པར་ཡིད་ཆེས༔ ཐུབ་པའི་གཏན་ས་མ་གཟུང་ན༔ འཇིག་རྟེན་གྱི་ཁེ་གྲགས་བཟུང་བས་སླར་འཁོར་བར་བསྐྱུར་བར་ཡིད་ཆེས༔ འགྱུར་མེད་ཀྱི་རྫོང་ལ་མ་གནས་ན༔ ས་རྡོའི་མཁར་ལེན་བཟང་ཡང་བཞག་ནས་འགྲོ་བར་ཡིད་ཆེས༔ ཚོགས་གཉིས་མ་གསག་ན༔ ནོར་རྫས་བསགས་ཀྱང་ཤི་ནས་སྤྱད་དུ་མེད་པར་ཡིད་ཆེས༔ ཆོས་ཉིད་ཀྱི་བདུད་རྩི་མ་བསྟེན་ན༔ ཟས་ཞིམ་དགུ་ཟོས་ཀྱང་མི་གཙང་བར་འགྱུར་བར་ཡིད་ཆེས༔ ཆོས་སྐུ་སྐྱེ་མེད་མ་འཐོབ་ན༔ ཤ་ཁྲག་གི་ཕུང་པོ་ལ་བདག་འཛིན་གཅེས་སྤྲས་བྱས་ཀྱང་འབྱུང་བ་གཡར་པོ་བདག་པོས་ཁྱེར་བར་ཡིད་ཆེས༔ ཐབས་ཤེས་རབ་དང་མ་འགྲོག་ན༔ ཡིད་མཐུན་གྱི་མཛའ་བཤེས་སྟོང་དང་འགྲོགས་ཀྱང་མྱུར་དུ་བྲལ་ནས་འགྲོ་བར་ཡིད་ཆེས༔ བརྗོད་མེད་ཀྱི་དོན་དང་མ་འཕྲད་ན༔ སྙན་གྲགས་ཀྱིས་སྟོང་གསུམ་ཁྱབ་ཀྱང་བསླུ་བྲིད་ཀྱི་བདུད་ཡིན་པར་ཡིད་ཆེས༔ རང་སེམས་ལ་རང་དབང་མ་འཐོབ་ན༔ འཁོར་ལོས་སྒྱུར་བའི་མཐུ་དཔུང་དང་ལྡན་ཡང་འཆི་བའི་དུས་ལ་བབ་པའི་ཚེ་རང་དབང་མི་འོང་བར་ཡིད་ཆེས༔ ཤེས་རབ་རིག་པའི་རྩལ་དང་མ་ལྡན་ན༔ གྱད་སྟོབས་པོ་ཆེ་ལྟར་དཔའ་ཡང་འཁོར་བའི་གཡུལ་ངོ་མི་ཟློག་པར་ཡིད་ཆེས༔ གྲགས་སྟོང་ཀ་དག་གི་དོན་ཁོང་དུ་མ་ཆུད་ན༔ སྨྲ་བའི་སེང་གེར་གྱུར་ཀྱང་རྣམ་སྨིན་ལ་ཤགས་མི་ཐེབས་པར་ཡིད་ཆེས༔ བདེ་ཆེན་རང་ལ་མ་རྙེད་ན༔ ཅང་ཤེས་རྟ་ལ་ཞོན་ཡང་འཁོར་བའི་སྡུག་བསྔལ་ལས་མི་ཐར་བ་ལ་ཡིད་ཆེས༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་མ་སྤྲས་ན༔ ནམ་མཁའི་ལྷ་ཕྲན་ལྟར་གཟུགས་མཛེས་ཀྱང་འཆི་བདག་གི་བདུད་སླུར་མི་འདོད་པར་ཡིད་ཆེས༔ བླ་མ་དང་དཀོན་མཆོག་གི་སྐྱབས་འོག་ཏུ་མ་ཚུད་ན༔ ཉོན་མོངས་ཀྱི་དགྲ་ལ་སུས་ཀྱང་མི་སྐྱོབ་པར་ཡིད་ཆེས༔ རང་སེམས་སངས་རྒྱས་སུ་མ་རྟོགས་ན༔ རྟོག་པ་གཞན་ཐམས་ཅད་ཀྱིས་སླུ་བར་ཡིད་ཆེས༔ དེས་ན་ཐར་པ་དང་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་དོན་མེད་པས༔ ཆུ་ཤིང་ལྟར་སྙིང་པོ་མེད་པར་ཡིད་ཆེས་པར་མཛོད་ཅིག་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དེ་ལྟར་བསྟན་ཀྱང་ཆོས་སྒོར་ཞུགས་པ་ཕལ་ཆེར་གྱིས་མི་གོ་སྟེ༔ འཇིག་རྟེན་གྱི་བྱ་བ་ལས་ལྡོག་པ་ཉུང་བར་གདའ་བ་འདི་དག་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ འཁོར་བའི་རྒྱུ་འབྲས་དང་མཚན་ཉིད་མ་རིག་པ་ཡིན་གསུངས༔ དེ་ཡང་འཁོར་བའི་རྒྱུ་ང་བདག་གཟུང་འཛིན་གྱི་རྣམ་རྟོག་མ་སྤང་པ་ལས་བྱུང་སྟེ༔ བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལ༔ བདག་གཞན་རིས་སུ་འབྱེད་པ་སྙིང་མེད་པ་ཡིན༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚེ་སྔ་མ་ཡང་སྔ་ལ་སོགས་པའི་ཕ་མ་ཡིན་པ་ལ༔ དགྲ་གཉེན་དུ་འཛིན་པ་སྙིང་མེད་པ་ཡིན༔ འཁོར་འདས་གཉིས་ཤན་འབྱེད་པའི་དུས་འདིར༔ འཇིག་རྟེན་གྱི་ཆོས་བརྒྱད་སྐྱོང་ཁོམས་པ་སྙིང་མེད་པ་ཡིན༔ ཚེ་འདི་བྲ་ངའི་ས་ལྟར་ཡུད་ཙམ་དུ་འདུག་པ་ལ༔ མཁར་ཁང་གི་མཁར་ལེན་མང་པོ་བྱེད་པ་སྙིང་མེད་པ་ཡིན༔ མི་གཙང་བའི་རྫས་ཀྱིས་གང་བའི་ཕུང་པོ་ལ༔ ཚེར་མ་ཟུག་ཀྱང་མི་བཟོད་པའི་བདག་འཛིན་བྱེད་པ་སྙིང་མེད་པ་ཡིན༔ གྲོགས་ཉེ་འབྲེལ་ཐམས་ཅད་མི་རྟག་པར་འཆི་ཞིང་འདུག་པ་ལ༔ བདག་རྟག་ཏུ་རེ་བ་སྙིང་མེད་པ་ཡིན༔ རང་འཆི་བའི་དུས་སུ་ལག་སྟོང་དུ་འགྲོ་བ་ལ༔ མི་དགེ་བ་སྣ་ཚོགས་སྤྱད་ནས་ཟས་ནོར་འཚོལ་བ་སྙིང་མེད་པ་ཡིན༔ ཕྱི་སྣང་བ་ཡང་འགྱུར་ཞིང་མི་སྡོད་པར་འགྱུར་ཞིང་འདུག་པ་ལ༔ ལོངས་སྤྱོད་རྟག་ཏུ་རེ་བ་སྙིང་མེད་པ་ཡིན༔ ཚེ་ཉི་མ་ནུབ་པའི་གྲིབ་སོ་ལྟར་འགྲིབ་པ་ལ༔ ལེ་ལོ་སྙོམ་ལས་བྱེད་པ་སྙིང་མེད་པ་ཡིན༔ འདི་ཕྱི་གཉིས་ཀར་སྐྱིད་པའི་ཆོས་ལས་ལོག་ནས༔ ཁྱིམ་ཐབ་ལ་འཇུག་པ་སྙིང་མེད་པ་ཡིན༔ སྡིག་པའི་ལས་བྱས་པས་ངན་སོང་དུ་འགྲོ་ངེས་པ་ལ༔ རྣམ་སྨིན་ལ་མི་འཛེམ་པ་སྙིང་མེད་པ་ཡིན༔ ད་ལྟ་མེ་སྟག་ཕོག་པར་ཡང་མི་བཟོད་པར༔ ཚ་བའི་དམྱལ་བ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ དགུན་ཁ་ནང་གཅིག་འཁྱགས་པ་ཡང་མི་བཟོད་པར༔ གྲང་བའི་དམྱལ་བ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ ཞག་གསུམ་གྱི་བཀྲེས་སྐོམ་ཡང་མི་བཟོད་པར༔ ཡི་དྭགས་ཀྱི་སྡུག་བསྔལ་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ རང་གིས་བཀོལ་སྤྱད་ལ་སོགས་པ་དལ་ཅིག་ཀྱང་མི་བཟོད་པར༔ དུད་འགྲོའི་སྡུག་བསྔལ་སྣ་ཚོགས་བཟོད་དུ་རེ་བ་སྙིང་མེད་པ་ཡིན༔ རང་གིས་རང་ལ་གྲོས་འདེབས་དགོས་པའི་དུས་འདིར༔ བླ་མས་བཤད་ཀྱང་མི་ཉན་པ་སྙིང་མེད་པ་ཡིན༔ རང་དབང་རང་གིས་ཐོབ་པའི་དུས་འདིར་འདོད་པའི་ཁོལ་པོ་བྱེད་པ་སྙིང་མེད་པ་ཡིན༔ ཆོས་སྐད་ཅིག་ཀྱང་མི་བྱེད་པར༔ ཚེ་ཕྱི་མ་ལ་ཡང་འདི་ལྟར་འོང་དུ་རེ་བ་སྙིང་མེད་པ་ཡིན༔ སྐྱེས་ནས་འཆི་བ་དང་རང་ཆས་སུ་འགྲོགས་པ་ལ༔ སང་ཕོད་ཀྱི་བཅས་བྱེད་ཁོམས་པ་སྙིང་མེད་པ་ཡིན༔ ཡར་འགྲོ་མར་འགྲོ་རང་དབང་ཡོད་པའི་དུས་ད་རེས༔ ཐར་པའི་ཆོས་ལ་མི་འཇུག་པ་སྙིང་མེད་པ་ཡིན༔ འཁོར་བར་ཅི་བྱས་སྡུག་བསྔལ་ལས་མ་འདས་པར་འདུག་པ་ལ༔ བྱ་བྱེད་མི་སྤོང་པ་སྙིང་མེད་པ་ཡིན༔ འཁོར་བ་མཐའ་མེད་དུ་ད་གཟོད་འཁྱམས་དགོས་པ་ལ༔ རང་རྫུན་རང་ལ་གཏོང་བ་འདི་ཀུན་སྙིང་མེད་པ་ཡིན༔ མངའ་བདག་མིའི་ལུས་ལ་བ་གླང་གི་བསམ་པ་ཅན་དེ་རྣམས་ཀྱིས་གྱོད་ལ་གཏུགས་པར་མཆིའོ་གསུངས༔ ༔མངའ་བདག་གིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ འོ་ན་ཆོས་ཚུལ་བཞིན་དུ་བྱེད་ན་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མངའ་བདག་ཞེ་ཐག་པ་ནས་ཆོས་བྱེད་པ་རྣམས་འདི་ལྟར་མཛོད་དང༔ དད་པ་བརྟན་པོ་ཆུ་བོའི་རྒྱུན་ལྟ་བུས་བླ་མ་དང་དཀོན་མཆོག་བསྟེན༔ བྱམས་པ་དང་སྙིང་རྗེ་མ་བུ་ལྟར་བརྩེ་བས་སློབ་འཁོར་དང་འགྲོ་ཀུན་ཐུལ༔ མཐུ་རྩལ་དང་ནུས་པ་ཐོག་ལྟ་བུས་བསྟན་པའི་དགྲ་སྒྲོལ༔ ལེ་ལོ་མེད་པའི་བརྩོན་འགྲུས་སྐྲ་ལ་མེ་ཤོར་བ་ལྟ་བུས་ལུས་ངག་གི་དགེ་སྦྱོར་སྦྱོངས༔ ལས་འབྲས་ཀྱི་སྤྱོད་པ་ཕྱེ་བས་ཞིབ་པས་མི་དགེ་བ་ཀུན་སྤོངས༔ མཐོན་པོ་ལ་འགྲན་ཟླའི་སེམས་སྐྱུངས་ལ༔ དམ་པ་རྣམས་ཀྱི་ཟླ་སྲོངས༔ བསྲུང་སྡོམ་གྱི་སྤྱན་པོ་ལྷ་དང་བླ་མ་ལ་ཆོལ་ལ་ཁྲེལ་དང་ངོ་ཚ་སྲུངས༔ བཟོད་པའི་ཚད་རང་ལ་ཚུགས་ལ༔ གཞན་ལ་གནོད་པ་མ་བྱེད༔ སྤྱོད་ལམ་ཇི་ལྟར་སྤྱོད་ཀྱང༔ དོན་དང་མ་བྲལ་བར་ལུས་ངག་ཆོས་སུ་སྒྱུར༔ རྟག་ཏུ་གཞན་ལ་རྔན་མ་བགྲང་བར་རང་སྐྱོན་ཡུལ་ཐོན༔ དྲང་དོན་དང་ངེས་དོན་གང་འཚམས་བསྟན་པས་དད་པ་ཅན་ཆོས་ལ་ཚུད༔ གཞན་ན་མཉམ་ཤི་བ་དེ་བདག་ལ་བྱ་བཏང་བ་ཡིན་པས་བག་ཟོན་སྐྱེད༔ རྟག་ཏུ་བྱ་བྱེད་མ་མང་བར་ལུས་སེམས་རྣལ་དུ་ཕོབ༔ གདམས་པ་ཟབ་མོ་སེམས་ཐོག་ཏུ་ཕོབ་ལ་ངོ་སྤྲོད་དུ་ཟུངས༔ འཚོ་བ་ཉམས་ཀྱང་གཡོ་སྒྱུས་ཟས་ནོར་མ་འཚོལ༔ སེམས་ལ་ཁུ་འཁྲིག་བྱུང་ན༔ གཟུགས་མེད་བགེགས་ལ་མ་སྔངས༔ རྒྱལ་ཁྲིམས་དམ་ཡང་སེམས་ཅན་ལ་འཚེ་བའི་ལས་མ་བྱེད༔ སང་འཆི་གནངས་འཆི་མ་ངེས་པས༔ སེམས་ཉིད་བཙན་ས་ཟུངས༔ མཚན་ལྡན་གྱི་བླ་མ་ཚོལ་ལ་དུས་གསུམ་དུ་སྤྱི་བོར་ཁུར༔ མི་ཚེ་ལ་གང་དགོས་ཆ་མེད་པས་རིག་པའི་གནས་ལྔ་ཀུན་ལ་སྦྱོངས༔ ཕུང་འདྲེའི་རྩ་བ་ཡིན་པས་ཡོན་ཏན་ཅི་ཡོད་ཀྱང་རློམས་སེམས་མ་བྱེད༔ བདེ་བའི་འབྱུང་གནས་ཡིན་པས་རྟག་ཏུ་རི་ཁྲོད་འགྲིམས༔ འདི་ཕྱི་གཉིས་ཀར་སྡུག་པས་ལས་ངན་ཁྱིམ་ཐབ་མ་བྱེད༔ ཐ་མལ་གྱི་སྤྱོད་པ་གྲོགས་ཀྱིས་འགྱུར་བས་དམ་པ་རྣམས་དང་འགྲོགས༔ སྒོམ་པས་མངོན་དུ་མ་གྱུར་གྱི་བར་དུ་ལྟ་ཁམ་གྱིས་སྤྱོད་པ་མ་རྩིང༔ འཁོར་བའི་ལྕགས་སྒྲོག་ཡིན་གྱིས་སྡེ་རིས་དང་གཟུང་འཛིན་བོར༔ མཁས་པས་གཤེ་བར་འོང་བས་ཚུལ་འཆོས་དང་ཐོ་ཅོ་མ་བྱེད༔ སྤྱོད་ངན་ཤུགས་ཀྱིས་འགོ་བས་ཐ་མལ་གྱི་གསེབ་ཏུ་མ་འདུག༔ ཐམས་ཅད་སྒྱུ་མ་ཡིན་པས་འདུས་བྱས་ཆོས་སྤྱོད་ལ་བློ་མ་གཏོད༔ སངས་རྒྱས་གཞན་ན་མེད་ཀྱིས་རང་སེམས་གཏན་ལ་ཕོབ༔ དེ་ལྟར་བྱས་ན་ཤཱཀྱའི་བསྟན་པ་གཟུང་བ་ཡིན་ནོ་གསུངས༔ ༔སློབ་དཔོན་གྱི་ཞལ་ནས༔ ཞེ་ཐག་པ་ནས་ཆོས་བྱེད་ན༔ བསྲུང་སྡོམ་ས་གཞི་ལྟ་བུ་ལ་ཆོས་ཀྱི་རྟེན་འཆའ་དགོས༔ ལྟ་བ་ནམ་མཁའ་ལྟ་བུའི་ངང་ལ་གྲུབ་མཐའི་ཐེག་པ་ཐམས་ཅད་རྫོགས་དགོས༔ བྱེ་བྲག་འཇའ་ཚོན་ལྟར་ཕྱེད་པས་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་བློ་ལ་འཆར་དགོས༔ གོ་རིམ་ཆུ་ཤིང་གི་ཤུན་པ་ལྟར་ཕྱེད་པས་ལས་ཅན་དྲང་དགོས༔ སྨྱུ་གུ་ལྟ་བུའི་སྲི་ཞུས་གདམས་ངག་སྲིས་ལ༔ སློབ་མ་ལ་གཅེས་སྤྲས་སྐྱེད་དགོས༔ སོས་ཀའི་མེ་ཏོག་ལྟར་སེང་ངེ་ཡེ་རེ་བས༔ བསྒོམ་པས་གསལ་གདབ་དགོས༔ སྨན་པའི་སྒྱེའུ་ལྟར་གདམས་པ་ཕྱོགས་མེད་དུ་བཟུང་ལ༔ ནམ་དགོས་ན་གཏོང་དགོས༔ ལན་ཚྭ་ལྟར་ཚོད་ཟིན་པའི་ཉམས་ཤིག་དགོས༔ འབྲོང་བུ་ལུང་ཕུགས་སུ་བདས་པ་ལྟ་བུའི་སྤྱོད་པས་རྐྱེན་ངན་ཐོག་འགེལ་དུ་གཅོད་དགོས༔ སྤང་བྱ་ཉོན་མོངས་པ་འཕྲད་པའི་དུས་སུ༔ དགྲ་སྡང་ཚེར་མ་ལྟར་སྤང་དགོས༔ གཉེན་པོ་ཡེ་ཤེས་སྐྱེས་པའི་དུས་སུ༔ མིག་གི་འབྲས་བུ་ལྟར་རྒྱུད་ལ་བཙའ་དགོས༔ ཐོས་བསམ་སྒྲོ་འདོགས་གཅོད་པའི་དུས་སུ༔ གླ་འབྲེང་ལྟ་བུའི་མཉེན་ལྕུག་གིས་བླ་མ་བསྟེན་དགོས༔ འཇིག་རྟེན་པའི་མི་ཆོས་ཀྱི་བྱ་བ་འཚོལ་ན༔ གླང་ལྟར་གྱོང་བས་གཞན་སྣང་དང་མི་བསྟུན་དགོས༔ ཚད་མེད་བཞི་རྒྱུད་ལ་སྦྱོར་བའི་དུས་སུ༔ དུད་འགྲོ་ལུག་ལྟ་བུའི་བཟོད་པས་ཕྱོགས་མེད་རོ་སྙོམས་དགོས༔ མཁས་པས་རྩོད་པ་བྱེད་དུ་བྱུང་ན༔ དཔའ་བོའི་མཚོན་ཆ་ལྟ་བུའི་ཤེས་རབ་ཀྱིས་གང་ལ་ཡང་ཐོགས་མེད་དུ་གཅོད་དགོས༔ བསམ་པས་དོན་འཚོལ་བའི་དུས་ན༔ རྟ་རྒོད་འདུལ་བ་ལྟར་བྱིང་རྒོད་འདུལ་དགོས༔ ཉམས་ལེན་རྒྱུད་ལ་འགེལ་བའི་དུས་ན༔ མི་གཅིག་པོ་མཛེས་ཟིན་པ་ལྟར་འཇིག་རྟེན་བྱ་བ་འབོར་དགོས༔ མྱུར་དུ་སངས་རྒྱ་བར་འདོད་ན༔ བག་མ་གསར་བུའི་སྤྱོད་པས་རྒྱུན་དུ་རང་གིས་རང་ལ་ལྟོས་དང་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ དེ་ལྟར་ཉམས་སུ་ལེན་པ་ཤིན་ཏུ་དཀའ༔ ཆོས་ཚུལ་བཞིན་དུ་སྒྲུབ་པའི་མི་མཆིའམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་བྱེད་ན་རང་བཞིན་གྱིས་རྒྱུད་ལ་ཡོན་ཏན་དང་ལྡན་པ་ཡང་མང་དུ་ཡོད་གསུངས༔ ཇི་ལྟར་མཆིས་ཞུས་པས༔ སྤྲོ་རིང་ལ་ངག་འཇམ་ན༔ བྱམས་པ་རྒྱུད་ལ་སྐྱེ་སླ་བའི་ཡོན་ཏན་ཡོད༔ ཚོར་ངས་ཆེ་ལ་བློ་སྣ་མང་ན༔ དད་པ་གློ་བུར་དུ་སྐྱེ་བའི་ཡོན་ཏན་ཡོད༔ རིགས་བཟང་ལ་ངོ་ཚ་ཆེ་ན༔ ཆོས་ལས་མི་ལྡོག་པའི་ཡོན་ཏན་ཡོད༔ སྡུག་བསྔལ་དང་རྐྱེན་མང་ན༔ ཆོས་ལ་བློ་འཇུག་པའི་ཡོན་ཏན་ཡོད༔ དྲང་ཆེ་ལ་རྒྱུད་བཟང་ན༔ བཟོད་པས་རྐྱེན་ཐུབ་པའི་ཡོན་ཏན་ཡོད༔ ངོ་རྟག་ཅིང་གཉེན་ལ་གདུང་ན༔ བླ་མ་ལ་སྲི་ཞུ་ཆེ་བའི་ཡོན་ཏན་ཡོད༔ མི་ཆོས་ཀྱི་ཁེ་གྲགས་ཆུང་ན༔ ཆོས་ལ་ཕྱོགས་རིས་མི་འོང་བའི་ཡོན་ཏན་ཡོད༔ མི་ཆོས་ལ་མདོ་ཆུང་ན༔ ལྷ་ཆོས་ལ་འཛིན་པ་ཆུང་བའི་ཡོན་ཏན་ཡོད༔ ཚིག་རྗེས་དོན་གྱིས་སོང་ན༔ ཆོས་དང་གང་ཟག་ཏུ་མཐུན་པའི་ཡོན་ཏན་ཡོད༔ བརྣག་པ་དང་ཞེ་བཅད་ཆེ་ན༔ ཆོས་ལ་ཉམས་ལེན་བཟང་བའི་ཡོན་ཏན་ཡོད༔ ངོ་འཛུམ་ཞིང་སྤྱོད་ལམ་དེས་ན༔ མཆེད་ལྕམ་ལ་དམ་ཚིག་གཙང་བའི་ཡོན་ཏན་ཡོད༔ གཟའ་གཏད་ཆུང་ལ་སྤྱོད་ལམ་ཧར་ན༔ རང་གི་རྟོག་པ་བཙན་ཐབས་ཆོད་པའི་ཡོན་ཏན་ཡོད་གསུངས༔ ༔དེ་ཡང་སྐྱོན་དུ་མ་སོང་བ་ཞིག་དགོས་ཏེ༔ སྤྲོ་རིང་ལ་ངག་འཇམ་པའི་མི་ལ་གཡོ་སྒྱུ་ཆེ་བའི་སྐྱོན་ཡོད༔ ཚོར་ངས་ཆེ་ལ་བློ་སྣ་མང་ན༔ ཆོས་ལས་བློ་ལྡོག་པའི་སྐྱོན་ཡོད༔ རིགས་བཟང་ལ་ངོ་ཚ་ཆེ་ན༔ མི་ཆོས་མི་སྤོང་བའི་སྐྱོན་ཡོད༔ སྡུག་བསྔལ་དང་རྐྱེན་མང་ན༔ ཆོས་བྱ་བར་འདོད་ཀྱང་བྱ་ལོང་མི་འོང་བའི་སྐྱོན་ཡོད༔ དྲང་ཆེ་ལ་རྒྱུད་བཟང་ན༔ ཆོས་ལ་གོ་བ་ཆུང་བའི་སྐྱོན་ཡོད༔ ངོ་རྟག་ཅིང་གཉེན་ལ་གདུང་ན༔ མི་ཆོས་དང་འབྲེལ་མི་ཆོད་པའི་སྐྱོན་ཡོད༔ མི་ཆོས་དུས་ན་ཁེ་གྲགས་ཆུང་ན༔ ལྷ་ཆོས་ཀྱི་གཉེན་པོ་ཆུང་བའི་སྐྱོན་ཡོད༔ མི་ཆོས་ལ་མདོ་ཆུང་ན༔ ཆོས་མཐར་མི་ཕྱིན་པའི་སྐྱོན་ཡོད༔ བརྣག་པ་དང་ཞེ་བཅད་ཆེ་ན༔ འདོད་ཆགས་སྤང་དཀའ་བའི་སྐྱོན་ཡོད༔ ཚིག་རྗེས་དོན་གྱིས་སོང་ན༔ ཚིག་རྩུབ་ལ་འཐབ་རྩོད་འོང་བའི་སྐྱོན་ཡོད༔ ངོ་འཛུམ་ཞིང་སྤྱོད་ལམ་དེས་ན༔ ཚུལ་འཆོས་དང་བུད་མེད་ལ་དགའ་བའི་སྐྱོན་ཡོད༔ གཟའ་གཏད་ཆུང་ཞིང་སྤྱོད་པ་ཧར་ན༔ ཆོས་སྤྱོད་ལ་མི་རེམ་རྣམ་སྨིན་ལ་མི་འཛེམ་པའི་སྐྱོན་ཡོད་པས༔ ཆོས་སྒོར་ཞུགས་པ་རྣམས་ཀྱང་སྐྱོན་དེ་དག་སྤངས་ནས༔ ཡོན་ཏན་དང་ལྡན་པར་བྱས་ན༔ ཆོས་སྒྲུབ་པ་ལ་དཀའ་བ་མེད་གསུངས༔ ༔ཡང་མངའ་བདག་གིས་ཞུས་པ༔ ཆོས་བྱེད་ན་ཆོས་སུ་མི་འགྲོ་བ་མཆིས་སམ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཆོས་སྒོར་ཞུགས་ཀྱང་ཆོས་སུ་མ་སོང་བ་མང་དུ་ཡོད་པས་དེར་མ་སོང་བར་བྱ་དགོས་གསུངས༔ དེ་ཡང་རབ་ཏུ་བྱུང་བ་བྱས་ཀྱང་འཚོ་སྐྱོང་དང་ཡོ་བྱད་ཁྱིམ་པ་དང་མཉམ་ན་ཆོས་པ་མ་ཡིན༔ མི་ཆོས་ཀྱི་བྱ་བ་བཞག་ཀྱང་ཐ་མལ་གྱི་ལོང་གཏམ་མ་སྤང་ན་ཆོས་པ་མ་ཡིན༔ དགོན་པར་གནས་ཀྱང་བྱ་བ་འཇིག་རྟེན་པ་དང་མཉམ་ན་ཆོས་པ་མ་ཡིན༔ རང་ཡུལ་བོར་ཀྱང་འཇིག་རྟེན་པ་དང་འདྲིས་འབྲེལ་མ་སྤང་ན་ཆོས་པ་མིན༔ ཉམས་ལེན་བྱས་ཀྱང་འདོད་པ་ལས་བློ་མ་ལོག་ན་ཆོས་པ་མིན༔ དཀའ་ཐུབ་སྣ་ཚོགས་བྱེད་ཀྱང་གཞན་གྱི་གནོད་པ་མ་བཟོད་ན་ཆོས་པ་མིན༔ བསྐྱེད་རྫོགས་སྒོམ་ཡང་དམ་ཚིག་མ་བསྲུང་ན་ཆོས་པ་མིན༔ གཉིས་མེད་སྒོམ་ཡང་ལྷ་འདྲེ་ལ་ཕན་གནོད་རེ་ན་ཆོས་པ་མིན༔ ཐེག་ཆེན་ལ་ཞུགས་ཀྱང་སེམས་ཅན་ལ་ཕན་པ་མི་བསྒྲུབ་ན་ཆོས་པ་མིན༔ འགྲོ་དོན་བྱེད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་པར་ཞེ་འདོད་དང་མ་བྲལ་ན་ཆོས་པ་མིན༔ ལྟ་བ་རྟོགས་ཀྱང་རྣམ་སྨིན་ལ་མི་འཛེམ་ན་ཆོས་པ་མིན༔ ཐེག་པ་རིམ་དགུ་ཤེས་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་ན་ཆོས་པ་མིན༔ རྟག་ཏུ་རྩེ་གཅིག་བསྒོམས་ཀྱང་སྣང་བའི་དངོས་འཛིན་མ་ཞིག་ན་ཆོས་པ་མིན༔ བསླབ་པ་གསུམ་དང་ལྡན་ཡང་རློམས་སེམས་ཀྱི་དམིགས་པ་སྤྱོད་ན་ཆོས་པ་མིན༔ དགེ་སྦྱོར་ཅི་བྱེད་ཀྱང་སྦྱོར་དངོས་མཇུག་གསུམ་གྱིས་མ་ཟིན་ན་ཆོས་པ་མིན༔ ལུས་ངག་གི་སྤྱོད་ལམ་བཟང་བ་རང་བཞིན་བྱེད་ཀྱང་སེམས་ཉོན་མོངས་པ་རང་རྒྱུད་པར་ཤོར་ན་ཆོས་པ་མིན༔ ད་ལྟ་སྒྲུབ་པར་ནུས་པའི་བྱ་བ་རྣམས་བཞག་ནས་ཕྱིས་སྨོན་ལམ་རེ་བ་རྣམས་ཆོས་པ་མིན༔ སེམས་ཉིད་རང་ངོ་མ་ཤེས་པར་འབྲས་བུ་ཕྱིས་དུས་ལ་རེ་ན་ཆོས་པ་མིན༔ ལས་སུ་དགེ་བའི་བྱ་བ་བྱས་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་དང་མ་བྲལ་ན་ཆོས་པ་མིན༔ མངའ་བདག་ཆེན་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱང༔ བདག་ལ་བསྟོད་ན་དགའ་བ་དང༔ སྨད་ན་མི་དགའ་བ་དང༔ གྲགས་ན་དགའ་བ་དང༔ མ་གྲགས་ན་མི་དགའ་བ་དང༔ སྙན་ན་དགའ་བ་དང༔ མ་སྙན་ན་མི་དགའ་བ་དང༔ རྙེད་ན་དགའ་བ་དང༔ མ་རྙེད་ན་མི་དགའ་བ་རྣམས་ལགས་ཏེ༔ དེ་ཡང་བདག་གི་ལུས་ངག་ཡིད་གསུམ་མི་དགེ་བའི་རྩ་བ་གང་ཡང་སྔར་དེ་རྣམས་ཀྱི་བསམ་པ་དང་བཅས་པས་བྱས་སམ་མ་བྱས༔ ད་ལྟ་བྱེད་ཅིང་འདུག་གམ་མི་འདུག༔ མ་འོངས་པ་ན་དེ་བརྒྱད་དང་ལྡན་པས་བྱེད་དམ་མི་བྱེད་བརྟགས་ཏེ༔ དེ་དང་མ་འབྲེལ་བ་གལ་ཆེ༔ མངའ་བདག་ཆེན་པོ༔ པདྨ་བདག་གི་རྗེས་སུ་འབྲང་ན༔ ཆོས་གང་ལ་འཇུག་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པ་སྤྱོད་ཅིག༔ དོན་རྒྱ་ཆེ་ལ་ཟབ་པ་དང་ལྡན་པར་སྤྱོད་ཅིག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་མཐའ་དག་དང་ལྡན་པར་སྤྱོད་ཅིག༔ ཐེག་པ་རིམ་པ་དགུའི་དོན་གང་ཟག་གཅིག་གི་རྒྱུད་ལ་ཡར་ལྡན་དུ་རྫོགས་པར་སྤྱོད་ཅིག༔ སྤྱད་བྱ་དང་སྤྱོད་བྱེད་གང་ཡང་མ་གྲུབ་པར་ཤེས་པའི་ཚུལ་གྱིས་སྤྱོད་ཅིག༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་སྤྱོད་ཅིག༔ བདག་གི་གདམས་པ་འདི་ཁོ་ན་ལྟར་སྤྱོད་ཅིག༔ བྱང་ཆུབ་ཀྱི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱིས་གསུངས༔ དེ་ནས་མངའ་བདག་ཤིན་ཏུ་དགྱེས་ནས་ཕྱག་གྲངས་མེད་པ་མཛད༔ ཤིན་ཏུ་རྗེས་སུ་ཡི་རང་ངོ༔ སློབ་དཔོན་པདྨས་མངའ་བདག་ལ་གདམས་པ༔ སྤྱོད་པའི་ཞལ་གདམས་ཐོར་བུ་བ༔ དུས་དེ་ཉིད་དུ་ཡི་གེར་བཏབ་བོ༔ ཕྱིས་ནི་རིན་ཆེན་གཏེར་དུ་སྦས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ སྤྲུལ་པའི་སྐུར་དངོས་སུ་བྱོན་པའི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཆོས་ཐམས་ཅད་ཀྱི་རྟེན༔ སྐྱེ་ཤི་ཟད་པར་བྱ་བའི་ཐབས༔ རྒྱུ་ཆུང་ལ་ཕན་ཡོན་ཆེ་བ༔ བྱ་སླ་ལ་ཚེགས་ཆུང་བའི་ཐབས་ཤིག་ཐུགས་ལ་གདགས་དགོས་ཞུས་པས༔ སློབ་དཔོན་སྤྲུལ་པའི་སྐུ་དེའི་ཞལ་ནས༔ མཚོ་རྒྱལ་ཆོས་ཐམས་ཅད་ཀྱི་གཞི་ནི་སྐྱབས་འགྲོ་ཡིན༔ ཆོས་ཐམས་ཅད་ཀྱི་རྟེན་དཀོན་མཆོག་གསུམ་ཡིན༔ སྐྱེ་ཤི་ཟད་པར་བྱེད་པའི་ཐབས་སྐྱབས་འགྲོ་ཡན་ལག་དང་བཅས་པ་ཡིན་གསུངས༔ ཇོ་མོས་ཞུས་པ༔ སྐྱབས་འགྲོའི་ངོ་བོ་གང་ལགས༔ ངེས་ཚིག་གང་ལགས༔ དབྱེ་ན་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་འགྲོའི་ངོ་བོ་ནི༔ བླ་ན་མེད་པའི་བྱང་ཆུབ་འདོད་ཅིང་སྙིང་རྗེ་ཁས་ལེན་དང་བཅས་པའོ༔ ངེས་ཚིག་ནི༔ ངན་སོང་གསུམ་གྱི་འཇིགས་པ་དང༔ མུ་སྟེགས་ལ་སོགས་པའི་འཇིག་ཚོགས་ཀྱི་ལྟ་བ་དམན་པ་ལས་སྐྱོབ་པས་སྐྱབས་འགྲོའོ༔ དབྱེ་ན༔ ཕྱིའི་སྐྱབས་འགྲོ་དང༔ ནང་གི་སྐྱབས་འགྲོ་དང༔ གསང་བའི་སྐྱབས་འགྲོ་དང་གསུམ་ཡིན་གསུངས༔ ཇོ་མོས་ཞུས་པ༔ ཕྱིའི་སྐྱབས་འགྲོ་ལ་སྐྱབས་འགྲོ་སྐྱེ་བའི་རྒྱུ་གང་ལགས༔ ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་གིས་སྐྱབས་སུ་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ༔ བསམ་པའི་ཁྱད་པར་གང་གིས་སྐྱབས་སུ་འགྲོ་བ་ལགས་ཞུས་པས༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་སྐྱེ་བའི་རྒྱུ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང༔ དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཡིད་ཆེས་པ་དང༔ དེ་ཡང་དཀོན་མཆོག་གསུམ་པོ་དེ་སྐྱབས་ཀྱི་ཡུལ་དུ་འཛིན་པ་དང་གསུམ་གྱིས་སྐྱབས་སུ་འགྲོ་བ་སྐྱེ་བ་ཡིན་གསུངས༔ ལར་སྐྱབས་འགྲོ་འཆི་བས་འཇིགས་ན་སྐྱེ་བ་ཡིན་ཏེ༔ ཚེ་ཕྱེད་ཟད་ཀྱང་མ་ཚོར༔ ཚེ་ཕྱི་མ་སྐད་ཅིག་ཀྱང་མི་དྲན་པའི་མི་མང་པོ་གདའ་སྟེ་སྐྱབས་འགྲོ་སྐྱེས་ཏེ་མི་མཆི་གསུངས༔ མི་འཆི་ན་དང་སྐྱབས་འགྲོ་མི་དགོས༔ ཤི་ནས་མིར་སྐྱེས་ན་ཡང་དགོས་པ་མི་བདོག་སྟེ༔ འཆི་འཕོས་པའི་དུས་ན་ངན་སོང་གི་སྡུག་བསྔལ་མི་བཟོད་པར་མཆི་གསུངས༔ ཡུལ་གང་ལ་སྐྱབས་སུ་འགྲོ་ན༔ དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་སྟེ༔ སྐྱེ་འཆི་ཟད་པར་བྱ་བའི་ཐབས་གང་གིས་ནུས་ན༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སྐྱོན་མཐའ་དག་དང་བྲལ་ནས་ཡོན་ཏན་མཐའ་དག་རྫོགས་པ་ཡིན་པས༔ དེས་གསུངས་པའི་བཀའ་དང༔ དེའི་བསྟན་པ་འཛིན་པའི་དགེ་འདུན་དང་བཅས་པ་འདིས་བདག་གཞན་གྱི་སྐྱེ་ཤི་ཟད་པར་ནུས༔ སྐྱབས་ཀྱི་ཡུལ་འདི་ཁོ་ན་ཡིན་པ༔ དེ་ལ་སྐྱབས་སུ་འགྲོ་བ་ཡིན་གསུངས༔ ལར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་མོ་མའི་ཚིག་ཙམ་དུ་མི་རྩི༔ ཏུག་གིས་ཐུག་ན་འདྲེ་ལ་སྐྱབས་སུ་མཆི་བའི་མི་མང་པོ་གདའ༔ སྐྱབས་འགྲོ་དཀའ་བར་མཆི་གསུངས༔ གང་ཟག་གང་གིས་སྐྱབས་སུ་འགྲོ་ན༔ མོས་པ་གུས་པ་དད་པ་གསུམ་དང་ལྡན་ཞིང༔ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་ཞིག་གིས་སྐྱབས་སུ་འགྲོ་སྟེ༔ དེ་ཡང་ཁྱད་པར་གྱི་བསམ་པ་རྣམ་པ་གསུམ་དང་ལྡན་པ༔ འཁོར་བ་ཐོག་མ་མེད་པས་འདི་དུས་ད་རེས་ནས་སློབ་དགོས་སྙམ་པ་དང་གཅིག༔ མུ་སྟེགས་ལ་སོགས་པའི་ལྷ་རྣམས་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་མ་ཡིན་སྙམ་པ་དང་གཉིས༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཁོ་ན་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་དམ་པ་ཡིན་སྙམ་པ་དང་གསུམ༔ སྐྱབས་འགྲོ་ཐུན་མོང་བ་སྐྱེ་དུས་དེ་ཙམ་ན་ཡིན་གསུངས༔ སྐྱབས་སུ་འགྲོ་བ་ལ་འོལ་སྤྱི་དེས་མི་མཆི༔ ཁ་རྒྱལ་དང་འདྲ་གར་འགྲོ་ཆ་མེད་གསུངས༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ་ན༔ སྒོ་གསུམ་དང་འགྲོ་སྟེ༔ ངན་སོང་དང་འཁོར་བས་འཇིགས་པ་དང༔ དཀོན་མཆོག་གི་བྱིན་རླབས་ལ་ཡིད་ཆེས་པ་དང༔ དད་པ་དང་སྙིང་རྗེ་བརྟན་པོ་དང་ལྡན་པས་སྐྱབས་སུ་འགྲོ་བ་ཡིན་གསུངས༔ ལར་ཚེ་འདི་ལ་ཡང་གྲུ་བཞི་ལིང་ངེ་བ༔ ཕྱི་མ་ཡང་གྲུ་བཞི་ལིང་ངེ་བ་འདོད་པའི་མིས་ཆོས་ཞོར་ཤིར་ཤོར་ནས་སོང་ནས་མི་འོང་གསུངས༔ སྐབས་འདིར་སྐྱབས་འགྲོའི་ཆོ་ག་ཤེས་པར་བྱའོ་གསུངས༔ བསམ་པའི་ཁྱད་པར་གང་གིས་འགྲོ་ཞེ་ན༔ གཞན་དོན་ལྷུར་ལེན་པས་འགྲོ་སྟེ༔ འཁོར་བ་སྤངས་ཤིང་མྱ་ངན་ལས་འདས་པའི་འབྲས་བུ་འདོད་པ་ཙམ་གྱིས་ཀྱང་མངོན་པར་རྫོགས་པར་སངས་མི་རྒྱ་བས༔ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར༔ བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བསམ་པས་འགྲོ་གསུངས༔ ལར་འདོད་པ་ཐམས་ཅད་གཉིས་འཛིན་འདོད་པ་ཡིན༔ གཉིས་འཛིན་དང་མ་བྲལ་བའི་སྐྱབས་འགྲོས་གོ་མི་ཆོད་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕྱིའི་སྐྱབས་འགྲོ་ལ་བསླབ་བྱ་དུ་དང་ལྡན་པར་སློབ་དགོས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་སུ་སོང་མ་ཐག་དེ་མི་ཉམས་པར་བྱ་བའི་ཕྱིར༔ བསླབ་བྱ་རྣམ་པ་བརྒྱད་ལ་ཐབས་ཀྱིས་བསླབ་དགོས་གསུངས༔ བསླབ་བྱ་རྣམ་པ་བརྒྱད་གང་ལགས་ཞུས་པས༔ དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་སྟེ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་རྣམ་པར་འཚེ་བ་སྤང༔ དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་ཡིན་གསུངས༔ དེ་ཡང་དང་པོ་སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ་བ་ནི༔ ལྷ་གཞན་ནི་གུ་ལང་དང་ཁྱབ་འཇུག་དང༔ དབང་ཕྱུག་ཆེན་པོ་དང༔ དེ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ལ་ཕྱག་འཚལ་ན་སྐྱབས་འགྲོ་ཉམས༔ དེ་རྣམས་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་སྡོམ་པ་ཉམས་སོ་གསུངས༔ གཉིས་པ་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་རྣམ་པར་སྤང་བ་ནི༔ ཆེ་བ་རབ་གསོད་པ་ཡིན༔ སྐྱབས་འགྲོའི་སྡོམ་པ་འཆོར༔ ཁོང་ཁྲོས་རྡེག་པ་དང༔ འཁོལ་བ་དང༔ སྣ་འབིགས་པ་དང༔ གོ་རར་འཇུག་པ་དང༔ རྩིད་པ་འབལ་བ་ལ་སོགས་པ་བྱས་ན༔ སྐྱབས་འགྲོའི་སྡོམ་པ་ཡན་ཆད་ཉམས་གསུངས༔ གསུམ་པ་དགེ་འདུན་ལ་སྐྱབས་སུ་སོང་ནས༔ མི་མུ་སྟེགས་པ་དང་འགྲོགས་པ་སྤང་བར་བྱ་སྟེ༔ ལྟ་སྤྱོད་རྟག་ཆད་དུ་འཛིན་པའི་མི་དང་འགྲོགས་ན་སྡོམ་པ་ཉམས༔ དེ་དང་ལྟ་སྤྱོད་བསྟུན་ན་སྐྱབས་འགྲོའི་སྡོམ་པ་ཉམས༔ ལར་སྐྱབས་འགྲོའི་ནང་ན་ཆོས་ཀུན་ཡོད་པ་ཡིན་ཏེ༔ ལྟ་ལོག་ཅན་ལ་གོ་བ་མི་འདུག་གསུངས༔ ཐུན་མོང་གི་བསླབ་བྱ་ནི་རྣམ་པ་ལྔ་སྟེ༔ དེ་ཡང་དང་པོའི་དུས་སུ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཚེས་བཅུ་བཞི་ལ་དཀོན་མཆོག་གི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཕུལ་ནས༔ མཆོད་པ་ལ་འབྱོན་པར་གསོལ་བ་གདབ༔ དེ་ནས་ཚེས་བཅོ་ལྔའི་ཉིན་མོ་མཆོད་པ་བྱ༔ དེ་ཡང་མཆོད་པ་ལ་བཞི་སྟེ༔ ཕྱག་བཙལ་བའི་མཆོད་པ་དང༔ རྫས་ཀྱི་རིམ་པའི་མཆོད་པ་དང༔ བསྟོད་པའི་མཆོད་པ་དང༔ སྒྲུབ་པའི་མཆོད་པ་དང་བཞིའི་དང་པོ་ཕྱག་གི་མཆོད་པ་ནི༔ རང་གི་ལུས་དྲང་པོར་བསྲང་ལ་ཐལ་མོ་སྦྱར་ཏེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡིད་ལ་དྲན་པར་བྱ་ཞིང་ཕྱག་འཚལ་བས༔ དེ་རྣམས་ཀྱི་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་གཏུགས་པར་བསམ་མོ༔ དེ་ནས་རྫས་ཀྱི་མཆོད་པ་མེ་ཏོག་ལ་སོགས་པ་བདག་པོས་ཡོངས་སུ་མ་གཟུང་བའི་མཆོད་པ་དང༔ ཏིང་ངེ་འཛིན་གྱི་མཆོད་པ་དང༔ བདག་གི་ལུས་ཀྱང་འབུལ༔ དབྱངས་དང་ལྡན་པའི་སྒོ་ནས་བསྟོད་པའི་མཆོད་པའང་བྱ༔ སྒྲུབ་པའི་མཆོད་པ་ནི༔ སྟོང་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མི་ཕྱེད་པ་བསྒོམས་ནས༔ དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་པར་སྨོན་ལམ་འདེབས་པ་ཡིན་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ དཀོན་མཆོག་གསུམ་ལ་ཆུ་ཕོར་གང་དང༔ དུད་པ་རྡུལ་གཅིག་གིས་དགོས་པ་མེད༔ སངས་རྒྱས་ཀྱི་འོད་ཟེར་འཇུག་པའི་རྒྱུ་ཡིན༔ ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ནི༔ ཟས་ཀྱི་ཕུད་ཀྱི་ལྷ་བཤོས་གསུམ་བཅད་ལ་ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད་པས༔ བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ༔ དེ་ནས་རང་གི་ཡི་དམ་ལྷ་ལ་དཀོན་མཆོག་གསུམ་པོ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམ་ལ༔ དེ་རྣམས་ལ་བདུད་རྩིའི་མཆོད་པ་བཞེས་ཤིག་པར་འབུལ༔ དེ་ཙམ་མ་ཤེས་ན་ཡང་དཀོན་མཆོག་བཞེས་ཤིག་པར་འབུལ༔ ཐ་ན་འབུལ་རྒྱུ་གཅིག་ཀྱང་མེད་ཀྱང༔ ཉི་མ་རེ་ལ་ཆུ་ཕོར་ལ་འབུལ་ལོ་གསུངས༔ དེ་མ་ཕུལ་ན་སྐྱབས་འགྲོའི་སྡོམ་པ་ཉམས༔ སློབ་དཔོན་གྱི་ཞལ་ནས༔ དཀོན་མཆོག་མཆོད་པ་ལ་ཟན་གྱི་ཅུང་སེན་གྱི་དགོས་པ་མེད༔ རང་གི་ཚོགས་མ་ཚོར་བར་བསགས་པ་ཟ་གཏོར་ཡིན་གསུངས༔ གཉིས་པ་ལུས་དང་སྲོག་དང་གཙིགས་དང་བྱ་དགའི་ཆེད་དུ་ཡང་ལྷ་དཀོན་མཆོག་གསུམ་མི་སྤོང་བ་ནི༔ ལུས་ཀྱི་ཕྱིར་མི་སྤོང་བ་ནི༔ མིག་འབྱིན་པ་དང༔ སྒྱིད་པ་གཅོད་པ་དང༔ རྣ་བ་གཅོད་པ་དང༔ སྣ་གཅོད་པ་དང༔ ཡན་ལག་གཅོད་ཟེར་ཡང་གཅོད་དུ་འཇུག་པ་ལས་མི་སྤོང་བ་ཞིག་དགོས༔ སྲོག་གི་ཕྱིར་ཡང་མི་སྤོང་བ་ནི༔ གསོད་ཟེར་ཡང་གསོད་དུ་འཇུག་པ་ལས་སྐྱབས་འགྲོ་མི་སྤོང་བ་ཞིག་དགོས༔ གཙིགས་དང་བྱ་དགའི་ཆེད་དུ་མི་སྤོང་བ་ནི༔ འཛམ་བུའི་གླིང་རིན་པོ་ཆེས་བཀང་ལ་སྦྱིན་གྱིས་སྐྱབས་འགྲོ་ཐོངས་ཟེར་ཡང་མི་གཏོང་བ་ཞིག་དགོས༔ གསུམ་པ་རང་ལ་ན་ཚ་དང་དཀའ་སླ་དང་སྐྱིད་སྡུག་ཅི་བྱུང་ཡང༔ མ་དྷལ་དང་མཆོད་པ་རྣམ་པ་ལྔ་བཤམས་ལ་དཀོན་མཆོག་གསུམ་ལ་ཕུལ་ཏེ་དེ་ནས་སྐྱབས་འགྲོ་བྱ༔ བླ་མ་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་གི་ན་ཚ་དང་མི་མ་ཡིན་པ་དང༔ འབྱུང་པོ་དང་འབྱུང་པོ་ལས་གྱུར་པ་ཐམས་ཅད་མི་འབྱུང་ཞིང༔ ཞི་བ་དང་བཀྲ་ཤིས་པ་དང་བདེ་ལེགས་འབྱུང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་བོ༔ གཞན་ཡང་ཚོགས་གསག་ཀློག་འདོན་དང་གཏོར་མ་ལ་སོགས་པ་ནི་སྐྱབས་འགྲོའི་རྒྱུར་འགྲོ་བར་བྱས་པས་ཆོག་གསུངས༔ དེས་ཀྱང་མ་ཕན་ན་དཀོན་མཆོག་ལ་བྱིན་རླབས་མེད༔ ཆོས་མི་བདེན་སྙམ་པའི་ལོག་ལྟ་སྐྱེར་མི་རུང༔ བདག་རང་གི་ལས་ངན་ཟད་པའི་དུས་ན་སོས་ཏེ་འོང་སྙམ་དུ་བསམ༔ མོ་བོན་ལ་སོགས་པ་གཞན་ཐམས་ཅད་མི་བཙལ་བར་སྐྱབས་འགྲོ་འབའ་ཞིག་བྱ་གསུངས༔ བཞི་པ་ཕྱོགས་གར་འགྲོ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་དྲན་པར་བྱས་ལ་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བ་བྱ་བ་ནི༔ སང་ལྟ་བུ་ཤར་དུ་འགྲོ་ན༔ དེ་རིང་ལྟ་བུ་མ་དྷལ་དང་མཆོད་པ་བཤམས་ལ༔ ཕྱོགས་དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱབས་སུ་འགྲོ་བ་བྱའོ༔ གསོལ་བ་ཇི་ལྟར་བཏབ་ཅེ་ན༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་འདི་ཚུན་ཆད་དུ་འགྲོ་བ་ལ་བར་དེར་མ་ཕྱིན་ཚུན་ཆད་ལ་མི་དང་མི་མ་ཡིན་པའི་བར་ཆད་མི་འབྱུང་ཞིང་བཀྲ་ཤིས་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་ལ་འགྲོ༔ དེ་རིང་མ་གྲུབ་ན་ཡང་ནམ་འགྲོ་བའི་དུས་ན་དེ་ལྟར་བྱ་གསུངས༔ འགྲོ་བའི་ཚེ་ཐེམ་པའི་ཕྱི་རོལ་ནས་གོམ་པ་བཅུའམ་བདུན་ཚུན་ཆད་ལ་སྐྱབས་འགྲོ་མ་དྲན་ན་སྐྱབས་འགྲོ་ཉམས་པ་ཡིན༔ དེའི་དུས་ཀྱིས་མི་ཕན་པ་ཙམ་ལས་ཕྱིས་ནི་མི་འཆོར་གསུངས༔ ལར་སྐྱབས་འགྲོ་ལ་བློ་ཁེལ་ན་བསླུ་མི་སྲིད་གསུངས༔ ལྔ་པ་སྐྱབས་སུ་འགྲོ་བའི་ཡོན་ཏན་དྲན་པར་བྱས་ལ་ཡང་དང་ཡང་དུ་བསླབ་པ་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ནི༔ རེ་ཡང་དཀོན་མཆོག་ལ་རེ༔ ལྟོས་ཀྱང་དཀོན་མཆོག་ལ་ལྟོས༔ སྐྱབས་ཀྱང་དཀོན་མཆོག་ཁོ་ན་ལ་འགྲོ༔ གསོལ་བ་ཡང་དཀོན་མཆོག་ལ་འདེབས༔ བྱིན་རླབས་ཀྱང་དཀོན་མཆོག་ལ་ཞུ་གསུངས༔ ད་ལྟའི་དཀོན་མཆོག་གསུམ་གྱི་རྟེན་ལུགས་སུ་བླུགས་པ་དང༔ འབུར་དུ་དོད་པ་དང༔ རིས་སུ་བྲིས་པ་དང༔ མཆོད་རྟེན་དང༔ པོ་ཏི་དང༔ གླེགས་བམ་ལ་སོགས་པ་ལ་ཆོས་ཀྱི་སྐུར་མོས་པ་བྱས་ཤིང༔ ཕྱག་དང་མཆོད་པ་དང་གསོལ་བ་གདབ་པ་འདི་དག་ཆོས་ཀྱི་སྐུའི་ངོ་བོར་ཝལ་གྱིས་རྟོགས་ནས་འགྲོ་བ་ཡང་སྲིད་གསུངས༔ དེ་ལྟར་མ་གྱུར་ཀྱང་ད་ལྟར་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱས་ཤིང་ལས་ཀྱི་འབྲེལ་བ་བཞག་པས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བ་ཡིན་གསུངས༔ སློབ་དཔོན་པདྨའི་ཞལ་ནས༔ རང་ལ་སངས་རྒྱས་ཀྱི་ཡོན་ཏན་དང་བདེ་བ་ཅི་བྱུང་ཡང༔ བླ་མ་དང་དཀོན་མཆོག་གི་བྱིན་རླབས་ཡིན་པར་བསམ༔ དེ་ལྟར་བསམས་པས་བྱིན་རླབས་འཇུག་པ་ཡིན༔ རང་ལ་སྐྱོན་དང་སྡུག་བསྔལ་ཅི་བྱུང་ཡང༔ རང་གི་ལས་ངན་ཡིན་པར་བསམ༔ དེས་ལས་ངན་ཐམས་ཅད་འཛད་པ་ཡིན་གསུངས༔ ལར་རང་གིས་དཀོན་མཆོག་ལ་བློ་མ་ཁེལ་བར༔ དཀོན་མཆོག་ལ་བྱིན་རླབས་མི་འདུག་ཟེར་ནས་ལོག་ལྟར་འཛིན་ཏེ༔ དམྱལ་བའི་གཏིང་ནས་མི་ཐར་བར་མཆི་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོ་ལ་ཡོན་ཏན་དུ་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐྱབས་འགྲོ་ལ་ཡོན་ཏན་བརྒྱད་ཡོད་དེ༔ དང་པོ་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ནང་པ་སངས་རྒྱས་པ་ཟེར་བ་ཡིན༔ སྐྱབས་འགྲོ་མ་སྐྱེས་ན་གང་ཟག་དང་སྒོམ་ཆེན་སངས་རྒྱས་དངོས་ཡིན་ཟེར་ཡང་ནང་པ་སངས་རྒྱས་པའི་ཁྱུར་མི་ཚུད༔ གཉིས་པ་སོ་སོ་ཐར་པ་ལ་སོགས་པ་སྡོམ་པ་མཐའ་དག་གི་རྟེན་དུ་རུང་བ་ནི༔ སྐྱབས་འགྲོའི་སྡོམ་པ་ཤོར་ན་དེ་ལ་བརྟེན་པའི་སྡོམ་པ་ཐམས་ཅད་ཀྱང་འཆོར་གསུངས༔ སོར་འཇུག་པ་ཡང་སྐྱབས་འགྲོའི་སྡོམ་པ་སོར་ཆུད་པས་ཆོག་སྟེ༔ དེ་ཡང་རང་གིས་དཀོན་མཆོག་གསུམ་ལ་མོས་པ་བྱས་ནས༔ དེའི་སྤྱན་སྔར་སྡོམ་པ་བླངས་པས་ཆོག་གོ༔ བསྙེན་གནས་དང་གསང་སྔགས་ཀྱི་སྡོམ་པ་མན་ཆད་ཀྱི་ཐོག་མར་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་སྐྱེ་དགོས་པས༔ སྡོམ་པ་མཐའ་དག་གི་རྟེན་དུ་རུང་བ་ཞེས་བྱའོ༔ གསུམ་པ་ལས་སྒྲིབ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་བ་ནི༔ ཚེ་རབས་ནས་ཚེ་རབས་སུ་བསགས་པའི་ལས་སྒྲིབ་ཐམས་ཅད་ཟད་ཅིང་སྲབ་པར་བྱེད་དོ༔ དེ་ཡང་སྐྱབས་འགྲོ་ཁྱད་པར་ཅན་གྱིས་སྒྲིབ་པ་གཏན་ནས་འཛད༔ ཐུན་མོང་པས་ལས་ཀྱི་སྒྲིབ་པ་སྲབ་པར་བྱེད་གསུངས༔ ཡང་སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན༔ ལས་ཀྱི་སྒྲིབ་པ་གཏན་ནས་འཛད༔ ཚིག་ཙམ་གྱིས་ཀྱང་སྲབ་པར་བྱེད༔ ཡང་འགྲོ་འཆག་ཉལ་འདུག་དུས་རྟག་ཏུ་སྐྱབས་འགྲོ་བྱས་ན་གཏན་ནས་འཛད༔ མདོ་ལོང་མདོ་ལོང་གིས་ཀྱང་སྲབ་གསུངས༔ བཞི་པ་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་ནི༔ འཇིག་རྟེན་པའི་བསོད་ནམས་ཚེ་རིང་བ་དང༔ ནད་མེད་པ་དང༔ དཔལ་དང་གཟི་མདངས་དང་ལྡན་པ་དང༔ འབྱོར་པ་རྒྱ་ཆེན་པོ་ལ་སོགས་པ་ཡང་སྐྱབས་འགྲོ་ལས་འབྱུང་ལ༔ འཇིག་རྟེན་ལས་འདས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱང་སྐྱབས་འགྲོ་ལས་འབྱུང་བའོ༔ ལྔ་པ་ཚེ་འདིའི་བར་དུ་གཅོད་པ་མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མི་ཚུགས་པ་ནི༔ རང་ལ་སྐྱབས་འགྲོ་གཤའ་མ་ཞིག་བློ་ལ་སྐྱེས་ཙ་ན༔ ཚེ་འདི་ལ་མིའི་བར་དུ་གཅོད་པས་ཀྱང་མི་ཚུགས༔ མི་མ་ཡིན་ཀླུ་དང་རྒྱལ་པོ་ལ་སོགས་པས་ཀྱང་མི་ཚུགས་གསུངས༔ དྲུག་པ་ཇི་ལྟར་བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་བ་ནི༔ སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ནས་ཅི་བསམ་པ་ཐམས་ཅད་མི་འགྲུབ་པ་མི་སྲིད་དེ༔ མདོར་ན་སྐྱབས་འགྲོ་ལ་བློ་ཁེལ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་ཅི་འདོད་འོང་བ་དང་འདྲ་གསུངས༔ བདུན་པ་ངན་སོང་དང་ངན་འགྲོ་དང་ལོག་པར་མི་ལྷུང་བ་ནི༔ ངན་སོང་གསུམ་པོ་དམྱལ་བ་ཡི་དྭགས་དུད་འགྲོ་ལ་བྱ༔ ངན་འགྲོ་ཡུལ་མཐའ་ཁོབ་ལ་སོགས་པ་ཆོས་མེད་པའི་ཡུལ་དུ་སྐྱེ་བ་ཡིན༔ ལོག་པར་ལྟུང་བ་ནི་མུ་སྟེགས་ཏེ༔ དེ་དག་ཏུ་མི་ལྟུང་བར་འདོད་ན་ཡང་སྐྱབས་འགྲོ་ཁོ་ན་བྱ་གསུངས༔ བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་ཕན་ཡོན་ནི༔ ཕན་ཡོན་གཞན་ལྟ་སྨྲོས་ཀྱང་ཅི་དགོས་ཏེ༔ ཐེག་པ་ཆེན་པོ་གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་བཤད་དེ༔ དེ་ཡང་མྱུར་དུ་སངས་རྒྱ་བ་ལས་མེད༔ དེའི་སྣ་ལ་སྐྱབས་འགྲོ་བྱས་པས་ཆོག་སྙམ་ནས་དོགས་པ་རང་ལ་བཅད་ལ་ཡང་དང་ཡང་དུ་ཉིན་མཚན་མེད་པར་སྐྱབས་སུ་འགྲོ་བར་བྱ་དགོས༔ མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ངེས་པར་འཐོབ་བོ༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་རེམ་ན་ཆོས་མང་པོ་བྱ་མི་དགོས༔ འབྲས་བུ་བྱང་ཆུབ་ལས་འཆོར་དོགས་མེད་ཀྱིས་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོའི་ལག་ལེན་དངོས་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ སྐྱབས་འགྲོའི་ལག་ལེན་དངོས་ནི༔ དང་པོ་བདག་གིས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ༔ དེའི་ཆེད་དུ་ཚོགས་གསག་སྒྲིབ་པ་སྦྱང༔ བར་ཆད་བསལ་བའི་ཕྱིར༔ དུས་འདི་ནས་གཟུང་ནས་བྱང་ཆུབ་ལ་ཞུགས་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་དུ་སེམས་བསྐྱེད་ལ༔ དེ་ནས་མ་ཡེངས་པར་ངག་ཏུ༔ རྐང་གཉིས་རྣམས་ཀྱི་མཆོག་ཕྱོགས་བཅུའི་སངས་རྒྱས་རྣམས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཕྱོགས་བཅུའི་ཆོས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག་ཕྱོགས་བཅུ་ན་བཞུགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད༔ དུས་ད་ནས་གཟུང་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ༔ ཞེས་དང་པོ་ལན་གསུམ་བརྗོད༔ དེ་ནས༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཞེས་མ་ཡེངས་པར་མང་དུ་བྱ་གསུངས༔ དེ་ནས་གསོལ་བ་གདབ་པ་ནི༔ དཀོན་མཆོག་གསུམ་གྱིས་བདག་ཚེ་འདིའི་འཇིགས་པ་ལས་བསྐྱབ་ཏུ་གསོལ༔ ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ༔ ལམ་ལོག་པར་ཞུགས་པ་ལས་བསྐྱབ་ཏུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ༔ དེ་ནས་འཇོག་ཙ་ན༔ བདག་གི་དགེ་བའི་རྩ་བ་འདིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་བསྔོ་བ་བྱའོ་གསུངས༔ སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཇོ་མོས་ཞུས་པ༔ སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སློབ་དཔོན་སྐྱབས་འགྲོ་དང་ལྡན་པ་ལ་ཕྱག་དང་བསྐོར་བ་བྱ༔ མེ་ཏོག་ཕུལ་ལ་འདི་སྐད་དོ༔ སློབ་དཔོན་དགོངས་སུ་གསོལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དུས་འདི་ནས་གཟུང་ནས༔ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ རྐང་གཉིས་རྣམས་ཀྱི་མཆོག༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྐུ་བྱེ་བ་ཕྲག་བརྒྱ་ལ་སྐྱབས་སུ་མཆིའོ༔ ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག༔ ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག༔ འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་འཐོབ་པའོ༔ ཕྱག་བཙལ་མེ་ཏོག་དོར༔ དེ་ནས་གོང་བཞིན་བསླབ་བྱ་ལ་སློབ་ཅིང་སྐྱབས་འགྲོ་ལ་བརྩོན་པར་བྱའོ༔ ཕྱིའི་སྐྱབས་འགྲོ་ལག་ལེན་དང་བཅས་པ་བཤད་པ་ཡིན་ནོ༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྐྱབས་གནས་ལ་སྐྱབས་སུ་སོང་ནས༔ སྐྱོབ་ལུགས་ཇི་ལྟར་སྐྱོབ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གོང་ལྟར་སྐྱབས་འགྲོ་བྱས་ནས་བསླབ་བྱ་ལ་ཅག་གེ་སློབ་ན་དེ་ལ་དཀོན་མཆོག་གསུམ་གྱིས་སྐྱོབ་ངེས་ན༔ རང་ལམ་ལོག་པར་སོང་གིས་དོགས་པ་ལ་ཡང་ལམ་རྣལ་མ་དང་ཕྲད་པར་གསོལ་བ་བཏབ་པས་དེ་དང་ཅིས་ཀྱང་འཕྲད་གསུངས༔ ཚེ་འདིའི་འཇིགས་པ་ལས་སྐྱོབ་ངེས༔ སྐྱབས་སུ་འགྲོ་བའི་ཆོས་ཐམས་ཅད་རྒྱུད་ལ་སྐྱེས་ནས་འདི་ཙམ་ན་གཞག་བྱ་བ་མེད་དོ༔ སྔར་རྒྱུད་ལ་སྐྱེས་པ་རྣམས་གོང་ནས་གོང་དུ་འཕེལ་བར་བྱེད་དེ༔ འཕྲལ་དུ་བློ་སྐྱེར་རུང་བ་རྣམས་ལ་ཚོགས་གསག་སྒྲིབ་པ་སྦྱང༔ སྒོམ་སྲན་སྐྱེད་ན་བཏུབ་ཚད་ཀྱིས་སྐྱེ་བ་ཡིན་ནོ༔ སྟོང་ཉིད་དང་ལྷའི་དཀྱིལ་འཁོར་ལ་སོགས་པའི་ཆོས་ཟབ་མོ་སྐྱེར་མ་འདོད་པ་ཀུན་ལ་ཡང་སྐྱབས་སུ་འགྲོ་བས་སྒྲིབ་པ་བྱང༔ ཚོགས་བསགས་པས་སྐྱེ་བ་ཡིན་ནོ༔ འོ་ན་དེ་ལྟར་བྱས་པས་སྐྱོབ་ན༔ སངས་རྒྱས་རྣམས་བྱོན་ནས་སེམས་ཅན་རྣམས་ཁྲིད་ནས་འགྲོའམ་ཞེ་ན༔ སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ནས་ཕྱག་གིས་གདོན་དུ་མ་བཏུབ་སྟེ༔ དེ་ལྟར་བཏུབ་ན་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་སེམས་ཅན་གཅིག་ཀྱང་མ་ལུས་པར་འདོན་ཏེ་གསུངས༔ འོ་ན་ཅིས་སྐྱོབ་ན་ཆོས་ཀྱིས་སྐྱོབ༔ སློབ་དཔོན་པདྨའི་ཞལ་ནས༔ སྐྱབས་འགྲོ་རྒྱུད་ལ་སྐྱེས་ན་ཆོས་གཞན་བྱ་མི་དགོས༔ དཀོན་མཆོག་གི་ཐུགས་རྗེས་མི་སྐྱོབ་མི་སྲིད་གསུངས༔ དེ་ཡང་སྐྱེལ་མ་བཟང་པོ་ལ་འཇིགས་པ་མི་འོང་བ་དང་འདྲའོ༔ སློབ་དཔོན་པདྨས་ཇོ་མོ་ལ་ཕྱིའི་སྐྱབས་འགྲོ་བཤད་པའོ༔ ༔སློབ་དཔོན་སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ ནང་གི་སྐྱབས་འགྲོའི་ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་འགྲོ༔ བསམ་པའི་ཁྱད་པར་གང་གིས༔ དུས་ཇི་ཙམ་ན་སྐྱབས་སུ་འགྲོ༔ རྐྱེན་གང་གིས་སྐྱབས་སུ་འགྲོ༔ དགོས་ཆེད་དམ་ཡོན་ཏན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ༔ གང་ཟག་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་འགྲོ༔ ཚུལ་ལམ་ཐབས་ལུས་ངག་ཡིད་གསུམ་མོས་གུས་དང་ལྡན་པས་འགྲོ༔ བསམ་པའི་ཁྱད་པར་བླ་མ་ལ་སངས་རྒྱས་སུ་མཐོང་བ༔ ཡི་དམ་སྲོག་གི་ཕྱིར་ཡང་མི་སྤོང་བ༔ མཁའ་འགྲོ་རྒྱུན་དུ་མཆོད་པ་གསུམ་གྱིས་འགྲོ༔ དུས་དབང་བསྐུར་སེམས་བསྐྱེད་བྱས་པའི་དུས་ནས་རྡོ་རྗེ་འཛིན་པའི་ས་མ་འཐོབ་ཀྱི་བར་འགྲོ༔ རྐྱེན་གསང་སྔགས་ལ་མོས་གུས་སྐྱེས་པས་འགྲོ༔ དགོས་ཆེད་དམ་ཡོན་ཏན་ནི་གསང་སྔགས་ཀྱི་སྣོད་དུ་རུང་བའམ་བྱིན་རླབས་ཐུན་མོང་མ་ཡིན་པའི་དགོས་པ་ཡོད་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་ལ་བསླབ་བྱ་དུ་དང་ལྡན་པར་སློབ་དགོས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ བསླབ་བྱ་རྣམ་པ་བརྒྱད་དེ༔ དེ་ཡང་དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་ལ༔ བླ་མ་ལ་སྐྱབས་སུ་སོང་ནས་བླ་མ་ལ་ངན་སེམས་དང་དཔྱ་སེམས་ཙམ་ཡང་མི་བྱ་བ་དང༔ ཡི་དམ་ལ་སྐྱབས་སུ་སོང་ནས་ཡི་དམ་གྱི་ལྷ་སྒོམ་ཞིང་བཟླས་པ་རྒྱུན་མི་གཅད་པ་དང༔ མཁའ་འགྲོ་ལ་སྐྱབས་སུ་སོང་ནས་དུས་ཀྱི་མཆོད་པ་རྒྱུན་མི་གཅད་པའོ༔ ཐུན་མོང་གི་བསླབ་བྱ་ནི༔ ཅི་ཟ་ཅི་འཐུང་གི་ཕུད་བདུད་རྩིར་བྱིན་གྱིས་བརླབས་ལ༔ བླ་མ་སྤྱི་བོར་སྒོམ༔ རང་ཡི་དམ་དུ་སྒོམ༔ མཁའ་འགྲོ་ཆོས་སྐྱོང་དཔུང་གཉེན་དུ་སྒོམ་སྟེ༔ འགྲོ་བ་ལ་དེ་ལྟར་དུ་བསླབ་བོ༔ ལུས་དང་སྲོག་གི་ཕྱིར་ཡང་བླ་མ་སྙིང་བཞིན་བསམ༔ ཡི་དམ་མིག་བཞིན་བསམ༔ མཁའ་འགྲོ་ལུས་བཞིན་བསམ་པ་ལ་བསླབ་བོ༔ ན་ཚ་དང་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་ལ་གསོལ་བ་གདབ༔ ཡི་དམ་ལ་མཆོད་པ་བྱ༔ མཁའ་འགྲོ་ལ་གཏོར་ཚོགས་གཏོང་བ་མ་ཡིན་པ༔ མོ་བོན་ལ་སོགས་པ་ཐབས་གཞན་མི་བཙལ་བ་ལ་བསླབ་བོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡོན་ཏན་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་སྟེ༔ བླ་མ་ལ་སྐྱབས་སུ་སོང་བས་བར་ཆད་སེལ༔ ཡི་དམ་ལ་སྐྱབས་སུ་སོང་བས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ༔ མཁའ་འགྲོ་ལ་སྐྱབས་སུ་སོང་བས་དངོས་གྲུབ་འབྱུང་གསུངས༔ སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་ལ་ཕན་ཡོན་དུ་དང་ལྡན་ཞུས་པས༔ བླ་མ་ལ་སྐྱབས་སུ་སོང་བས་རང་འཆི་བའི་བློ་ལས་སྐྱོབ་པར་བྱེད༔ མི་ཤེས་གཏི་མུག་བར་ཆད་སེལ༔ ལྷག་མཐོང་རིག་པའི་ཚོགས་རྫོགས༔ རྟོགས་པ་རང་ཤར་གྱི་དངོས་གྲུབ་འབྱུང་གསུངས༔ ཡི་དམ་ལ་སྐྱབས་སུ་སོང་བས་ཐ་མལ་གྱི་ཤེས་པ་ལས་སྐྱོབ༔ རང་བྱུང་ཚོགས་སོགས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང༔ མཁའ་འགྲོ་ལ་སྐྱབས་སུ་སོང་བས་བར་ཆད་འབྱུང་བ་ལས་སྐྱོབ་པར་བྱེད༔ ཡི་དྭགས་དབུལ་ཕོངས་ཀྱི་བར་ཆད་སེལ༔ ཞེན་གྲོལ་ཆགས་མེད་ཀྱི་ཚོགས་རྫོགས༔ བདེ་ཆེན་ལོངས་སྐུའི་དངོས་གྲུབ་ཐོབ་པ་ཡིན་གསུངས༔ སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོའི་ལག་ལེན་དངོས་གང་ལགས༔ སློབ་དཔོན་གྱི་ཞལ་ནས༔ དང་པོ་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས༔ མདུན་གྱི་ནམ་མཁའ་ལ་ཉི་ཟླ་པདྨ་གསུམ་གྱི་གདན་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་བསྐྱེད་ལ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བྱེད་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ་བྱ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སེམས་མ་ཡེངས་པར་གཏད་ལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔ ཞེས་ཡང་དང་ཡང་དུ་བྱས་ལ༔ དེ་ནས་གསོལ་བ་གདབ་པ་ནི༔ བླ་མ་རྣམས་དང་ཡི་དམ་རྣམས་དང་མཁའ་འགྲོ་རྣམས་ཀྱིས་བདག་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ༔ མོས་པའི་བུ་ལ་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ལན་གསུམ་གདབ༔ དེ་ནས་བླ་མ་སྤྱི་བོར་བསྡུ༔ ཡི་དམ་སྙིང་ཁར་བསྡུ༔ མཁའ་འགྲོ་ལྟེ་བར་བསྡུ་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་གི་སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དང་པོ་སྐྱབས་འགྲོ་ལེན་པའི་ཆོ་ག་ནི༔ དབང་བསྐུར་ཐོབ་པ་གཅེས་པ་སྟེ༔ དབང་བསྐུར་ན་སྐྱབས་འགྲོ་ཐོབ་པ་དེ་ཡིན༔ དབང་བསྐུར་མ་ཐོབ་པར་སྐྱབས་འགྲོ་ལེན་ན༔ བླ་མ་ལ་ཕྱག་དང་བསྐོར་བ་བྱ༔ མེ་ཏོག་ཕུལ་ལ༔ སློབ་དཔོན་དགོངས་སུ་གསོལ༔ ཡི་དམ་གྱི་ལྷ་ཚོགས་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དང་བཅས་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ༔ དུས་འདི་ནས་གཟུང་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་འཐོབ་ཀྱི་བར་དུ༔ བརྒྱུད་པའི་རྩ་བ་བླ་མ་རྗེ་བཙུན་པ་རྣམས་ལ་སྐྱབས་སུ་མཆིའོ༔ དངོས་གྲུབ་འབྱུང་བར་བྱེད་པའི་ཡི་དམ་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ༔ ལེགས་པར་བྱིན་གྱིས་རློབ་པའི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་ཐོབ་བོ༔ དེ་ནི་བླང་བའི་ཆོ་ག་ཡིན༔ ནང་གི་སྐྱབས་སུ་འགྲོ་བའི་བཤད་པའོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་སུ་འགྲོ་བ་ནི༔ ཡུལ་གང་ལ་སྐྱབས་སུ་འགྲོ༔ གང་ཟག་གང་སྐྱབས་སུ་འགྲོ༔ ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ༔ བསམ་པའི་ཁྱད་པར་གང་གིས་སྐྱབས་སུ་འགྲོ༔ དུས་ཇི་ཙམ་དུ་སྐྱབས་སུ་འགྲོ༔ རྐྱེན་གང་གིས་སྐྱབས་སུ་འགྲོ༔ དགོས་ཆེད་དམ་ཡོན་ཏན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསང་བའི་སྐྱབས་འགྲོའི་ཡུལ༔ ལྟ་བ་སྤྱོད་པ་སྒོམ་པ་གསུམ་ལ་སྐྱབས་སུ་འགྲོ༔ གང་ཟག་དབང་པོ་ཡང་རབ་སངས་རྒྱ་བར་འདོད་པ་དེ་འགྲོ༔ ཚུལ་ལམ་ཐབས་ལྟ་སྒོམ་སྤྱོད་པ་འབྲས་བུ་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ༔ དེ་ཡང་ལྟ་བ་གདེང་དང་ལྡན་པ༔ སྒོམ་པ་ཉམས་དང་ལྡན་པ༔ སྤྱོད་པ་རོ་སྙོམས་དང་ལྡན་པའི་ཚུལ་གྱིས་འགྲོ༔ བསམ་པའི་ཁྱད་པར་ནི་ལྟ་བ་ལ་ཞེ་འདོད་མེད་པ་སྟེ༔ སངས་རྒྱས་ཐོབ་པར་མི་འདོད༔ འཁོར་བ་དོར་བར་མི་འདོད་པའོ༔ སྒོམ་པ་ནི་ངོས་གཟུང་མེད་ཅིང་ཕྱོགས་སུ་མ་ལྷུང་བ་ནི་སྒོམ་པའོ༔ དུས་ནི་སངས་མ་རྒྱས་བར་དུ་འགྲོ༔ རྐྱེན་ནི་ལུས་མི་ལེན་བར་འགྲོ༔ དགོས་ཆེད་དམ་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཚེ་འདི་ཉིད་ལ་ཐོབ་པ་ཡིན་གསུངས༔ གསང་བའི་སྐྱབས་འགྲོ་ལ་བསླབ་བྱ་རྣམ་པ་དུ་དང་ལྡན་པར་སློབ་དགོས་ཞུས་པས༔ དང་པོ་ཁྱད་པར་གྱི་བསླབ་བྱ་རྣམ་པ་གསུམ་ལ༔ ལྟ་བ་རྟོགས་པ་དང་ལྡན་པ་ནི༔ སེམས་ཅན་ཐམས་ཅད་དང་སངས་རྒྱས་རྒྱུ་མཉམ་པས་སངས་རྒྱས་ལོགས་ནས་འཐོབ་རྒྱུ་མེད་པའི་གདེང་བཅའ༔ སྣང་བ་དང་སེམས་ཐ་མི་དད་དུ་རྟོགས་པས་སྣང་སྟོང་དབྱེར་མེད་པའི་གདེང་བཅའ་བ་ལ་བསླབ༔ སྒོམ་པ་ཉམས་དང་ལྡན་པ་ལ་བསླབ་པ་ནི༔ ཤེས་པ་ཕྱིར་མི་བཞག༔ ནང་དུ་མི་དགུག༔ རང་ལུགས༔ ལྷུག་པ༔ གཏད་མེད་དུ་བཞག་པ་ལ་བསླབ་གསུངས༔ སྤྱོད་པ་ནི༔ ཉམས་རྟོགས་རྒྱུན་ཆད་མེད་པ་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང༔ ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ་བསླབ་གསུངས༔ ཐུན་མོང་གི་བསླབ་བྱ་ལ༔ སངས་རྒྱས་སེམས་སུ་རྟོགས་ཀྱང་བླ་མ་མི་སྤང༔ སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་གཅད༔ དམྱལ་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང༔ སངས་རྒྱས་ལ་རེ་བ་མེད་ཀྱང་ཆོས་གང་ལ་ཡང་སྐུར་པ་མི་གདབ༔ རང་ལ་ཏིང་ངེ་འཛིན་ཁྱད་པར་ཅན་མཐོང་ཡང་ང་རྒྱལ་དང་རློམ་པ་མི་བྱ༔ རང་གཞན་གཉིས་སུ་མེད་པར་གོ་ཡང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་གཅད༔ འཁོར་བ་དང་མྱ་ངན་འདས་པ་གཉིས་མེད་དུ་རྟོགས་ཀྱང་དགོན་པར་གོམས་པར་བྱ་བ་ལ་བསླབ་གསུངས༔ སློབ་དཔོན་སྤྲུལ་སྐུ་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་འགྲོ་ལ་སྐྱོབ་ལུགས་སམ་ཡོན་ཏན་དུ་དང་ལྡན་ཞུས་པས༔ ལྟ་བ་ལ་སྐྱབས་སུ་སོང་ནས་རྟག་ཆད་རྣམ་པ་གཉིས་ལས་སྐྱོབ༔ ལོག་ལྟ་ཞེན་འཛིན་བར་ཆད་སེལ༔ ཆོས་ཉིད་འོད་གསལ་གྱི་ཚོགས་སོག༔ སྐུ་གསུང་ཐུགས་འགག་མེད་ཀྱི་དངོས་གྲུབ་འབྱུང༔ སྒོམ་པ་ལ་སྐྱབས་སུ་སོང་ནས་ལྟ་བས་ཀྱང་སྒོམ་པ་ལ་སྐྱོབ་པར་བྱེད༔ གཏིང་ཞེན་བག་ཆགས་ཀྱི་བར་ཆད་སེལ༔ གཉིས་མེད་ཟུང་འཇུག་གི་ཚོགས་སོག༔ སྤྱོད་པ་ལ་སྐྱབས་སུ་སོང་ནས་ལོག་སྤྱོད་ཆད་ལྟ་ལས་སྐྱོབ་པར་བྱེད༔ ཚུལ་འཆོས་ཐོ་ཅོའི་བར་ཆད་སེལ༔ ཆགས་མེད་ཟིང་ལོང་གི་ཚོགས་སོག༔ ཅི་སྤྱད་དགོངས་པར་གྱུར་པའི་དངོས་གྲུབ་འབྱུང་གསུངས༔ སློབ་དཔོན་ལ་ཇོ་མོས་ཞུས་པ༔ གསང་བའི་སྐྱབས་འགྲོའི་ལག་ལེན་དངོས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གར་བདེ་བར་ལྟ་བ་ཡང་ཞེ་འདོད་མེད་པ༔ ཕྱོགས་ལྷུང་མཐའ་དང་བྲལ་བ༔ སྒོམ་པ་ལ་ངོས་གཟུང་མེད་ཅིང་དམིགས་གཏད་དང་བྲལ་བ༔ ཐ་སྙད་གང་གིས་ཀྱང་བརྗོད་པར་མི་ནུས་སོ༔ དེ་ཡང་ཤེས་པ་ཕྱིར་མི་གཞག༔ ནང་དུ་མི་དགུག༔ རང་ལུགས་གཏད་མེད་དུ་གཞག་གོ༔ ཉམས་མྱོང་རྒྱུན་ཆད་མེད་པ་འགྲོ་འཆག་ཉལ་འདུག་ཐམས་ཅད་ཀྱི་ངང་ལ་མ་ཡེངས་པར་གཞག་གོ༔ ཤེས་པ་མེད་པ་དང༔ ལྟེམ་པ་དང༔ སྤྱོད་པ་བདེ་བ་གསལ་བ་ནི་ཉམས་སོ༔ དེ་དག་གང་ལ་ཡང་ངོ་མཚར་དུ་མི་རྩིའོ༔ ཤེས་པ་རྒོད་པ་དང༔ རྨུགས་པ་དང༔ བྱིང་བ་བྱུང་ན༔ སྣང་བ་ལ་སེམས་རྩལ་སྦྱོང་དུ་གཞུག༔ དེ་ལ་སོགས་པ་ཅི་བྱུང་ཡང་སྐྱོན་དུ་མི་བརྩིའོ་གསུངས༔ གསང་བའི་སྐྱབས་འགྲོ་བླང་བའི་ཐབས་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བླ་མ་ལ་ཕྱག་དང་བསྐོར་བ་བྱ་སྟེ་མེ་ཏོག་དབུལ༔ སློབ་མས་སྐྱིལ་ཀྲུང་བཅས་ལ་སྙིང་རྗེས་བདག་གཞན་གྱི་དོན་བྱང་ཆུབ་ཀྱི་སེམས་སྒོམ་པ་དམ་འཆར་གཞུག༔ དེ་ནས་མིག་སྣང་བ་ལ་འབྲུ་ཚུགས་སུ་བལྟར་བཅུག་ལ༔ མིག་འབྲས་མི་འགུལ་བར༔ སེང་ངེ༔ ལྷོད་དེ༔ སོ་མ༔ ཕྱད་དེ༔ སྒོམ་པའི་བློའི་གཟུང་འཛིན་དང་བྲལ་བ་ལ་རིག་པ་གཞག་གོ༔ དེ་ཁོ་ན་ལྟ་བ་གདེང་དང་བཅས་པ༔ སྒོམ་པ་ཉམས་དང་བཅས་པ༔ སྤྱོད་པ་གྲོགས་དང་བཅས་པ་ཡིན་ནོ༔ ཞེས་ངོ་སྤྲད་གསུངས་སོ༔ དེ་ནས་གོང་བཞིན་བསྒོམ་མོ༔ གསང་བའི་སྐྱབས་འགྲོ་བཤད་པའོ༔ སློབ་དཔོན་སྤྲུལ་སྐུ་པདྨའི་ཞལ་ནས༔ སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ་དུ༔ ཆོས་ཕྱི་ནང་ལྟ་བ་མཐོ་དམན༔ སྔགས་མཚན་ཉིད་རྩ་བ་གཅིག་ཏུ་འདུས་པའི་མན་ངག་ཡིན་ནོ༔ འདི་ལྟར་བྱས་ན་ཆོས་ཆོས་སུ་འགྲོ༔ ཆོས་ལམ་དུ་འགྲོ༔ ལམ་འབྲས་བུར་སྨིན་འགྲོ༔ མཁར་ཆེན་བཟའ་ཡིས་དེ་ལྟར་ཤེས་པར་གྱིས་ཤིག་གསུངས༔ སྐྱབས་འགྲོ་ལམ་ཁྱེར་གྱི་སྐོར་རོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ༔ ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་ཐུགས་སྦྱངས་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བརྩེ་བ༔ རྟག་ཏུ་གཞན་དོན་སྒྲུབ་པས་འཁོར་བའི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་སྒྲོལ་བའི་དེད་དཔོན༔ གདུལ་བྱ་ལ་མ་ཞུས་པར་ཡང་གདམས་པ་གནང་བ༔ ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་མོན་ཁ་སེང་གེ་ཕུག་པ་ན་བཞུགས་པའི་དུས་སུ༔ མཁར་ཆེན་བཟའ་མཚོ་རྒྱལ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ སློབ་དཔོན་ལ་མ་དྷལ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ ཐེག་པ་ཆེན་པོའི་ཆོས་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྒོམ་ནས་བྱང་ཆུབ་ཏུ་སེམས་སྦྱང་བ་ཁོ་ན་གཅེས་པར་གསུངས་ན༔ བྱང་ཆུབ་ཏུ་སེམས་སྦྱང་བ་ལ་ཚུལ་ཇི་ལྟར་བསླབ༔ ཅེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་ཐེག་པ་ཆེན་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་མ་སྦྱང་ན༔ ཐེག་པ་འོག་མར་ལྷུང་བས་རྟག་ཏུ་གཞན་དོན་ལ་སློབ་པ་ཤིན་ཏུ་གལ་ཆེ་གསུངས༔ དེ་ལ་རྒྱས་པར་བཤད་ན༔ ཐེག་པ་ཆེན་པོའི་མདོ་རྒྱུད་ནས་དཔག་ཏུ་མེད་པ་གསུངས་ཀྱང༔ དེ་དག་དང་ཚུལ་བསྟུན་ནས་བསྡུས་ཏེ་བསྟན་པ་དོན་གསུམ་དུ་འདུས་ཏེ༔ ཕྱི་ལྟར་བསླབ་པ༔ ནང་ལྟར་བསླབ་པ༔ གསང་བ་ལྟར་བསླབ་པ་གསུམ་ཡིན་གསུངས༔ ཇོ་མོས་ཞུས་པ༔ ཕྱི་ལྟར་བསླབ་པའི་ཐབས་གང་ལགས་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱི་ལྟར་བསླབ་པ་ལ་དོན་བཅུ་གཉིས་ཏེ༔ སེམས་བསྐྱེད་པ་ལ་བསླབ་པའི་ངོ་བོ༔ དབྱེ་བ༔ ངེས་ཚིག༔ གང་ཟག་གི་མཚན་ཉིད༔ བླང་བའི་ཡུལ༔ བླང་བའི་ཆོ་ག༔ བསླབས་པའི་ཕན་ཡོན༔ སློབ་པའི་གཏན་ཚིགས༔ མ་བསླབ་པའི་ཉེས་དམིགས༔ བསྲུང་བྱའི་ཆོས༔ གཏོང་ཐོབ་ཀྱི་ས་མཚམས༔ ཉམས་ན་གསོ་བའི་ཐབས་རྣམས་སུ་འདུས་སོ་གསུངས༔ དེ་ལྟར་གསུངས་པ་རྣམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་སེམས་བསྐྱེད་པའི་ངོ་བོ་ནི༔ སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པའི་ཁས་ལེན་དང་བཅས་པ་ཡིན་གསུངས༔ དབྱེ་ན༔ མདོ་ནས་རྣམ་གྲངས་མང་དུ་བཤད་པ་ཡང་མཆི་སྟེ༔ བསྡུ་ན་སྨོན་པ་དང་འཇུག་པ་རྣམ་པ་གཉིས་ཡིན་པས༔ དེ་ཡང་སྨོན་པ་ནི༔ སེམས་ཅན་གྱི་དོན་བསྒྲུབ་པར་སེམས་ཀྱིས་སྨོན་པ་ཡིན༔ དེ་གཅིག་པུས་མི་ཆོག༔ སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་དངོས་སུ་འཇུག་པ་གལ་ཆེ་སྟེ༔ ང་བདག་དང་མ་བྲལ་བའི་ཕྱོགས་རིས་ཅན་འདི་རྣམས་ལ༔ སེམས་བསྐྱེད་སྐྱེ་བ་རང་ཡང་དཀའ་མོར་མཆི་གསུངས༔ གསུམ་པ་ངེས་ཚིག་ནི༔ སྔར་བདག་ལ་མ་སྐྱེས་པའི་གཞན་དོན་གྱི་བློ་བསྐྱེད་པ་ཞིག་ཡིན་ཏེ༔ ཚོགས་མ་གསག་པའི་སེམས་ཅན་རྣམས་ལ་སྐྱེ་སྟེ་མི་འོང་གསུངས༔ བཞི་པ་སེམས་བསྐྱེད་པའི་བསླབ་པ་ལ་འཇུག་པའི་གང་ཟག་གི་མཚན་ཉིད་ནི༔ ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་མ་ཡིན་པར༔ ཐེག་པ་ཆེན་པོའི་ཆོས་ལ་མོས་པ༔ བློ་ཆེ་བ༔ གང་ལ་ཡང་ཐེ་ཚོམ་མི་ཟ་བ༔ སློབ་དཔོན་དང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཆུད་པ༔ ལོག་པ་དང་དམན་པའི་ཆོས་ལས་ཡིད་བྱུང་བ༔ རང་བཞིན་གྱིས་ཞི་ཞིང་དེས་པ་ཞིག་དགོས༔ བོད་ཀྱི་མི་འདི་ཆོས་ལ་གནག༔ བློན་པོ་གདུག་པ་ཆེ༔ རྒྱལ་པོ་སྙན་ཁུང་སྲབ༔ ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་རུང་བ་ཉུང་བར་འདུག༔ མཚོ་རྒྱལ་གཉེན་ལ་རིས་སུ་མ་འཛིན་དང་གསུངས༔ ལྔ་པ་སེམས་བསྐྱེད་བླང་བའི་ཡུལ་ནི༔ བླ་མ་སློབ་དཔོན་ཐེག་པ་ཆེན་པོའི་སེམས་བསྐྱེད་པ༔ བྱམས་པ་དང་སྙིང་རྗེའི་མཐུ་དང་ལྡན་པ༔ རང་དོན་སྐད་ཅིག་ཀྱང་མི་སྒྲུབ་པ༔ བསླབ་བྱ་མ་ཉམས་པར་སྲུང་བ་ཞིག་ལ་བླང་དགོས་ཏེ༔ སྙིགས་མའི་དུས་འདིར་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་མ་བརྟེན་ན༔ བདུད་ཀྱི་ལག་ཏུ་སོང་བར་འོང་ངོ་གསུངས༔ དྲུག་པ་སེམས་བསྐྱེད་བླང་བའི་ཆ་ོག་ནི༔ ལོ་ཟླ་ཤིས་པའི་ཚེས་བཅོ་ལྔའམ༔ ཡར་ངོའི་ཚེས་བརྒྱད་ལ༔ དཀོན་མཆོག་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བཤམ༔ དགེ་འདུན་ལ་བསྙེན་བཀུར་བྱ༔ ཡི་དམ་ལ་ཚོགས་ཀྱི་འཁོར་ལོ་འབུལ༔ མཁའ་འགྲོ་དང་ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་རྒྱ་ཆེན་པོ་གཏང༔ བདོག་པ་ཐམས་ཅད་བཏང་ལ་བསོད་ནམས་ཀྱི་དཔུང་རྒྱ་ཆེན་པོ་གསག༔ དེའི་ནུབ་མོ་སློབ་དཔོན་ལ་འཇུག་པའི་ཡོན་དབུལ༔ སློབ་མས་གུས་པ་དང་བཅས་པས་བདུན་རྣམ་དག་གིས་ཚོགས་གསག༔ ཁྱད་པར་དུ་སྡིག་པ་བཤགས་པ་ནི༔ སློབ་མའི་སྤྱི་བོར་ཡི་གེ་ཨ་གཅིག་བསྒོམས་ལ༔ དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད༔ འཕགས་པ་རྣམས་ལ་མཆོད་པ་ཕུལ༔ ཚུར་འདུས་པས་འཕགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་བཅུད་རྣམས་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ཨ་ཞེས་པ་བརྒྱ་རྩ་བརྒྱད་འདོན་དུ་གཞུག༔ བླ་མས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཧཱུྃ་ལས་འོད་འཕྲོས་ནས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྡིག་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ཧཱུྃ་ཧཱུྃ་བརྒྱ་རྩ་བརྒྱད་བཟླ༔ དེ་ནས་ཚིག་གི་བཤགས་པ་ནི༔ འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་རྣམས་བློས་བླངས་ཏེ་འགྱོད་པ་དང་བཅས་པས༔ རྡོ་རྗེ་སློབ་དཔོན་རིག་པ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཡི་དམ་གྱི་ལྷ་ཚོགས་རྒྱལ་བ་ཞི་ཁྲོ་འཁོར་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ བསྟན་པ་སྲུང་བའི་མ་མོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བས༔ སྐྱེ་བ་ཐོག་མ་མེད་པའི་དུས་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ༔ ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་དབང་གིས༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༔ གཞན་རྣམས་ལ་བགྱིད་དུ་བསྩལ་པ་དང༔ བགྱིད་པ་ལ་རྗེས་སུ་ཡི་རང་བ་དང༔ ལོག་པའི་ལས་ངན་བསགས་པ་ཐམས་ཅད༔ མཆོད་པར་འོས་པ་རྣམས་ཀྱི་སྤྱན་སྔར་འགྱོད་པ་དང་བཅས་པས་སོ་སོར་བཤགས་པར་བགྱིའོ༔ ཞེས་ལན་གསུམ་དུ་བཤགས༔ དེ་ནས་སྡིག་པ་མི་འཕེལ་བའི་དོན་དུ་བསྡམ་པ་ནི༔ དགོངས་གསོལ་སྔར་ལྟར་བྱས་པའི་རྗེས་སུ༔ སྔོན་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས༔ ས་དང་ལམ་རྣམ་པར་ཤེས་པ་ལ་བརྟེན་ནས་སྡིག་པ་མི་དགེ་བ་ལས་སླར་ལོག་པ་དེ་བཞིན་དུ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་དབང་གིས་སྡིག་པའི་ལས་བྱེད་པ་ལས་སླར་ལོག་ཅིང༔ སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ༔ ཞེས་ལན་གསུམ་དུ་བརྗོད་དོ༔ དེ་ནས་སེམས་བསྐྱེད་པ་དངོས་ལ་གཉིས་ལས༔ དང་པོ་སྨོན་པའི་སེམས་བསྐྱེད་པ་ནི༔ སློབ་མས་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་དོན་དུ༔ བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱ་སྙམ་པའི་བློ་ལ་གཅེས་པ་ཞིག་ཞེ་ཐག་པ་ནས་བསྐྱེད་ལ༔ ངག་ཏུ་སྔར་ལྟར་དགོངས་སུ་གསོལ་བའི་རྗེས་ལ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ༔ སེམས་ཅན་ཐམས་ཅད་ལ་ཕ་དང་མའི་སེམས་དང་སྤུན་དང་སྲིང་མོའི་སེམས་དང༔ བུ་དང་བུ་མོའི་སེམས་དང༔ སློབ་དཔོན་དང་མཆེད་ལྕམ་གྱི་སེམས་དང་ལྡན་པ་དང༔ སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༔ ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མི་གནས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་སེམས་བརྟན་པོ་བསྐྱེད་པར་བགྱིའོ༔ ཞེས་ལན་གསུམ་བརྗོད་དོ༔ དེ་ནས་གཉིས་པ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི༔ བདག་གིས་དུས་འདི་ནས་གཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ༔ སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཅན་གྱི་དོན་རྣམ་པ་དུ་མ་བྱ་སྙམ་དུ་བསམས་ལ༔ དགོངས་སུ་གསོལ་བ་སྔར་དང་འདྲ༔ བདག་ཆེ་གེ་མོ་ཞེས་བྱ་བས༔ དུས་འདི་ནས་གཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང༔ བསྡུ་བའི་དངོས་པོ་བཞི་ལས་མཐར་གྱིས་བསླབ་པ་དང་མཐར་གྱིས་བྱ་བ་དང༔ མཐར་གྱིས་སྒྲུབ་པའི་ནན་ཏན་གྱི་སེམས་བརྟན་པོར་བསྐྱེད་པར་བགྱིའོ༔ ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་ལམ་རྣམ་པར་ཤེས་པ་ལ་བརྟེན་ནས༔ རྩ་བ་དང་ཡན་ལག་གི་སྡོམ་པ་དང་ལྡན་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་སློབ་བོ༔ རྗེས་སུ་བགྱིད་དོ༔ རྗེས་སུ་བསྒྲུབ་བོ༔ བྱང་ཆུབ་སེམས་དཔར་གཟུང་དུ་གསོལ༔ ཞེས་ལན་གསུམ་བརྗོད༔ བླ་མས་ཐབས་ཡིན་ནོ༔ ལེགས་སོ༔ དོན་དང་ལྡན་ནོ༔ ཞེས་ལན་གསུམ་བརྗོད་པའི་ཐ་མ་ལ་ཐོབ་པས༔ དུས་དེ་ནས་གཟུང་ནས༔ བསླབ་བྱ་མ་ཉམས་པར་བསྲུང་བའི་དོན་དུ༔ སློབ་དཔོན་གྱིས་བསླབ་བྱ་དབོག༔ སློབ་མས་ཀྱང་ཡོན་ཕུལ༔ གཏང་རག་གི་མཆོད་པ་རྒྱ་ཆེན་པོ་དབུལ༔ དེ་ནས་གཟུང་ནས་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་ཆད་མེད་པར་སེམས་བསྐྱེད་པ་དང༔ དེའི་བསླབ་བྱ་ལ་འབད་པ་གལ་ཆེའོ་གསུངས༔ བདུན་པ་དེ་ལྟར་སེམས་བསྐྱེད་པ་ལ་བསླབས་པའི་ཕན་ཡོན་ནི༔ ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་འཕགས་ཏེ་ཐེག་པ་ཆེན་པོའི་ཁྱུར་ཚུད་པ་དང༔ ཉོན་མོངས་པ་དང་སྡིག་སྒྲིབ་རྩད་ནས་གཅོད་པ་དང༔ ལུས་ངག་ཡིད་གསུམ་གྱིས་དགེ་བའི་ལས་བྱས་པ་ཐམས་ཅད་དོན་ཡོད་པའི་རྒྱུར་འགྱུར་བ་དང༔ རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བ་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྐྱོང་བ་ཆེན་པོ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང༔ སེམས་ཅན་ཐམས་ཅད་ཀྱིས་བུ་བཞིན་དུ་བརྩེ་ཞིང་མཐོང་ན་ཡིད་དུ་འོང་བ་དང༔ རྟག་ཏུ་ཐེག་པ་ཆེན་པོའི་ཆོས་དང་མི་འབྲལ་བ༔ མདོར་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡིད་བཞིན་དུ་འགྲུབ་ནས༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་ཁོ་ན་ལ་ནན་ཏན་གྱིས་ཤིག་གསུངས༔ བརྒྱད་པ་དེ་ལྟར་སློབ་པའི་གཏན་ཚིགས་ནི༔ འོ་ན་རང་གཅིག་པུ་ཐར་པ་ཐོབ་པས་ཆོག་མོད༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་དགོས་པ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ཕ་མ་ཡིན༔ ཕ་མའི་དྲིན་ལན་བསམ་གྱིས་མི་ཁྱབ་པས་དྲིན་ལན་ལན་གྱིས་བླན་པའི་ཕྱིར་སློབ་དགོས་ཏེ༔ དྲིན་ཡང་ལུས་སྲོག་སྐྱེད་པའི་རྒྱུ་རྟེན་བྱས་པ་དང༔ ཆུང་ནས་བཟའ་བཏུང་གྱ་ནོམ་པས་གསོས་པ་དང༔ སྡུག་བསྔལ་དང་དཀའ་བ་སྣ་ཚོགས་སྤྱད་པ་དང༔ རང་བས་ཀྱང་གཅེས་པ་ཁོང་གི་སྙིང་བས་ལྷག་པ་དང༔ དེ་ནས་གཞན་ཡང་ནོར་རྫས་ཀྱི་སྐལ་པ་ཕོག་པ་དང༔ ཤེས་པའི་ཡོན་ཏན་བསླབས་པ་དང༔ དམ་པའི་ཆོས་ལ་སྦྱར་བ་ལ་སོགས་ཕ་མའི་དྲིན་བསམ་གྱིས་མི་ཁྱབ་པས༔ དེ་རྣམས་འཁོར་བ་ལས་བསྒྲལ་དགོས༔ གཞན་ཡང་སེམས་ཅན་ཐམས་ཅད་ལ་རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཡོད་པས་ཀྱང་འབྲེལ་བས༔ དེ་རྣམས་འཁོར་བ་ལས་བསྒྲལ་དགོས༔ མཚོ་རྒྱལ་རང་ཉིད་གཅིག་པུ་ཞི་བདེ་འདོད་ན་རྫོགས་པའི་སངས་རྒྱས་དང་འཕྲད་པ་མེད་གསུངས༔ དགུ་པ་མ་བསླབ་པའི་ཉེས་དམིགས་ནི༔ ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་ནས་བྱང་ཆུབ་ཆེན་པོའི་གེགས་བྱེད་པ་དང༔ བྱ་བའི་ལས་ཐམས་ཅད་དོན་མེད་པར་འགྱུར་བ་དང༔ སྔར་བསགས་པའི་བསོད་ནམས་ཀྱི་དཔུང་ཐམས་ཅད་ཟད་པར་འགྱུར་བ་དང༔ རྟག་ཏུ་མི་མ་ཡིན་རྣམས་ཀྱིས་འཚེ་བ་དང༔ ཀུན་གྱི་ཡིད་དུ་མི་འོང་ཞིང་ཞེ་སྡང་བ་དང༔ མདོར་ན་བསམ་པ་ཐམས་ཅད་མི་འགྲུབ་པ་ལ་སོགས་པའི་ཉེས་དམིགས་དཔག་ཏུ་མེད༔ མཚོ་རྒྱལ་བྱང་ཆུབ་ཀྱི་སེམས་མེད་པར་ཐེག་པ་ཆེན་པོར་རེ་བ་ལྟས་ངན་ཡིན་གསུངས་སོ༔ བཅུ་པ་བསྲུང་བྱའི་ཆོས་ནི་གཉིས་ཏེ༔ དང་པོ་སྨོན་པའི་བསྲུང་བྱ་ནི༔ སེམས་ཅན་བློས་མི་སྤོང་བའི་བསམ་པས་ཡང་ནས་ཡང་དུ་བྱང་ཆུབ་ཀྱི་སེམས་ལ་སློབ་དགོས་ཏེ༔ དེ་ཡང་ཡུལ་སེམས་ཅན་གཞན་ཡིན་པ་ལ་སྤོང་བའི་བསམ་པ་སྔོན་དུ་སོང་བས་ཁྲོ་རྡེག་ལ་སོགས་པ་བྱས་ནས་གཉེན་པོས་མ་སླེབ་པར་ཉིན་ཞག་གཅིག་འདས་ན་སྨོན་པ་ཉམས༔ བླ་མ་དང་སློབ་དཔོན་རྡོ་རྗེ་སྤུན་ལ་སོགས་པ་བཀུར་སྟིའི་གནས་ལ་སླུ་བའི་བསམ་པ་སྔོན་དུ་སོང་ནས་གཉེན་པོས་མ་སླེབ་པར་བསླུས་ཏེ་ཉིན་ཞག་འདས་ན་ཉམས༔ འགྱོད་པའི་གནས་མ་ཡིན་པ་རྗེས་སུ་ཡི་རང་བའི་ཡུལ་གཞན་དགེ་བའི་རྩ་བ་རྒྱ་ཆེན་པོ་བྱེད་པ་ལ་འགྱོད་པ་བསྐྱེད་པའི་བསམ་པ་སྔོན་དུ་སོང་བས༔ དེ་བས་ལྷག་པ་ཡོད་དེ་ལྟ་བུ་མ་ལེགས་ཞེས་འགྱོད་པ་བསྐྱེད་པ་དང༔ སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོས་ཀུན་ནས་བསླངས་ནས་སྐྱོན་བརྗོད་ཀྱི་ཚིགས་སུ་བཅད་པ་བྱས་པ་དང༔ ཡུལ་སེམས་ཅན་གཞན་ལ་སྙིང་རྗེ་དང་བྲལ་བས་གཡོ་སྒྱུ་བྱས་པ་རྣམས༔ གཉེན་པོས་མ་སླེབ་པར་ཉིན་ཞག་གཅིག་འདས་ན་ལོག་པའི་ལམ་ཞེས་བྱ་སྟེ༔ བྱང་ཆུབ་ཀྱི་སེམས་སྨོན་པའི་སྡོམ་པ་འཆོར་བས་སྤང་དགོས༔ མཚོ་རྒྱལ་བསླབ་བྱ་མི་སྲུང་བའི་སྡོམ་པ་མང་པོ་བླངས་པས་ཕུང་བ་ཡིན་ནོ་གསུངས༔ གཞན་ཡང་བརྟེན་བྱའི་ལས་ལྔ་ཡོད་དེ༔ སེམས་ཅན་ལ་ཁྲོ་བ་དང་རྡེག་པའི་ལས་བྱེད་པའི་གཉེན་པོར་རྟག་ཏུ་ཞི་བ་དང་དུལ་བས་ཕན་གདགས་པ་དང༔ བཀུར་གནས་སླུ་བའི་གཉེན་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོར་འགྱུར་བའི་དགེ་བའི་རྩ་བ་ལ་དགོད་པ་དང༔ ཁོང་ཁྲོས་སྐྱོན་བརྗོད་པའི་གཉེན་པོར་ཐེག་པ་ཆེན་པོའི་གང་ཟག་རྣམས་ལ་སྟོན་པའི་འདུ་ཤེས་ཀྱིས་བསྟོད་པ་དང༔ སེམས་ཅན་ལ་གཡོ་སྒྱུའི་གཉེན་པོར་ཐམས་ཅད་ལ་བསམ་པ་རྣམ་པར་དག་པས་རང་སེམས་དཔང་དུ་བཙུགས་ཏེ་གནས་པར་བྱ་བ་རྣམས་རྟེན་ཅིག༔ སྐྱེ་བ་བུད་མེད་དུ་བླངས་ཀྱང་ཤཱཀྱའི་བསྟན་པ་འཛིན་པར་འགྱུར་གྱིས་གསུངས༔ གཉིས་པ་འཇུག་པའི་བསྲུང་བྱའི་ཆོས་ནི་གསུམ་དུ་འདུ་སྟེ༔ སྤང་བྱ་མི་དགེ་བ་བཅུ༔ གཉེན་པོ་དགེ་བ་བཅུ༔ བྱ་བ་ལ་འཇུག་པ་ཕ་རོལ་ཏུ་ཕྱིན་པ་བཅུར་བཤད་གསུངས༔ དེ་ཡང་དང་པོ་སྤང་བྱ་མི་དགེ་བ་བཅུ་ཡང་དང་པོ་ལུས་ཀྱི་ལས་གསུམ་ནི༔ སྲོག་གཅོད་པ་དང༔ མ་བྱིན་པར་ལེན་པ་དང༔ མི་ཚངས་པར་སྤྱོད་པ་གསུམ་ཡིན༔ དེ་ཡང་སྲོག་གཅོད་པའི་ངོ་བོ་ནི་འཚོ་བའི་རྒྱུན་གཅོད་པ་ཡིན༔ དབྱེ་ན༔ དུག་གསུམ་གྱི་སྒོ་ནས་འབྱེད་དེ༔ འདོད་ཆགས་ཀྱིས་སྲོག་ཆགས་ཀྱི་སྲོག་གཅོད་པ་ནི་ཤ་དང་ལྤགས་པ་ལ་སོགས་པ་འདོད་པའི་ཕྱིར་གསོད་པ༔ ཞེ་སྡང་གིས་སྲོག་གཅོད་པ་ནི་ཀུན་ནས་མནར་སེམས་དགུ་དང་བཅས་པས་མི་ཤ་ཆགས་པ་ལ་སོགས་པ༔ གཏི་མུག་གིས་སྲོག་གཅོད་པ་ནི་དེ་ལྟ་བུའི་བསམ་པ་གང་ཡང་མེད་ཀྱང་བྱིས་པས་བྱིའུ་གསོད་པ་ལྟ་བུའམ༔ རྡོག་པའི་འོག་ཏུ་འགྲོ་བ་གྲོག་སྦུར་ཤི་བ་ལྟ་བུ་ཡིན༔ དུག་གསུམ་དང་མ་བྲལ་བའི་སེམས་ཅན་ལ་སྐྱིད་མེད་གསུངས༔ དེའི་ཡན་ལག་ནི་བཞི་དང་ལྡན་པ་སྟེ༔ སྡིག་པ་འདི་ལྟ་བུ་བྱ་སྙམ་པའི་བློ་སྔོན་དུ་སོང་བ་དང་གཅིག༔ སྦྱོར་བ་དོན་དུ་གཉེར་བ་སྟེ་དེ་ལ་རྩོལ་བས་འཇུག་པ་དང་གཉིས༔ དངོས་གཞི་ཉམས་སུ་མྱོང་བ་སྟེ་བསད་པ་དང་གསུམ༔ མཇུག་འགྱོད་པ་མེད་པར་རྗེས་སུ་ཡི་རང་བ་དང་བཞིས་རྫོགས་པ་ཡིན༔ དེའི་འབྲས་བུ་ནི་རྣམ་པ་གསུམ་དུ་འབྱུང་སྟེ༔ རྣམ་པར་སྨིན་པའི་འབྲས་བུ་ནི༔ འདོད་ཆགས་ཀྱིས་སྲོག་བཅད་པ་ཕལ་ཆེར་ཡི་དྭགས༔ ཞེ་སྡང་གིས་སྲོག་བཅད་པས་ནི་དམྱལ་བ༔ གཏི་མུག་གིས་ནི་བྱོལ་སོ་དུ་སྐྱེའོ༔ དབང་གི་འབྲས་བུ་ནི་སྔོན་གྱི་ལས་དག་པའི་དབང་གིས་མིར་སྐྱེས་ན་ཡང་ཚེ་ཐུང༔ རྒྱུ་མཐུན་གྱི་འབྲས་བུ་སྔ་མའི་བག་ཆགས་ཀྱིས་སྲོག་གཅོད་པ་ལ་དགའ་བར་འགྱུར་རོ་གསུངས༔ མཚོ་རྒྱལ་དེས་ན་བདག་ཅག་རྣམས་ཀྱི་དེ་ལྟ་བུ་སྤྱད་པར་བྱ་བའི་ལས་མ་ཡིན་པས༔ འབད་པས་སྤངས་ན་རྣམ་སྨིན་དང༔ རྒྱུ་མཐུན་དང༔ དབང་གི་འབྲས་བུ་སྔར་ལས་ལོག་ནས༔ ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་སྤྱོད་པ་ལ་སོགས་པར་འགྱུར་རོ༔ ཞེས་མདོ་ནས་བཤད་གསུངས༔ ལུས་ཀྱི་


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).