Terdzo-AA-001
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་
by འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 1-6 / Folios 1a1 to 3b3
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་བཞུགས༔ སྡེ་གསུམ་སྤྱི་སྐོར། ྈྈྈ ན་མོ་གུ་རུ༔ སྡེ་དྲུག་གནས་ཡིག་སྐོར་གསུམ་ལས༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཨ་ཧོ༔ མཁའ་སྤྱོད་དག་པའི་ཞིང་ཁམས་རྣམས༔ ས་ལ་འཕོས་པ་རྒྱ་གར་ཡུལ༔ ཡན་ལག་ཙམ་ཞིག་བོད་དུ་སྣང༔ དེ་བས་བོད་རྣམས་གྲུབ་ཐོབ་ཉུང༔ དེ་ཕྱིར་པདྨ་བདག་ཉིད་ཀྱིས༔ བོད་ཀྱི་ས་གནད་གང་བཟང་དུ༔ སྒྲུབ་པ་བྱས་ཤིང་བྱིན་གྱིས་བརླབས༔ མཁའ་སྤྱོད་ཞིང་དང་རྒྱ་གར་གྱི༔ གནས་དང་དུར་ཁྲོད་ལ་བཞུགས་པའི༔ རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད༔ སྤྱན་དྲངས་གནས་མཆོག་སོ་སོར་བསྟིམས༔ མཁའ་སྤྱོད་གནས་དང་དབྱེར་མེད་བྱུང༔ དཀར་ཆག་བཏབ་སྟེ་གཏེར་དུ་སྦས༔ སྤྱི་དོན་བཤད་པ་དང་པོའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ རྒྱ་གར་སོ་ས་གླིང་གི་གནས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས༔ བསྟིམས་པའི་ས་ནི་མཆིམས་ཕུ་ཡིན༔ དེ་ཉིད་གཅིག་ལས་གཉིས་མཆེད་ཚུལ༔ ཁམས་ཀྱི་སྨད་ཤོད་ཛཾ་དུ་འཕོས༔ ལུང་པ་པདྨ་ཁ་ཕྱེ་འདྲ༔ དབུས་ཀྱི་ལུང་པའི་མདོ་དག་ལ༔ བྲག་དཀར་ཤེལ་གྱི་གུར་ཕུབ་འདྲ༔ སྒྲུབ་ཕུག་པདྨ་ཤེལ་ཕུག་འདིར༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་བྱས༔ ཕུག་པའི་ནང་རྣམས་ཐམས་ཅད་དུ༔ དཀྱིལ་འཁོར་དགུ་ཀློང་རང་བྱོན་བྱུང༔ བདེ་བར་གཤེགས་པ་ཐིམ་པས་ན༔ མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད༔ གཡས་ཀྱི་ལུང་པའི་རི་གདོང་རྣམས༔ ཕ་ཝོང་བྱ་ཁྱུ་བབས་པ་འདྲ༔ རྒྱ་གར་དུར་ཁྲོད་ཆེན་པོ་ནས༔ བྱོན་པའི་རྡོ་དང་ས་ཤིང་ཡིན༔ དབུས་སུ་ང་ཡི་སྒྲུབ་ཆུ་དང༔ སྐུ་གསུང་ཐུགས་ཀྱི་རང་བྱོན་བཞུགས༔ གཡོན་གྱི་བྲག་དཀར་རྒྱལ་མཚན་འདྲ༔ ཨོ་རྒྱན་ང་ཡི་ཞབས་རྗེས་དང༔ འགྲོ་ཕན་འདོད་པའི་ཟབ་གཏེར་གསུམ༔ འབྲེལ་ཚད་དོན་ལྡན་རྟེན་གཏེར་གསུམ༔ ས་བཅུད་གསོ་བའི་བཅུད་གཏེར་གསུམ༔ འདོན་མི་རུང་བའི་གཏེར་དྲུག་སྟེ༔ ཟབ་པའི་གཏེར་ཆེན་དགུ་ཡང་སྦས༔ གཟིམ་ཕུག་ནང་གི་ཐོ་ཕྱི་ལ༔ ཤིན་ཏུ་གཅེས་པའི་གཏེར་ལྔ་སྦས༔ ནུབ་བྱང་མཚམས་ཀྱི་བྲག་དཀར་ན༔ བདག་གིས་རིགས་གསུམ་མགོན་པོ་བསྒྲུབས༔ ཞལ་མཐོང་སྒྲོམ་འདྲའི་བྲག་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་རྟགས་དང་ལྡན༔ གཡས་ཕྱོགས་བྲག་དཀར་དཔལ་གཏོར་འདྲ༔ ཧེ་རུ་ཀཿདཔལ་རང་བྱོན་བཞུགས༔ གཡས་ལོགས་རི་ཡི་བྲག་དཀར་ལ༔ སྐུ་གསུམ་སྙིང་པོ་རང་བྱོན་བཞུགས༔ བོད་ལ་ཕན་པའི་ནོར་གཏེར་སྦས༔ བཏོན་ན་ས་བཅུད་ཉམས་པར་འགྱུར༔ གསོལ་བ་བཏབ་ན་དངོས་གྲུབ་འབྱུང༔ བསྐོར་ན་ལོངས་སྤྱོད་ཚེ་གཡང་འཕེལ༔ ཆགས་ཚུལ་དཀར་ཆག་གཉིས་པའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ གསུམ་པ་ཕན་ཡོན་བཤད་པ་ནི༔ དབུས་ཀྱི་པདྨ་ཤེལ་ཕུག་ཉིད༔ བསྐོར་ན་ལས་ཀྱི་སྒྲིབ་པ་བྱང༔ ཚོགས་འཁོར་བསྐོར་ན་དངོས་གྲུབ་འབྱུང༔ ཞག་བདུན་སྒྲུབ་ན་ཉམས་རྟོགས་འཕེལ༔ བཀུར་བསྟི་ཕུ་དུད་སུས་བྱས་པ༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ༔ མཐར་ཐུག་ལེགས་པའི་ལམ་ལ་སྦྱོར༔ ནད་གདོན་ཞི་འདོད་གནས་འདི་སྐོར༔ ཚེ་བསོད་རྒྱས་འདོད་གནས་འདི་སྐོར༔ ཉམས་རྟོགས་འཕེལ་འདོད་གནས་འདིར་སྒྲུབས༔ གཞན་དུ་ལོ་གཅིག་བསྒྲུབས་པ་བས༔ གནས་འདིར་ཞག་གཅིག་ཚོགས་འཁོར་འཕགས༔ ཅི་ཕྱིར་ཞེ་ན་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་འདུས་པ་ཡི༔ ཚོགས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར༔ གྲོང་ཁྱེར་མི་གཅིག་འབོད་པ་བས༔ གྲོང་ཁྱེར་དངོས་སུ་ཕྱིན་ནས་ཀྱང༔ ལོངས་སྤྱོད་འགྱེད་ན་ལྷག་པའི་ཕྱིར༔ དེ་བས་དོན་འདི་གོ་བར་གྱིས༔ ས་མ་ཡ་རྒྱ་རྒྱ༔ དབང་གི་གནས་མཆོག་དཀར་ཆག་འདི༔ ཨོ་རྒྱན་རྗེ་ཡིས་གསུངས་པ་བཞིན༔ མཚོ་རྒྱལ་ཁོ་མོས་ཡི་གེར་བྲིས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས། མེ་འབྲུག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ་བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛཾ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་མཐོངས་ནས་བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱི་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ལས་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་པའི་དགེ་བས། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།