Terdzo-A-016

From Rinchen Terdzö
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་

bdud rtsi 'khyil ba 'chi med tshe'i rgyud don rnal 'byor rgyun gyi nar ma ye shes snying po

by  ལེགས་ལྡན་བདུད་འཇོམས་རྡོ་རྗེ་ (Lekden Dudjom Dorje)
revealed by  ལེགས་ལྡན་བདུད་འཇོམས་རྡོ་རྗེ་ (Lekden Dudjom Dorje)
in cycle  ཚེ་སྒྲུབ་བདུད་རྩི་འཁྱིལ་བ་ (Tshe sgrub bdud rtsi 'khyil ba)
Volume 30 (ཨ) / Pages 385-398 / Folios 1a1 to 7b5

[edit]

༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་བཞུགས་སོ༔ ྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ གང་ཞིག་རྣལ་འབྱོར་ཚེ་ནི་རབ་འཕེལ་ཕྱིར༔ རྒྱུན་དུ་རྣལ་འབྱོར་ནར་མར་ཉམས་ལེན་པའི༔ ལམ་གྱི་རིམ་པ་དག་ནི་འདིར་བཀོད་བྱ༔ རྒྱུད་ལས༔ ཚེ་སྲོག་བརྟན་པ་ཡི་དམ་སྔགས་སྒྲུབ་དང༔ ཅེས་གསུངས་པས༔ ནར་མར་ཉམས་སུ་ལེན་པའི་ཚུལ་ནི༔ སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་སོགས་གྲུབ་པའི་ངང་ནས༔ སྐད་ཅིག་གིས་རང་གི་གནས་དེ༔ མངོན་པར་དགའ་བའི་ཞིང་ཁམས༔ འོད་ཟེར་དུ་མའི་ར་བ་དང་བཅས་པའི་དབུས་སུ༔ བདུད་རྩིའི་རྒྱ་མཚོ་འོད་ལྔའི་ཟེར་འཕྲོ་ཞིང༔ ཡེ་ཤེས་ཀྱི་སྙིང་པོའི་བཅུད་དང་ལྡན་པའི་དབུས་སུ༔ པདྨའི་སྡོང་པོ་འོད་ལྔའི་མདངས་ཅན༔ འདབ་མ་སྟོང་ལྡན་གྱི་དབུས་ཉི་ཟླའི་གདན་གྱི་སྟེང་དུ༔ རང་རིག་སྐད་ཅིག་མ་ལས༔ མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེ་དང་བཅས་པའི་ས་གནོན་མཛད་པ༔ གཡོན་མཉམ་གཞག་གི་སྟེང་དུ་ཚེའི་བཅུད་ཀྱིས་གང་བའི་བུམ་པ་བསྣམས་པ༔ ཁ་རྒྱན་པདྨའི་སྡོང་པོའི་དབུས་ན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ༔ རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་རྒྱན་དུ་མས་སྐུའི་གནས་ཀུན་ཏུ་སྤྲས་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ༔ དབུས་ཀྱི་རྭ་དང་ལྟེ་བ་སྔོན་པོ༔ རྭ་གཞན་རྣམས་ནི་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་བའི་ལྟེ་བའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་འོད་ལྔའི་རྡོ་རྗེ་རྒྱ་གྲམ་གཉིས་ཀྱི་སྟེང་འོག་ཏུ་གནས་པའི་དབུས་སུ༔ གནས་པའི་སྲོག་ནྲྀ་ཡིག་དམར་ལྗང་འོད་ལྔ་འཕྲོ་བའི་དབུས་སུ་དྭངས་མའི་སྲོག་ཐིག་ལེ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་དྭངས་དང་ལྡན་པའི་འོད་ཟེར་འཕྲོ་བ༔ ནྲྀའི་འཁོར་དུ་ཧཱུྃ་ཨཱོཾ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རྣམས་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང༔ རིགས་ལྔའི་ས་བོན་འཁྲིལ་སྦྱོར་མཛད་པས་བདེ་སྟོང་མཆོག་གི་ཡེ་ཤེས་བསྐྱེད་པ༔ འདྲེན་སྲོག་སྔགས་ཀྱི་འོད་ཟེར་གྱི་ཐག་པས་རྡོ་རྗེ་རྒྱ་གྲམ་སྟེང་འོག་གཉིས་ཕྱོགས་དང་མཚམས་སུ་གཏམས་པ༔ ཡིག་འབྲུ་རང་རང་གི་སྒྲ་སྒྲོག་པར་བསམ་མོ༔ རྡོ་རྗེའི་ལྟེ་བའི་ཕྱིར་གཡས་སྐོར་དུ་སྔགས་ཀྱི་ཕྲེང་ཐག་གིས་འཁོར་བ་གྱེན་ལངས་ཀྱིས་གནས་པའོ༔ དེ་རྣམས་ནི་བསྐྱེད་རིམ་གྱིས་ཚེ་སྤེལ་བ་སྟེ་ཆོས་གསུམ་ལྡན་དུ་བསྒོམ་མོ༔ དེ་ལ་ཤེས་རིག་བརྟན་པར་གྱུར་པ་དང་བཟླས་པ་བྱ་སྟེ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་བྷྱཿསམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མ་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཞེས་པ་དམིགས་པ་དང་ལྡན་པས་བརྒྱ་རྩ་བརྒྱད་དུ་བཟླས་པའི་འོད་ཟེར་གྱིས༔ ལུས་ཀྱི་ནང་རྩ་འཁོར་ཐམས་ཅད་གང་ཞིང་ལུས་ལས་ཕྱིར་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ༔ དུས་གསུམ་གྱི་བདེ་བར་གཤེགས་པ་རིག་འཛིན་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཅུད་ཐམས་ཅད་ཚུར་བསྡུས༔ ཁམས་གསུམ་དུ་གནས་པའི་མཐུ་བོ་ཆེ་ཀུན་གྱི་གཟུང་འཛིན་གྱི་བག་ཆགས་ངན་པ་ཐམས་ཅད་བཅོམ༔ ཐམས་ཅད་བདེ་བ་ཆེན་པོའི་ས་ལ་བཀོད༔ མཐུ་དང་རྩལ་གྱི་ནུས་བཅུད་ཐམས་ཅད་རང་ལ་བསྡུས༔ ཁྱད་པར་འགྲོ་དྲུག་གི་གནས་སུ་འཕྲོས༔ ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་བཅོམ༔ ཡང་དག་པའི་ས་ལ་བཀོད༔ དེ་དག་རྣམས་ཀྱི་ཚེའི་ལྷག་མ་ཐམས་ཅད་ཟག་མེད་ཀྱི་བདུད་རྩིར་གྱུར་ནས་རང་གི་ལུས་ལ་ཐིམ༔ འོད་ཟེར་ཡི་གེའི་ཚོགས་དང་བཅས་པ༔ རྡོ་རྗེ་དམིགས་པའི་རྟེན་དང་བཅས་པ་ལ་ཐིམ༔ མ་བཅོས་པའི་རིག་པ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་དོན་ལ་ཡུན་ཇེ་རིང་དུ་གནས་པར་བྱའོ༔ དེ་དག་ནི་བཟླས་བསྒོམ་ལ་བརྟེན་ནས་ཚེ་སྤེལ་བའོ༔ དེ་ནས་དྭངས་མའི་སྲོག་མི་ཤིགས་པའི་ཚེ་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྒྱས་པ་ཚེ་ཁྲིད་དུ་བལྟའོ༔ སྐབས་སུ་ལས་བྱང་ལྟར་མཆོད་བསྟོད་དང༔ སྤྲོ་ན་ཚེའི་འགུགས་ཆོག་རྣམས་དང༔ རྣལ་འབྱོར་རྒྱུན་དབང་རྣམས་ཀྱང་བྱའོ༔ འདི་ནི་རྣལ་འབྱོར་རྒྱུན་གྱི་ལས་རིམ་དུ༔ རྒྱུད་དོན་གྲོལ་ནས་ཉམས་ལེན་དག་ཏུ་གདམས༔ སྐལ་ལྡན་ལས་ཅན་ཐུགས་ཀྱི་སྲས་དང་སྤྲོད༔ འཕྲད་ནས་ཐུགས་སྲས་བུ་དགུ་སྨིན་གྲོལ་ཤོག༔ ཅེས་གསུངས་ཏེ་དག་པའི་འཁོར་ཉེར་ལྔ་ལ་གདམས་པ༔ མཚོ་རྒྱལ་བདག་གི་ཡི་གེར་བཀོད་ནས༔ ཟབ་མོའི་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ འབྲུག་ལོ་ལ་ལྷ་རི་རིན་ཆེན་སྙིང་པོ་ནས་ལྷ་བཙུན་བདུད་འཇོམས་རྡོ་རྗེས་གདན་དྲངས་སོ།། ༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་ཚེ་བསྲིང་གི་ཉམས་ལེན་རྒྱུན་ཁྱེར་གཉིས་པ་བདུད་རྩིའི་རྒྱུན་འབྱུང་ཞེས་པ་བཞུགས་སོ༔ ྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ ཚེ་རིང་ནད་སེལ་ཐུགས་དམ་ཡིན་པར་གསུངས༔ ཞེས་པས༔ ཚེ་བསྲིང་ཞིང་ནད་སེལ་བའི་ཐུགས་དམ་བར་མའི་རིམ་པ་ལ༔ ཉི་མ་རྩེ་ཤར་གྱི་དུས་སུ་ཤར་ཕྱོགས་སུ་ཁ་བལྟས་ཏེ༔ སྔོན་འགྲོ་རྣམས་གྲུབ་པའི་རྗེས་སུ༔ མདུན་གྱི་ནམ་མཁའི་ཀློང་དུ་འོད་ལྔའི་ཐིག་ལེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཆེ་ཆུང་བློས་འཁྱུད་ཀྱི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དང་ཚེ་དཔག་ཏུ་མེད་པ་གཉིས་སུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་འཛིན་པ༔ འོད་ཟེར་ཁམས་གསུམ་དུ་འཕྲོས་ནས་མཆོད་སྦྱིན་དུ་འགྱེད་པ༔ འོད་ལྔའི་བསིལ་བྱེད་ཀྱིས་ལྷུང་བཟེད་ཀྱི་ཁ་ཁེབས་བྱས་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་འཁོར་ལོ་ལྔའི་གནས་ན་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་འཁོར་བཅས་གསལ་བར་བལྟས་ཏེ་ཡན་ལག་བཅུ་པ་བྱ་བ་ནི༔ ཧྲཱི༔ འོག་མིན་བདེ་ཆེན་ཞིང་ཁམས་ནས༔ བླ་མ་ཚེ་ཡི་ལྷ་ཚོགས་གཤེགས༔ མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔ དྲི་མེད་ཟླ་བའི་གདན་ལ་བཞུགས༔ བདག་སོགས་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་འབུལ༔ སྐྱེ་ཞིང་སྐྱེ་བར་ཉེས་སྤྱད་པའི༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཛད་པའི་ཚོགས་ལ་རྗེས་ཡི་རང༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ ཐེག་གསུམ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་ཀུན་སྨིན་གྲོལ་མ་འཁོད་བར༔ དབྱིངས་ལ་མི་བཞུགས་གསལ་བར་མཛོད༔ ཐེག་པའི་སྙིང་པོའི་དོན་མཆོག་རྣམས༔ སེམས་ཅན་ཀུན་གྱིས་མྱུར་རྟོགས་ཤོག༔ ཡང་དག་སྙིང་པོའི་དོན་སྤྱད་པས༔ ཀུན་ཀྱང་རིགས་ལྔའི་སར་ཕྱིན་ཤོག༔ ཅེས་པ་ཚར་གསུམ་བརྗོད༔ གསོལ་བ་གདབ་པ་ནི༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་མངོན་པར་དགའ་བ་ནས༔ ཚེ་དང་ཡེ་ཤེས་བདག་པོ་ཁྱོད༔ བདུད་རྩིའི་ལྷུང་བཟེད་ཁ་ཕྱེས་ལ༔ བསིལ་བྱེད་འབར་མའི་རང་བཞིན་ནས༔ བདེན་པ་བཞི་རྟོགས་ཆུ་བོ་ཕོབ༔ བདག་ལ་ཚེ་དབང་བསྐུར་དུ་གསོལ༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ དུས་འདིར་བདག་ལ་བདུད་རྩི་ཕོབ༔ འཆི་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ ཧཱུྃ་པུཥྤེ་ས་ར་ཧ་ཀ་ར་རེ་ཤྭ་རེ་ཧཱུྃ་ཕཊ༔ ཅེས་པ་བརྒྱ་རྩ་བརྒྱད་བཟླས་ལ་རླུང་རོ་གསུམ་ཕྱིར༔ དེ་ནས་འཇམ་རླུང་གསུམ་ནམ་མཁར་སོང་ནས༔ མདུན་གྱི་བླ་མའི་ཕྱག་གི་ལྷུང་བཟེད་ཀྱི་ཞབས་ལ་ཕོག་པས་ལྷུང་བཟེད་དྲོས་ཤིང་ཁོལ་ནས་འོད་ཟེར་བསིལ་བྱེད་ཀྱི་རྭ་བཞི་ནས་བརྒྱུད༔ བདུད་རྩི་འབུར་འབུར་ཕྱིར་བྱུང༔ རྩེའི་མཆོད་རྟེན་གཉིས་ནས་ཡེ་ཤེས་ལྔའི་བདུད་རྩི་ཆི་ལི་ལི་བྱུང་ནས་རང་གི་སྤྱི་གཙུག་ཚངས་བུག་ནས་ཞུག༔ སྤྱི་བོ་གང༔ གཏི་མུག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཚེ་དབང་ཐོབ༔ མགྲིན་པར་བབས༔ འདོད་ཆགས་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ གསུང་གི་དབང་ཐོབ༔ སྙིང་གར་བབས༔ ཞེ་སྡང་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཐུགས་ཀྱི་དབང་ཐོབ༔ ལྟེ་བར་བབས༔ ང་རྒྱལ་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཡོན་ཏན་གྱི་དབང་ཐོབ༔ གསང་བར་བབས༔ ཕྲག་དོག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཕྲིན་ལས་ཀྱི་དབང་ཐོབ༔ ལུས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་གང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ལ༔ ཟ་མ་ཞག་དང་ཟླ་བ་ལོ་རུ་ཉེ་བར་འཚེ་བའི་མི་མཐུན་ཕྱོགས་ཀུན་ཕྱིར་སངས་དག་ནས་བདུད་རྩིའི་འོད་ཟེར་གྱིས་གནས་ཁང་དང་ཡུལ་ཁམས་རྒྱལ་ཁམས་ཐམས་ཅད་མེར་གྱིས་བདུད་རྩིས་ཁེངས་པར་བློ་གནས་ཚད་དུ་བཞག་གོ༔ སླར་སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་ལ་ཐིམ༔ རང་ཡང་འོད་དུ་ཞུ་ནས་ནམ་མཁའི་བླ་མ་ལ་ཐིམ༔ བླ་མ་ཡང་འོད་དུ་ཞུ་ནས་གནས་ལུགས་མ་བཅོས་པ་དྭངས་མའི་ཚེ་བློ་འདས་རྟོག་བྲལ་གྱི་ངང་དུ་གནས་པར་བྱའོ༔ འདི་ནི་ནང་སྒྲུབ་བདུད་རྩིའི་རྒྱུན༔ ཉི་ཤར་དུས་སུ་མ་ཆག་ཉམས་བླངས་ན༔ རིག་འཛིན་ཚེ་ཡི་གོ་འཕང་ཐོབ་པར་འགྱུར༔ གནས་སྐབས་ནད་གདོན་འཆི་བ་བསླུ་བའི་མཆོག༔ སྤྱོད་ལམ་ཀུན་ཏུ་དེ་ཡི་ངང་བསྐྱང་ངོ༔ མཇུག་ཏུ་སྨོན་ལམ་དག་ནི་འདི་ལྟར་འདེབས༔ ཧོ༔ བླ་མ་མགོན་པོ་འཁོར་བཅས་ཀྱིས༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ བདག་གཞན་མ་ལུས་ཐམས་ཅད་ཀྱི༔ འདི་ཕྱིའི་འགལ་རྐྱེན་ཀུན་སེལ་ཞིང༔ འདུ་བ་རྣམ་བཞིའི་ནད་ཀུན་སོལ༔ བགེགས་དང་ལོག་འདྲེན་ཀུན་ལས་ཐར༔ ལོ་ཟླའི་ཀག་རྣམས་རང་སར་ཞི༔ ལུས་ངག་སེམས་ལ་བདེ་ཐོབ་ཤོག༔ ཅེས་བརྗོད་ནས་དྲི་ཆུའི་ཕྱེད་དེ་ནམ་མཁར་འཐོར༔ དེ་ནས་ཁྱོར་བར་བཟེད་དེ་ལུས་ཀྱི་འཁོར་ལོ་ལྔའི་ཚེ་བདག་ཡབ་ཡུམ་གྱི་སྦྱོར་མཚམས་བདུད་རྩིའི་རྒྱུན་དུ་བསམ་ལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་བཟླས་ཏེ་བཏུང་བར་བྱའོ༔ དེ་ནི་ལུས་འབྱུང་བཞི་འདུས་པའི་བུམ་ནང་དུ༔ ཕུང་ཁམས་སྐྱེ་མཆེད་བུམ་རྫས་སུ་རང་གྲུབ་པ༔ རིག་པ་རང་རྩལ་གྱི་ལྷ་རྩ་ཁམས་དཔའ་བོ་མཁའ་འགྲོའི་ཐུགས་རྗེ་བྱིན་རླབས་ཀྱི་ཆུ་རྒྱུན་ནང་སྒྲུབ་ཀྱི་རྫས་མཆོག་ཏུ་གྱུར་པའོ༔ དེ་ལྟར་ཉམས་ལེན་རྒྱུན་དུ་མ་ཆག་པར་བྱས་པས་རིང་པོར་མི་ཐོགས་པར་ཚེའི་རིག་འཛིན་ཐོབ་པར་འགྱུར་རོ༔ ཨེ་མ་བདུད་རྩི་འཁྱིལ་བའི་རྒྱུད་དོན་སྙིང་པོའི་མཆོག༔ ཚེ་བསྲིང་ཆོ་ག་རྒྱུད་ལས་ཁོལ་དུ་ཕྱུང༔ ཕྱི་རབས་སྙིགས་མའི་འགྲོ་རྣམས་སྐྱབས་ཕྱིར་དུ༔ ཨོ་རྒྱན་གསུང་བཞིན་ནམ་སྙིང་བདག་གིས་བཀོད༔ བདུད་འཇོམས་ཐུགས་སྤྲུལ་དེ་དང་འདི་འཕྲད་ནས༔ ཆོས་བདག་བུ་དགུ་སྨིན་གྲོལ་འཁོད་པར་ཤོག༔ སྨན་གྱི་ལྷ་མོ་བདུན་གྱིས་བཀའ་འདི་སྲུངས༔ བརྟན་མ་བཅུ་གཉིས་བཀའ་ཡི་བྱ་ར་གྱིས༔ རྒོད་བཙན་དམར་པོས་གཏེར་བདག་ལག་ཏུ་སྤྲོད༔ དུས་ངན་ཤར་དུས་འགྲོ་ལ་ཕན་ཕྱིར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ལྷ་རི་ནས་བདུད་འཇོམས་རྡོ་རྗེས་གདན་དྲངས་པའོ།། ༄༅༔ བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་དོན་ཚེ་བསྲིང་བླ་མའི་མཚན་ཉིད་བརྟག་པ་བྱིན་བརླབ་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཚེ་ཉམས་འགུགས་ཤིང་གསོ་བའི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་ནི༔ རྒྱུད་ལས༔ ཡི་དམ་གསལ་ཞིང་བསྙེན་པ་ཐེམས་པ་ཡིས༔ དྲོད་རྟགས་ཕྲ་མོའི་ནུས་པ་ལྡན་པ་དང༔ དམིགས་མེད་དེ་བཞིན་ཉིད་ལ་བློ་བརྟན་པ༔ སྟོང་ཉིད་ཕྲ་མོ་རྒྱུད་ལ་ཤར་བ་དང༔ རྒྱུད་ལུང་ཐུགས་ལ་གསལ་བར་མཁྱེན་པ་ཡིས༔ ཆོ་གའི་ཡན་ལག་ཀུན་ལ་མཁས་པ་དང༔ བུམ་དབང་ལུས་ལ་ཐོབ་པས་བྱིན་རླབས་ལྡན༔ ལུས་ཀྱི་ལྷ་རྣམས་བསྐྱེད་རིམ་ལྷ་སྐུར་ཤེས༔ གསང་དབང་ངག་ལ་ཐོབ་པས་སྔགས་དང་ལྡན༔ བཟླས་པ་ཐེམས་ཤིང་གཏུམ་མོ་གོམས་པ་དང༔ ཤེས་རབ་ཡེ་ཤེས་ཡིད་ལ་གནས་པ་ཡིས༔ ཁམས་ཀྱི་བདུད་རྩི་ལྷན་སྐྱེས་ཡེ་ཤེས་མྱངས༔ བདེ་ཆེན་དབང་གི་སྙིང་པོ་རླུང་ལ་གོམས༔ གཟུངས་མའི་མཁའ་ནས་བྱང་སེམས་རང་ལ་བསྡུ༔ ལུས་ངག་ཡིད་རྣམས་དག་ཕྱིར་དབང་རྣམས་ཐོབ༔ དབང་རྫོགས་རྒྱུད་མཁྱེན་མན་ངག་ལྡན་པ་ནི༔ མཐུ་དང་བྱིན་རླབས་ངང་གིས་ཆེ་བ་ཡིན༔ ཉི་མ་གང་ལ་ཤར་བ་མུན་པ་སེལ༔ ཡོན་ཏན་དེ་ལྡན་དམ་ཅན་སྲུང་མ་ཉེ༔ འདི་ལྡན་བླ་མའི་མཚན་ཉིད་ཡོད་པས་ཏེ༔ ཕྱི་ཡི་བླ་མས་སྒྲོ་འདོགས་ཡོངས་སུ་སྤྱད༔ ནང་གི་བླ་མས་རང་བྱུང་ཡེ་ཤེས་ཤར༔ གསང་བའི་བླ་མས་ལྷན་ཅིག་སྐྱེས་པ་སྟོན༔ དེ་ཉིད་བླ་མས་ཆོས་རྣམས་ཤིན་ཏུ་དག༔ འདི་ཡིས་ཚེ་རྣམས་ཁུག་པར་ཐེ་ཚོམ་བྲལ༔ གང་ཉམས་སྐྱེས་བུས་བརྩོན་འགྲུས་རབ་བསྐྱེད་ནས༔ བླ་མ་དེ་ལ་ཚེ་ཆོག་མྱུར་དུ་ཞུས༔ ཞེས་གསུངས་པས༔ བླ་མའི་ངོ་བོ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ནོ༔ ངེས་ཚིག་བླ་མ་ཡེ་ནས་འགག་པ་མེད༔ མ་འགག་མེད་དོ༔ དབྱེ་ན་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱིའི་བླ་མས་ནི་ཤེས་བྱའི་གནས་ཐམས་ཅད་ཀྱི་མཚང་རིག་ཅིང༔ མདོ་སྔགས་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་སྤྲོས་པའི་མཐའ་ཀུན་རང་གིས་ཆོད་ཅིང༔ གཞན་རྒྱུད་ལ་སྦྱོར་བར་མཁས་པ༔ ནང་གི་བླ་མས་དབང་བཞིའི་འཁོར་ལོ་བརྒྱུད་པར་ལྡན་པའི་ཡུལ་ལས་ནོད་ནས༔ རང་རྒྱུད་ལ་སྐུར་ཏེ་སྐུ་བཞིའི་ས་བོན་ཐེབས་ཤིང༔ གཞན་རྒྱུད་ལ་བསྐུར་བར་མཁས་པ༔ གསང་བའི་བླ་མས་རྡོ་རྗེ་གསུམ་གྱི་གནས་ལུགས་ཕྲ་མོའི་ཏིང་འཛིན་ལས་སུ་རུང་ཞིང༔ གཟེར་བཞིའི་དོན་དང་ལྡན་ཞིང༔ གཞན་རྒྱུད་ལ་ངོ་སྤྲོད་པར་མཁས་པ༔ དེ་ཁོ་ན་ཉིད་ཀྱི་བླ་མས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༔ རིག་པའི་དབྱེ་འབྱེད་ལ་གོམས་པའི་ཤུགས་མཐར་ཕྱིན་ཏེ༔ བརྡ་ཐབས་དུ་མའི་སྒོ་ནས་མདོ་རྒྱུད་ཀྱི་དོན་ཐམས་ཅད་གནད་གཅིག་ཏུ་བསྡུས་ཏེ་སེམས་དང་སེམས་ཉིད་ཀྱི་དབྱེ་འབྱེད་གཞན་རྒྱུད་ལ་ངོ་སྤྲོད་མཁས་པ༔ འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྣང་སྲིད་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་རྟོགས་པའི་གནད་གསང་ལ་མཁས་པ༔ ལམ་རིམ་ཀུན་ཀྱང་སྤྱི་བཤད་དང་དགོས་བཤད་ཀྱིས་ཡུལ་ལ་སྟོན་ཚེ༔ བབ་ཆོལ་མུན་ཕུགས་སུ་མ་སོང་སྟེ༔ ཚོགས་བཤད་དང༔ སྦས་བཤད་དང༔ དཀྲུགས་བཤད་དང༔ གབ་བཤད་དང༔ སྙན་བརྒྱུད་ཀྱི་བཤད་པས་གཞན་རྒྱུད་རིམ་དང་གཅིག་ཅར་སྐད་ཅིག་རེ་རེ་ནས་སྨིན་གྲོལ་ལ་བཀོད་ནུས་པ༔ སོ་ཐར་གྱི་སྒོར་ཞུགས་ནས་བསླབ་བྱ་མ་ཉམས་པར་སྲུང་བ༔ བྱང་སེམས་ཀྱི་སྒོར་ཞུགས་ནས་སེམས་བསྐྱེད་གསུམ་དང་ལྡན་པ༔ གསང་སྔགས་ཀྱི་སྒོར་ཞུགས་ནས་རྩར་སྤྱོད་དག་པ༔ བསྐྱེད་རིམ་དབང་གི་སྒོར་ཞུགས་ནས་རྣལ་འབྱོར་ཆེན་པོའི་ལམ་རིམ་ཀུན་ལ་སྦྱངས་ཤིང་མཁས་པ༔ ཁྱད་པར་སྣོད་བཅུད་རྟེན་དང་བརྟེན་ཅན་དུ་བསྒོམ་པའི་གནས་ལ་མཁས་པ༔ རྫོགས་རིམ་དབང་གི་སྒོར་ཞུགས་ནས་རྩ་རླུང་ཐིག་ལེའི་དོན་ཟུང་འཇུག་པ་དོན་ལྡན་དུ་སྤྱོད་ཤེས་པ༔ ཟུང་འཇུག་དབང་གི་སྒོར་ཞུགས་ནས་དབྱིངས་དང་ཡེ་ཤེས་བདེ་བ་ཆེན་པོར་རོལ་ཤེས་པ༔ བློ་འདས་དབང་གི་སྒོར་ཞུགས་ནས་སྣང་སྲིད་ཐམས་ཅད་རང་བྱུང་རིག་པའི་ཡེ་ཤེས་རང་རྩལ་ཞེན་མེད་རང་གྲོལ་དུ་སྐྱོང་ཤེས་པ༔ གནས་སྐབས་སུ་བྱང་སེམས་ཆེ་ལ་སྙིང་རྗེ་དང་ལྡན་པས་ལུས་དང་ལོངས་སྤྱོད་དངོས་པོ་ཐམས་ཅད་གཞན་དོན་དུ་གཏོང་བ་ལ་སྐྱོ་དུབ་སུན་པ་མེད་པ༔ བསྐྱེད་རྫོགས་དང་རྫོགས་པ་ཆེན་པོའི་དོན་སྟོན་པའི་ལག་ལེན་ལ་གོམས་པ་མཆོག་ཏུ་གྱུར་པའི་གང་ཟག་དེ་ལྟ་བུ་ནི༔ རྒྱལ་བའི་དགོངས་དོན་ཀུན་ལ་ནང་བྱན་ཚུད་པའི་བཅུད་ལྡན་ཡིན་པས་སྣང་ཚུལ་གང་ལྟར་དུ་འདུག་ཀྱང་བསྟེན་བྱའི་མཆོག་ཏུ་གྱུར་པ་ཡིན་ཏེ༔ རྒྱང་རིང་པོ་ན་འདུག་ཀྱང་དཀའ་བ་དང་དུ་བླངས་ནས་འབད་པ་དྲག་པོས་བསྟེན་པར་བྱའོ༔ དེ་ལྟ་བུ་བསྟེན་པས་གནས་སྐབས་སུ་ཚེ་སྲོག་གི་བར་ཆད་ཐམས་ཅད་སེལ༔ མཐར་ཐུག་ཏུ་སེམས་ཉིད་སངས་རྒྱས་སུ་ངོ་འཕྲོད་ནས་སྐྱེ་འཆི་མེད་པའི་ཚུགས་ཐུབ་ནས་སྐུ་ལྔའི་རྒྱལ་སྲིད་ལ་དབང་ཐོབ་པའི་ཡོན་ཏན་ཡོད་དོ༔ དེ་ལྟ་བུའི་མཚན་ལྡན་གྱི་བླ་མ་མ་རྙེད་ན་སོ་ཐར་གྱི་སྡོམ་པ་དང་ལྡན་པའི་དགེ་སློང་ངམ༔ བྱང་སེམས་དང་ལྡན་པའི་རྟེན་གང་ཡང་རུང་བའམ༔ དམ་ཚིག་ལ་གནས་པའི་སྔགས་འཆང་ངམ༔ བརྟུལ་ཞུགས་དང་ལྡན་པའི་རྣལ་འབྱོར་གྱི་རིགས་ཅན་གྱིས་འཆི་བསླུའི་ཆོ་ག་བྱས་ན་གནས་སྐབས་སུ་རྐྱེན་ཕྲན་བུ་ཙམ་སེལ་བར་འགྱུར་རོ༔ སྡོམ་པ་དམ་ཚིག་སྣ་གཅིག་ཀྱང་མ་བླང་མི་སྲུང་བས་ནི་ལས་གང་ལ་བརྩམས་ཀྱང་རྒྱུ་གྲོན་པ་ལས་དོན་འགྲུབ་པར་མི་འགྱུར་བས་ན་མཚན་ལྡན་གྱི་གང་ཟག་བཙལ་བ་གནད་ཤིན་ཏུ་ཆེའོ༔ མཚན་ལྡན་རང་རིག་རྟོགས་པ་མཆོག་གི་རྟེན༔ ཕུང་ཁམས་ལྷ་རུ་གསལ་བས་གང་བྱས་འགྲུབ༔ དམ་ཚིག་སྡོམ་ལ་གནས་པས་བདེན་སྟོབས་འབྱུང༔ ཆོ་ག་ཕྱག་ལེན་མཁས་པས་སྐྱེ་བོ་མགུ༔ དེ་དག་རྣམས་ལས་ལོག་པས་སླར་ལ་གནོད༔ དེ་ཕྱིར་བླ་མ་བརྟག་ལ་རབ་བརྩོན་གྱིས༔ བླ་མའི་བརྟག་པ་བྱིན་རླབས་སྤྲིན་ཕུང་འདི༔ ཕྱི་རབས་སྙིགས་དུས་འགྲོ་རྣམས་བདུད་དབང་འགྲོ༔ དེ་བཟློག་དོན་ཕྱིར་ཚེ་སྒྲུབ་དཔག་མེད་བསྟན༔ ཡང་ཟབ་སྙིང་པོ་བདུད་རྩི་འཁྱིལ་བ་འདིས༔ ཐོག་མར་དགེ་བ་བླ་མ་གཅེས་པའི་ཕྱིར༔ ཕྱི་རབས་དོན་དུ་རྒྱུད་དོན་ཟུར་ཙམ་བཀོད༔ ད་ལྟ་རྗེ་འབངས་ཉི་ཤུ་ལྔ་ལ་གདམས༔ བཞི་བཅུར་ཉེ་དུས་ཚེ་ཐུང་ལོངས་སྤྱོད་དབུལ༔ དམ་པའི་ཆོས་མཆོག་སྒྲུབ་ལོང་མེད་པར་འཆི༔ དེ་དུས་འདི་ཡིས་ཕན་པར་འགྱུར་བའི་ཕྱིར༔ སྦས་ཡུལ་འབྲས་ལྗོངས་འཇའ་འོད་གུར་ཕུག་ཏུ༔ སྒྲུབ་པ་ཁ་གསོས་ཆོས་ཁ་ཚང་བར་བཀོད༔ པདྨ་ང་སྤྲུལ་བདུད་འཇོམས་སྐྱེ་བ་གཅིག༔ འདི་ཡི་ལོ་ལ་འབྱུང་ཞིང་གནས་ལ་སྤྱོད༔ ད་ལྟའི་ཁྱེའུ་ཡིད་མཛེས་དེ་དུས་སུ༔ ཆོས་ལྡན་ཁྲིམས་ཀྱིས་འགྲོ་བ་སྐྱོང་བའི་དུས༔ ང་ཡི་གདམས་པ་འདི་ཉིད་ཉམས་བླངས་ནས༔ ཀག་གསུམ་འཕྲང་གྲོལ་འགྲོ་བའི་དཔལ་དུ་ཤོག༔ བཀའ་འདི་སྲུངས་ཤིག་དཔལ་ལྡན་མཁའ་འགྲོ་ལྔ༔ གཏེར་འདི་སྲུངས་ཤིག་མཐུ་ཆེན་དྲེགས་པའི་ཚོགས༔ ལས་ཅན་བུ་ལ་གཏོད་ཅིག་བརྟན་མའི་ཚོགས༔ བུ་དགུར་སྤེལ་ཅིག་ཆོས་བདག་སྐྱེས་བུ་ཡིས༔ དམ་ཚིག་སྲུངས་ཤིག་སྨོན་ལམ་འཛོམ་པའི་བུ༔ ཞེས་གསུངས་བཀའ་ཡི་རྒྱ་ནན་དང་བཅས་ཏེ་དག་པའི་འཁོར་ཉེར་ལྔ་ལ་གསང་སྔགས་སྤྱི་སྤུངས་ཀྱི་ཆོས་མ་བུ་ཆ་ལག་དང་བཅས་པ་གདམས་པ་ལགས༔ ཚེ་སྒྲུབ་ཀྱི་སྐོར་འདི་རིན་ཆེན་སྙིང་པོའི་བྲག་ལ་ཚེ་ཆུ་དང་བཅས་ཏེ་སྦས་ནས་སྨོན་ལམ་བཏབ་བོ༔ ཁྲི་སྲོང་བདག་གིས་ཡི་གེར་བཏབ་པའོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ འབྲུག་ལོ་ཟླ་བ་བདུན་པའི་ཚེས་བཅུའི་ནུབ་ལྷ་རི་རིན་ཆེན་སྙིང་པོ་ནས་ལྷ་བཙུན་གྱིས་གདན་དྲངས་པའོ། །སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).