Difference between revisions of "Terdzo-A-009"

m (Text replacement - " {{Header }}" to " {{Header}}")
m (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")
 
(3 intermediate revisions by the same user not shown)
Line 5: Line 5:
 
|fulltitletib=དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར་
 
|fulltitle=dpal rdo rje bdud rtsi bde ba chen po'i rtsa ba dang yan lag gi dbang bskur yongs rdzogs dkyus gcig tu bkod pa dri med zla ba'i bsil zer
 
|citation=[['jam mgon kong sprul]]. dpal rdo rje bdud rtsi bde ba chen po'i rtsa ba dang yan lag gi dbang bskur yongs rdzogs dkyus gcig tu bkod pa dri med zla ba'i bsil zer. In Rin chen gter mdzod chen mo pod gsum bcu pa (The Great Treasury of Rediscovered Teachings Volume 30) by 'jam mgon kong sprul, 211-254. New Delhi: Shechen Publications, 2007-2016.
+
|citation=[['jam mgon kong sprul]]. dpal rdo rje bdud rtsi bde ba chen po'i rtsa ba dang yan lag gi dbang bskur yongs rdzogs dkyus gcig tu bkod pa dri med zla ba'i bsil zer. In Rin chen gter mdzod chen mo pod gsum bcu pa (The Great Treasury of Rediscovered Teachings Volume 30) by 'jam mgon kong sprul, 211-254. New Delhi: Shechen Publications, 2007-2018.
 
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
 
|collectiontitletib=རིན་ཆེན་གཏེར་མཛོད་
 
|collectiontitletib=རིན་ཆེན་གཏེར་མཛོད་
Line 25: Line 25:
 
|volnumtib=༣༠
 
|volnumtib=༣༠
 
|volyigtib=ཨ
 
|volyigtib=ཨ
|totalvolumes=70
+
|totalvolumes=71
 
|textnuminvol=10
 
|textnuminvol=10
 
|pagenumbers=211-254
 
|pagenumbers=211-254
Line 42: Line 42:
 
}}
 
}}
 
{{Header}}
 
{{Header}}
= Tibetan Text =
+
<h1 style="font-size: 24px !important;">Tibetan Text</h1>
 
<onlyinclude>
 
<onlyinclude>
 
<div id='tibetan' class='tib-text'>
 
<div id='tibetan' class='tib-text'>
Line 48: Line 48:
 
ན་མོ་གུ་རུ་བཛྲཱམྲྀཏ་མ་ཧཱ་སུ་ཁཱ་ཡ། རྡོ་རྗེ་ཉི་མས་རྟོག་སྒྲིབ་མུན་པ་གཏོར། །བདེ་ཆེན་ཡེ་ཤེས་བདུད་རྩིའི་བཅུད་བླུགས་པས། །སྐལ་ལྡན་རྣམ་གྲོལ་སྲོག་གི་ཟུངས་སྐྱེད་པ། །ཧེ་རུ་ཀ་དཔལ་དགྱེས་པའི་ཞལ་གྱིས་སྐྱོངས། །ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་གཙོ། །གསང་སྔགས་གསར་རྙིང་དགོངས་པ་འདུས། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །སྨིན་བྱེད་ལག་ཁྲིགས་གསལ་བར་བྱ། །གངས་ཅན་ཙམ་ན་དཀོན་ལ་རིན་ཐང་ཆེ་ཞིང་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཟབ་མོ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་སྐལ་བ་མཆོག་དང་ལྡན་པའི་སློབ་མ་གཞུག་པ་ལ་དོན་གསུམ། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་སུ་བྱ་བའི་ལས་ཀྱི་རིམ་པའོ། །དང་པོ་ལ་གསུམ། ས་ཆོག །སྟ་གོན། དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བའོ། །དང་པོ་ནི། གནས་ཁང་གསར་པ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཕྱོགས་ལ། ས་ཆོག་རྒྱས་པའམ་མདོར་བསྡུས་སྒྲུབ་ཁོག་ལྟར་བྱ་དགོས་ཀྱང་། འདིར་གནས་ཁང་རྙིང་པར་རས་བྲིས་ལ་བརྟེན་པའི་དབང་དུ་བྱས་ཏེ། རྟེན་བཀྲམ་པའི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་དང་། དཀར་གཏོར་གསེར་སྐྱེམས་བཤམ། ཚིག་བདུན་དང་བརྒྱུད་འདེབས་སོང་ནས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ཅིང་གནང་བ་བྱིན་པར་བསམ་ལ་དཀར་གཏོར་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་བས་ས་ཆོག་གི་དོན་གྲུབ། གཉིས་པ་སྟ་གོན་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། སྐྱབས་སེམས་ཚོགས་གསག་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ་སྟོང་ཚིགས་འབུལ། དབང་སྟེགས་སུ་བདུད་རྩིས་ཆག་ཆག་གདབ་ལ་མེ་ཏོག་གཅལ་དུ་བཀྲམ། སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། དཀྱིལ་འཁོར་གྱི་གནས་ལ་བཞུགས་པར་གྱུར། ཧཱུྃ༔ རྡོ་རྗེ་ཉི་མ་ལས་བྱུང་སོགས་ཀྱིས་སྤྱན་དྲང་། སྔགས་ཙམ་གྱིས་བཞུགས་སུ་གསོལ། ཧཱུྃ༔ རྡོ་རྗེ་རྐང་ལག་སོགས་ཕྱག་མཆོད་ནས་བསྟོད་པའི་བར་དུ་བཏང་། དེ་ནས་གསོལ་བ་བཏབ་པ་ནི། དྲིལ་སྤོས་བཅས། ཨོཾ༔ རྡོ་རྗེ་བདུད་རྩི་བཅོམ་ལྡན་འདས༔ དགྱེས་པ་ཆེན་པོའི་ལྷ་ཚོགས་ཀྱིས༔ ས་གཞི་ཡོངས་སུ་དག་པ་དང༔ བདག་དང་སློབ་མར་བྱིན་བརླབ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ཞེས་གསོལ་དགྱེས་པས་ཞལ་བཞེས་ཤིང༔ དགའ་བའི་སྒྲར་བཅས་ས་ལ་ཐིམ༔ བདེ་བ་ཆེན་པོའི་རང་བཞིན་གྱི༔ ཡེ་ཤེས་གཟི་བྱིན་འབར་བར་གྱུར༔ ཅེས་མོས། གཉིས་པ་བུམ་པ་ནི། སྟེགས་བུའི་སྟེང་དུ་རྣམ་རྒྱལ་བུམ་པ་མགུལ་ཆིངས་ལྗང་གུ་དང་སོ་ལྔའི་བཅུད་ལྡན། ལས་བུམ་སྔོན་པོ་ཁྲུས་རྫས་སྦྱར་བ། གཉིས་ཀ་ཁ་རྒྱན་གཟུངས་ཐག་ལྡན་པ་བཞག །མཆོད་གཏོར་སྔར་ལྟར་བཤམས་ལ་བྱིན་བརླབ། སྟོང་པའི་ངང་ལས་པད་ཟླའི་སྟེང༔ མཚན་ཉིད་ཡོངས་རྫོགས་བུམ་པའི་ནང༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ ཧཱུྃ་གི་སྒྲ་ཡིས་སྐད་ཅིག་གིས༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ སོགས་རྩ་བའི་ལས་བྱང་ལྟར་ལ། སྒོ་བཞིར་ཞེས་པ་ཕྱོགས་བཞིར་བསྒྱུར། གཞན་བསྟོད་པའི་བར་མཐར་ཆགས་སུ་སོང་ནས། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་ཞི་དྲག་གི་བཟླས་པ་སུམ་བརྒྱ་རེ་ལས་མི་ཉུང་བ་བཟླ། མཐར་ཨོཾ་ཨཱཿཧཱུྃཿགིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་མོས། དབང་ཆེན་ཡོངས་རྫོགས་སྐབས་ལས་བུམ་དུ་གཞུང་འདིར་དམིགས་སུ་བསྟན་པའི་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ་དགོས་པས། རིམ་པར་ཕྱེ་བ་གཉིས་པ་ལྟར་བསྐྱེད་ཅིང་སྤྱན་དྲངས་ལ། བདུད་རྩིའི་ཕྲིན་ལས་ལྟར་བཞུགས་གསོལ་དབང་བསྐུར་ཕྱག་མཆོད་རྣམས་བླང་། རང་གཞུང་གི་བསྟོད་པ་དང་ལས་སྦྱོར་གྱི་སྔགས་ཉིད་བརྒྱ་རྩ་བཟླས་ལ་མཆོད་བསྟོད་མདོར་བསྡུས་པ་དང་འོད་ཞུ་བྱ། རྩ་དབང་རྐྱང་པ་སོགས་སྟབས་བདེར་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་སྤྱི་མཐུན་ཞིག་བྱས་པས་ཆོག་གོ །གསུམ་པ་སློབ་མ་ནི། སྟ་གོན་གྱི་ཆས་རྣམས་ཡོལ་བས་བསྒྲིབ། རྫས་བཞི། ཉེར་སྤྱོད་ལྔ་སོགས་འདུ་བྱ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ། སྲུང་འཁོར་གྱིས་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ཅིང་བློ་བཅོས་པའི་ཐུན་མོང་གི་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་སྐབས་སུ་བབས་པའི་བཤད་བྱ་ནི། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞིར་བཞུགས་པ་ལས། གོང་མའི་ཡང་གོང་མར་གྱུར་པ་རྣལ་འབྱོར་བླ་ན་མེད་པ་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི་ནང་ཚན་བདེ་བ་ཆེན་པོའི་མྱུར་ལམ་གྱིས་ཁྱད་པར་དུ་བྱས་པ་མ་རྒྱུད་ཡིན་ཅིང་། དེ་ལའང་རིགས་དྲུག་གི་དབྱེ་བ་ཅན་དུ་བཞུགས་པའི་ནང་ཚན་འདིར་ནི་རྡོ་རྗེ་ཉི་མ་རིན་འབྱུང་གི་རིགས་ཡིན་ལ། སྔ་འགྱུར་གྱི་རང་རྐང་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པ་ལྟར་ན་འཇིག་རྟེན་ལས་འདས་པའི་སྒྲུབ་ལུགས་ལྔའི་གཙོ་བོ་ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་སྨིན་གྲོལ་ལས་ཚོགས་དང་བཅས་པ་ཟབ་ལ་འདྲིལ་ཞིང་རང་རྐང་ཚུགས་པ། ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། འདིར་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་བགྱི་བའི་སྐབས་ལགས་པས་ཐོག་མར་དེ་ཉིད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཅེས་པ་ཙམ་གྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་སློབ་དཔོན་ཆེས༔ བདག་ལ་ཐུགས་བརྩེས་ཉེར་དགོངས་ནས༔ སྔགས་ཀྱི་ཆོ་གའི་མཐུ་ཆེན་པོས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་རིག་ནས་གནང་བ་སྦྱིན་ཞིང་རྗེས་སུ་གདམས་པ་ཡིན་པས་འདི་ལ་གསན་འཚལ། ཨེ་མ་ཚུལ་ཆེན་སྔགས་ཀྱི་མཆོག༔ དུས་གསུམ་རྒྱལ་བའི་ལམ་ཆེན་པོ༔ ཁྱོད་ལ་རབ་ཏུ་བསྟན་པར་བྱ༔ སྤྲོ་བ་སྐྱེད་ལ་གུས་པ་ཡིས༔ རང་རྒྱུད་ཡོངས་སུ་དག་པ་དང༔ རྡོ་རྗེའི་དམ་ཚིག་ཚུལ་བཞིན་སྲུངས༔ ཞེས་གདམས། དེ་ལ་ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་བཟུང་དགོས་པས་འདུན་པ་འདི་བཞིན་དུ་མཛོད། བླ་མ་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་སྒོ་གསུམ་གུས་པ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པ་དྲག་པོས་འདིའི་རྗེས་ཟློས། ཧཱུྃ༔ འཁོར་འདས་རྡོ་རྗེ་བདུད་རྩི་སོགས་ལས་བྱང་ལྟར་ཤློ་ཀ་གཅིག་ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞི་རྟེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། འདི་ལྟར་ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་མཐའ་དག་དཔལ་བདེ་བ་ཆེན་པོ་ཧེ་རུ་ཀའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཞུགས་ཤིང་རྒྱུད་སྨིན་པར་བྱས་ལ་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། མཐའ་ཡས་འགྲོ་བ་སོགས་ཤློ་ཀ་གཅིག་ལན་གསུམ། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་གནས་པ་ནི་སྡོམ་པ་དམ་ཚིག་གི་རྟེན་ལ་རགས་ལས་པས། སྤྱིའི་དམ་ཚིག་ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་པ་དང་། ཁྱད་པར་གྱི་དམ་ཚིག་བདེ་གཤེགས་རིགས་ལྔ། རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔས་བསྡུས་པ་རྣམས་དང་། སྒྲུབ་པ་ལྷག་པའི་དམ་ཚིག་རྣམས་ཀྱང་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་བདུད་རྩིའི་ལྷ༔ དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ གསང་བ་མཆོག་གི་སྒོར་ཞུགས་ནས༔ ཉེས་སྤྱོད་ཆ་དང་བཅས་པ་སྡོམ༔ དགེ་བའི་ཆོས་རྣམས་རབ་ཏུ་སྡུད༔ སེམས་ཅན་དོན་ནི་མཉམ་མེད་སྤྱད༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ། དེ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྐད་ཅིག་གིས་ཁྱེད་རང་རྣམས་དཔལ་རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་གུ་ཞི་བའི་ཉམས་ཅན། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བ་ལ། དབང་ཡུལ་དབྱེར་མེད་བདེ་བ་ཆེན་པོའི་རོལ་མོ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་མོས་ཤིག །མེ་ཏོག་ལ་སོགས་པས་གནས་སོ་སོར་མཆོད་པའི་ཚུལ་བྱས་ལ། ཨོཾ་བཛྲ་པུཥྤེ་ནས། ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱཿ ཞེས་པའི་བར་འགྲེས་སྦྱར། སོ་ཤིང་དང་དོར་བའི་ར་བ་སོགས་རྫས་བཞི་འདུ་བྱས་ལ། དངོས་གྲུབ་ཀྱི་ལྟས་མཚན་བརྟག་པའི་སླད་དུ། ངོ་བོ་རྡོ་རྗེ་བདུད་རྩི་ཁྲག་འཐུང་ཆེན་པོ་ལ། རྣམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་སོ་ཤིང་དུ་གྱུར། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ༔ ལན་བདུན་ནམ་གསུམ་གྱིས་སོ་ཤིང་བྱིན་བརླབ། དེ་ལྟར་བྱིན་གྱིས་བརླབས་པའི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་དངོས་གྲུབ་ཀྱི་མཚན་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་སྔགས་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་བ་ཞུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧ་ས་ཧཾ༔ ཞེས་སོ་ཤིང་ར་བར་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོའི་ཕྲིན་ལས་རྣམས་འགྲུབ་ཅིང་། མཚམས་སུ་ཕྲན་ཚེགས་ཀྱི་དངོས་གྲུབ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། སློབ་དཔོན་ནམ་རང་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་སོ། །དུང་ཞལ་དུ་དྲི་བཟང་དང་སྦྱར་བའི་སྐྱོར་ཆུ་ཐོགས་ལ། རིན་ཆེན་བདུད་རྩི་མཱ་མ་ཀཱིའི་རང་བཞིན་ཅན་གྱི་ཁྱོར་ཆུ་ཁོང་དུ་བཏུང་བས་མཚན་མའི་རྣམ་རྟོག་མ་ལུས་པ་དབྱིངས་སུ་སྦྱངས་པའི་མོས་པ་མཛོད། ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་སརྦ་སཾ་ཀལྤ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་དུང་ཆུ་སྦྱིན། དཔུང་སྐུད་སྔོ་ནག་མདུད་པ་གསུམ་ལྡན། ཧཱུྃ་གིས་སྔགས་ལ། རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཆེན་པོའི་རང་བཞིན་གྱི་རྡོ་རྗེའི་མདུད་པ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བཅིང་། ཀུ་ཤའི་ཆུན་པོ་ཆེ་ཆུང་ཐོགས་ལ། རྡོ་རྗེ་བདུད་རྩི་འཁྱིལ་བའི་རང་བཞིན་དག་བྱེད་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨ་པྲ་ཏི་ཧ་ཏ་ཧཱུྃ་ཕཊ༔ ཅེས་ལག་པ་གཡས་གཡོན་དུ་གཏད། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཤིང་དད་མོས་ཀྱི་འདུན་པ་རྒྱུན་ཆགས་དང་བཅས་ཉལ་བས་བཟང་ངན་མཚན་མ་གང་མཐོང་མ་བརྗེད་པར་གྱིས་ལ་ངན་ན་ཟློག་པའི་གཉེན་པོ་ལ་འབད་པར་བྱ་དགོས་སོ། །ཟབ་མོའི་ལམ་ལས་ཕྱིར་མི་ལྡོག་པའི་དོན་དུ་ཆོས་བཤད་ཅིང་སྤྲོ་བ་སྐྱེད་པ་འདི་ལ་གསན་འཚལ། འཇིག་རྟེན་སངས་རྒྱས་འབྱུང་བ་ལས༔ རབ་ཏུ་དཀོན་པའི་རྡོ་རྗེའི་ཐེག༔ དེ་རིང་རྙེད་དོ་སྐལ་བཟང་རྣམས༔ ཚུལ་ཆེན་འདི་ལ་གནས་པར་གྱིས༔ དེས་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་རྫོགས་བྱང་གི་ཕྱིར་དུ་བསྔོ་བ་ཞུ། ཞེས་བསྔོ་བ་བརྗོད་ལ་གྲོལ། སློབ་དཔོན་གྱིས་བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད། ནོངས་བཤགས་བྱ། བསྡུ་ལྡང་དང་ཤིས་བརྗོད་ལས་བྱང་ལྟར་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་བཤམ་བཀོད་ཀྱི་རིམ་པ། དབང་དོན་སྒྲུབ་མཆོད་བྱ་ཚུལ། དབང་དངོས་ཇི་ལྟར་བསྐུར་བའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་གཞི་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་སྟེང་སྐུ་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ལྗང་གུས་སྤྲས་པ། དེའི་ཁར་གསུང་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་སྟེང་དུ་ཐུགས་མེ་ལོང་སིནྡྷུ་ར་བདལ་བ་ལ་ཆོས་འབྱུང་གྲྭ་བཞིར་དགའ་འཁྱིལ་ལྟེ་བར་བཾ་ཡིག་གིས་མཚན་པ་བཞག །ཕྱོགས་བཞི་སོ་སོའམ་མདུན་དུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོལ་དྲིལ་ལྷན་ཅིག་པ་དང་མིང་གི་ཤོག་དྲིལ་བཅས། དེའི་ཤར་དུ་རྡོ་རྗེ་བདུད་རྩིའི་ཁྲུས་རྫས་ལྡན་པའི་ཁྲུས་བུམ། ལྷོར་ཐོད་སྣོད་དུ་ཧཱུྃ་མཛད་ཀྱི་བདུག་རྫས། ནུབ་ཏུ་ཐོད་པར་མ་ད་ནའི་ཕུར་མ་ཆང་དང་སྦྱར་བ་དང་། སིནྡྷུ་ར་ཞུན་མར་བཅས། བྱང་དུ་ཐོད་པ་མཚན་ལྡན་བདུད་རྩི་རིལ་བུས་གཏམས་པ་དར་སྣས་དྲིལ་ཞིང་དབུ་རྒྱན་དར་དཔྱང་གིས་བརྒྱན་པ་རྣམས་ལེགས་པར་བཀྲམ། ལྡིང་ཁྲི་བར་པ་ལྟ་བུར་དབུས་སུ་བདུད་རྩི་རིལ་བུའི་སྙིང་པོ་ཅན་གྱི་མཐོང་གྲོལ་གཏེར་བུམ། ཐོས་གྲོལ་དུང་ལ་བདུད་རྩི་དང་གི་ཝཾ་དྲི་བཟང་སྦྱར་བས་བྱུགས་པ། ཚོར་གྲོལ་རིལ་བུ་དང་སྤོས་སྦྱོར་དྲི་ཞིམ་སྦྱར་བའི་ཕྱེ་མ། མྱོང་གྲོལ་ཐོད་སྣོད་དུ་རིལ་བུ་བླུགས་པ། རེག་གྲོལ་བདུད་རྩི་དང་ག་བུར་དྲི་བཟང་རྣམས་སྦྱར་བའི་ཕྱེ་མ་དང་ཐུམ་བུ་བཏག་ཆོག ཁྱབ་གྲོལ་ཀླུ་སྨན་བདུད་རྩི་འོ་མ་རྣམས་དངུལ་སྣོད་དུ་ལྷན་ཅིག་སྦྱར་བ། དཀྱིལ་འཁོར་གྱི་མདུན་དུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་སྤྱི་ལྟར་བཤམ། ཉེ་ལོགས་ཇི་ལྟར་བདེ་བར་མཐའ་རྟེན་ཆས། དགང་བླུགས། དུང་། དྲིལ་བུ། གཞུང་གི་གླེགས་བམ་རྣམས་དང་། སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་ཆད་མདོའི་གཏོར་མ་རྣམས་དང་། སློབ་དཔོན་མདུན་དུ་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་བྱ་ཚུལ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། གཏེར་གཞུང་ལེའུ་དང་པོ་རྡོ་རྗེ་བདུད་རྩི་རྩ་བའི་ལས་བྱང་གི་སྐྱབས་སེམས་དམ་བཅའ། བགེགས་གཏོར་བྱིན་རླབས་དང་བསྔོ་བ་སྤྱི་ལྟར་ལ། བཀའ་བསྒོ་མཚམས་གཅོད། བྱིན་འབེབ་མཆོད་བརླབ་བཅས་སྔོན་འགྲོ་གྲུབ་ནས། དངོས་གཞི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་པའི་སྐབས་བདུད་རྩི་ལ་བརྒྱུད་མཆོད་སྦྱར་ཞིང་བསྟོད་པའི་བར་སོང་ནས། མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། བདག་མདུན་གཉིས་ཀར་སྤྲོ་བསྡུའི་ཏིང་ངེ་འཛིན་སྦྱར་ལ་ཞི་ཁྲོའི་བཟླས་པ་ཅི་འགྲུབ་ཆ་སྙོམས་པར་བཟླ། བུམ་པ་སྟ་གོན་སོང་བས་འཐུས་ཀྱང་སྤྲོ་ན་སྐབས་འདིར་སྐད་ཅིག་གིས་བསྐྱེད་པ་དང་བཟླས་དམིགས་སྤྱི་མཚུངས་ཀྱིས་སྙིང་པོ་གཉིས་བཟླ། མཆོད་བསྟོད་ཕུལ་ཏེ་བུམ་ལྷ་འོད་ཞུ་བྱས་པས་རྩ་བའི་དབང་སྒྲུབ་གྲུབ། དེ་ནས་ཡན་ལག་རྣམས་སྒྲུབ་པའི་ཐོག་མར་མཆོད་ཁ་གསོ་ཞིང་། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱི་མཆོད་པ་བྱིན་བརླབ་བྱ་བ་ཐམས་ཅད་ལ་འགྲེས་ཏེ། ཐོག་མར་ཁྲུས་བུམ་སྒྲུབ་པ་ལེའུ་གཉིས་པ་ལྟར་བདུད་རྩི་འཁྱིལ་བ་བསྐྱེད་བསྟིམ་བྱ། རྩ་བའི་ལས་བྱང་ལྟར་དབང་བསྐུར་རྒྱས་གདབ། མཆོད་པ་ཚང་བ་བཏང་། རང་གཞུང་བསྟོད་པ་དང་བཟླས་པ་མཆོད་བསྟོད་འོད་ཞུ་བཅས་བྱ། གཉིས་པ་བདུག་སྤོས་བསྒྲུབ་པ་མཆོད་བརླབ་དང་ལེའུ་གསུམ་པ་ལྟར་རྡོ་རྗེ་ཧཱུྃ་མཛད་བསྐྱེད་བསྟིམ་བྱ། རྩ་བའི་ལས་བྱང་ལྟར་དབང་བསྐུར་རྒྱས་གདབ། མཆོད་པ་ཚང་བའི་མཐར། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་སོགས་ཀྱིས་བསྟོད། རང་གཞུང་གི་དམིགས་བཟླས་མཐར་ལྷ་འོད་ཞུ་རྫས་ལ་བསྟིམ་ཞིང་རྟེན་སྙིང་ལན་གསུམ་གྱིས་རབ་གནས་བྱ། གསུམ་པ་མ་ད་ན་སྔར་བསྒྲུབས་ཟིན་པ་ཞིག་མེད་ན་དབང་བསྐུར་ཐབས་མེད་ཅིང་འདིའི་སྒྲུབ་ཚུལ་ཅུང་མང་བས་ལོངས་སྐབས་མེད་ཚེ་མདོར་བསྡུས་ཙམ་གྱིས་ཆོག་ལ། ལོངས་ཡོད་ན་བདུད་རྩི་རྩ་བའི་དཀྱིལ་འཁོར་གྱི་ལས་བྱང་བསྐྱེད་བསྟིམ་ནས་བཟླས་པའི་བར་བཏང་། དེ་ནས་ལེའུ་བཞི་པ་ལྟར་ཐུགས་དམ་བསྐུལ་ཞིང་ཞལ་བསྒྱུར་ལ། མཱ་མ་ཀཱིའི་བསྐྱེད་བཟླས་མཐར་ལྷ་མོ་འོད་ཞུ་བདུད་རྩིར་བསྒྱུར། བཞི་པ་བདུད་རྩིའི་སྒྲུབ་པ་ལ། ཁྲོལ་བུ་ཕྱེ་མ་ལྡེ་གུ་གསུམ་པོ་སྔར་སྒྲུབ་པ་བྱས་ཟིན་པའི་བདུད་རྩི་རིལ་བུ་ལ་མི་དགོས་པས། སྐབས་འདིར་མཆོད་པ་བརླབ། ལེའུ་ལྔ་པའི་ནང་བཞི་པ་སྒྲུབ་པ་ཆེན་པོའི་སྐབས་ལྟར། མདུན་དཀྱིལ་རྡོ་རྗེ་བདུད་རྩི་ཁྲག་འཐུང་གི་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་བར་བཏང་། ལས་སྦྱོར་སྔགས་གསུམ་པོའང་ཅུང་ཟད་རེ་གྲུབ་ན་ལེགས། དེ་ནས་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་སྔགས་སྲུང་མའི་ཕྲིན་ལས་སྐོང་བ་རྣམས་ལེགས་པར་གྲུབ་ནས། རྩ་བའི་ལས་བྱང་ལྟར་ཚོགས་བྱིན་བརླབས་ནས་ཚོགས་མཆོད་འབུལ། བདག་འཇུག་བླང་གྲུབ་ན་ལེགས་པས་རྩ་དབང་དངོས་གཞི་ཡན་ཆད་བྱ། དེ་ལྟར་ན་སྨན་དབང་ཡང་གལ་ཆེ་བས་རིལ་སྒྲུབ་གཤམ་ལས་འབྱུང་བ་ལྟར། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ སོགས་ཀྱིས་གནས་གསུམ་དུ་དབང་བླང་། དེ་དག་མི་ལྕོགས་ན་སྤྱི་འགྲོ་ལྟར་རིག་པའི་མེ་ཏོག་དོར་བས་ཀྱང་འཐུས། གང་ལྟར་ཡང་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་དངོས་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། རྩ་བའི་དབང་བསྐུར། ཡན་ལག་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ་ཞིང་བདུད་རྩི་འཁྱིལ་བའི་སྔགས་བརྗོད། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་ཧཱུྃ་མཛད་ཀྱི་བདུག་པ་དང་ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད་ཅིང་མཎྜལ་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་དང་། དེ་ལ་འདིར་སྐབས་སུ་བབས་པའི་གསང་བ་ཆེན་པོ་འདིའི་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། འོག་མིན་རྡོ་རྗེ་བཙུན་མོའི་གསང་བ་ཆེན་པོར་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོས་ཉིད་ལས་མི་གཞན་པའི་འཁོར་ཚོགས་རབ་འབྱམས་རྒྱ་མཚོ་ལ་རྩ་རྒྱུད་བདུད་རྩི་དགྱེས་པ། བཤད་རྒྱུད་བདུད་རྩི་རོལ་པ། བསྡུས་རྒྱུད་བདུད་རྩི་སྙིང་པོ། ཆ་མཐུན་བདུད་རྩི་ཡོན་ཏན་རྒྱུད་སོགས་ཟབ་ཅིང་རྒྱ་ཆེ་ལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་སྤྲུལ་པའི་སེམས་དཔས་བསྡུས་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གཉེར་དུ་མཛད་དེ་བཞུགས་པ་ལ། སྔོན་གྱི་དུས་སུ་ཁ་ཆེའི་པཎྜི་ཏ་ཟབ་པའི་རྡོ་རྗེ་ཞེས་བྱ་བས་དུར་ཁྲོད་བསིལ་བ་ཚལ་དུ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མ་སྒྲུབ་པའི་ཚེ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་ཞལ་གཟིགས། དེས་ལུང་བསྟན་བསྩལ་པ་ལྟར་ཨོ་རྒྱན་དྷུ་མ་སྡྱི་རར་བྱོན་པས་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གླེགས་བམ་གནང་བ་ལ་བརྟེན་ཧེ་རུ་ཀ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། མལླ་བར་སྐལ་ལྡན་གྱི་སྤྲང་པོ་བརྒྱད་ལ་དབང་བསྐུར་བས་དངོས་གྲུབ་ཆེན་པོ་རེ་རེ་ཐོབ། དེ་ནས་ཕྱིས་ཤིག་ན་སློབ་དཔོན་བདུད་རྩི་གསང་བ་རྗེས་སུ་བཟུང་སྟེ། དབང་བསྐུར། རྒྱུད་བཤད། མན་ངག་བྱིན་ནས་ལྷ་ཡུལ་དུ་འགྲོ་དོན་ལ་གཤེགས། བདུད་རྩི་གསང་བས་ཀྱང་བསྒོམས་པས་མཆོག་གྲུབ་སྟེ་ཧེ་རུ་ཀ་དངོས་དང་དབྱེར་མེད་དུ་གྱུར། ཕྱིས་སུ་སློབ་དཔོན་བྷ་གོ་རྗེས་སུ་བཟུང་བས་དངོས་གྲུབ་བརྙེས་ཤིང་བསྟན་པ་རྒྱ་ཆེར་སྤེལ། དེས་པཎྜི་ཏ་དྲི་མེད་བཟང་པོ་སོགས་ལ་རྒྱུད་དང་གདམས་པ་གནང་བ་ལས་བརྒྱུད་དེ་འཕགས་ཡུལ་སོགས་སུ་ལེགས་པར་དར་བ་སློབ་དཔོན་ཨ་བྷ་ཡའི་རྡོ་རྗེ་ཕྲེང་བར་བདུད་རྩི་བཞིའི་དཀྱིལ་འཁོར་བཞུགས་པས་མཚོན་ནོ། །གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་སྐབས་འདིའི་སྨིན་གྲོལ་གྱི་རྒྱུན་ལེགས་པར་བྱུང་བར་མངོན་ཏེ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སློབ་དཔོན་ཁམས་པ་ཇོ་སྲས་ལས་གཉགས་ཆེན་ནས་བརྒྱུད་པའི་རྡོ་རྗེ་བདུད་རྩིའི་གདམས་སྐོར་གསན་པར་གསུངས་པ་དང་། རྡོ་རྗེ་བདུད་རྩིའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པའི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ་གྱི་ཇོ་ལོ་ཙཱ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་ད་ལྟ་རྒྱུད་འབུམ་ན་བཞུགས་པ་འདིའི་རྒྱ་དཔེའང་སྔར་ནས་བཞུགས་པར་གསལ་ལ། དེས་ན་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་དབང་དུ་བྱས་ན། དཔལ་ཧེ་རུ་ཀ་དང་དབྱེར་མ་མཆིས་པ་ཨོ་རྒྱན་གྱི་གུ་རུ་པདྨ་སཾ་བྷ་བ་དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་བདུད་རྩི་གསང་བ་ལས་རྒྱུད་དང་མན་ངག་རྫོགས་པར་གསན་པའི་ཚུལ་བསྟན། བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་རིགས་ལྡན་ཤཱཀྱ་དེ་བཱི་དང་ལྷན་ཅིག་སྒྲུབ་པ་མཛད་པས་རྡོ་རྗེ་བདུད་རྩི་ཞི་བ་དང་ཁྲོ་བོའི་གསང་བ་གསུམ་དང་དབྱེར་མེད་པའི་མཆོག་གྲུབ་ཅིང་རིག་མའང་མཱ་མ་ཀཱིའི་དངོས་གྲུབ་ཐོབ། རྒྱུད་དོན་མན་ངག་ཏུ་དྲིལ་བའི་གཞུང་ཏིང་ངེ་འཛིན་བདུན་དུ་བསྡུས་པའང་མཛད། བོད་དུ་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་སུ་སྤྱིར་སྐལ་པ་དང་ལྡན་པའི་རྗེ་འབངས་མཆོག་གི་འདུས་པ་རྣམས་ལ་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་དུ་མ་བསྐོར། བྱེ་བྲག་འཕྱོས་ཀྱི་གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་བདུད་རྩི་ཡོན་ཏན་གྱི་བཀའ་བབས་པས་དེའི་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་སྤྱི་དང་ཁྱད་པར་གཞུང་འདི་ཉིད་ཀྱང་བསྒྱུར་དུ་བསྩལ། སླད་ནས་ཡར་མོ་ལུང་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་གུ་རུ་རིན་པོ་ཆེ་ཡབ་ཡུམ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པའི་སྤྱན་སྔར། ཆོས་རྒྱལ་ཆེན་པོ་ཡབ་སྲས་དང་། ལོ་ཙཱ་བ་མཆེད་ཀྱི་གཙོས་སྐལ་ལྡན་འདུས་པ་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་ཕུལ་ཏེ་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཡེ་ཤེས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་སྨིན་གྲོལ་རྣམས་ཆིག་རྫོགས་སུ་བསྩལ། དེ་རྣམས་ཀྱིས་ཀྱང་ཉམས་བཞེས་མཐར་ཕྱིན་པར་མཛད་ནས། དཔེ་རྒྱུད་དང་དམ་ཚིག་གི་རྫས་རྣམས་རྡོ་རྗེའི་ལུང་བཞིན་པདྨ་བརྩེགས་པའི་ཕུག་པར་རྒྱས་གདབ། གཏེར་སྲུང་རལ་གཅིག་མ་མོ་ལ་གཉེར་དུ་གཏད་པ་ཕྱིས་འབྱུང་བའི་དུས་ནི། ཇི་སྐད་དུ། པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང༔ ཞེས་གསུངས་པ་ལྟར། གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་ཡར་ལུང་ར་མོ་སྨན་ཆུ་ཁར་སྐུ་འཁྲུངས་པ་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོ་ཞེས་བྱ་བ་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པས། དགུན་སྟོད་ཞིག་ལ་སྨན་སྒྲུབ་མཛད་པའི་སྨན་ཕུད་ཆ་གཅིག་གནས་དེའི་ས་དཔལ་བཟང་བ་ཞིག་ཏུ་སྦས་པ་ལས་ཕྱི་ལོ་ནས་སྨན་ཤིང་གི་སྡོང་པོ་ཁྱད་པར་ཅན་སྐྱེས། དེ་ནས་བཟུང་དགུན་ཀ་སྨན་སྒྲུབ་མཛད་ཚོད་ཙམ་ལ་མེ་ཏོག་བཀྲ་བའི་ངོ་མཚར་ཅན་ཕྱིས་ཀྱི་བར་ཡོད་པར་གྲགས་པས་མཚོན་རྣམ་ཐར་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་། སྦས་པའི་ཚུལ་གྱིས་གསོ་དཔྱད་གཙོར་བཏོན་ནས་སེམས་ཅན་འབུམ་ཕྲག་ཐར་པའི་ལམ་དུ་བཀོད་པར་མཛད་པ་དེ་ཉིད་ཀྱིས་པདྨ་ཤེལ་གྱི་བྲག་ཕུག་སོགས་ནས། ཟབ་གཏེར་མང་པོ་ཞིག་སྤྱན་དྲངས་པར་མཛད་པའི་ནང་ནས་ཁྱད་པར་དུ་འཕགས་པའི་གདམས་སྐོར་འདི་ཉིད་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས། སླར་རྡོ་རྗེའི་ལུང་དོན་བཞིན་རང་གནས་སུ་སྦས་པར་མཛད་པ་ལ། དེང་སང་གདུལ་བའི་དུས་སུ་བབས་པའི་དབང་གིས། རྒྱལ་སྲས་ཡེ་ཤེས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་བཞེས་པའི་ཕྱི་མའམ་རྩེ་མོར་གྱུར་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དགུང་གྲངས་ང་བདུན་མེ་བྱི་ཟླ་བ་དང་པོའི་ཡར་ཚེས་སྐབས་ཀྱི་ཐོ་རངས་ཤིག་ཏུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ཉིད་ཞིང་སྐྱེས་ཀྱི་མཁའ་འགྲོར་རྣམ་པར་འཕྲུལ་པས། གདམས་པ་འདིའི་གཏེར་དཔེ་ཏཱ་ལའི་ལོ་མར་ན་ག་ར་དང་བརྡ་ཡིག་འདྲེས་མར་བྲིས་པ་ཕྱག་ཏུ་ཕུལ་ཏེ་ལོ་རྒྱུས་རྒྱས་པར་ཞུས། དེ་རྗེས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ཡང་ཡང་མཛད་པས་སྣྲོན་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་པདྨ་འོད་ཀྱི་གཞལ་མེད་ཁང་དུ་གུ་རུ་རིན་པོ་ཆེ་འཁོར་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་གཅིག་རྫོགས་སུ་བསྩལ། ལས་ཀྱི་རྡོ་རྗེ་གཉགས་ལོ་ཆེན་པོའི་ཞལ་ནས་འདི་ཉིད་བདུད་རྩི་ཡོན་ཏན་གྱི་བཀའི་གཙོ་བོ་ཡིན་ཅིང་ད་རུང་སྨན་གྱི་རྫོང་འཕྲང་ཆེན་མོའི་བཀའ་བབས་ཡོད་ཚུལ་གྱི་ལུང་བསྟན་ཀྱང་མཛད། དེ་ནས་བཟུང་སྟེ་གཏེར་ཤོག་ཏུ་གང་བཞུགས་པའི་ཚིག་དོན་ཐམས་ཅད་སྒྲིབ་ཐོགས་མེད་པར་ཐུགས་ལ་ལམ་མེར་ཆུབ་པས། ཆོས་སྐོར་ཡོངས་རྫོགས་མིག་འཕྲུལ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་ངོ་མཚར་བའི་བཀོད་པས་གཏན་ལ་ཕབ་ནས་ཁོ་བོ་ཅག་ལ་སྐལ་ལྡན་དུ་དབུགས་དབྱུང་ཞིང་དབང་ཁྲིད་གདམས་ངག་ཐམས་ཅད་བཀའ་དྲིན་དུ་བསྩལ་བའི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ་རྡོ་རྗེ་བདུད་རྩི། སློབ་དཔོན་ཆེན་པོ་བདུད་རྩི་གསང་བ། རང་བྱུང་པདྨ་འབྱུང་གནས། མཁའ་འགྲོ་ཤཱཀྱ་དེ་བཱི། གསང་སྔགས་ཆུ་བོ་བཞིའི་བཀའ་བབས་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར། མངའ་བདག་ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་པའི་གཏེར་ཆེན་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་་་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག།ལ་རབ་ཚེས་ཆུ་རྟ་རྒྱལ་ཟླ་བའི་དུས་ཚེས་དགེ་བར་སྒྲུབ་པ་ཆེན་པོའི་ཚུལ་དང་འབྲེལ་བར་སྨིན་གྲོལ་ཟབ་མོའི་གདམས་ངག་མཐའ་དག་ཚང་སྤྲུགས་སུ་བསྩལ་པ་སྟེ། དེ་ལྟ་བུའི་སྔོན་མེད་པའི་གསང་བ་ཆེན་པོ་འདི་ལ་སྨིན་གྲོལ་གྱི་གདམས་སྐོར་གཉིས་སུ་བཞུགས་པ་ལས་འདིར་སྨིན་བྱེད་ཀྱི་དབང་བསྐུར་བ་ཡིན། དེའང་བདུད་རྩི་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ཏེ་རྩ་བ་ཡན་ལག་དང་བཅས་པའི་སྨིན་བྱེད་ཚང་བར་བསྒྲུབ་པ་ལ་གསུམ། འཇུག་པའི་ཆོ་ག །དབང་བསྐུར་དངོས་གཞི། རྗེས་སུ་གནང་བའི་རིམ་པ་རྣམས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་མཎྜལ་འབུལ་དུ་གཞུག །སྔོན་ཆད་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་པའི་ཕྱིར་རས་ཡུག་དམར་པོས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མཆོག་གི་མེ་ཏོག་ཁ་དོག་སྣ་ལྔ་པའི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་ཅོན་པན་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དད་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་སློབ་དཔོན་སོགས་གསོལ་གདབ། སྤྲོ་བསྐྱེད། སྐྱབས་སེམས། སྡོམ་བཟུང་མཇུག་གི །མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ཡན་ཆད་གོང་སྟ་གོན་སྐབས་ལྟར་དྲང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་མོས་ཤིང་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཨ་ཨཱ༔ ལན་གསུམ། རྡོ་རྗེ་མེ་ཏོག་བཅས་སྙིང་གར་བཞག་ལ། སེམས་བསྐྱེད་པར་བྱས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དམ་ཚིག་མ་འདྲེས་པ་དང་ཉམས་པ་སོགས་སྣོད་མ་ཡིན་པ་ལ་གསང་བར་གདམས་པའི་དོན་འདི་ཐུགས་ལ་ངེས་འཚལ། རྡོ་རྗེ་མགོར་བཞག་ལ། དེང་ཁྱོད་རྡོ་རྗེ་བདུད་རྩི་ཡི༔ དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ༔ གསང་བ་མཆོག་གི་སྤྱོད་པ་འདི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ མ་ཧཱ་ས་མ་ཡ་སཏྭཾ༔ ཞེས་གདམས། བཛྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཡོལ་བ་བསལ། ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་ཐལ་མོ་གནས་གསུམ་དུ་བཀོད་ལ་འདིའི་རྗེས་ཟློས། ཨོཾ་གུ་རུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མཎྜ་ལ་ན་མཱ་མི༔ སླར་ཡང་ཤར་གྱི་སྒོ་ནང་དུ་འཁོད་པ་ལ་དམ་ཚིག་གི་རྡོ་རྗེའི་ཆུ་ནན་སྦྱིན་པ་ཡིན་ཏེ། ཐུངས་ཤིག་རྡོ་རྗེ་མཱ་མ་ཀཱིའི༔ ཡེ་ཤེས་བདུད་རྩི་འདི་ཐུངས་ཤིག༔ དམ་ཚིག་ཉམས་ན་རབ་ཏུ་སྲེག༔ བསྲུངས་ན་ཚེ་འདིར་དངོས་གྲུབ་ཐོབ༔ ས་མ་ཡ་བཛྲ་མཱ་མ་ཀཱི་ཨ་མྲྀཏ་ཨུ་ད་ཀ་ཋ་ཋཱ༔ ཞེས་མཱ་མ་ཀཱིའི་བདུད་རྩི་སྦྱིན། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །དེ་ལྟར་བདུད་རྩི་མྱངས་པ་ལས༔ ལུས་གང་སྒྲིབ་པ་ཐམས་ཅད་དག༔ བདེ་ཆེན་ཡེ་ཤེས་འབར་བ་ཡིས༔ སྐད་ཅིག་རྡོ་རྗེ་བདུད་རྩི་ཆེ༔ ཁ་སྦྱོར་སྐུ་རུ་ལམ་གྱིས་གསལ༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ སོགས་ལས་བྱང་གི་མངོན་རྟོགས་ལྟར་ལ། འོད་ཟེར་འབར་འཕྲོའི་ཀློང་ན་བཞུགས༔ དེ་ཡི་ཐུགས་ཀར་པད་ཉིའི་སྟེང༔ རྡོ་རྗེ་བདུད་རྩི་སོགས་ནས། གར་དགུའི་རོལ་པས་རྣམ་པར་འགྱིང༔ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དཀར་དམར་མཐིང་བའི་མདོག་ཅན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་བདུད་རྩིའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བཞེངས་ཏེ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་བཅས་ལས་བྱང་དབུ་ནས་འབྱུང་བའི་བྱིན་འབེབ། ཧཱུྃ༔ རིན་ཆེན་ཉི་མ་རྟག་པའི་དབྱིངས༔ སོགས་དང་སྔགས་དྲག་ཏུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །མེ་ཏོག་འདོར་གཞི་ཚོམ་བུ་སོགས་བཀོད་ལ། དེ་ནས་རིགས་བརྟག་པའི་སླད་དུ། ཚོམ་བུའི་དཀྱིལ་འཁོར་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་མངོན་སུམ་དུ་གསལ་བ་ལ། ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་མཛོད་ལ་མེ་ཏོག་འདོར་བ་ཞུ། ཨོཾ་བཛྲ་པུཥྤེ་ས་མ་ཡ་ཨཱཿཧཱུྃ༔ ཞེས་འདོར་དུ་གཞུག་ལ་དབུས་དང་ཕྱོགས་མཚམས་ཀྱི་རིགས་ངེས་པར་བྱ། མེ་ཏོག་ལྷག་པའི་ལྷ་གང་ལ་ཕོག་པ་དེ་ཉིད་ཀྱིས་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིངས་པར་མོས་ཤིག །ཨོཾ་བཛྲ་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་ཅོད་པན་མགོར་བཞག །མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཨོཾ་ཛྙཱ་ན་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་ཐུར་གྱིས་བསལ། དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་དཔལ་རྡོ་རྗེ་བདུད་རྩི་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ཤིག །ཕྱག་ཤིང་གིས་མཚོན་ལ། ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཕྱག་རྒྱའི་དཀྱིལ་འཁོར་འདི་ལ་ལྟོས༔ ཁྱོད་ནི་སྒྲིབ་དག་ཡེ་ཤེས་མཐོང༔ རྡོ་རྗེ་བདུད་རྩིའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ དངོས་གྲུབ་དམ་པ་འཐོབ་པར་འགྱུར༔ དེའང་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་སེར་ཞལ་གསུམ་གཡས་དཀར་གཡོན་དམར་ཁྲོ་ཆགས་སྒེག་པའི་ཉམས་ཅན། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་མཱ་མ་ཀཱི་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི །གཡོན་གཉིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་ཕྱེད་པས་འཆར་ཀའི་འོད་ཀློང་ན་བཞུགས་པ། དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ་ཞི་བ་མ་དཀར་མོ། ལྷོར་ཞི་གདོང་མ་སེར་མོ། ནུབ་ཏུ་ཟླ་ཅན་མ་དམར་མོ། བྱང་དུ་རི་བོང་ཅན་མ་ལྗང་མོ། ཤར་ལྷོར་ཟླ་དཀྱིལ་མ་སྔོན་མོ། ལྷོ་ནུབ་ཏུ་ཟླ་མཛེས་མ་ལྗང་མོ། ནུབ་བྱང་དུ་ཡིད་འོང་མ་སྔོ་བསངས། བྱང་ཤར་དུ་སིམ་བྱེད་མ་སྔོན་མོ་སྟེ་བརྒྱད་ཀའང་རྡོར་དྲིལ་བསྣམས་ཤིང་དར་དང་རིན་པོ་ཆེའི་རྒྱན་ལྡན་རང་འོད་ཀྱི་ཀློང་ན་ཕྱེད་སྐྱིལ་གྱིས་རོལ་པ། སྒོ་བཞིར་སྒོ་མ་དཀར་སེར་དམར་ལྗང་བཞི་གཡས་རང་རྟགས་ཀྱི་ཕྱག་རྒྱ་གཡོན་དྲིལ་བུ་འཁྲོལ་ཞིང་ཁྲོ་འཛུམ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པད་ཟླའི་སྟེང་ན་གར་ཐབས་ཀྱིས་བཞེངས་པ། གཙོ་བོའི་ཐུགས་ཀར་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་ཡུམ་དང་བཅས་པ། བར་མཚམས་མཆོད་པའི་ལྷ་མོ་དུ་མས་གང་བ་རྣམས་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ངོ་སྤྲོད་དོན་གྱི་དབང་བསྐུར་བཞི་རིམ་པར་འབྱུང་བ་ལས། དང་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཇི་ལྟར་རྡོ་རྗེ་བདུད་རྩི་ཆེས༔ རིགས་ཀྱི་སྲས་རྣམས་དབང་བསྐུར་ལྟར༔ བདག་ཀྱང་ཡོངས་སུ་བཟུང་བའི་ཕྱིར༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། དེའང་བུམ་པའི་དབང་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་སུ་འབྱུང་བའི་དང་པོ་རིག་པའི་དབང་ལྔ་རིམ་པར་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དཔལ་རྡོ་རྗེ་བདུད་རྩིའི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་སྤྱི་བོ་ནས་བླུགས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་བསྐུར་ཐོབ་པར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་ནི༔ བྱང་ཆུབ་སེམས་ཀྱི་རྒྱུན་དང་སྦྱར༔ དག་པའི་དེ་ཉིད་བདེ་བ་ཆེས༔ སངས་རྒྱས་ཐུགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སུ་ར་ཏཱ་སཏྭཾ་ཨ་ཧཾ༔ ཞེས་བུམ་ཆུ་སྦྱིན། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་མཱ་ཀཱིའི་ཡེ་ཤེས་ཀྱི་ངོ་བོ་ཅོད་པན་དར་དཔྱང་དང་བཅས་པས་དབུ་ལ་བརྒྱན་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་བསྐུར་ཐོབ་པར་མོས་ཤིག །དབུ་རྒྱན་བཅིངས་ལ། ཏྲཱཾ༔ རིན་ཆེན་མཱ་ཀཱིའི་ཡེ་ཤེས་ནི༔ བདེ་གཤེགས་མངའ་བདག་ཅོད་པན་ཆེ༔ དར་དཔྱང་དག་དང་རབ་ལྡན་པས༔ སངས་རྒྱས་ཡོན་ཏན་དབང་བསྐུར་རོ༔ ཨོཾ་རཏྣ་མཱ་མ་ཀཱི་བཛྲ་མུ་ཀུཊ་པ་ཊ་ལཾ་བྷ་ཨ་བྷི་ཥིཉྩ་མཱཾ། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་ཧཱུྃ་མཛད་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་ཕྱག་གཡས་སུ་གཏད་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་བསྐུར་ཐོབ་པར་མོས་ཤིག །རྡོ་རྗེ་ལག་གཡས་པས་གསོར་དུ་གཞུག་ལ། ཧྲཱི༔ ཧཱུྃ་མཛད་ཆེན་པོའི་ཡེ་ཤེས་ནི༔ ཐབས་ཀྱི་རྡོ་རྗེ་བདེ་བ་ཆེ༔ རབ་ཏུ་གསོར་ཞིང་བསྐྱོད་པ་ཡིས༔ སངས་རྒྱས་གསུང་གི་དབང་བསྐུར་རོ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བདུད་རྩི་འཁྱིལ་བའི་ཡེ་ཤེས་ཀྱི་རང་བཞིན་དྲིལ་བུ་ཕྱག་གཡོན་དུ་བྱིན་པས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་བསྐུར་ཐོབ་པར་མོས་ཤིག །དྲིལ་བུ་ལག་གཡོན་པས་དཀྲོལ་དུ་གཞུག་ལ། ཧཱ༔ བདུད་རྩི་འཁྱིལ་བའི་ཡེ་ཤེས་ནི༔ ཤེས་རབ་དྲིལ་བུའི་སྒྲ་ཆེན་པོས༔ འཁོར་འདས་ཐམས་ཅད་སད་མཛད་པས༔ སངས་རྒྱས་ཕྲིན་ལས་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་གཎྜེ་ཨ་ཨཱ༔ དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བདུད་རྩི་ཁྲག་འཐུང་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་གསང་མཚན་བཏགས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་བསྐུར་ཐོབ་པར་མོས་ཤིག །ཨོཾ༔ དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ནི༔ རྡོ་རྗེའི་མིང་དང་གཉིས་སུ་མེད༔ སྲིད་པ་ཀུན་ཏུ་རབ་གྲགས་པས༔ སངས་རྒྱས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲནཱམ་ཨ་བྷི་ཥེ་ཀ་ཏ་ཨོཾ༔ མེ་ཏོག་གང་ལ་ཕོག་པའི་རིགས་དང་མཐུན་པའི་གསང་མཚན་སོ་སོར་གདགས་ལ་མིང་གི་ཤོག་དྲིལ་དེ་ལྟར་སྦྱིན། དེ་རྣམས་ཀྱིས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་རྣམ་པ་ལྔ་མངོན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་བུམ་པ་གནས་གསུམ་དུ་བཞག་པས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པ་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་མཆོག་ཏུ་མངའ་གསོལ་བར་མོས་ཤིག །ཐོད་པའི་བདུད་རྩི་གནས་གསུམ་དུ་བཞག་ལ། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཐུགས་གསུང་སྐུ་རུ་དབང་བསྐུར་བས༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ དཀྱིལ་འཁོར་བདག་པོའི་རྗེས་སུ་སྤྱོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཨཱཿཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ དེང་ཕྱིན་ཆད་སྣང་སྟོང་ཆུ་ཟླ་ལྟ་བུའི་ལྷའི་འཁོར་ལོ་སྒོམ་པ་དང་མི་འབྲལ་བར་ཐ་མལ་གྱི་སྣང་ཞེན་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་བདུད་རྩི་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བདུད་རྩི་ཁྲག་འཐུང་ཡུམ་དང་བཅས་པར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ལྗང་སེར། དེའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ། མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་ལྷར་གསལ་བའི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་ཀྱི་ས་བོན་ཧཱུྃ་ལྗང་སེར་གྱི་མཐའ་སྐོར་དུ་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་གང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་ཨ་མྲྀཏ་སོགས་ཞི་སྔགས་ལན་གསུམ། སླར་ཡེ་ཤེས་སེམས་དཔའི་སྐུ་ལས་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ནམ་མཁའ་གང་བ་འཕྲོས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་མཆོད། ཁམས་གསུམ་གྱི་འགྲོ་བ་རྣམས་ཀྱི་རྟོག་སྒྲིབ་སྦྱངས། ཐམས་ཅད་ལྷ་སྔགས་ཆོས་སྐུ་དག་པ་རབ་འབྱམས་སུ་གྱུར་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཛྭ་ལ་སོགས་ཁྲོ་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་འབུལ་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེའི་གསང་སྔགས་བསྩལ་ལགས་ཀྱིས༔ ཡེ་ཤེས་བརྟན་པར་མཛད་དུ་གསོལ༔ ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིང་པར་མོས་ཤིག རྡོ་རྗེ་བདུད་རྩིའི་གསང་བའི་སྔགས༔ འདི་ལ་རབ་ཏུ་བསྩལ་ལགས་ཀྱིས༔ རྟག་ཏུ་བྱིན་གྱིས་བརླབས་ནས་ཀྱང༔ དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ བཛྲ་མནྟྲ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཞེས་མེ་ཏོག་མགོར་བཞག །དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ཅིང་ཕྱི་ནང་འབྱུང་བའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དོན་དམ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ཟབ་མོ་ངོ་སྤྲོད་པའི་ཚིག་འདི་ལ་གསན་ཅིང་དོན་ཐུགས་ལ་ངེས་པར་མཛོད་ཅིག །འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ རང་གི་སེམས་ཙམ་ཉིད་དུ་བརྟག༔ སེམས་ཙམ་རྣམ་པར་ཤེས་པ་སྟེ༔ རྣམ་ཤེས་གདོད་ནས་སྐྱེ་བ་མེད༔ སྐྱེ་མེད་རང་བཞིན་ལྷར་ཤར་བ༔ གཟུགས་ནི་དཔལ་ལྡན་ཁྲག་འཐུང་སྟེ༔ ཚོར་བ་རིན་ཆེན་མཱ་མ་ཀཱི༔ འདུ་ཤེས་བཛྲ་ཧཱུྃ་ཀཱ་ར༔ འདུ་བྱེད་རྡོ་རྗེ་བདུད་རྩི་འཁྱིལ༔ རྣམ་ཤེས་བདུད་རྩི་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་འོད་གསལ་ལས༔ ལྷ་དང་སྔགས་ནི་ཅིར་ཡང་འཆར༔ བུ་ཁྱོད་དེ་ལྟར་རབ་རྟོགས་པས༔ དབང་པོར་གང་དང་གང་སྣང་བ༔ དེ་དེ་ལྷ་སྔགས་ཡེ་ཤེས་ཀྱི༔ རྡོ་རྗེ་བདུད་རྩིར་རྟག་ཏུ་ལྟོས༔ མ་ཧཱ་བཛྲ་ས་མ་ཡ་ཧོཿ དེང་ཕྱིན་ཆད་རིག་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རོལ་པ་ལས་མ་གཡོས་པར་དྲན་རྟོག་ཐམས་ཅད་ལ་འཕྲོ་འདུ་ཏིང་ངེ་འཛིན་དང་ཆོས་ཉིད་དགོངས་པའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཅེས་གདམས། དབང་གི་དག་པ་བརྗོད་པ་ནི། བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྐུ་ཡི་ཕྱག་རྒྱ་བསྒྲུབ་ལ་དབང༔ སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་བུམ་པའི་དབང་གིས་ལུས་རྩ་ཁམས་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་གཏེར་གཞུང་རྡོ་རྗེའི་གསུང་ལས་འབྱུང་བ་འདི་ལྟ་སྟེ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི༔ ཞེས་སོགས་རིམ་དབྱེ་དང་པོ་ལས་འབྱུང་བ་ལྟར་དལ་བུས་བཀླག །སྐུ་ཡི་རྡོ་རྗེའི་ཕྱག་རྒྱ་འགྲུབ༔ ཅེས་གདམས་པར་མཛད་དེ། དེའང་ཐོག་མར་བསམ་གཏན་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པས་རྒྱུད་སྦྱངས། ཁྱད་པར་བསྐྱེད་རིམ་བཟླས་པ་དང་བཅས་པ་ལ་དྲོད་ཚད་ཐོབ་པར་བྱས་ནས། མན་ངག་རྫོགས་པའི་རིམ་པས་ཟུང་འཇུག་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་གོ་འཕང་སྒྲུབ་པའི་ཐོག་མར་སྐུ་རྡོ་རྗེ་ཕྱག་རྒྱའི་རྣལ་འབྱོར་སྒྲུབ་པའི་ཚུལ་ཟབ་ལ་འདྲིལ་བར་བསྟན་པའི་དོན་དེ་ཉམས་སུ་ལེན་པར་མཛད་འཚལ་ལོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་ཡབ་ཡུམ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་དང་རིན་ཆེན་མཱ་མ་ཀཱི་མཉམ་པར་སྦྱོར་བའི་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས། དཀར་དམར་ལྷག་པའི་བྱང་སེམས་ཀྱི་རྒྱུན་དང་འདྲེས་པ་དེ་ཉིད་མཁའ་གསང་ནས་བབས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་སྦྱར་བ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་དང་སྦྱར་བ་བྱིན་ལ། ཧོ༔ མུ་ཏིག་ལྟར་དཀར་བདེ་བ་ཆེ༔ སྟོང་ཉིད་ཡེ་ཤེས་དམར་འོད་འཕྲོ༔ དབྱེར་མེད་བྱང་ཆུབ་སེམས་ཆེན་པོས༔ སངས་རྒྱས་སྲས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ་ཧོ༔ དེ་ལྟར་བྱིན་པའི་བདུད་རྩི་དེ་ཉིད་རྟོག་པ་མེད་པའི་སེམས་ཀྱིས་རོལ་ལ་སྔགས་འདི་བརྗོད་པར་ཞུ། ཨ་ཧོ་མ་ཧཱ་སུ་ཁ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ལུང་བསྟན་པ་ནི། སློབ་དཔོན་གྱིས་སྣམ་སྦྱར་མནབ། སྐྱབས་སྦྱིན་ཕྱག་རྒྱ་སོགས་སྤྱི་ལྟར་བྱས་ལ། སློབ་དཔོན་ཉིད་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུར་གནས་འགྱུར་བས་ཁྱེད་རང་རྣམས་བྱང་ཆུབ་ཆེན་པོར་ལུང་བསྟན་སྩོལ་བར་མོས་ཤིག །ཨོཾ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ དེང་ཁྱོད་བྱང་ཆུབ་ལུང་སྟོན་ཏེ༔ རྡོ་རྗེ་བདུད་རྩི་དཔལ་ཞེས་པའི༔ མཚན་གྱིས་ས་གསུམ་དགེ་བར་འགྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ནཱམ་ས་མ་ཡ་སཏྭཾ༔ ཞེས་ལུང་བསྟན་ལ་དག་བརྗོད་ནི། གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་ཕྱག་རྒྱ་བསྒོམ་ལ་དབང༔ ལོངས་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་གསང་བའི་དབང་གིས་ངག་རླུང་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། གསུང་གི་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། གསུང་གི་བདུད་རྩི་འཆི་མེད་འགྲུབ༔ ཅེས་གསུངས་པའི་དོན་ལ་ཉམས་ལེན་གྱི་བརྩོན་པ་བསྐྱེད་འཚལ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རིགས་དང་ལྡན་ཅིང་མཚན་ཉིད་ཡོངས་སུ་རྫོགས་པའི་གཟུངས་མ་མདུན་དུ་འཁོད་པ་ལ། སིནྡྷུ་རའི་དཀྱིལ་འཁོར་རིན་ཆེན་མཱ་མ་ཀཱི་རུ་གསལ་བ་དེ་ལ་ཐིམ། དེ་ཉིད་ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་བྱིན་པར་མོས་ཤིག །སིནྡྷུ་རའི་མེ་ལོང་ལག་པར་གཏད་ལ། ཧོ༔ ཁྱོད་ནི་རྡོ་རྗེ་བདུད་རྩི་སྟེ༔ ཤེས་རབ་མཱ་མ་ཀཱི་དང་སྦྱོར༔ འདོད་ཆགས་ཆེན་པོའི་རོལ་པ་ཡིས༔ དགའ་བཞིའི་ཡེ་ཤེས་བསྐྱེད་པར་གྱིས༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཁྱེད་རང་རྣམས་དཔལ་རྡོ་རྗེ་བདུད་རྩི། གཏད་པའི་རིག་མཱ་མ་ཀཱི །མཁའ་གསང་རྡོ་རྗེ་དང་པདྨ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དུ་གཉེར་བའི་འདུན་པ་སྟེ་འདུ་ཤེས་གསུམ་མཉམ་པར་ལྡན་པས་འདོད་པའི་སྒྱུ་རྩལ་བསྐུལ་ཏེ་སྙོམས་པར་ཞུགས་པས་ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞི་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་ལམ་གྱི་བགྲོད་པ་མཐར་ཕྱིན་ཅིང་འབྲས་བུ་ལ་སོམ་ཉི་མེད་པར་དབུགས་དབྱུང་བ་ནི། སྐལ་བཟང་འདོད་ལ་སྤྱོད་པ་ཁྱོད༔ ལམ་ལ་ཐེ་ཚོམ་མེད་སྦྱར་བའི༔ འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་མཆོག་ལ་ཞུགས་པ་ཡིན༔ མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ དག་པ་བརྗོད་པ་ནི། གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་ཕྱག་རྒྱ་བསྒོམ་ལ་དབང༔ ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་ཤེར་ཡེའི་དབང་གིས་ཡིད་ཐིག་ལེ་བདེ་སྟོང་དུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། ཐུགས་ཀྱི་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། ཐུགས་ཀྱི་རྡོ་རྗེ་རྟག་པ་འགྲུབ༔ ཅེས་པའི་དོན་རྣམས་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་པར་ཞུ། བཞི་པ་དོན་དམ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། ཁྱེད་རང་ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས། སྔར་གསུམ་པའི་སྐབས་ཉམས་སུ་མྱོང་བ་དེ་ཉིད་ཡེ་ཤེས་ཀྱི་དཔེར་མཚོན་པ་ཡིན་པས་ཉམས་མྱོང་དེ་སླར་ཡང་དྲན་པས། མཚོན་བྱ་རང་གནས་གདོད་མའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་གཤིས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཨ༔ བདེ་བའི་ཡེ་ཤེས་རྟོག་པ་སྟེ༔ རང་བཞིན་གདོད་ནས་སྟོང་པ་ཉིད༔ རྡོ་རྗེ་བདུད་རྩི་དེ་ཁོ་ན༔ བསམ་མི་ཁྱབ་པར་རབ་ཏུ་སྒོམས༔ ཨོཾ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཤཱུནྱ་ཏཱ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཅུང་ཟད་འཇོག །དེས་འཁོར་འདས་བསལ་བཞག་མེད་པའི་དགོངས་པ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ཏེ་འབྲས་བུ་གཞི་ལ་རྫོགས་པས་བྱང་ཆུབ་ཆེན་པོའི་གོ་འཕང་འགྲུབ་པར་གཟེངས་བསྟོད་པ་ཡིན་ཏེ། ཨེ་མ་དོན་གྱི་དཀྱིལ་འཁོར་འདིར༔ ཞུགས་པ་དང་ནི་རབ་རྟོགས་པས༔ སྲིད་དང་ཞི་བ་ལས་འདས་པའི༔ ཡེ་ཤེས་མཆོག་ཏུ་གྲུབ་པ་འོ༔ ཛྙཱ་ན་ས་མ་ཡ་ཨ་ལ་ལ་ཧོ༔ དག་བརྗོད་ནི། བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཡེ་ཤེས་ཕྱག་རྒྱ་བསྒོམ་ལ་དབང༔ ངོ་བོ་ཉིད་སྐུའི་སྐལ་ལྡན་གྱུར༔ དེ་ལྟར་བཞི་པའི་དབང་གིས་སྒོ་གསུམ་རྡོ་རྗེའི་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། ཡེ་ཤེས་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། ཡེ་ཤེས་རྡོ་རྗེ་མཐར་ཐུག་འགྲུབ༔ ཅེས་གསུངས་པའི་དོན་ལ་ཉམས་ལེན་གྱི་སྙིང་པོར་དྲིལ་བར་མཛོད་ཅིག །དེ་ལྟར་རྡོ་རྗེ་བཞིའི་རྣལ་འབྱོར་ཟབ་མོ་ལ་བརྩོན་པའི་ཡོན་ཏན་ཡང་། གཞུང་ལས། དེ་ལྟ་བུ་ཡི་ཟབ་མོའི་ལམ༔ སོགས་ནས། འཁོར་བ་ཇི་སྲིད་གཞན་དོན་འགྱུར༔ ཞེས་གསུངས་པ་ལྟར་ངེས་པ་ལགས་པས་ཐུགས་ལ་གཅག་པར་ཞུ། དེ་རྣམས་ཀྱིས་དབང་བསྐུར་དངོས་གཞི་གྲུབ་པ་ལགས། གསུམ་པ་རྗེས་སུ་གནང་བ་སྦྱིན་པ་ལ། ལས་སོ་སོར་སྒྲུབ་པ་དང་ཐུན་མོང་དུ་བྱ་བ་གཉིས་ལས་དང་པོ་ཕྲིན་ལས་བཞི་སྒྲུབ་པའི་རྗེས་སུ་གནང་བ་ནི། གཞུང་ལས། ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ རྡོ་རྗེ་བདུད་རྩིའི་ཁྲུས་ནས་དབྱུང༔ ཞེས་གསུངས་པ་ལྟར་ཐོག་མར་ཞི་བ་རྡོ་རྗེ་བདུད་རྩིའི་ཁྲུས་དབང་གི་སླད་དུ་མཎྜལ་འབུལ་བ་ནས། ཤིས་བརྗོད་ཕན་ཡོན་བསྟན་པའི་བར་དང་། གཉིས་པ་ནི་གཞུང་ལས། བར་ཆད་ཉོན་མོངས་བསྐྲད་པའི་ཕྱིར༔ རྡོ་རྗེ་ཧཱུྃ་གི་བདུག་པ་སྦྱར༔ ཞེས་གསུངས་པའི། རྡོ་རྗེ་ཧཱུྃ་གི་བདུག་རྫས་ཀྱིས་བར་གཅོད་ཉོན་མོངས་སྐྲོད་པ་དྲག་པོའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ནས། ཕན་ཡོན་ཤིས་བརྗོད་ཀྱི་བར་དང་། གསུམ་པ་ནི་གཞུང་ལས། སྣང་སེམས་དབང་དུ་སྒྱུར་བའི་ཕྱིར༔ མཱ་མ་ཀཱི་ཡི་བདུད་རྩི་སྦྱིན༔ ཞེས་འབྱུང་བས་དབང་བྱེད་མཱ་ཀཱིའི་རྫས་ཀྱི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ་བ་ནས། ཤིས་བརྗོད་དང་གདམས་ངག་ཕན་ཡོན་བརྗོད་པའི་བར་ཟུར་གསལ་ལྟར་འདིར་སྦྱར། བཞི་པ་ནི་གཞུང་ལས། ཡེ་ཤེས་མཆོག་ཏུ་རྒྱས་པའི་ཕྱིར༔ བདུད་རྩི་ཆེན་པོའི་དབང་ཡང་བསྐུར༔ ཞེས་གསུངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ཡོངས་རྫོགས་བདུད་རྩིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མཱ་མ་ཀཱི་དང་མཉམ་སྦྱོར་བའི༔ བདེ་ཆེན་བདུད་རྩིའི་སློབ་དཔོན་གྱིས༔ འཆི་མེད་རྟག་པའི་ཡེ་ཤེས་ཀྱི༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། སྒྲུབ་པའི་མ་ད་ན་བདུད་རྩི་དང་སྦྱར་བ་བྱིན་ལ། ཨོཾ༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ དངོས་གྲུབ་ལྷག་པའི་དམ་རྫས་མཆོག༔ དེང་འདིར་ཁྱོད་ལ་སྦྱིན་པ་ཡིས༔ རྟོག་པའི་དྲི་མ་ཀུན་དག་ཤོག༔ ཨོཾ་བཛྲ་རཏྣ་མཱ་མ་ཀཱི་མ་ད་ན་ཨ་མྲྀཏ་ཧཱུྃ་ཧོ༔ བདུད་རྩིས་ལུས་གང་བདེ་བས་མྱོས༔ སྤང་བླང་རྟོག་པའི་དྲི་མ་དག༔ དངོས་གྲུབ་ཡེ་ཤེས་མཆོག་གི་སྣོད༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་ཡིས༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལར༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བམ་རོའི་སྟེང༔ བདུད་རྩིའི་རྒྱ་མཚོའི་ཀློང་ན་བཞུགས༔ དེ་ལྟར་ཁྱེད་རང་ཡུམ་མཆོག་མཱ་མ་ཀཱིའི་སྐུར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་བཾ་དམར་སེར་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་ཐུགས་ཀ་ནས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། ཐམས་ཅད་ཀྱང་དཔལ་རྡོ་རྗེ་བདུད་རྩིའི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པའི་རྣམ་པར་བཞེངས་ནས་རྒྱ་མཚོ་ལ་ཆར་ཆེན་པོ་བབས་པ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་རྫས་དང་རོལ་མོའི་སྒྲ་སྦྱར། རིམ་དབྱེ་ལྔ་པའི་སྒྲུབ་ཆེན་སྐབས་སུ་འབྱུང་བ། ཧཱུྃ༔ རྡོ་རྗེ་བདུད་རྩི་ཉེ་བར་ཞི་བ་མཆོག་གི་དབྱིངས༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་ཡི་རྣམ་པར་བཞེངས༔ སྤྲུལ་པའི་མཁའ་འགྲོ་ཁྲག་འཐུང་མང་པོའི་འཁོར་དང་བཅས༔ དམ་ཚིག་དབང་གིས་མྱུར་དུ་དགོངས་ཤིང་གཤེགས་སུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཕེཾ༔ ཞེས་སྔགས་བཅས་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན། རིལ་བུའི་ཕོ་བྲང་ཐོགས་ལ། བྷཉྫའི་སྣོད་ཡེ་ཤེས་ཀྱི་གཞལ་མེད་ཁང་གི་ནང་དུ་རིལ་བུ་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཐ་མལ་གྱི་སྣང་ཞེན་སྦྱངས། རྡོ་རྗེའི་སྐུའི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་སྐུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུའི་སྣོད་མགྲིན་པར་བཞག་མ་ད་ན་དང་སྦྱར་བ་མྱང་དུ་གཞུག་ལ། ལྷ་འོད་དུ་ཞུ་ནས་རིལ་བུའི་གཟུགས་སུ་གྱུར་པས་མགྲིན་པར་བྱིན་གྱིས་བརླབས་ཤིང་བདུད་རྩི་མྱང་བས་ངག་རླུང་གཡོ་རྩོལ་གྱི་སྒྲིབ་པ་དག མི་ཤིགས་གཡུང་དྲུང་ལྟ་བུའི་སྲོག་ཐོབ་པར་མོས་ཤིག །ཨཱ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ བདེ་ཆེན་གསུང་གི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གཡུང་དྲུང་ལྟ་བུའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཝཱ་ཀ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་བྱིན་ལ། ལྷ་དང་དབྱེར་མེད་དུ་གྱུར་པའི་རིལ་བུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་པས་གཟུང་འཛིན་འཁྲུལ་རྟོག་གི་སྒྲིབ་པ་དག །བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་ཡེ་ཤེས་འགྲུབ་པར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་སིནྡྷུ་ར་དང་བསྲེས་པའི་ལྡེ་གུས་སྙིང་ཁར་ཐིག་ལེ་བཀོད་ལ། དམ་རྫས་རིལ་བུའི་ཐིག་ལེ་སྙིང་གར་བཀོད་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་འཕྲོས་ཏེ་ཐིམ། ཤིན་ཏུ་རྣམ་པར་དག་པ་དོན་གྱི་ལྷན་སྐྱེས་མཁའ་ཁྱབ་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཨ༔ རྡོ་རྗེ་སྤྲོས་བྲལ་སྟོང་པ་ཉིད༔ བདུད་རྩི་བདེ་ཆེན་དྲི་མ་མེད༔ ཟུང་འཇུག་ཤིན་ཏུ་རྣམ་པར་དག༔ མཁའ་ཁྱབ་དགོངས་པ་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་ཧཱུྃ༔ དེས་བདུད་རྩི་རྩ་བའི་དབང་བསྐུར་ལེགས་པར་གྲུབ་ནས། འགྲོ་དོན་ལས་སྦྱོར་རྣམ་དྲུག་གི་རྗེས་གནང་རིམ་པར་སྦྱིན་པ་ལ། བདུད་རྩི་རིལ་བུས་བཅུད་དུ་བལྟམས་པའི་གཏེར་བུམ་བསྟན་ཅིང་གཏད་པས་མཐོང་བས་གྲོལ་བའི་ཕྲིན་ལས་ལ་མངའ་བརྙེས་པར་མོས་ཤིག །དབང་རྫས་རྣམས་བསྒྲག་ཚིག་དང་མཐུན་པར་སོ་སོར་གཏད་པ་སོགས་བྱས་ལ། ཨོཾ༔ བཀྲ་ཤིས་མི་འགྱུར་བརྟན་པའི་དངོས༔ སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ༔ བདེ་ཆེན་བདུད་རྩིའི་གཏེར་སྦས་པས༔ དངོས་གྲུབ་ཡེ་ཤེས་རྒྱས་གྱུར་ཅིག༔ ཨོཾ་བུདྡྷ་ལོ་ཙ་ནི་དྷཱ་ཏུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ༔ བདུད་རྩིས་བྱིན་གྱིས་བརླབས་པའི་དུང་དཀར་རྣ་བར་བསྒྲགས་པས་ཐོས་པས་གྲོལ་བའི་ཕྲིན་ལས་ལ་དབང་ཐོབ་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཆོས་ཀྱི་སྒྲ་ཆེན་ལྡན༔ རྡོ་རྗེ་སྙེམས་མའི་ཡེ་ཤེས་དང༔ བདེ་ཆེན་བདུད་རྩི་མཉམ་སྦྱོར་བས༔ སངས་རྒྱས་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཧཱུྃ་སཏྭ་བཛྲཱི་ཎཱི་ཤབྡ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ བདུད་རྩི་སྤོས་དང་སྦྱར་བ་སྣར་བདུག་པས་ཚོར་བས་གྲོལ་བའི་ཕྲིན་ལས་ལ་བྱང་ཆུབ་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཟག་མེད་ཡེ་ཤེས་དྲི༔ དམ་ཚིག་སྒྲོལ་མའི་ཤུགས་འཆང་བ༔ བདེ་ཆེན་རྡོ་རྗེ་བདུད་རྩི་ཡི༔ ཡེ་ཤེས་འབེབ་པ་ཉིད་གྱུར་ཅིག༔ ཨོཾ་ཏཱཾ་ཏཱ་ར་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ མྱོང་གྲོལ་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། རང་ཉིད་རྡོ་རྗེ་བདུད་རྩིའི་ལྗགས༔ པདྨ་དམར་པོ་འདབ་བརྒྱད་པའི༔ ཟེའུ་འབྲུར་ཨཱཿཡིག་དམར་པོས་མཚན༔ མཐེ་བོང་པདྨ་གར་དབང་དང༔ སྲིན་ལག་གོས་དཀར་ཡུམ་དུ་གསལ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྗགས་ཀྱི་ཨཱཿལ་ཐིམ་པ་ཡིས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་ཆུ་རྒྱུན་རབ་ཏུ་འཕེལ༔ མགྲིན་པ་ནས་བརྒྱུད་ལུས་ཀུན་གང༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨོཾ༔ བཀྲ་ཤིས་འཆི་མེད་བདུད་རྩིའི་བཅུད༔ གོས་དཀར་ཡུམ་གྱི་པདྨ་ལས༔ རྡོ་རྗེའི་ལྗགས་ཀྱིས་རབ་མྱངས་པས༔ དངོས་གྲུབ་རྣམ་གཉིས་བརྟན་པར་ཤོག༔ ཨོཾ་པཱཾ་པཎྜ་ར་བ་སི་ནཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་རིལ་བུ་མྱང་དུ་གཞུག །བདུད་རྩི་དྲི་དང་སྦྱར་བ་ལུས་ལ་བྱུགས་པ་དང་རིལ་བུ་མགུལ་དུ་བཏགས་པས་རེག་པས་གྲོལ་བའི་ཕྲིན་ལས་ཀྱི་རྩལ་རྫོགས་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཡིད་བཞིན་རིན་ཆེན་བཅུད༔ རེག་བྱ་མཱ་མ་ཀཱི་དང་སྦྱར༔ གང་གིས་འཆང་དང་རེག་པ་ཀུན༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བཾ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ་པུཥྚིཾ་ཀུ་རུ་ཨོཾ༔ བདུད་རྩི་ཀླུ་སྨན་དང་སྦྱར་བ་གཏད་པས་ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་མཐའ་རུ་ཕྱིན་པར་མོས་ཤིག །ཨོཾ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་དང༔ རིན་ཆེན་མཱ་ཀཱིའི་བདེན་སྟོབས་ཀྱིས༔ སྲིད་པའི་རླན་གྱིས་ཁྱབ་ཚད་ཀུན༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཨརྠ་སིདྡྷི་སིདྡྷི་སྭཱ་ཧཱ༔ དེ་ལྟ་བུའི་མཆོག་གི་ལས་སྦྱོར་དམ་རྫས་བདུད་རྩི་ཆེན་པོ་འདི་ཉིད་ཀྱི་ངོ་བོའི་ཡོན་ཏན་དང་ཚུལ་བཞིན་སྒྲུབ་པའི་ཕན་ཡོན། གྲོལ་བ་དྲུག་གི་ལས་ལ་སྦྱོར་བའི་དགོས་པ་རྣམས་གཏེར་གཞུང་རྡོ་རྗེའི་གསུང་ལས་འདི་སྐད་དུ། དེ་ལྟར་མཆོག་གི་ལས་སྦྱོར་ནི༔ སོགས་རིམ་དབྱེ་ལྔ་པ་ལྟར། བཞི་པའི་ལམ་མཆོག་ཚེ་འདིར་འགྲུབ༔ ཅེས་པའི་བར་བརྗོད། ཅེས་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཕན་ཡོན་མཐའ་ཡས་པ་དང་ལྡན་ཅིང་བླ་ན་མེད་པའི་དམ་ཚིག་གི་གཙོ་བོར་གྱུར་པས་སྔགས་ཀྱི་རྣལ་འབྱོར་ལ་སྤྱོད་པ་རྣམས་ཀྱིས་འབད་པས་སྒྲུབ་ཅིང་བསྟེན་དགོས་པར་གདམས་པའང་གཞུང་འདི་ཉིད་ལས། དེ་ཕྱིར་གསང་བའི་རྒྱུད་ཆེན་པོ༔ སོགས་ནས། ལམ་གྱི་མཚམས་སྦྱོར་ཡང་དག་གོ༔ ཞེས་ལེགས་པར་གསུངས་པ་ལྟར་བློ་ལྡན་རྣམས་ཀྱིས་ཚུལ་འདི་ལ་ཅིས་ཀྱང་འབད་པར་འཚལ་ལོ། །དེ་ནས་ལས་བྱང་ལྟར། ཨོཾ༔ དགེ་བ་འདི་ཡིས་སོགས་དང་། རྡོ་རྗེ་ཉི་མའི་རིགས་ལས་སོགས་བཀྲ་ཤིས་ཀྱི་གླུ་བླང། དེ་ལྟ་བུའི་བདུད་རྩི་སྨན་གྱི་དབང་བསྐུར་ཟབ་མོ་ཐོབ་པའི་ཕན་ཡོན་ཀྱང་གཞུང་ལས། དབང་འདིར་གང་གིས་འབྲེལ་བ་ཀུན༔ མཚམས་མེད་ལས་ཀྱང་ཀུན་བྱང་ནས༔ རིག་འཛིན་གྲུབ་པ་མཆོག་རྣམས་དང༔ སྐལ་བ་མཉམ་པ་ཁོ་ན་འོ༔ ཞེས་གསུངས་པས་མཚོན་ནོ། །གཉིས་པ་ལས་ཐུན་མོང་དུ་སྒྲུབ་པའི་རྗེས་སུ་གནང་བ་རྣམས་སྦྱིན་པ་ལ། རྡོ་རྗེའི་དགང་བླུགས་གཏད་པས་ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་བྱེད་པ་སྲེག་པ་མེའི་ཕྲིན་ལས་ལ་མངའ་དབང་འབྱོར་བར་མོས་ཤིག །དགང་བླུགས་གཏད་ལ། ཨོཾ༔ རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱིས༔ རང་དང་གཞན་དོན་རྫོགས་པའི་ཕྱིར༔ རྡོ་རྗེ་མེ་ཡི་སྦྱོར་བ་ཡིས༔ ཞི་དང་རྒྱས་དང་དབང་མངོན་སྤྱོད༔ བདེ་ཆེན་མཆོག་ཏུ་མི་འགྱུར་བའི༔ ཡེ་ཤེས་ཐམས་ཅད་སྒྲུབ་པར་གྱིས༔ བཛྲ་ཨཱ་ན་ལ་སརྦ་ཀརྨ་ཀུ་རུ་ཧོ༔ ལས་སྤྱི་དང་བྱེ་བྲག་པ་རྣམས་ལ་སོ་སོའི་གདམས་ངག་ཀྱང་འབོགས་པར་གསུངས་པས་ལྕོགས་ན་དབང་རྣམས་ཀྱི་རྗེས་སོ་སོར་སྒྲུབ་ཐབས་རྣམས་ཀྱི་ལུང་ཙམ་སྦྲེལ་ན་ལེགས་པར་སྣང་ངོ་། །ཆོས་ཀྱི་དུང་དང་དྲིལ་བུ་གླེགས་བམ་རྣམས་ཕྱག་ཏུ་གཏད་པས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་ཞིང་འགྲོ་དོན་རིས་སུ་མ་ཆད་པར་སྤྱོད་པའི་དབང་བསྐུར་ཐོབ་པར་མོས་ཤིག །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ བསྡུ་བ་རྣམ་བཞིའི་དུང་བུས་ལ༔ ཆོས་ཀྱི་དྲིལ་བུའི་སྒྲ་ཆེན་པོས༔ སེམས་ཅན་ཁམས་རྣམས་སད་པར་གྱིས༔ བཛྲ་བྷཱ་ཥ་གཎྜེ་དྷརྨ་ཙཀྲ་ཀུ་རུ་ཧོ༔ ཞེས་རྗེས་གནང་རྣམས་བྱིན་ནས། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དཔལ་རྡོ་རྗེ་བདུད་རྩིའི་སྨིན་བྱེད་རྩ་བ་ཡན་ལག་བཅས་ལེགས་པར་གྲུབ་པ་ལགས་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོ་ཁྱོད་ཀྱིས་གང་གསུངས་པ༔ དེ་ལྟར་བདག་གིས་རབ་ཏུ་གཟུང༔ སྲོག་ལ་བབ་ཀྱང་སྒྲུབ་ལགས་ན༔ རྟག་ཏུ་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ། དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་འཚལ། ལུས་ལོངས་སྤྱོད་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ནི་གཙོ་བོ་ཁྱེད་ཀྱི་འབངས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང༔ ཆ་ཤས་སྤྱད་ཅིང་བཞེས་མཛད་གསོལ༔ ལན་གསུམ། དཔོན་སློབ་ཐུན་མོང་དུ་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད། སྒྲུབ་ཆེན་དང་འབྲེལ་བའི་སྐབས་མར་མེ་སྨོན་ལམ་དབྱངས་བོར་ལེན་གྱི་ཚུལ་དུ་བྱ། མཚམས་སྦྱོར་སྤྱི་མཐུན་བཅས་ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱས་ལ་སློབ་མ་རང་གནས་སུ་བཏང་ངོ་། །གསུམ་པ་རྗེས་སུ་བྱ་བའི་ལས་ཀྱི་རིམ་པ་ལ་དབང་གི་རྗེས་རིམ་སོང་གྲུབ། ཆོ་གའི་རྗེས་བྱ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྔགས་སྲུང་མའི་གཤམ་ལས་འབྱུང་བ་ལྟར་གཏོར་འབུལ། ཆད་ཐོ། བརྟན་མ་བསྐྱང་བ་རྣམས་དང་། ཨོཾ་ཨཱཿཧཱུྃ༔ ནམ་མཁའ་ལས་བྱུང་སོགས་སྔགས་རྣམས་དང་བཅས་པས་མཆོད། བསྟོད་པ་ཤློ་ཀ་གཅིག་བྱ། ནོངས་བཤགས་དང་ཡིག་བརྒྱ་བརྗོད། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་ལེགས་པར་འགྲུབ་བོ། །འབྲེལ་ཚད་རྡོ་རྗེ་བདུད་རྩི་བདེ་བ་ཆེའི། །རིག་མཆོག་ཕྱག་རྒྱའི་ཡེ་ཤེས་འགྲུབ་འགྱུར་བའི། །བདེན་ཚིག་བསླུ་བ་མེད་པས་བདག་གཞན་ཀུན། །མཆོག་དངོས་གང་དེ་ཚེ་འདིར་མྱུར་འགྲུབ་ཤོག །ཅེས་ཟབ་ཆོས་སྨིན་གྲོལ་གྱི་བགོ་སྐལ་ཐོག་མའི་སྣོད་དུ་གྱུར་པའི་སྐལ་པ་བཟང་པོ་དང་། བསྙེན་སྒྲུབ་ཉམས་ལེན་ཡིད་བདེའི་དཔྱིད་དུ་ཐོབ་པ་རྩིས་བྲལ་གྱི་རྣལ་འབྱོར་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པའི་ཕྱག་བཞེས་དང་གཏེར་གཞུང་གི་དགོངས་པ་ཇི་ལྟ་བར་བལྟས་ཆོག་གི་ལག་ལེན་དུ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པ་དགེ་ལེགས་འཕེལ།།  །།
 
</div></onlyinclude>
 
</div></onlyinclude>
= Tsagli =
 
{{TsagliCall}}
 
{{TsagliCall}}
 
<headertabs/>
 
<headertabs/>

Latest revision as of 02:41, 7 November 2018

Property "Author" has a restricted application area and cannot be used as annotation property by a user. 

དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར་

dpal rdo rje bdud rtsi bde ba chen po'i rtsa ba dang yan lag gi dbang bskur yongs rdzogs dkyus gcig tu bkod pa dri med zla ba'i bsil zer

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ར་མོ་ཤེལ་སྨན་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Ramo ShelmenJamyang Khyentse Wangpo)
in cycle  དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ (Dpal rdo rje bdud rtsi bde ba chen po)
Volume 30 (ཨ) / Pages 211-254 / Folios 1a1 to 22b3

[edit]

༄༅། །དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲཱམྲྀཏ་མ་ཧཱ་སུ་ཁཱ་ཡ། རྡོ་རྗེ་ཉི་མས་རྟོག་སྒྲིབ་མུན་པ་གཏོར། །བདེ་ཆེན་ཡེ་ཤེས་བདུད་རྩིའི་བཅུད་བླུགས་པས། །སྐལ་ལྡན་རྣམ་གྲོལ་སྲོག་གི་ཟུངས་སྐྱེད་པ། །ཧེ་རུ་ཀ་དཔལ་དགྱེས་པའི་ཞལ་གྱིས་སྐྱོངས། །ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་གཙོ། །གསང་སྔགས་གསར་རྙིང་དགོངས་པ་འདུས། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །སྨིན་བྱེད་ལག་ཁྲིགས་གསལ་བར་བྱ། །གངས་ཅན་ཙམ་ན་དཀོན་ལ་རིན་ཐང་ཆེ་ཞིང་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཟབ་མོ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་སྐལ་བ་མཆོག་དང་ལྡན་པའི་སློབ་མ་གཞུག་པ་ལ་དོན་གསུམ། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་སུ་བྱ་བའི་ལས་ཀྱི་རིམ་པའོ། །དང་པོ་ལ་གསུམ། ས་ཆོག །སྟ་གོན། དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བའོ། །དང་པོ་ནི། གནས་ཁང་གསར་པ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཕྱོགས་ལ། ས་ཆོག་རྒྱས་པའམ་མདོར་བསྡུས་སྒྲུབ་ཁོག་ལྟར་བྱ་དགོས་ཀྱང་། འདིར་གནས་ཁང་རྙིང་པར་རས་བྲིས་ལ་བརྟེན་པའི་དབང་དུ་བྱས་ཏེ། རྟེན་བཀྲམ་པའི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་དང་། དཀར་གཏོར་གསེར་སྐྱེམས་བཤམ། ཚིག་བདུན་དང་བརྒྱུད་འདེབས་སོང་ནས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ཅིང་གནང་བ་བྱིན་པར་བསམ་ལ་དཀར་གཏོར་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་བས་ས་ཆོག་གི་དོན་གྲུབ། གཉིས་པ་སྟ་གོན་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། སྐྱབས་སེམས་ཚོགས་གསག་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ་སྟོང་ཚིགས་འབུལ། དབང་སྟེགས་སུ་བདུད་རྩིས་ཆག་ཆག་གདབ་ལ་མེ་ཏོག་གཅལ་དུ་བཀྲམ། སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། དཀྱིལ་འཁོར་གྱི་གནས་ལ་བཞུགས་པར་གྱུར། ཧཱུྃ༔ རྡོ་རྗེ་ཉི་མ་ལས་བྱུང་སོགས་ཀྱིས་སྤྱན་དྲང་། སྔགས་ཙམ་གྱིས་བཞུགས་སུ་གསོལ། ཧཱུྃ༔ རྡོ་རྗེ་རྐང་ལག་སོགས་ཕྱག་མཆོད་ནས་བསྟོད་པའི་བར་དུ་བཏང་། དེ་ནས་གསོལ་བ་བཏབ་པ་ནི། དྲིལ་སྤོས་བཅས། ཨོཾ༔ རྡོ་རྗེ་བདུད་རྩི་བཅོམ་ལྡན་འདས༔ དགྱེས་པ་ཆེན་པོའི་ལྷ་ཚོགས་ཀྱིས༔ ས་གཞི་ཡོངས་སུ་དག་པ་དང༔ བདག་དང་སློབ་མར་བྱིན་བརླབ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ཞེས་གསོལ་དགྱེས་པས་ཞལ་བཞེས་ཤིང༔ དགའ་བའི་སྒྲར་བཅས་ས་ལ་ཐིམ༔ བདེ་བ་ཆེན་པོའི་རང་བཞིན་གྱི༔ ཡེ་ཤེས་གཟི་བྱིན་འབར་བར་གྱུར༔ ཅེས་མོས། གཉིས་པ་བུམ་པ་ནི། སྟེགས་བུའི་སྟེང་དུ་རྣམ་རྒྱལ་བུམ་པ་མགུལ་ཆིངས་ལྗང་གུ་དང་སོ་ལྔའི་བཅུད་ལྡན། ལས་བུམ་སྔོན་པོ་ཁྲུས་རྫས་སྦྱར་བ། གཉིས་ཀ་ཁ་རྒྱན་གཟུངས་ཐག་ལྡན་པ་བཞག །མཆོད་གཏོར་སྔར་ལྟར་བཤམས་ལ་བྱིན་བརླབ། སྟོང་པའི་ངང་ལས་པད་ཟླའི་སྟེང༔ མཚན་ཉིད་ཡོངས་རྫོགས་བུམ་པའི་ནང༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ ཧཱུྃ་གི་སྒྲ་ཡིས་སྐད་ཅིག་གིས༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ སོགས་རྩ་བའི་ལས་བྱང་ལྟར་ལ། སྒོ་བཞིར་ཞེས་པ་ཕྱོགས་བཞིར་བསྒྱུར། གཞན་བསྟོད་པའི་བར་མཐར་ཆགས་སུ་སོང་ནས། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་ཞི་དྲག་གི་བཟླས་པ་སུམ་བརྒྱ་རེ་ལས་མི་ཉུང་བ་བཟླ། མཐར་ཨོཾ་ཨཱཿཧཱུྃཿགིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་མོས། དབང་ཆེན་ཡོངས་རྫོགས་སྐབས་ལས་བུམ་དུ་གཞུང་འདིར་དམིགས་སུ་བསྟན་པའི་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ་དགོས་པས། རིམ་པར་ཕྱེ་བ་གཉིས་པ་ལྟར་བསྐྱེད་ཅིང་སྤྱན་དྲངས་ལ། བདུད་རྩིའི་ཕྲིན་ལས་ལྟར་བཞུགས་གསོལ་དབང་བསྐུར་ཕྱག་མཆོད་རྣམས་བླང་། རང་གཞུང་གི་བསྟོད་པ་དང་ལས་སྦྱོར་གྱི་སྔགས་ཉིད་བརྒྱ་རྩ་བཟླས་ལ་མཆོད་བསྟོད་མདོར་བསྡུས་པ་དང་འོད་ཞུ་བྱ། རྩ་དབང་རྐྱང་པ་སོགས་སྟབས་བདེར་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་སྤྱི་མཐུན་ཞིག་བྱས་པས་ཆོག་གོ །གསུམ་པ་སློབ་མ་ནི། སྟ་གོན་གྱི་ཆས་རྣམས་ཡོལ་བས་བསྒྲིབ། རྫས་བཞི། ཉེར་སྤྱོད་ལྔ་སོགས་འདུ་བྱ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ། སྲུང་འཁོར་གྱིས་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ཅིང་བློ་བཅོས་པའི་ཐུན་མོང་གི་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་སྐབས་སུ་བབས་པའི་བཤད་བྱ་ནི། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞིར་བཞུགས་པ་ལས། གོང་མའི་ཡང་གོང་མར་གྱུར་པ་རྣལ་འབྱོར་བླ་ན་མེད་པ་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི་ནང་ཚན་བདེ་བ་ཆེན་པོའི་མྱུར་ལམ་གྱིས་ཁྱད་པར་དུ་བྱས་པ་མ་རྒྱུད་ཡིན་ཅིང་། དེ་ལའང་རིགས་དྲུག་གི་དབྱེ་བ་ཅན་དུ་བཞུགས་པའི་ནང་ཚན་འདིར་ནི་རྡོ་རྗེ་ཉི་མ་རིན་འབྱུང་གི་རིགས་ཡིན་ལ། སྔ་འགྱུར་གྱི་རང་རྐང་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པ་ལྟར་ན་འཇིག་རྟེན་ལས་འདས་པའི་སྒྲུབ་ལུགས་ལྔའི་གཙོ་བོ་ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་སྨིན་གྲོལ་ལས་ཚོགས་དང་བཅས་པ་ཟབ་ལ་འདྲིལ་ཞིང་རང་རྐང་ཚུགས་པ། ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཆེན་པོ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། འདིར་སྔོན་འགྲོ་སློབ་མ་ལྷག་པར་གནས་པ་བགྱི་བའི་སྐབས་ལགས་པས་ཐོག་མར་དེ་ཉིད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཅེས་པ་ཙམ་གྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་སློབ་དཔོན་ཆེས༔ བདག་ལ་ཐུགས་བརྩེས་ཉེར་དགོངས་ནས༔ སྔགས་ཀྱི་ཆོ་གའི་མཐུ་ཆེན་པོས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་རིག་ནས་གནང་བ་སྦྱིན་ཞིང་རྗེས་སུ་གདམས་པ་ཡིན་པས་འདི་ལ་གསན་འཚལ། ཨེ་མ་ཚུལ་ཆེན་སྔགས་ཀྱི་མཆོག༔ དུས་གསུམ་རྒྱལ་བའི་ལམ་ཆེན་པོ༔ ཁྱོད་ལ་རབ་ཏུ་བསྟན་པར་བྱ༔ སྤྲོ་བ་སྐྱེད་ལ་གུས་པ་ཡིས༔ རང་རྒྱུད་ཡོངས་སུ་དག་པ་དང༔ རྡོ་རྗེའི་དམ་ཚིག་ཚུལ་བཞིན་སྲུངས༔ ཞེས་གདམས། དེ་ལ་ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་བཟུང་དགོས་པས་འདུན་པ་འདི་བཞིན་དུ་མཛོད། བླ་མ་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་སྒོ་གསུམ་གུས་པ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པ་དྲག་པོས་འདིའི་རྗེས་ཟློས། ཧཱུྃ༔ འཁོར་འདས་རྡོ་རྗེ་བདུད་རྩི་སོགས་ལས་བྱང་ལྟར་ཤློ་ཀ་གཅིག་ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞི་རྟེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། འདི་ལྟར་ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་མཐའ་དག་དཔལ་བདེ་བ་ཆེན་པོ་ཧེ་རུ་ཀའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཞུགས་ཤིང་རྒྱུད་སྨིན་པར་བྱས་ལ་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། མཐའ་ཡས་འགྲོ་བ་སོགས་ཤློ་ཀ་གཅིག་ལན་གསུམ། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་གནས་པ་ནི་སྡོམ་པ་དམ་ཚིག་གི་རྟེན་ལ་རགས་ལས་པས། སྤྱིའི་དམ་ཚིག་ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་པ་དང་། ཁྱད་པར་གྱི་དམ་ཚིག་བདེ་གཤེགས་རིགས་ལྔ། རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔས་བསྡུས་པ་རྣམས་དང་། སྒྲུབ་པ་ལྷག་པའི་དམ་ཚིག་རྣམས་ཀྱང་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་བདུད་རྩིའི་ལྷ༔ དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ གསང་བ་མཆོག་གི་སྒོར་ཞུགས་ནས༔ ཉེས་སྤྱོད་ཆ་དང་བཅས་པ་སྡོམ༔ དགེ་བའི་ཆོས་རྣམས་རབ་ཏུ་སྡུད༔ སེམས་ཅན་དོན་ནི་མཉམ་མེད་སྤྱད༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ། དེ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྐད་ཅིག་གིས་ཁྱེད་རང་རྣམས་དཔལ་རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་གུ་ཞི་བའི་ཉམས་ཅན། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ། དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་སྐུར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བ་ལ། དབང་ཡུལ་དབྱེར་མེད་བདེ་བ་ཆེན་པོའི་རོལ་མོ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་མོས་ཤིག །མེ་ཏོག་ལ་སོགས་པས་གནས་སོ་སོར་མཆོད་པའི་ཚུལ་བྱས་ལ། ཨོཾ་བཛྲ་པུཥྤེ་ནས། ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱཿ ཞེས་པའི་བར་འགྲེས་སྦྱར། སོ་ཤིང་དང་དོར་བའི་ར་བ་སོགས་རྫས་བཞི་འདུ་བྱས་ལ། དངོས་གྲུབ་ཀྱི་ལྟས་མཚན་བརྟག་པའི་སླད་དུ། ངོ་བོ་རྡོ་རྗེ་བདུད་རྩི་ཁྲག་འཐུང་ཆེན་པོ་ལ། རྣམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་སོ་ཤིང་དུ་གྱུར། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཕཊ༔ ལན་བདུན་ནམ་གསུམ་གྱིས་སོ་ཤིང་བྱིན་བརླབ། དེ་ལྟར་བྱིན་གྱིས་བརླབས་པའི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་དངོས་གྲུབ་ཀྱི་མཚན་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་སྔགས་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་བ་ཞུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཧ་ས་ཧཾ༔ ཞེས་སོ་ཤིང་ར་བར་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོའི་ཕྲིན་ལས་རྣམས་འགྲུབ་ཅིང་། མཚམས་སུ་ཕྲན་ཚེགས་ཀྱི་དངོས་གྲུབ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། སློབ་དཔོན་ནམ་རང་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་སོ། །དུང་ཞལ་དུ་དྲི་བཟང་དང་སྦྱར་བའི་སྐྱོར་ཆུ་ཐོགས་ལ། རིན་ཆེན་བདུད་རྩི་མཱ་མ་ཀཱིའི་རང་བཞིན་ཅན་གྱི་ཁྱོར་ཆུ་ཁོང་དུ་བཏུང་བས་མཚན་མའི་རྣམ་རྟོག་མ་ལུས་པ་དབྱིངས་སུ་སྦྱངས་པའི་མོས་པ་མཛོད། ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་སརྦ་སཾ་ཀལྤ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་དུང་ཆུ་སྦྱིན། དཔུང་སྐུད་སྔོ་ནག་མདུད་པ་གསུམ་ལྡན། ཧཱུྃ་གིས་སྔགས་ལ། རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཆེན་པོའི་རང་བཞིན་གྱི་རྡོ་རྗེའི་མདུད་པ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བཅིང་། ཀུ་ཤའི་ཆུན་པོ་ཆེ་ཆུང་ཐོགས་ལ། རྡོ་རྗེ་བདུད་རྩི་འཁྱིལ་བའི་རང་བཞིན་དག་བྱེད་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཨ་པྲ་ཏི་ཧ་ཏ་ཧཱུྃ་ཕཊ༔ ཅེས་ལག་པ་གཡས་གཡོན་དུ་གཏད། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཤིང་དད་མོས་ཀྱི་འདུན་པ་རྒྱུན་ཆགས་དང་བཅས་ཉལ་བས་བཟང་ངན་མཚན་མ་གང་མཐོང་མ་བརྗེད་པར་གྱིས་ལ་ངན་ན་ཟློག་པའི་གཉེན་པོ་ལ་འབད་པར་བྱ་དགོས་སོ། །ཟབ་མོའི་ལམ་ལས་ཕྱིར་མི་ལྡོག་པའི་དོན་དུ་ཆོས་བཤད་ཅིང་སྤྲོ་བ་སྐྱེད་པ་འདི་ལ་གསན་འཚལ། འཇིག་རྟེན་སངས་རྒྱས་འབྱུང་བ་ལས༔ རབ་ཏུ་དཀོན་པའི་རྡོ་རྗེའི་ཐེག༔ དེ་རིང་རྙེད་དོ་སྐལ་བཟང་རྣམས༔ ཚུལ་ཆེན་འདི་ལ་གནས་པར་གྱིས༔ དེས་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་རྫོགས་བྱང་གི་ཕྱིར་དུ་བསྔོ་བ་ཞུ། ཞེས་བསྔོ་བ་བརྗོད་ལ་གྲོལ། སློབ་དཔོན་གྱིས་བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད། ནོངས་བཤགས་བྱ། བསྡུ་ལྡང་དང་ཤིས་བརྗོད་ལས་བྱང་ལྟར་བྱས་པས་གྲུབ་བོ། །གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་བཤམ་བཀོད་ཀྱི་རིམ་པ། དབང་དོན་སྒྲུབ་མཆོད་བྱ་ཚུལ། དབང་དངོས་ཇི་ལྟར་བསྐུར་བའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་གཞི་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་སྟེང་སྐུ་རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ལྗང་གུས་སྤྲས་པ། དེའི་ཁར་གསུང་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་སྟེང་དུ་ཐུགས་མེ་ལོང་སིནྡྷུ་ར་བདལ་བ་ལ་ཆོས་འབྱུང་གྲྭ་བཞིར་དགའ་འཁྱིལ་ལྟེ་བར་བཾ་ཡིག་གིས་མཚན་པ་བཞག །ཕྱོགས་བཞི་སོ་སོའམ་མདུན་དུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོལ་དྲིལ་ལྷན་ཅིག་པ་དང་མིང་གི་ཤོག་དྲིལ་བཅས། དེའི་ཤར་དུ་རྡོ་རྗེ་བདུད་རྩིའི་ཁྲུས་རྫས་ལྡན་པའི་ཁྲུས་བུམ། ལྷོར་ཐོད་སྣོད་དུ་ཧཱུྃ་མཛད་ཀྱི་བདུག་རྫས། ནུབ་ཏུ་ཐོད་པར་མ་ད་ནའི་ཕུར་མ་ཆང་དང་སྦྱར་བ་དང་། སིནྡྷུ་ར་ཞུན་མར་བཅས། བྱང་དུ་ཐོད་པ་མཚན་ལྡན་བདུད་རྩི་རིལ་བུས་གཏམས་པ་དར་སྣས་དྲིལ་ཞིང་དབུ་རྒྱན་དར་དཔྱང་གིས་བརྒྱན་པ་རྣམས་ལེགས་པར་བཀྲམ། ལྡིང་ཁྲི་བར་པ་ལྟ་བུར་དབུས་སུ་བདུད་རྩི་རིལ་བུའི་སྙིང་པོ་ཅན་གྱི་མཐོང་གྲོལ་གཏེར་བུམ། ཐོས་གྲོལ་དུང་ལ་བདུད་རྩི་དང་གི་ཝཾ་དྲི་བཟང་སྦྱར་བས་བྱུགས་པ། ཚོར་གྲོལ་རིལ་བུ་དང་སྤོས་སྦྱོར་དྲི་ཞིམ་སྦྱར་བའི་ཕྱེ་མ། མྱོང་གྲོལ་ཐོད་སྣོད་དུ་རིལ་བུ་བླུགས་པ། རེག་གྲོལ་བདུད་རྩི་དང་ག་བུར་དྲི་བཟང་རྣམས་སྦྱར་བའི་ཕྱེ་མ་དང་ཐུམ་བུ་བཏག་ཆོག ཁྱབ་གྲོལ་ཀླུ་སྨན་བདུད་རྩི་འོ་མ་རྣམས་དངུལ་སྣོད་དུ་ལྷན་ཅིག་སྦྱར་བ། དཀྱིལ་འཁོར་གྱི་མདུན་དུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་སྤྱི་ལྟར་བཤམ། ཉེ་ལོགས་ཇི་ལྟར་བདེ་བར་མཐའ་རྟེན་ཆས། དགང་བླུགས། དུང་། དྲིལ་བུ། གཞུང་གི་གླེགས་བམ་རྣམས་དང་། སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་ཆད་མདོའི་གཏོར་མ་རྣམས་དང་། སློབ་དཔོན་མདུན་དུ་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་བྱ་ཚུལ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། གཏེར་གཞུང་ལེའུ་དང་པོ་རྡོ་རྗེ་བདུད་རྩི་རྩ་བའི་ལས་བྱང་གི་སྐྱབས་སེམས་དམ་བཅའ། བགེགས་གཏོར་བྱིན་རླབས་དང་བསྔོ་བ་སྤྱི་ལྟར་ལ། བཀའ་བསྒོ་མཚམས་གཅོད། བྱིན་འབེབ་མཆོད་བརླབ་བཅས་སྔོན་འགྲོ་གྲུབ་ནས། དངོས་གཞི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་པའི་སྐབས་བདུད་རྩི་ལ་བརྒྱུད་མཆོད་སྦྱར་ཞིང་བསྟོད་པའི་བར་སོང་ནས། མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། བདག་མདུན་གཉིས་ཀར་སྤྲོ་བསྡུའི་ཏིང་ངེ་འཛིན་སྦྱར་ལ་ཞི་ཁྲོའི་བཟླས་པ་ཅི་འགྲུབ་ཆ་སྙོམས་པར་བཟླ། བུམ་པ་སྟ་གོན་སོང་བས་འཐུས་ཀྱང་སྤྲོ་ན་སྐབས་འདིར་སྐད་ཅིག་གིས་བསྐྱེད་པ་དང་བཟླས་དམིགས་སྤྱི་མཚུངས་ཀྱིས་སྙིང་པོ་གཉིས་བཟླ། མཆོད་བསྟོད་ཕུལ་ཏེ་བུམ་ལྷ་འོད་ཞུ་བྱས་པས་རྩ་བའི་དབང་སྒྲུབ་གྲུབ། དེ་ནས་ཡན་ལག་རྣམས་སྒྲུབ་པའི་ཐོག་མར་མཆོད་ཁ་གསོ་ཞིང་། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱི་མཆོད་པ་བྱིན་བརླབ་བྱ་བ་ཐམས་ཅད་ལ་འགྲེས་ཏེ། ཐོག་མར་ཁྲུས་བུམ་སྒྲུབ་པ་ལེའུ་གཉིས་པ་ལྟར་བདུད་རྩི་འཁྱིལ་བ་བསྐྱེད་བསྟིམ་བྱ། རྩ་བའི་ལས་བྱང་ལྟར་དབང་བསྐུར་རྒྱས་གདབ། མཆོད་པ་ཚང་བ་བཏང་། རང་གཞུང་བསྟོད་པ་དང་བཟླས་པ་མཆོད་བསྟོད་འོད་ཞུ་བཅས་བྱ། གཉིས་པ་བདུག་སྤོས་བསྒྲུབ་པ་མཆོད་བརླབ་དང་ལེའུ་གསུམ་པ་ལྟར་རྡོ་རྗེ་ཧཱུྃ་མཛད་བསྐྱེད་བསྟིམ་བྱ། རྩ་བའི་ལས་བྱང་ལྟར་དབང་བསྐུར་རྒྱས་གདབ། མཆོད་པ་ཚང་བའི་མཐར། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་སོགས་ཀྱིས་བསྟོད། རང་གཞུང་གི་དམིགས་བཟླས་མཐར་ལྷ་འོད་ཞུ་རྫས་ལ་བསྟིམ་ཞིང་རྟེན་སྙིང་ལན་གསུམ་གྱིས་རབ་གནས་བྱ། གསུམ་པ་མ་ད་ན་སྔར་བསྒྲུབས་ཟིན་པ་ཞིག་མེད་ན་དབང་བསྐུར་ཐབས་མེད་ཅིང་འདིའི་སྒྲུབ་ཚུལ་ཅུང་མང་བས་ལོངས་སྐབས་མེད་ཚེ་མདོར་བསྡུས་ཙམ་གྱིས་ཆོག་ལ། ལོངས་ཡོད་ན་བདུད་རྩི་རྩ་བའི་དཀྱིལ་འཁོར་གྱི་ལས་བྱང་བསྐྱེད་བསྟིམ་ནས་བཟླས་པའི་བར་བཏང་། དེ་ནས་ལེའུ་བཞི་པ་ལྟར་ཐུགས་དམ་བསྐུལ་ཞིང་ཞལ་བསྒྱུར་ལ། མཱ་མ་ཀཱིའི་བསྐྱེད་བཟླས་མཐར་ལྷ་མོ་འོད་ཞུ་བདུད་རྩིར་བསྒྱུར། བཞི་པ་བདུད་རྩིའི་སྒྲུབ་པ་ལ། ཁྲོལ་བུ་ཕྱེ་མ་ལྡེ་གུ་གསུམ་པོ་སྔར་སྒྲུབ་པ་བྱས་ཟིན་པའི་བདུད་རྩི་རིལ་བུ་ལ་མི་དགོས་པས། སྐབས་འདིར་མཆོད་པ་བརླབ། ལེའུ་ལྔ་པའི་ནང་བཞི་པ་སྒྲུབ་པ་ཆེན་པོའི་སྐབས་ལྟར། མདུན་དཀྱིལ་རྡོ་རྗེ་བདུད་རྩི་ཁྲག་འཐུང་གི་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་བར་བཏང་། ལས་སྦྱོར་སྔགས་གསུམ་པོའང་ཅུང་ཟད་རེ་གྲུབ་ན་ལེགས། དེ་ནས་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་སྔགས་སྲུང་མའི་ཕྲིན་ལས་སྐོང་བ་རྣམས་ལེགས་པར་གྲུབ་ནས། རྩ་བའི་ལས་བྱང་ལྟར་ཚོགས་བྱིན་བརླབས་ནས་ཚོགས་མཆོད་འབུལ། བདག་འཇུག་བླང་གྲུབ་ན་ལེགས་པས་རྩ་དབང་དངོས་གཞི་ཡན་ཆད་བྱ། དེ་ལྟར་ན་སྨན་དབང་ཡང་གལ་ཆེ་བས་རིལ་སྒྲུབ་གཤམ་ལས་འབྱུང་བ་ལྟར། ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ སོགས་ཀྱིས་གནས་གསུམ་དུ་དབང་བླང་། དེ་དག་མི་ལྕོགས་ན་སྤྱི་འགྲོ་ལྟར་རིག་པའི་མེ་ཏོག་དོར་བས་ཀྱང་འཐུས། གང་ལྟར་ཡང་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་དངོས་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། རྩ་བའི་དབང་བསྐུར། ཡན་ལག་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱ་ཞིང་བདུད་རྩི་འཁྱིལ་བའི་སྔགས་བརྗོད། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་ཧཱུྃ་མཛད་ཀྱི་བདུག་པ་དང་ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད་ཅིང་མཎྜལ་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་དང་། དེ་ལ་འདིར་སྐབས་སུ་བབས་པའི་གསང་བ་ཆེན་པོ་འདིའི་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། འོག་མིན་རྡོ་རྗེ་བཙུན་མོའི་གསང་བ་ཆེན་པོར་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོས་ཉིད་ལས་མི་གཞན་པའི་འཁོར་ཚོགས་རབ་འབྱམས་རྒྱ་མཚོ་ལ་རྩ་རྒྱུད་བདུད་རྩི་དགྱེས་པ། བཤད་རྒྱུད་བདུད་རྩི་རོལ་པ། བསྡུས་རྒྱུད་བདུད་རྩི་སྙིང་པོ། ཆ་མཐུན་བདུད་རྩི་ཡོན་ཏན་རྒྱུད་སོགས་ཟབ་ཅིང་རྒྱ་ཆེ་ལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་སྤྲུལ་པའི་སེམས་དཔས་བསྡུས་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གཉེར་དུ་མཛད་དེ་བཞུགས་པ་ལ། སྔོན་གྱི་དུས་སུ་ཁ་ཆེའི་པཎྜི་ཏ་ཟབ་པའི་རྡོ་རྗེ་ཞེས་བྱ་བས་དུར་ཁྲོད་བསིལ་བ་ཚལ་དུ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མ་སྒྲུབ་པའི་ཚེ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་གྱི་ཞལ་གཟིགས། དེས་ལུང་བསྟན་བསྩལ་པ་ལྟར་ཨོ་རྒྱན་དྷུ་མ་སྡྱི་རར་བྱོན་པས་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད། གླེགས་བམ་གནང་བ་ལ་བརྟེན་ཧེ་རུ་ཀ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། མལླ་བར་སྐལ་ལྡན་གྱི་སྤྲང་པོ་བརྒྱད་ལ་དབང་བསྐུར་བས་དངོས་གྲུབ་ཆེན་པོ་རེ་རེ་ཐོབ། དེ་ནས་ཕྱིས་ཤིག་ན་སློབ་དཔོན་བདུད་རྩི་གསང་བ་རྗེས་སུ་བཟུང་སྟེ། དབང་བསྐུར། རྒྱུད་བཤད། མན་ངག་བྱིན་ནས་ལྷ་ཡུལ་དུ་འགྲོ་དོན་ལ་གཤེགས། བདུད་རྩི་གསང་བས་ཀྱང་བསྒོམས་པས་མཆོག་གྲུབ་སྟེ་ཧེ་རུ་ཀ་དངོས་དང་དབྱེར་མེད་དུ་གྱུར། ཕྱིས་སུ་སློབ་དཔོན་བྷ་གོ་རྗེས་སུ་བཟུང་བས་དངོས་གྲུབ་བརྙེས་ཤིང་བསྟན་པ་རྒྱ་ཆེར་སྤེལ། དེས་པཎྜི་ཏ་དྲི་མེད་བཟང་པོ་སོགས་ལ་རྒྱུད་དང་གདམས་པ་གནང་བ་ལས་བརྒྱུད་དེ་འཕགས་ཡུལ་སོགས་སུ་ལེགས་པར་དར་བ་སློབ་དཔོན་ཨ་བྷ་ཡའི་རྡོ་རྗེ་ཕྲེང་བར་བདུད་རྩི་བཞིའི་དཀྱིལ་འཁོར་བཞུགས་པས་མཚོན་ནོ། །གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་སྐབས་འདིའི་སྨིན་གྲོལ་གྱི་རྒྱུན་ལེགས་པར་བྱུང་བར་མངོན་ཏེ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སློབ་དཔོན་ཁམས་པ་ཇོ་སྲས་ལས་གཉགས་ཆེན་ནས་བརྒྱུད་པའི་རྡོ་རྗེ་བདུད་རྩིའི་གདམས་སྐོར་གསན་པར་གསུངས་པ་དང་། རྡོ་རྗེ་བདུད་རྩིའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པའི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ་གྱི་ཇོ་ལོ་ཙཱ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་ད་ལྟ་རྒྱུད་འབུམ་ན་བཞུགས་པ་འདིའི་རྒྱ་དཔེའང་སྔར་ནས་བཞུགས་པར་གསལ་ལ། དེས་ན་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་དབང་དུ་བྱས་ན། དཔལ་ཧེ་རུ་ཀ་དང་དབྱེར་མ་མཆིས་པ་ཨོ་རྒྱན་གྱི་གུ་རུ་པདྨ་སཾ་བྷ་བ་དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་བདུད་རྩི་གསང་བ་ལས་རྒྱུད་དང་མན་ངག་རྫོགས་པར་གསན་པའི་ཚུལ་བསྟན། བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་རིགས་ལྡན་ཤཱཀྱ་དེ་བཱི་དང་ལྷན་ཅིག་སྒྲུབ་པ་མཛད་པས་རྡོ་རྗེ་བདུད་རྩི་ཞི་བ་དང་ཁྲོ་བོའི་གསང་བ་གསུམ་དང་དབྱེར་མེད་པའི་མཆོག་གྲུབ་ཅིང་རིག་མའང་མཱ་མ་ཀཱིའི་དངོས་གྲུབ་ཐོབ། རྒྱུད་དོན་མན་ངག་ཏུ་དྲིལ་བའི་གཞུང་ཏིང་ངེ་འཛིན་བདུན་དུ་བསྡུས་པའང་མཛད། བོད་དུ་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་སུ་སྤྱིར་སྐལ་པ་དང་ལྡན་པའི་རྗེ་འབངས་མཆོག་གི་འདུས་པ་རྣམས་ལ་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་དུ་མ་བསྐོར། བྱེ་བྲག་འཕྱོས་ཀྱི་གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་བདུད་རྩི་ཡོན་ཏན་གྱི་བཀའ་བབས་པས་དེའི་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་སྤྱི་དང་ཁྱད་པར་གཞུང་འདི་ཉིད་ཀྱང་བསྒྱུར་དུ་བསྩལ། སླད་ནས་ཡར་མོ་ལུང་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་གུ་རུ་རིན་པོ་ཆེ་ཡབ་ཡུམ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་པའི་སྤྱན་སྔར། ཆོས་རྒྱལ་ཆེན་པོ་ཡབ་སྲས་དང་། ལོ་ཙཱ་བ་མཆེད་ཀྱི་གཙོས་སྐལ་ལྡན་འདུས་པ་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་ཕུལ་ཏེ་གསོལ་བ་བཏབ་པས་དགྱེས་བཞིན་དུ་ཡེ་ཤེས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་སྨིན་གྲོལ་རྣམས་ཆིག་རྫོགས་སུ་བསྩལ། དེ་རྣམས་ཀྱིས་ཀྱང་ཉམས་བཞེས་མཐར་ཕྱིན་པར་མཛད་ནས། དཔེ་རྒྱུད་དང་དམ་ཚིག་གི་རྫས་རྣམས་རྡོ་རྗེའི་ལུང་བཞིན་པདྨ་བརྩེགས་པའི་ཕུག་པར་རྒྱས་གདབ། གཏེར་སྲུང་རལ་གཅིག་མ་མོ་ལ་གཉེར་དུ་གཏད་པ་ཕྱིས་འབྱུང་བའི་དུས་ནི། ཇི་སྐད་དུ། པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང༔ ཞེས་གསུངས་པ་ལྟར། གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་ཡར་ལུང་ར་མོ་སྨན་ཆུ་ཁར་སྐུ་འཁྲུངས་པ་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོ་ཞེས་བྱ་བ་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པས། དགུན་སྟོད་ཞིག་ལ་སྨན་སྒྲུབ་མཛད་པའི་སྨན་ཕུད་ཆ་གཅིག་གནས་དེའི་ས་དཔལ་བཟང་བ་ཞིག་ཏུ་སྦས་པ་ལས་ཕྱི་ལོ་ནས་སྨན་ཤིང་གི་སྡོང་པོ་ཁྱད་པར་ཅན་སྐྱེས། དེ་ནས་བཟུང་དགུན་ཀ་སྨན་སྒྲུབ་མཛད་ཚོད་ཙམ་ལ་མེ་ཏོག་བཀྲ་བའི་ངོ་མཚར་ཅན་ཕྱིས་ཀྱི་བར་ཡོད་པར་གྲགས་པས་མཚོན་རྣམ་ཐར་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་། སྦས་པའི་ཚུལ་གྱིས་གསོ་དཔྱད་གཙོར་བཏོན་ནས་སེམས་ཅན་འབུམ་ཕྲག་ཐར་པའི་ལམ་དུ་བཀོད་པར་མཛད་པ་དེ་ཉིད་ཀྱིས་པདྨ་ཤེལ་གྱི་བྲག་ཕུག་སོགས་ནས། ཟབ་གཏེར་མང་པོ་ཞིག་སྤྱན་དྲངས་པར་མཛད་པའི་ནང་ནས་ཁྱད་པར་དུ་འཕགས་པའི་གདམས་སྐོར་འདི་ཉིད་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས། སླར་རྡོ་རྗེའི་ལུང་དོན་བཞིན་རང་གནས་སུ་སྦས་པར་མཛད་པ་ལ། དེང་སང་གདུལ་བའི་དུས་སུ་བབས་པའི་དབང་གིས། རྒྱལ་སྲས་ཡེ་ཤེས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་བཞེས་པའི་ཕྱི་མའམ་རྩེ་མོར་གྱུར་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དགུང་གྲངས་ང་བདུན་མེ་བྱི་ཟླ་བ་དང་པོའི་ཡར་ཚེས་སྐབས་ཀྱི་ཐོ་རངས་ཤིག་ཏུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ཉིད་ཞིང་སྐྱེས་ཀྱི་མཁའ་འགྲོར་རྣམ་པར་འཕྲུལ་པས། གདམས་པ་འདིའི་གཏེར་དཔེ་ཏཱ་ལའི་ལོ་མར་ན་ག་ར་དང་བརྡ་ཡིག་འདྲེས་མར་བྲིས་པ་ཕྱག་ཏུ་ཕུལ་ཏེ་ལོ་རྒྱུས་རྒྱས་པར་ཞུས། དེ་རྗེས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ཡང་ཡང་མཛད་པས་སྣྲོན་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་པདྨ་འོད་ཀྱི་གཞལ་མེད་ཁང་དུ་གུ་རུ་རིན་པོ་ཆེ་འཁོར་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་གཅིག་རྫོགས་སུ་བསྩལ། ལས་ཀྱི་རྡོ་རྗེ་གཉགས་ལོ་ཆེན་པོའི་ཞལ་ནས་འདི་ཉིད་བདུད་རྩི་ཡོན་ཏན་གྱི་བཀའི་གཙོ་བོ་ཡིན་ཅིང་ད་རུང་སྨན་གྱི་རྫོང་འཕྲང་ཆེན་མོའི་བཀའ་བབས་ཡོད་ཚུལ་གྱི་ལུང་བསྟན་ཀྱང་མཛད། དེ་ནས་བཟུང་སྟེ་གཏེར་ཤོག་ཏུ་གང་བཞུགས་པའི་ཚིག་དོན་ཐམས་ཅད་སྒྲིབ་ཐོགས་མེད་པར་ཐུགས་ལ་ལམ་མེར་ཆུབ་པས། ཆོས་སྐོར་ཡོངས་རྫོགས་མིག་འཕྲུལ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་ངོ་མཚར་བའི་བཀོད་པས་གཏན་ལ་ཕབ་ནས་ཁོ་བོ་ཅག་ལ་སྐལ་ལྡན་དུ་དབུགས་དབྱུང་ཞིང་དབང་ཁྲིད་གདམས་ངག་ཐམས་ཅད་བཀའ་དྲིན་དུ་བསྩལ་བའི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ་རྡོ་རྗེ་བདུད་རྩི། སློབ་དཔོན་ཆེན་པོ་བདུད་རྩི་གསང་བ། རང་བྱུང་པདྨ་འབྱུང་གནས། མཁའ་འགྲོ་ཤཱཀྱ་དེ་བཱི། གསང་སྔགས་ཆུ་བོ་བཞིའི་བཀའ་བབས་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར། མངའ་བདག་ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་པའི་གཏེར་ཆེན་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་་་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་ཕྱུག།ལ་རབ་ཚེས་ཆུ་རྟ་རྒྱལ་ཟླ་བའི་དུས་ཚེས་དགེ་བར་སྒྲུབ་པ་ཆེན་པོའི་ཚུལ་དང་འབྲེལ་བར་སྨིན་གྲོལ་ཟབ་མོའི་གདམས་ངག་མཐའ་དག་ཚང་སྤྲུགས་སུ་བསྩལ་པ་སྟེ། དེ་ལྟ་བུའི་སྔོན་མེད་པའི་གསང་བ་ཆེན་པོ་འདི་ལ་སྨིན་གྲོལ་གྱི་གདམས་སྐོར་གཉིས་སུ་བཞུགས་པ་ལས་འདིར་སྨིན་བྱེད་ཀྱི་དབང་བསྐུར་བ་ཡིན། དེའང་བདུད་རྩི་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ཏེ་རྩ་བ་ཡན་ལག་དང་བཅས་པའི་སྨིན་བྱེད་ཚང་བར་བསྒྲུབ་པ་ལ་གསུམ། འཇུག་པའི་ཆོ་ག །དབང་བསྐུར་དངོས་གཞི། རྗེས་སུ་གནང་བའི་རིམ་པ་རྣམས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་མཎྜལ་འབུལ་དུ་གཞུག །སྔོན་ཆད་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་པའི་ཕྱིར་རས་ཡུག་དམར་པོས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མཆོག་གི་མེ་ཏོག་ཁ་དོག་སྣ་ལྔ་པའི་ཆུན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་ཅོན་པན་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དད་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་སློབ་དཔོན་སོགས་གསོལ་གདབ། སྤྲོ་བསྐྱེད། སྐྱབས་སེམས། སྡོམ་བཟུང་མཇུག་གི །མ་ལུས་བཟུང་ཞིང་བསྲུང་བར་བགྱི༔ ཡན་ཆད་གོང་སྟ་གོན་སྐབས་ལྟར་དྲང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་མོས་ཤིང་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཨ་ཨཱ༔ ལན་གསུམ། རྡོ་རྗེ་མེ་ཏོག་བཅས་སྙིང་གར་བཞག་ལ། སེམས་བསྐྱེད་པར་བྱས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དམ་ཚིག་མ་འདྲེས་པ་དང་ཉམས་པ་སོགས་སྣོད་མ་ཡིན་པ་ལ་གསང་བར་གདམས་པའི་དོན་འདི་ཐུགས་ལ་ངེས་འཚལ། རྡོ་རྗེ་མགོར་བཞག་ལ། དེང་ཁྱོད་རྡོ་རྗེ་བདུད་རྩི་ཡི༔ དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ༔ གསང་བ་མཆོག་གི་སྤྱོད་པ་འདི༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ མ་ཧཱ་ས་མ་ཡ་སཏྭཾ༔ ཞེས་གདམས། བཛྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཡོལ་བ་བསལ། ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་ཐལ་མོ་གནས་གསུམ་དུ་བཀོད་ལ་འདིའི་རྗེས་ཟློས། ཨོཾ་གུ་རུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་མཎྜ་ལ་ན་མཱ་མི༔ སླར་ཡང་ཤར་གྱི་སྒོ་ནང་དུ་འཁོད་པ་ལ་དམ་ཚིག་གི་རྡོ་རྗེའི་ཆུ་ནན་སྦྱིན་པ་ཡིན་ཏེ། ཐུངས་ཤིག་རྡོ་རྗེ་མཱ་མ་ཀཱིའི༔ ཡེ་ཤེས་བདུད་རྩི་འདི་ཐུངས་ཤིག༔ དམ་ཚིག་ཉམས་ན་རབ་ཏུ་སྲེག༔ བསྲུངས་ན་ཚེ་འདིར་དངོས་གྲུབ་ཐོབ༔ ས་མ་ཡ་བཛྲ་མཱ་མ་ཀཱི་ཨ་མྲྀཏ་ཨུ་ད་ཀ་ཋ་ཋཱ༔ ཞེས་མཱ་མ་ཀཱིའི་བདུད་རྩི་སྦྱིན། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །དེ་ལྟར་བདུད་རྩི་མྱངས་པ་ལས༔ ལུས་གང་སྒྲིབ་པ་ཐམས་ཅད་དག༔ བདེ་ཆེན་ཡེ་ཤེས་འབར་བ་ཡིས༔ སྐད་ཅིག་རྡོ་རྗེ་བདུད་རྩི་ཆེ༔ ཁ་སྦྱོར་སྐུ་རུ་ལམ་གྱིས་གསལ༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ སོགས་ལས་བྱང་གི་མངོན་རྟོགས་ལྟར་ལ། འོད་ཟེར་འབར་འཕྲོའི་ཀློང་ན་བཞུགས༔ དེ་ཡི་ཐུགས་ཀར་པད་ཉིའི་སྟེང༔ རྡོ་རྗེ་བདུད་རྩི་སོགས་ནས། གར་དགུའི་རོལ་པས་རྣམ་པར་འགྱིང༔ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དཀར་དམར་མཐིང་བའི་མདོག་ཅན་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་བདུད་རྩིའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བཞེངས་ཏེ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་བཅས་ལས་བྱང་དབུ་ནས་འབྱུང་བའི་བྱིན་འབེབ། ཧཱུྃ༔ རིན་ཆེན་ཉི་མ་རྟག་པའི་དབྱིངས༔ སོགས་དང་སྔགས་དྲག་ཏུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །མེ་ཏོག་འདོར་གཞི་ཚོམ་བུ་སོགས་བཀོད་ལ། དེ་ནས་རིགས་བརྟག་པའི་སླད་དུ། ཚོམ་བུའི་དཀྱིལ་འཁོར་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་མངོན་སུམ་དུ་གསལ་བ་ལ། ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་མཛོད་ལ་མེ་ཏོག་འདོར་བ་ཞུ། ཨོཾ་བཛྲ་པུཥྤེ་ས་མ་ཡ་ཨཱཿཧཱུྃ༔ ཞེས་འདོར་དུ་གཞུག་ལ་དབུས་དང་ཕྱོགས་མཚམས་ཀྱི་རིགས་ངེས་པར་བྱ། མེ་ཏོག་ལྷག་པའི་ལྷ་གང་ལ་ཕོག་པ་དེ་ཉིད་ཀྱིས་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིངས་པར་མོས་ཤིག །ཨོཾ་བཛྲ་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་ཅོད་པན་མགོར་བཞག །མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཨོཾ་ཛྙཱ་ན་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་ཐུར་གྱིས་བསལ། དེ་ལྟར་རྣམ་དག་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་དཔལ་རྡོ་རྗེ་བདུད་རྩི་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར་པར་མོས་ཤིག །ཕྱག་ཤིང་གིས་མཚོན་ལ། ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ཕྱག་རྒྱའི་དཀྱིལ་འཁོར་འདི་ལ་ལྟོས༔ ཁྱོད་ནི་སྒྲིབ་དག་ཡེ་ཤེས་མཐོང༔ རྡོ་རྗེ་བདུད་རྩིའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ དངོས་གྲུབ་དམ་པ་འཐོབ་པར་འགྱུར༔ དེའང་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་སེར་ཞལ་གསུམ་གཡས་དཀར་གཡོན་དམར་ཁྲོ་ཆགས་སྒེག་པའི་ཉམས་ཅན། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་མཱ་མ་ཀཱི་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི །གཡོན་གཉིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་ཕྱེད་པས་འཆར་ཀའི་འོད་ཀློང་ན་བཞུགས་པ། དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ་ཞི་བ་མ་དཀར་མོ། ལྷོར་ཞི་གདོང་མ་སེར་མོ། ནུབ་ཏུ་ཟླ་ཅན་མ་དམར་མོ། བྱང་དུ་རི་བོང་ཅན་མ་ལྗང་མོ། ཤར་ལྷོར་ཟླ་དཀྱིལ་མ་སྔོན་མོ། ལྷོ་ནུབ་ཏུ་ཟླ་མཛེས་མ་ལྗང་མོ། ནུབ་བྱང་དུ་ཡིད་འོང་མ་སྔོ་བསངས། བྱང་ཤར་དུ་སིམ་བྱེད་མ་སྔོན་མོ་སྟེ་བརྒྱད་ཀའང་རྡོར་དྲིལ་བསྣམས་ཤིང་དར་དང་རིན་པོ་ཆེའི་རྒྱན་ལྡན་རང་འོད་ཀྱི་ཀློང་ན་ཕྱེད་སྐྱིལ་གྱིས་རོལ་པ། སྒོ་བཞིར་སྒོ་མ་དཀར་སེར་དམར་ལྗང་བཞི་གཡས་རང་རྟགས་ཀྱི་ཕྱག་རྒྱ་གཡོན་དྲིལ་བུ་འཁྲོལ་ཞིང་ཁྲོ་འཛུམ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། པད་ཟླའི་སྟེང་ན་གར་ཐབས་ཀྱིས་བཞེངས་པ། གཙོ་བོའི་ཐུགས་ཀར་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་ཡུམ་དང་བཅས་པ། བར་མཚམས་མཆོད་པའི་ལྷ་མོ་དུ་མས་གང་བ་རྣམས་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ངོ་སྤྲོད་དོན་གྱི་དབང་བསྐུར་བཞི་རིམ་པར་འབྱུང་བ་ལས། དང་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཇི་ལྟར་རྡོ་རྗེ་བདུད་རྩི་ཆེས༔ རིགས་ཀྱི་སྲས་རྣམས་དབང་བསྐུར་ལྟར༔ བདག་ཀྱང་ཡོངས་སུ་བཟུང་བའི་ཕྱིར༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། དེའང་བུམ་པའི་དབང་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་སུ་འབྱུང་བའི་དང་པོ་རིག་པའི་དབང་ལྔ་རིམ་པར་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དཔལ་རྡོ་རྗེ་བདུད་རྩིའི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་སྤྱི་བོ་ནས་བླུགས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་བསྐུར་ཐོབ་པར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ རྡོ་རྗེ་བདུད་རྩིའི་ཡེ་ཤེས་ནི༔ བྱང་ཆུབ་སེམས་ཀྱི་རྒྱུན་དང་སྦྱར༔ དག་པའི་དེ་ཉིད་བདེ་བ་ཆེས༔ སངས་རྒྱས་ཐུགས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སུ་ར་ཏཱ་སཏྭཾ་ཨ་ཧཾ༔ ཞེས་བུམ་ཆུ་སྦྱིན། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་མཱ་ཀཱིའི་ཡེ་ཤེས་ཀྱི་ངོ་བོ་ཅོད་པན་དར་དཔྱང་དང་བཅས་པས་དབུ་ལ་བརྒྱན་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་བསྐུར་ཐོབ་པར་མོས་ཤིག །དབུ་རྒྱན་བཅིངས་ལ། ཏྲཱཾ༔ རིན་ཆེན་མཱ་ཀཱིའི་ཡེ་ཤེས་ནི༔ བདེ་གཤེགས་མངའ་བདག་ཅོད་པན་ཆེ༔ དར་དཔྱང་དག་དང་རབ་ལྡན་པས༔ སངས་རྒྱས་ཡོན་ཏན་དབང་བསྐུར་རོ༔ ཨོཾ་རཏྣ་མཱ་མ་ཀཱི་བཛྲ་མུ་ཀུཊ་པ་ཊ་ལཾ་བྷ་ཨ་བྷི་ཥིཉྩ་མཱཾ། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་ཧཱུྃ་མཛད་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་ཕྱག་གཡས་སུ་གཏད་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་བསྐུར་ཐོབ་པར་མོས་ཤིག །རྡོ་རྗེ་ལག་གཡས་པས་གསོར་དུ་གཞུག་ལ། ཧྲཱི༔ ཧཱུྃ་མཛད་ཆེན་པོའི་ཡེ་ཤེས་ནི༔ ཐབས་ཀྱི་རྡོ་རྗེ་བདེ་བ་ཆེ༔ རབ་ཏུ་གསོར་ཞིང་བསྐྱོད་པ་ཡིས༔ སངས་རྒྱས་གསུང་གི་དབང་བསྐུར་རོ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བདུད་རྩི་འཁྱིལ་བའི་ཡེ་ཤེས་ཀྱི་རང་བཞིན་དྲིལ་བུ་ཕྱག་གཡོན་དུ་བྱིན་པས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་བསྐུར་ཐོབ་པར་མོས་ཤིག །དྲིལ་བུ་ལག་གཡོན་པས་དཀྲོལ་དུ་གཞུག་ལ། ཧཱ༔ བདུད་རྩི་འཁྱིལ་བའི་ཡེ་ཤེས་ནི༔ ཤེས་རབ་དྲིལ་བུའི་སྒྲ་ཆེན་པོས༔ འཁོར་འདས་ཐམས་ཅད་སད་མཛད་པས༔ སངས་རྒྱས་ཕྲིན་ལས་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་གཎྜེ་ཨ་ཨཱ༔ དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བདུད་རྩི་ཁྲག་འཐུང་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་གསང་མཚན་བཏགས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་བསྐུར་ཐོབ་པར་མོས་ཤིག །ཨོཾ༔ དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ནི༔ རྡོ་རྗེའི་མིང་དང་གཉིས་སུ་མེད༔ སྲིད་པ་ཀུན་ཏུ་རབ་གྲགས་པས༔ སངས་རྒྱས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲནཱམ་ཨ་བྷི་ཥེ་ཀ་ཏ་ཨོཾ༔ མེ་ཏོག་གང་ལ་ཕོག་པའི་རིགས་དང་མཐུན་པའི་གསང་མཚན་སོ་སོར་གདགས་ལ་མིང་གི་ཤོག་དྲིལ་དེ་ལྟར་སྦྱིན། དེ་རྣམས་ཀྱིས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་རྣམ་པ་ལྔ་མངོན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་བུམ་པ་གནས་གསུམ་དུ་བཞག་པས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པ་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་མཆོག་ཏུ་མངའ་གསོལ་བར་མོས་ཤིག །ཐོད་པའི་བདུད་རྩི་གནས་གསུམ་དུ་བཞག་ལ། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཐུགས་གསུང་སྐུ་རུ་དབང་བསྐུར་བས༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ དཀྱིལ་འཁོར་བདག་པོའི་རྗེས་སུ་སྤྱོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཨཱཿཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ དེང་ཕྱིན་ཆད་སྣང་སྟོང་ཆུ་ཟླ་ལྟ་བུའི་ལྷའི་འཁོར་ལོ་སྒོམ་པ་དང་མི་འབྲལ་བར་ཐ་མལ་གྱི་སྣང་ཞེན་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་བདུད་རྩི་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བདུད་རྩི་ཁྲག་འཐུང་ཡུམ་དང་བཅས་པར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ལྗང་སེར། དེའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ། མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་ལྷར་གསལ་བའི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་ཀྱི་ས་བོན་ཧཱུྃ་ལྗང་སེར་གྱི་མཐའ་སྐོར་དུ་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་གང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་ཨ་མྲྀཏ་སོགས་ཞི་སྔགས་ལན་གསུམ། སླར་ཡེ་ཤེས་སེམས་དཔའི་སྐུ་ལས་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ནམ་མཁའ་གང་བ་འཕྲོས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་མཆོད། ཁམས་གསུམ་གྱི་འགྲོ་བ་རྣམས་ཀྱི་རྟོག་སྒྲིབ་སྦྱངས། ཐམས་ཅད་ལྷ་སྔགས་ཆོས་སྐུ་དག་པ་རབ་འབྱམས་སུ་གྱུར་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཛྭ་ལ་སོགས་ཁྲོ་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་འབུལ་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེའི་གསང་སྔགས་བསྩལ་ལགས་ཀྱིས༔ ཡེ་ཤེས་བརྟན་པར་མཛད་དུ་གསོལ༔ ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིང་པར་མོས་ཤིག རྡོ་རྗེ་བདུད་རྩིའི་གསང་བའི་སྔགས༔ འདི་ལ་རབ་ཏུ་བསྩལ་ལགས་ཀྱིས༔ རྟག་ཏུ་བྱིན་གྱིས་བརླབས་ནས་ཀྱང༔ དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ བཛྲ་མནྟྲ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཞེས་མེ་ཏོག་མགོར་བཞག །དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ཅིང་ཕྱི་ནང་འབྱུང་བའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དོན་དམ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ཟབ་མོ་ངོ་སྤྲོད་པའི་ཚིག་འདི་ལ་གསན་ཅིང་དོན་ཐུགས་ལ་ངེས་པར་མཛོད་ཅིག །འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ རང་གི་སེམས་ཙམ་ཉིད་དུ་བརྟག༔ སེམས་ཙམ་རྣམ་པར་ཤེས་པ་སྟེ༔ རྣམ་ཤེས་གདོད་ནས་སྐྱེ་བ་མེད༔ སྐྱེ་མེད་རང་བཞིན་ལྷར་ཤར་བ༔ གཟུགས་ནི་དཔལ་ལྡན་ཁྲག་འཐུང་སྟེ༔ ཚོར་བ་རིན་ཆེན་མཱ་མ་ཀཱི༔ འདུ་ཤེས་བཛྲ་ཧཱུྃ་ཀཱ་ར༔ འདུ་བྱེད་རྡོ་རྗེ་བདུད་རྩི་འཁྱིལ༔ རྣམ་ཤེས་བདུད་རྩི་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་འོད་གསལ་ལས༔ ལྷ་དང་སྔགས་ནི་ཅིར་ཡང་འཆར༔ བུ་ཁྱོད་དེ་ལྟར་རབ་རྟོགས་པས༔ དབང་པོར་གང་དང་གང་སྣང་བ༔ དེ་དེ་ལྷ་སྔགས་ཡེ་ཤེས་ཀྱི༔ རྡོ་རྗེ་བདུད་རྩིར་རྟག་ཏུ་ལྟོས༔ མ་ཧཱ་བཛྲ་ས་མ་ཡ་ཧོཿ དེང་ཕྱིན་ཆད་རིག་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རོལ་པ་ལས་མ་གཡོས་པར་དྲན་རྟོག་ཐམས་ཅད་ལ་འཕྲོ་འདུ་ཏིང་ངེ་འཛིན་དང་ཆོས་ཉིད་དགོངས་པའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཅེས་གདམས། དབང་གི་དག་པ་བརྗོད་པ་ནི། བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྐུ་ཡི་ཕྱག་རྒྱ་བསྒྲུབ་ལ་དབང༔ སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་བུམ་པའི་དབང་གིས་ལུས་རྩ་ཁམས་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་གཏེར་གཞུང་རྡོ་རྗེའི་གསུང་ལས་འབྱུང་བ་འདི་ལྟ་སྟེ། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི༔ ཞེས་སོགས་རིམ་དབྱེ་དང་པོ་ལས་འབྱུང་བ་ལྟར་དལ་བུས་བཀླག །སྐུ་ཡི་རྡོ་རྗེའི་ཕྱག་རྒྱ་འགྲུབ༔ ཅེས་གདམས་པར་མཛད་དེ། དེའང་ཐོག་མར་བསམ་གཏན་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པས་རྒྱུད་སྦྱངས། ཁྱད་པར་བསྐྱེད་རིམ་བཟླས་པ་དང་བཅས་པ་ལ་དྲོད་ཚད་ཐོབ་པར་བྱས་ནས། མན་ངག་རྫོགས་པའི་རིམ་པས་ཟུང་འཇུག་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་གོ་འཕང་སྒྲུབ་པའི་ཐོག་མར་སྐུ་རྡོ་རྗེ་ཕྱག་རྒྱའི་རྣལ་འབྱོར་སྒྲུབ་པའི་ཚུལ་ཟབ་ལ་འདྲིལ་བར་བསྟན་པའི་དོན་དེ་ཉམས་སུ་ལེན་པར་མཛད་འཚལ་ལོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་ཡབ་ཡུམ་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་དང་རིན་ཆེན་མཱ་མ་ཀཱི་མཉམ་པར་སྦྱོར་བའི་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས། དཀར་དམར་ལྷག་པའི་བྱང་སེམས་ཀྱི་རྒྱུན་དང་འདྲེས་པ་དེ་ཉིད་མཁའ་གསང་ནས་བབས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་སྦྱར་བ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ཆོས་སྨན་མངར་གསུམ་དང་སྦྱར་བ་བྱིན་ལ། ཧོ༔ མུ་ཏིག་ལྟར་དཀར་བདེ་བ་ཆེ༔ སྟོང་ཉིད་ཡེ་ཤེས་དམར་འོད་འཕྲོ༔ དབྱེར་མེད་བྱང་ཆུབ་སེམས་ཆེན་པོས༔ སངས་རྒྱས་སྲས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨོཾ་ཨཱཿཧཱུྃ་ཧོ༔ དེ་ལྟར་བྱིན་པའི་བདུད་རྩི་དེ་ཉིད་རྟོག་པ་མེད་པའི་སེམས་ཀྱིས་རོལ་ལ་སྔགས་འདི་བརྗོད་པར་ཞུ། ཨ་ཧོ་མ་ཧཱ་སུ་ཁ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ལུང་བསྟན་པ་ནི། སློབ་དཔོན་གྱིས་སྣམ་སྦྱར་མནབ། སྐྱབས་སྦྱིན་ཕྱག་རྒྱ་སོགས་སྤྱི་ལྟར་བྱས་ལ། སློབ་དཔོན་ཉིད་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུར་གནས་འགྱུར་བས་ཁྱེད་རང་རྣམས་བྱང་ཆུབ་ཆེན་པོར་ལུང་བསྟན་སྩོལ་བར་མོས་ཤིག །ཨོཾ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ དེང་ཁྱོད་བྱང་ཆུབ་ལུང་སྟོན་ཏེ༔ རྡོ་རྗེ་བདུད་རྩི་དཔལ་ཞེས་པའི༔ མཚན་གྱིས་ས་གསུམ་དགེ་བར་འགྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ནཱམ་ས་མ་ཡ་སཏྭཾ༔ ཞེས་ལུང་བསྟན་ལ་དག་བརྗོད་ནི། གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་ཕྱག་རྒྱ་བསྒོམ་ལ་དབང༔ ལོངས་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་གསང་བའི་དབང་གིས་ངག་རླུང་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། གསུང་གི་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། གསུང་གི་བདུད་རྩི་འཆི་མེད་འགྲུབ༔ ཅེས་གསུངས་པའི་དོན་ལ་ཉམས་ལེན་གྱི་བརྩོན་པ་བསྐྱེད་འཚལ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རིགས་དང་ལྡན་ཅིང་མཚན་ཉིད་ཡོངས་སུ་རྫོགས་པའི་གཟུངས་མ་མདུན་དུ་འཁོད་པ་ལ། སིནྡྷུ་རའི་དཀྱིལ་འཁོར་རིན་ཆེན་མཱ་མ་ཀཱི་རུ་གསལ་བ་དེ་ལ་ཐིམ། དེ་ཉིད་ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་བྱིན་པར་མོས་ཤིག །སིནྡྷུ་རའི་མེ་ལོང་ལག་པར་གཏད་ལ། ཧོ༔ ཁྱོད་ནི་རྡོ་རྗེ་བདུད་རྩི་སྟེ༔ ཤེས་རབ་མཱ་མ་ཀཱི་དང་སྦྱོར༔ འདོད་ཆགས་ཆེན་པོའི་རོལ་པ་ཡིས༔ དགའ་བཞིའི་ཡེ་ཤེས་བསྐྱེད་པར་གྱིས༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཁྱེད་རང་རྣམས་དཔལ་རྡོ་རྗེ་བདུད་རྩི། གཏད་པའི་རིག་མཱ་མ་ཀཱི །མཁའ་གསང་རྡོ་རྗེ་དང་པདྨ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དུ་གཉེར་བའི་འདུན་པ་སྟེ་འདུ་ཤེས་གསུམ་མཉམ་པར་ལྡན་པས་འདོད་པའི་སྒྱུ་རྩལ་བསྐུལ་ཏེ་སྙོམས་པར་ཞུགས་པས་ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞི་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་ལམ་གྱི་བགྲོད་པ་མཐར་ཕྱིན་ཅིང་འབྲས་བུ་ལ་སོམ་ཉི་མེད་པར་དབུགས་དབྱུང་བ་ནི། སྐལ་བཟང་འདོད་ལ་སྤྱོད་པ་ཁྱོད༔ ལམ་ལ་ཐེ་ཚོམ་མེད་སྦྱར་བའི༔ འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་མཆོག་ལ་ཞུགས་པ་ཡིན༔ མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ དག་པ་བརྗོད་པ་ནི། གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་ཕྱག་རྒྱ་བསྒོམ་ལ་དབང༔ ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར༔ དེ་ལྟར་ཤེར་ཡེའི་དབང་གིས་ཡིད་ཐིག་ལེ་བདེ་སྟོང་དུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། ཐུགས་ཀྱི་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། ཐུགས་ཀྱི་རྡོ་རྗེ་རྟག་པ་འགྲུབ༔ ཅེས་པའི་དོན་རྣམས་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་པར་ཞུ། བཞི་པ་དོན་དམ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། ཁྱེད་རང་ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས། སྔར་གསུམ་པའི་སྐབས་ཉམས་སུ་མྱོང་བ་དེ་ཉིད་ཡེ་ཤེས་ཀྱི་དཔེར་མཚོན་པ་ཡིན་པས་ཉམས་མྱོང་དེ་སླར་ཡང་དྲན་པས། མཚོན་བྱ་རང་གནས་གདོད་མའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་གཤིས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཨ༔ བདེ་བའི་ཡེ་ཤེས་རྟོག་པ་སྟེ༔ རང་བཞིན་གདོད་ནས་སྟོང་པ་ཉིད༔ རྡོ་རྗེ་བདུད་རྩི་དེ་ཁོ་ན༔ བསམ་མི་ཁྱབ་པར་རབ་ཏུ་སྒོམས༔ ཨོཾ་ཤྲཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཤཱུནྱ་ཏཱ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཅུང་ཟད་འཇོག །དེས་འཁོར་འདས་བསལ་བཞག་མེད་པའི་དགོངས་པ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ཏེ་འབྲས་བུ་གཞི་ལ་རྫོགས་པས་བྱང་ཆུབ་ཆེན་པོའི་གོ་འཕང་འགྲུབ་པར་གཟེངས་བསྟོད་པ་ཡིན་ཏེ། ཨེ་མ་དོན་གྱི་དཀྱིལ་འཁོར་འདིར༔ ཞུགས་པ་དང་ནི་རབ་རྟོགས་པས༔ སྲིད་དང་ཞི་བ་ལས་འདས་པའི༔ ཡེ་ཤེས་མཆོག་ཏུ་གྲུབ་པ་འོ༔ ཛྙཱ་ན་ས་མ་ཡ་ཨ་ལ་ལ་ཧོ༔ དག་བརྗོད་ནི། བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཡེ་ཤེས་ཕྱག་རྒྱ་བསྒོམ་ལ་དབང༔ ངོ་བོ་ཉིད་སྐུའི་སྐལ་ལྡན་གྱུར༔ དེ་ལྟར་བཞི་པའི་དབང་གིས་སྒོ་གསུམ་རྡོ་རྗེའི་ཡེ་ཤེས་སུ་སྨིན་པ་དེ་ཉིད་གྲོལ་བྱེད་ལམ་རིམ་ཉམས་སུ་བླང་བའི་གདམས་ངག་ཀྱང་འདི་ལྟ་སྟེ། ཡེ་ཤེས་ཕྱག་རྒྱ་ཆེ་མཆོག་ནི༔ སོགས་ནས། ཡེ་ཤེས་རྡོ་རྗེ་མཐར་ཐུག་འགྲུབ༔ ཅེས་གསུངས་པའི་དོན་ལ་ཉམས་ལེན་གྱི་སྙིང་པོར་དྲིལ་བར་མཛོད་ཅིག །དེ་ལྟར་རྡོ་རྗེ་བཞིའི་རྣལ་འབྱོར་ཟབ་མོ་ལ་བརྩོན་པའི་ཡོན་ཏན་ཡང་། གཞུང་ལས། དེ་ལྟ་བུ་ཡི་ཟབ་མོའི་ལམ༔ སོགས་ནས། འཁོར་བ་ཇི་སྲིད་གཞན་དོན་འགྱུར༔ ཞེས་གསུངས་པ་ལྟར་ངེས་པ་ལགས་པས་ཐུགས་ལ་གཅག་པར་ཞུ། དེ་རྣམས་ཀྱིས་དབང་བསྐུར་དངོས་གཞི་གྲུབ་པ་ལགས། གསུམ་པ་རྗེས་སུ་གནང་བ་སྦྱིན་པ་ལ། ལས་སོ་སོར་སྒྲུབ་པ་དང་ཐུན་མོང་དུ་བྱ་བ་གཉིས་ལས་དང་པོ་ཕྲིན་ལས་བཞི་སྒྲུབ་པའི་རྗེས་སུ་གནང་བ་ནི། གཞུང་ལས། ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ རྡོ་རྗེ་བདུད་རྩིའི་ཁྲུས་ནས་དབྱུང༔ ཞེས་གསུངས་པ་ལྟར་ཐོག་མར་ཞི་བ་རྡོ་རྗེ་བདུད་རྩིའི་ཁྲུས་དབང་གི་སླད་དུ་མཎྜལ་འབུལ་བ་ནས། ཤིས་བརྗོད་ཕན་ཡོན་བསྟན་པའི་བར་དང་། གཉིས་པ་ནི་གཞུང་ལས། བར་ཆད་ཉོན་མོངས་བསྐྲད་པའི་ཕྱིར༔ རྡོ་རྗེ་ཧཱུྃ་གི་བདུག་པ་སྦྱར༔ ཞེས་གསུངས་པའི། རྡོ་རྗེ་ཧཱུྃ་གི་བདུག་རྫས་ཀྱིས་བར་གཅོད་ཉོན་མོངས་སྐྲོད་པ་དྲག་པོའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ནས། ཕན་ཡོན་ཤིས་བརྗོད་ཀྱི་བར་དང་། གསུམ་པ་ནི་གཞུང་ལས། སྣང་སེམས་དབང་དུ་སྒྱུར་བའི་ཕྱིར༔ མཱ་མ་ཀཱི་ཡི་བདུད་རྩི་སྦྱིན༔ ཞེས་འབྱུང་བས་དབང་བྱེད་མཱ་ཀཱིའི་རྫས་ཀྱི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ་བ་ནས། ཤིས་བརྗོད་དང་གདམས་ངག་ཕན་ཡོན་བརྗོད་པའི་བར་ཟུར་གསལ་ལྟར་འདིར་སྦྱར། བཞི་པ་ནི་གཞུང་ལས། ཡེ་ཤེས་མཆོག་ཏུ་རྒྱས་པའི་ཕྱིར༔ བདུད་རྩི་ཆེན་པོའི་དབང་ཡང་བསྐུར༔ ཞེས་གསུངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ཡོངས་རྫོགས་བདུད་རྩིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མཱ་མ་ཀཱི་དང་མཉམ་སྦྱོར་བའི༔ བདེ་ཆེན་བདུད་རྩིའི་སློབ་དཔོན་གྱིས༔ འཆི་མེད་རྟག་པའི་ཡེ་ཤེས་ཀྱི༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། སྒྲུབ་པའི་མ་ད་ན་བདུད་རྩི་དང་སྦྱར་བ་བྱིན་ལ། ཨོཾ༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ དངོས་གྲུབ་ལྷག་པའི་དམ་རྫས་མཆོག༔ དེང་འདིར་ཁྱོད་ལ་སྦྱིན་པ་ཡིས༔ རྟོག་པའི་དྲི་མ་ཀུན་དག་ཤོག༔ ཨོཾ་བཛྲ་རཏྣ་མཱ་མ་ཀཱི་མ་ད་ན་ཨ་མྲྀཏ་ཧཱུྃ་ཧོ༔ བདུད་རྩིས་ལུས་གང་བདེ་བས་མྱོས༔ སྤང་བླང་རྟོག་པའི་དྲི་མ་དག༔ དངོས་གྲུབ་ཡེ་ཤེས་མཆོག་གི་སྣོད༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ དམར་སེར་ཉི་མ་འཆར་ཁའི་འོད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ རྗེས་ཆགས་བཞད་པའི་ཉམས་དང་ལྡན༔ ཕྱག་གཡས་ནོར་བུའི་ལྕགས་ཀྱུ་ཡིས༔ འཁོར་འདས་ཀུན་གྱི་དྭངས་བཅུད་འགུགས༔ གཡོན་པས་རིན་ཆེན་ཀ་པཱ་ལར༔ བདེ་ཆེན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ དར་དང་རིན་ཆེན་རུས་པ་དང༔ མེ་ཏོག་དམར་པོའི་རྒྱན་གྱིས་སྒེག༔ ཞབས་ཟུང་པད་ཉི་བམ་རོའི་སྟེང༔ བདུད་རྩིའི་རྒྱ་མཚོའི་ཀློང་ན་བཞུགས༔ དེ་ལྟར་ཁྱེད་རང་ཡུམ་མཆོག་མཱ་མ་ཀཱིའི་སྐུར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་བཾ་དམར་སེར་གསལ་བ་དང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་ཐུགས་ཀ་ནས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། ཐམས་ཅད་ཀྱང་དཔལ་རྡོ་རྗེ་བདུད་རྩིའི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པའི་རྣམ་པར་བཞེངས་ནས་རྒྱ་མཚོ་ལ་ཆར་ཆེན་པོ་བབས་པ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་རྫས་དང་རོལ་མོའི་སྒྲ་སྦྱར། རིམ་དབྱེ་ལྔ་པའི་སྒྲུབ་ཆེན་སྐབས་སུ་འབྱུང་བ། ཧཱུྃ༔ རྡོ་རྗེ་བདུད་རྩི་ཉེ་བར་ཞི་བ་མཆོག་གི་དབྱིངས༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་ཡི་རྣམ་པར་བཞེངས༔ སྤྲུལ་པའི་མཁའ་འགྲོ་ཁྲག་འཐུང་མང་པོའི་འཁོར་དང་བཅས༔ དམ་ཚིག་དབང་གིས་མྱུར་དུ་དགོངས་ཤིང་གཤེགས་སུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཕེཾ༔ ཞེས་སྔགས་བཅས་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན། རིལ་བུའི་ཕོ་བྲང་ཐོགས་ལ། བྷཉྫའི་སྣོད་ཡེ་ཤེས་ཀྱི་གཞལ་མེད་ཁང་གི་ནང་དུ་རིལ་བུ་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཐ་མལ་གྱི་སྣང་ཞེན་སྦྱངས། རྡོ་རྗེའི་སྐུའི་ཕྱག་རྒྱ་མངོན་དུ་གྱུར་པར་མོས་ཤིག །ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་སྐུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུའི་སྣོད་མགྲིན་པར་བཞག་མ་ད་ན་དང་སྦྱར་བ་མྱང་དུ་གཞུག་ལ། ལྷ་འོད་དུ་ཞུ་ནས་རིལ་བུའི་གཟུགས་སུ་གྱུར་པས་མགྲིན་པར་བྱིན་གྱིས་བརླབས་ཤིང་བདུད་རྩི་མྱང་བས་ངག་རླུང་གཡོ་རྩོལ་གྱི་སྒྲིབ་པ་དག མི་ཤིགས་གཡུང་དྲུང་ལྟ་བུའི་སྲོག་ཐོབ་པར་མོས་ཤིག །ཨཱ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ བདེ་ཆེན་གསུང་གི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གཡུང་དྲུང་ལྟ་བུའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཝཱ་ཀ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་བྱིན་ལ། ལྷ་དང་དབྱེར་མེད་དུ་གྱུར་པའི་རིལ་བུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་པས་གཟུང་འཛིན་འཁྲུལ་རྟོག་གི་སྒྲིབ་པ་དག །བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་ཡེ་ཤེས་འགྲུབ་པར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་སིནྡྷུ་ར་དང་བསྲེས་པའི་ལྡེ་གུས་སྙིང་ཁར་ཐིག་ལེ་བཀོད་ལ། དམ་རྫས་རིལ་བུའི་ཐིག་ལེ་སྙིང་གར་བཀོད་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་འཕྲོས་ཏེ་ཐིམ། ཤིན་ཏུ་རྣམ་པར་དག་པ་དོན་གྱི་ལྷན་སྐྱེས་མཁའ་ཁྱབ་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཨ༔ རྡོ་རྗེ་སྤྲོས་བྲལ་སྟོང་པ་ཉིད༔ བདུད་རྩི་བདེ་ཆེན་དྲི་མ་མེད༔ ཟུང་འཇུག་ཤིན་ཏུ་རྣམ་པར་དག༔ མཁའ་ཁྱབ་དགོངས་པ་མངོན་གྱུར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་ཧཱུྃ༔ དེས་བདུད་རྩི་རྩ་བའི་དབང་བསྐུར་ལེགས་པར་གྲུབ་ནས། འགྲོ་དོན་ལས་སྦྱོར་རྣམ་དྲུག་གི་རྗེས་གནང་རིམ་པར་སྦྱིན་པ་ལ། བདུད་རྩི་རིལ་བུས་བཅུད་དུ་བལྟམས་པའི་གཏེར་བུམ་བསྟན་ཅིང་གཏད་པས་མཐོང་བས་གྲོལ་བའི་ཕྲིན་ལས་ལ་མངའ་བརྙེས་པར་མོས་ཤིག །དབང་རྫས་རྣམས་བསྒྲག་ཚིག་དང་མཐུན་པར་སོ་སོར་གཏད་པ་སོགས་བྱས་ལ། ཨོཾ༔ བཀྲ་ཤིས་མི་འགྱུར་བརྟན་པའི་དངོས༔ སངས་རྒྱས་སྤྱན་མའི་མཁའ་དབྱིངས་སུ༔ བདེ་ཆེན་བདུད་རྩིའི་གཏེར་སྦས་པས༔ དངོས་གྲུབ་ཡེ་ཤེས་རྒྱས་གྱུར་ཅིག༔ ཨོཾ་བུདྡྷ་ལོ་ཙ་ནི་དྷཱ་ཏུ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ༔ བདུད་རྩིས་བྱིན་གྱིས་བརླབས་པའི་དུང་དཀར་རྣ་བར་བསྒྲགས་པས་ཐོས་པས་གྲོལ་བའི་ཕྲིན་ལས་ལ་དབང་ཐོབ་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཆོས་ཀྱི་སྒྲ་ཆེན་ལྡན༔ རྡོ་རྗེ་སྙེམས་མའི་ཡེ་ཤེས་དང༔ བདེ་ཆེན་བདུད་རྩི་མཉམ་སྦྱོར་བས༔ སངས་རྒྱས་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཧཱུྃ་སཏྭ་བཛྲཱི་ཎཱི་ཤབྡ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ བདུད་རྩི་སྤོས་དང་སྦྱར་བ་སྣར་བདུག་པས་ཚོར་བས་གྲོལ་བའི་ཕྲིན་ལས་ལ་བྱང་ཆུབ་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཟག་མེད་ཡེ་ཤེས་དྲི༔ དམ་ཚིག་སྒྲོལ་མའི་ཤུགས་འཆང་བ༔ བདེ་ཆེན་རྡོ་རྗེ་བདུད་རྩི་ཡི༔ ཡེ་ཤེས་འབེབ་པ་ཉིད་གྱུར་ཅིག༔ ཨོཾ་ཏཱཾ་ཏཱ་ར་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཧཱུྃ་ཧཱུྃ༔ མྱོང་གྲོལ་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། རང་ཉིད་རྡོ་རྗེ་བདུད་རྩིའི་ལྗགས༔ པདྨ་དམར་པོ་འདབ་བརྒྱད་པའི༔ ཟེའུ་འབྲུར་ཨཱཿཡིག་དམར་པོས་མཚན༔ མཐེ་བོང་པདྨ་གར་དབང་དང༔ སྲིན་ལག་གོས་དཀར་ཡུམ་དུ་གསལ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྗགས་ཀྱི་ཨཱཿལ་ཐིམ་པ་ཡིས༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་ཆུ་རྒྱུན་རབ་ཏུ་འཕེལ༔ མགྲིན་པ་ནས་བརྒྱུད་ལུས་ཀུན་གང༔ ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས༔ བདེ་ཆེན་ཡེ་ཤེས་མཆོག་ཏུ་རྒྱས༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨོཾ༔ བཀྲ་ཤིས་འཆི་མེད་བདུད་རྩིའི་བཅུད༔ གོས་དཀར་ཡུམ་གྱི་པདྨ་ལས༔ རྡོ་རྗེའི་ལྗགས་ཀྱིས་རབ་མྱངས་པས༔ དངོས་གྲུབ་རྣམ་གཉིས་བརྟན་པར་ཤོག༔ ཨོཾ་པཱཾ་པཎྜ་ར་བ་སི་ནཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་རིལ་བུ་མྱང་དུ་གཞུག །བདུད་རྩི་དྲི་དང་སྦྱར་བ་ལུས་ལ་བྱུགས་པ་དང་རིལ་བུ་མགུལ་དུ་བཏགས་པས་རེག་པས་གྲོལ་བའི་ཕྲིན་ལས་ཀྱི་རྩལ་རྫོགས་པར་མོས་ཤིག །ཨོཾ༔ བཀྲ་ཤིས་ཡིད་བཞིན་རིན་ཆེན་བཅུད༔ རེག་བྱ་མཱ་མ་ཀཱི་དང་སྦྱར༔ གང་གིས་འཆང་དང་རེག་པ་ཀུན༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བཾ་མཱ་མ་ཀཱི་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཏིཥྛནྟུ་པུཥྚིཾ་ཀུ་རུ་ཨོཾ༔ བདུད་རྩི་ཀླུ་སྨན་དང་སྦྱར་བ་གཏད་པས་ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་མཐའ་རུ་ཕྱིན་པར་མོས་ཤིག །ཨོཾ༔ རྡོ་རྗེ་བདུད་རྩིའི་བྱིན་རླབས་དང༔ རིན་ཆེན་མཱ་ཀཱིའི་བདེན་སྟོབས་ཀྱིས༔ སྲིད་པའི་རླན་གྱིས་ཁྱབ་ཚད་ཀུན༔ བདེ་ཆེན་ཡེ་ཤེས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཨརྠ་སིདྡྷི་སིདྡྷི་སྭཱ་ཧཱ༔ དེ་ལྟ་བུའི་མཆོག་གི་ལས་སྦྱོར་དམ་རྫས་བདུད་རྩི་ཆེན་པོ་འདི་ཉིད་ཀྱི་ངོ་བོའི་ཡོན་ཏན་དང་ཚུལ་བཞིན་སྒྲུབ་པའི་ཕན་ཡོན། གྲོལ་བ་དྲུག་གི་ལས་ལ་སྦྱོར་བའི་དགོས་པ་རྣམས་གཏེར་གཞུང་རྡོ་རྗེའི་གསུང་ལས་འདི་སྐད་དུ། དེ་ལྟར་མཆོག་གི་ལས་སྦྱོར་ནི༔ སོགས་རིམ་དབྱེ་ལྔ་པ་ལྟར། བཞི་པའི་ལམ་མཆོག་ཚེ་འདིར་འགྲུབ༔ ཅེས་པའི་བར་བརྗོད། ཅེས་གནས་སྐབས་དང་མཐར་ཐུག་གི་དགོས་པ་ཕན་ཡོན་མཐའ་ཡས་པ་དང་ལྡན་ཅིང་བླ་ན་མེད་པའི་དམ་ཚིག་གི་གཙོ་བོར་གྱུར་པས་སྔགས་ཀྱི་རྣལ་འབྱོར་ལ་སྤྱོད་པ་རྣམས་ཀྱིས་འབད་པས་སྒྲུབ་ཅིང་བསྟེན་དགོས་པར་གདམས་པའང་གཞུང་འདི་ཉིད་ལས། དེ་ཕྱིར་གསང་བའི་རྒྱུད་ཆེན་པོ༔ སོགས་ནས། ལམ་གྱི་མཚམས་སྦྱོར་ཡང་དག་གོ༔ ཞེས་ལེགས་པར་གསུངས་པ་ལྟར་བློ་ལྡན་རྣམས་ཀྱིས་ཚུལ་འདི་ལ་ཅིས་ཀྱང་འབད་པར་འཚལ་ལོ། །དེ་ནས་ལས་བྱང་ལྟར། ཨོཾ༔ དགེ་བ་འདི་ཡིས་སོགས་དང་། རྡོ་རྗེ་ཉི་མའི་རིགས་ལས་སོགས་བཀྲ་ཤིས་ཀྱི་གླུ་བླང། དེ་ལྟ་བུའི་བདུད་རྩི་སྨན་གྱི་དབང་བསྐུར་ཟབ་མོ་ཐོབ་པའི་ཕན་ཡོན་ཀྱང་གཞུང་ལས། དབང་འདིར་གང་གིས་འབྲེལ་བ་ཀུན༔ མཚམས་མེད་ལས་ཀྱང་ཀུན་བྱང་ནས༔ རིག་འཛིན་གྲུབ་པ་མཆོག་རྣམས་དང༔ སྐལ་བ་མཉམ་པ་ཁོ་ན་འོ༔ ཞེས་གསུངས་པས་མཚོན་ནོ། །གཉིས་པ་ལས་ཐུན་མོང་དུ་སྒྲུབ་པའི་རྗེས་སུ་གནང་བ་རྣམས་སྦྱིན་པ་ལ། རྡོ་རྗེའི་དགང་བླུགས་གཏད་པས་ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་བྱེད་པ་སྲེག་པ་མེའི་ཕྲིན་ལས་ལ་མངའ་དབང་འབྱོར་བར་མོས་ཤིག །དགང་བླུགས་གཏད་ལ། ཨོཾ༔ རྡོ་རྗེ་བདུད་རྩིའི་ཕྲིན་ལས་ཀྱིས༔ རང་དང་གཞན་དོན་རྫོགས་པའི་ཕྱིར༔ རྡོ་རྗེ་མེ་ཡི་སྦྱོར་བ་ཡིས༔ ཞི་དང་རྒྱས་དང་དབང་མངོན་སྤྱོད༔ བདེ་ཆེན་མཆོག་ཏུ་མི་འགྱུར་བའི༔ ཡེ་ཤེས་ཐམས་ཅད་སྒྲུབ་པར་གྱིས༔ བཛྲ་ཨཱ་ན་ལ་སརྦ་ཀརྨ་ཀུ་རུ་ཧོ༔ ལས་སྤྱི་དང་བྱེ་བྲག་པ་རྣམས་ལ་སོ་སོའི་གདམས་ངག་ཀྱང་འབོགས་པར་གསུངས་པས་ལྕོགས་ན་དབང་རྣམས་ཀྱི་རྗེས་སོ་སོར་སྒྲུབ་ཐབས་རྣམས་ཀྱི་ལུང་ཙམ་སྦྲེལ་ན་ལེགས་པར་སྣང་ངོ་། །ཆོས་ཀྱི་དུང་དང་དྲིལ་བུ་གླེགས་བམ་རྣམས་ཕྱག་ཏུ་གཏད་པས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་ཞིང་འགྲོ་དོན་རིས་སུ་མ་ཆད་པར་སྤྱོད་པའི་དབང་བསྐུར་ཐོབ་པར་མོས་ཤིག །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ བསྡུ་བ་རྣམ་བཞིའི་དུང་བུས་ལ༔ ཆོས་ཀྱི་དྲིལ་བུའི་སྒྲ་ཆེན་པོས༔ སེམས་ཅན་ཁམས་རྣམས་སད་པར་གྱིས༔ བཛྲ་བྷཱ་ཥ་གཎྜེ་དྷརྨ་ཙཀྲ་ཀུ་རུ་ཧོ༔ ཞེས་རྗེས་གནང་རྣམས་བྱིན་ནས། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དཔལ་རྡོ་རྗེ་བདུད་རྩིའི་སྨིན་བྱེད་རྩ་བ་ཡན་ལག་བཅས་ལེགས་པར་གྲུབ་པ་ལགས་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོ་ཁྱོད་ཀྱིས་གང་གསུངས་པ༔ དེ་ལྟར་བདག་གིས་རབ་ཏུ་གཟུང༔ སྲོག་ལ་བབ་ཀྱང་སྒྲུབ་ལགས་ན༔ རྟག་ཏུ་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ། དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་འཚལ། ལུས་ལོངས་སྤྱོད་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བྱང་ཆུབ་སྙིང་པོའི་བར༔ བདག་ནི་གཙོ་བོ་ཁྱེད་ཀྱི་འབངས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱང༔ ཆ་ཤས་སྤྱད་ཅིང་བཞེས་མཛད་གསོལ༔ ལན་གསུམ། དཔོན་སློབ་ཐུན་མོང་དུ་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད། སྒྲུབ་ཆེན་དང་འབྲེལ་བའི་སྐབས་མར་མེ་སྨོན་ལམ་དབྱངས་བོར་ལེན་གྱི་ཚུལ་དུ་བྱ། མཚམས་སྦྱོར་སྤྱི་མཐུན་བཅས་ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱས་ལ་སློབ་མ་རང་གནས་སུ་བཏང་ངོ་། །གསུམ་པ་རྗེས་སུ་བྱ་བའི་ལས་ཀྱི་རིམ་པ་ལ་དབང་གི་རྗེས་རིམ་སོང་གྲུབ། ཆོ་གའི་རྗེས་བྱ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྔགས་སྲུང་མའི་གཤམ་ལས་འབྱུང་བ་ལྟར་གཏོར་འབུལ། ཆད་ཐོ། བརྟན་མ་བསྐྱང་བ་རྣམས་དང་། ཨོཾ་ཨཱཿཧཱུྃ༔ ནམ་མཁའ་ལས་བྱུང་སོགས་སྔགས་རྣམས་དང་བཅས་པས་མཆོད། བསྟོད་པ་ཤློ་ཀ་གཅིག་བྱ། ནོངས་བཤགས་དང་ཡིག་བརྒྱ་བརྗོད། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་ལེགས་པར་འགྲུབ་བོ། །འབྲེལ་ཚད་རྡོ་རྗེ་བདུད་རྩི་བདེ་བ་ཆེའི། །རིག་མཆོག་ཕྱག་རྒྱའི་ཡེ་ཤེས་འགྲུབ་འགྱུར་བའི། །བདེན་ཚིག་བསླུ་བ་མེད་པས་བདག་གཞན་ཀུན། །མཆོག་དངོས་གང་དེ་ཚེ་འདིར་མྱུར་འགྲུབ་ཤོག །ཅེས་ཟབ་ཆོས་སྨིན་གྲོལ་གྱི་བགོ་སྐལ་ཐོག་མའི་སྣོད་དུ་གྱུར་པའི་སྐལ་པ་བཟང་པོ་དང་། བསྙེན་སྒྲུབ་ཉམས་ལེན་ཡིད་བདེའི་དཔྱིད་དུ་ཐོབ་པ་རྩིས་བྲལ་གྱི་རྣལ་འབྱོར་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པའི་ཕྱག་བཞེས་དང་གཏེར་གཞུང་གི་དགོངས་པ་ཇི་ལྟ་བར་བལྟས་ཆོག་གི་ལག་ལེན་དུ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-01.jpeg
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-02.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-03.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-04.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-05.jpeg
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-06.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-07.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-08.jpeg
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-09.jpeg
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-10.JPG
RTZ-Tsagli-Dzongsar-A-02-yang gter ra sman rdo rje bdud rtsi-11.JPG
RTZ-Tsagli-JA-22-rdo rje bdud rtsi'i bka' srung srog gtad-01.jpg
RTZ-Tsagli-JA-22-rdo rje bdud rtsi'i bka' srung srog gtad-02.jpg
RTZ-Mandala-168-rdo rje bdud rtsi'i rtsa ba'i dkyil 'khor.jpeg
RTZ-Mandala-Dzongsar-04-320-yang gter ra sman rdo rje bdud rtsi.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).