Terdzo-A-007

Revision as of 21:32, 28 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")



Property "Author" has a restricted application area and cannot be used as annotation property by a user. 








དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་གི་སྒྲུབ་པ་རྣམ་གསུམ་ལག་ཏུ་ལེན་པའི་ཟིན་བྲིས་མཐོང་བས་གོ་འབྱེད་

dpal rdo rje bdud rtsi'i yan lag gi sgrub pa rnam gsum lag tu len pa'i zin bris mthong bas go 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ར་མོ་ཤེལ་སྨན་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Ramo ShelmenJamyang Khyentse Wangpo)
in cycle  དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ (Dpal rdo rje bdud rtsi bde ba chen po)
Volume 30 (ཨ) / Pages 175-184 / Folios 1a1 to 5b5

[edit]

དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་གི་སྒྲུབ་པ་རྣམ་གསུམ་ལག་ཏུ་ལེན་པའི་ཟིན་བྲིས་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། དཔལ་ལྡན་རྡོ་རྗེ་བདེ་བ་ཆེ། །ཡེ་ཤེས་བདུད་རྩིས་ཀུན་གསོ་མཛད། །ཧེ་རུ་ཀ་དཔལ་བླ་མ་རྗེར། །བཏུད་ནས་རྣམ་གསལ་ལག་ལེན་དགོད། །དཔལ་རྡོ་རྗེ་བདུད་རྩིའི་རྩ་བའི་བསྙེན་སྒྲུབ་ལེགས་པར་ཐེམས་པའི་རྣལ་འབྱོར་པས་ལས་ཀྱི་ཡན་ལག་རྣམ་གསུམ་ལག་ཏུ་ལེན་པ་སྐབས་སུ་བབས་པ་ན། དང་པོ་བདུད་རྩི་འཁྱིལ་བའི་ཁྲུས་ཆབ་སྒྲུབ་པ་ལ། སྟེགས་བུའི་དབུས་སུ་བུམ་པ་མགུལ་ཆིངས་ལྗང་གུ་ཁ་རྒྱན་ཅན། འཆད་འགྱུར་བུམ་རྫས་རྣམས་དང་དྲི་བཟང་སྦྱར་བའི་ཆུས་བཀང་པ་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། རྒྱབ་ཕྱོགས་སྟེགས་ཅུང་ཟད་མཐོ་བར་བདག་བསྐྱེད་མཆོད་གཏོར་ཟུར་དུ་བཤམ་ན་ལེགས། བུམ་པའི་རྫས། ཀུ་ཤ་བནྡྷ་ཞེས་འབྲས་བུ་ཡོད་པ་རྙེད་ན་རབ། དཀྱུས་སུ་རྒྱ་གར་ནས་བྱུང་བའི་ཀུ་ཤ་སྔོ་ལྗང་ལེགས་པ། པྲི་ཡང་ཀུ་གཞོན་ནུ། སྤང་སྤོས་རྩ་བ་སྟོན་དུས་བརྐོས་པ། ཤུ་དག་དཀར་པོ། མཁན་དཀར་གྱི་ལོ་མ་རྣམས་ལ་གཞི་བྱས། སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་རྣམས་དང་། ཙནྡན་དཀར་དམར། ག་པུར་རྣམས་ཀྱང་ལྷན་ཅིག་ཏུ་སྦྱར་ལ་ཕྱེ་མ་ལེགས་པར་བྱ། ཁྲུས་སྒྲུབ་ལན་གཅིག་གྲངས་ཚད་རྫོགས་པར་བྱས་ནས་ཕྱིས་ནམ་དགོས་སུ་སྤྱད་རྒྱུ་བུམ་རྫས་ཉིད་ཡིན་པས་ཐོག་མ་ནས་བུངས་མང་བར་བསགས་ལ་རྫ་བུམ་ལྟ་བུའི་སྣོད་ཆེ་བ་ཞིག་ཏུ་བླུགས། དེ་ཉིད་རྣམ་བུམ་དང་ལྷན་ཅིག་གམ་སྟེང་འོག་བརྩེགས་མར་བཞག་ལ་གཟུངས་ཐག་གདགས། དུང་ཆུ། ཚོགས་མཆོད། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་ཚོགས་པར་བྱའོ། །སྒྲུབ་ཕྲན་འདི་རྣམས་ཀྱི་སྐབས་སུའང་ཐོག་མར་བདེ་བ་ཆེན་པོ་བླ་མའི་ལས་བྱང་ཚར་རེ་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ལ་མ་ལྕོགས་ནའང་འགལ་བ་མེད། བདག་བསྐྱེད་རྡོ་རྗེ་བདུད་རྩིའི་རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་པ་གཉིས་པོ་ཅི་འགྲུབ་ཆ་སྙོམས་བཟླ། སྟོང་ཚིགས་མཆོད་བསྟོད་ཕུལ། སླར་མདུན་གྱི་མཆོད་གཏོར། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ སོགས་ཀྱིས་བྱིན་བརླབ། གཞུང་གི་རིམ་དབྱེ་གཉིས་པ་ལྟར་བུམ་པ་བསང་སྦྱང་། ལྷ་བསྐྱེད་སྤྱན་འདྲེན་བཅས་སོང་ནས། བདུད་རྩིའི་རྩ་བའི་ཕྲིན་ལས་ལྟར། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔ སོགས་འགུགས་བསྟིམ། དབང་བསྐུར་རྒྱས་གདབ། ཕྱག་མཆོད་རཀྟ་པི་པཱ་ཧོའི་བར་ཚང་བར་གཏང་། ཧཱུྃ༔ གང་ཞིག་དྲན་པ་སོགས་ཤློ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླངས་ལ་རང་གི་ཐུགས་ནས་སོགས་བཟླས་དམིགས་རྩེ་གཅིག་ཏུ་བྱས་ཏེ། ཐོག་མར་འབྲུ་ལྔ་ཁོ་ན་བཟླ། ཐུན་མཐར་ལས་སྦྱོར་བཟླས་པ་ཅུང་ཟད་བྱ། རྩ་བསྙེན་གྲངས་ཐེམས་ནས་ཐུན་འགོ་ལ་སྟོང་ཙམ་དང་། བཟླས་པའི་དངོས་གཞི་ལས་སྦྱོར་སྔགས་ལ་འབད། ཐུན་མཐར་སྔགས་ཙམ་གྱིས་མཆོད། ཤློ་ཀ་གཅིག་གིས་བསྟོད། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་མཆོད་ཡོན་ཕུལ་བས། བདུད་རྩི་འཁྱིལ་བ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བསྒོམ། ཐུན་གསུམ་མམ་བཞི་སོགས་གང་བྱེད་ཀྱང་བདག་བསྐྱེད་ཐོག་མར་སོང་བས་འཐུས། ཐུན་ཕྱི་མ་རྣམས་ལ་མཆོད་ཁ་གསོས་ལ་བྱིན་བརླབ་ནས་བཟུང་། བུམ་བསྐྱེད་བཟླས་པ་དང་བཅས་པ་བསྐྱར། ཐུན་རྗེས་མའི་བུམ་ལྷ་འོད་ཞུ་གྲུབ་ནས། སྲུང་མའི་གཏོར་ཆོག་གཏང་། ལས་གཞུང་གི་ཚོགས་དང་། སྔགས་སྲུང་མའི་གཤམ་ལྟར་ཆད་མདོ་བརྟན་སྐྱོང་། གཏང་རག་མཆོད་བསྟོད་ནོངས་བཤགས་དང་བདག་བསྐྱེད་བསྡུ་ལྡང་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་བྱས་པས་གྲུབ། བསྙེན་ཚད་རྩ་བསྙེན་འབྲུ་ལྔ་འབུམ་ཕྲག་གཅིག །ལས་སྦྱོར་ཁྲི་ཕྲག་གཅིག་ཏུ་བཤད་པ་ནི་བསྐལ་དུས་བཟང་པོའི་དབང་དུ་མཛད་པ་ཡིན་ལ། དེང་སང་རྩོད་དུས་སྙིགས་མའི་སྐབས་འདིར་གྲངས་ཚད་ལས་སུམ་འགྱུར་རམ་བཞི་འགྱུར་བཟླ་དགོས་པར་བཤད་པས་དེ་ལྟར་གྲུབ་ན་ནུས་མཐུ་གཞུང་ལས་གསུངས་པ་བཞིན་འབྱུང་བར་ངེས་པ་ནི་ཕྱི་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཁྲུས་སྒྲུབ་གྲུབ་པའི་ཚེ། བུམ་ཆུས་ལྷ་ཁྲུས་རི་ཁྲུས་ཁྱིམ་ཁྲུས། གནས་ཁང་ལྷ་རྟེན་རང་གཞན་རྣམས་ལ་འཐོར་ཞིང་འཐུང་བ་དང་། གཞུང་གསལ་བསྒྲུབ་བྱ་རྗེས་འཛིན་སོགས་བྱ་བ་དང་། སྔར་བུམ་རྫས་ཕྱེ་མ་ཟུར་དུ་ཡོད་ན་དེ་ལ་བསྲེ་ཞིང་འདྲེས་པར་འཕུར་ལ་རིལ་བུའམ་ཕྱེ་མ་གང་བདེར་བྱས་ཏེ་ཁྲུས་ཀྱི་བྱ་བ་གཞན་དག་ལའང་བསྲེས་ན་བྱིན་རླབས་དང་ནུས་མཐུ་མཆོག་ཏུ་ཆེའོ།། ༈ །།གཉིས་པ་ཧཱུྃ་མཛད་ཆེན་པོའི་བདུག་པ་སྒྲུབ་པ་ལ། ཐོག་མར་སྒྲུབ་གཞི་བདུག་པ་ཉིད་ལེགས་པར་བསྡུ་སྦྱོར་བྱ་དགོས་ཏེ། དེའང་སྤང་སྤོས་དུས་བརྐོས། གླ་རྩི། ཤུ་དག་ནག་པོ། གུ་གུལ་ནག་པོ། ཡུངས་དཀར། ཨ་ག་རུ་ནག་པོ། ཡུང་བ་སེར་པོ། ཏོང་ཀུ །སྤྲུ་ནག །རྒྱ་སྤོས་པའི་རྩ་བ། ཤིང་ཚ། མཁན་དཀར། གུར་གུམ། ཙནྡན་དཀར་པོ། རུ་རྟ་བཅས་སྨན་སྣ་བཅོ་ལྔ་པོ་ཚོགས་པར་བྱས་ལ་ལེགས་པར་བཏུལ། སྐྱེ་བདུན་གྱི་ཤ་དང་། རིང་བསྲེལ་གྱི་རིགས། བདུད་རྩི་ཆོས་སྨན་སེལ་མེད་རྣམས་ཆུར་སྦྱངས་པ་ཕབས་གཏར་འདེབས། ཁྱེའུ་ལོ་བརྒྱད་ལོན་པའི་དྲི་ཆུ་བར་པས་རིལ་བུར་དྲིལ་བའམ། ཡང་ན་རེང་བུ་བྱ་བར་གསུངས་ཀྱང་ཕལ་ཆེར་ཕྱེ་མ་ཉིད་སྟབས་བདེ་བས། རིལ་བུ་སོགས་ཉུང་ཙམ་དང་། ཕྱེ་མ་དང་ཕབས་གཏས་སྦོལ་བའི་ཕུར་མ་མང་དུ་བྱ། ཐོད་སྣོད་དུ་བླུགས་དགོས་ཀྱང་མི་ཤོང་ན་རས་ཁུག་སྔོན་པོ་ལྟ་བུར་བླུགས་ལ་ཐོད་པར་བཅུག །དེ་ཉིད་སྟེགས་བུའི་དབུས་སུ་དཔྲལ་བ་རང་ལ་བསྟན་ཏེ་བཞག་པའི་མདུན་དུ་སྨན་རག་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར། རྒྱབ་ཕྱོགས་སྟེགས་ཅུང་ཟད་མཐོ་བར་བདག་བསྐྱེད་ཀྱི་མཆོད་གཏོར་བཤམ་པ་སོགས་ཉེར་མཁོའི་རིགས་རྣམས་ཚོགས་པར་བྱས་ནས། ཐུན་དང་པོར་བླ་སྒྲུབ་ལྕོགས་མིན་སྐབས་དང་བསྟུན། རྡོ་རྗེ་བདུད་རྩི་རྩ་བའི་ཕྲིན་ལས་ཚུལ་བཞིན་བཏང་ལ་བདག་བསྐྱེད་ཀྱི་སྒོམ་བཟླས། སྟོང་ཚིགས་མཆོད་བསྟོད་བཅས་གྲུབ་པར་བྱ། མདུན་བསྐྱེད་ཀྱི་མཆོད་པ་བདུད་རྩིའི་ལས་བྱང་ལྟར་བྱིན་བརླབ། རིམ་དབྱེ་གསུམ་པ་ལྟར། མདུན་རྟེན་བདུག་པ། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཕཊ༔ ཀྱིས་བསང་། ཨོཾ་སྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ གིས་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ༔ སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན། ལས་བྱང་གི །ཧཱུྃ༔ རྡོ་རྗེ་དགའ་བ་སོགས་ནས། རཀྟ་པི་པཱ་ཧོའི་བར་གྱི་དགུག་བསྟིམ་དབང་བསྐུར་ཕྱག་མཆོད་རྣམས་གྲུབ་ནས། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ སོགས་ཀྱིས་བཟླས་པའི་དམིགས་པ་རྩེ་གཅིག་པས། ཐོག་མར་རྩ་བའི་འབྲུ་གཅིག་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་ལས་སྦྱོར་ཁྱུག་ཙམ་བཟླ། རྩ་བསྙེན་ཐེམས་ནས་ཐུན་འགོར་སྟོང་རྩ་ཙམ་དང་། བཟླས་པའི་དངོས་གཞི་ལས་སྦྱོར་སྔགས་ལ་འབད། ཐུན་མཐར་མཆོད་བསྟོད་མ་གསུངས་ཀྱང་སྟོང་ཚིགས་འབུལ་བ་སྤྱི་ལུགས་ཡིན་པས། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ཀྱང་འགལ་བ་མེད། ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་སྟེ་རྫས་ལ་ཐིམ་པས་ཧཱུྃ་མཛད་ཆེན་པོའི་ནུས་མཐུའི་སྟོབས་ཡོངས་སུ་རྫོགས་པའི་རྡོ་རྗེའི་བདུག་པར་གྱུར། ཅེས་མོས་ལ་རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱའོ། །ཐུན་ཕྱི་མ་རྣམས་ལ་མཆོད་པ་ཁ་གསོས་ཏེ་བྱིན་བརླབ་ནས་བརྩམ་བཤད་མ་ཐག་པའི་མདུན་བསྐྱེད་ཀྱི་སྒོམ་བཟླས་ཉིད་བསྐྱར། ཐུན་རྗེས་མའི་གཤམ་དུ། སྲུང་མའི་གཏོར་ཆོག །ལས་གཞུང་གི་ཚོགས་མཆོད། ཆད་བརྟན། རྗེས་ཆོག་རྣམས་ཁྲུས་སྒྲུབ་སྐབས་སུ་བཤད་པ་ལྟར་བྱ། གྲངས་ཚད་རྩ་བའི་ཧཱུྃ་བཟླས་ཆིག་འབུམ། ལས་སྦྱོར་ཆིག་ཁྲིར་བཤད་ཀྱང་ནུས་རྟགས་ཐོན་པ་དཀའ་བས་བཞི་འགྱུར་ཙམ་ཐོན་ན་ལེགས་སོ། །དེ་ལྟར་ཚུལ་བཞིན་བསྒྲུབས་པའི་བདུག་པ་ཉིད་རང་གཞན་གྱི་སྣ་ལ་བདུག་པ་དང་། ཁར་བཟའ་བ་དང་། ལུས་ལ་བྱུགས་ཤིང་རྐེར་བཏགས་པ་སོགས་བྱས་ན་ནད་གདོན་བགེགས་དང་སྡིག་སྒྲིབ་ཞི་བར་བྱེད་ཅིང་སྒྲུབ་པ་ཆེན་པོའི་བགེགས་བསྐྲད་པ་དང་ནད་པ་གདོན་ཅན་དང་གནས་རྟེན་འདྲེ་ཅན་སོགས་ལ་བདུག་ན་ལྷག་པར་བསྔགས་སོ།། ༈ །།གསུམ་པ་རིན་ཆེན་མཱ་མ་ཀཱི་ལ་བསྟེན་ནས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་མ་ད་ན་སྒྲུབ་པ་ནི། སྒྲུབ་གཞི་ཆང་གི་རྒྱུ། ནས། འབྲས། གྲོ། སད་རུལ་སོགས་སྐྱོན་མེད་པ་རྡུལ་སོགས་གཙང་བར་བྱས་པ་ཞོ་གཅིག་ལས་མི་ཉུང་བ་དང་། མེ་ཏོག་དམར་པོ་དང་ཤིང་ཏོག་ལེགས་པ་གང་འཛོམ། སེ་འབྲུ། སྐྱུ་རུ་ར། ཕོ་རིལ་དཀར་པོ། བཟང་དྲུག །གི་ཝཾ། ག་པུར། གུར་གུམ་སོགས་རོ་ནུས་བཟང་ཞིང་དྲི་ཞིམ་པ་རྣམས་དང་། སྦྲང་རྩི་བཅས་ཚོགས་པར་བྱ། ཆང་ཕབས་ལམ་སོང་ལེགས་པ། བཙོ་སྣོད་ཁོག་མ་དང་། བསྙལ་སྣོད་ཟངས་དཀར་ལྟ་བུ་ཕྱི་གཙང་བྱས་པ། ཁེབས་ལོངས་མ་སྤྱད་པའི་ཕྱིང་དཀར་སོགས། སྒྱེད་བུ་མི་དང་ཁྱིས་མ་འགོང་བའི་ས་གཙང་ནས་རྡོ་དཀར་རམ་རྡོ་ནག་གང་བདེ་གསུམ། བཙོ་སྤྱད་རྒྱུན་འབབ་ཀྱི་ཆུ་ཀླུང་ཆེན་པོའི་ཆུ། གདན་ཀུ་ཤ་སོགས་ཚང་བར་བསགས་ལ། སྒྲུབ་པའི་གནས་གཙང་ཞིང་དབེན་པར་དུས་ཚེས་གཟའ་སྐར་བཟང་པོའི་སྔ་དྲོའི་ཆར་རྟེན་བཀྲམ་ཞིང་བདག་བསྐྱེད་ཀྱི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་ཇི་ལྟར་བདེ་བ་བཤམས་ལ། བདེ་བ་ཆེན་པོ་བླ་མའི་ཕྲིན་ལས་དང་། རྡོ་རྗེ་བདུད་རྩིའི་ལས་བྱང་བཏང་ནས་བདག་བསྐྱེད་བཟླས་པ་བཅས་བྱ་ཞིང་དེའི་ཚེ། རྒྱུན་འབབ་ཀྱི་ཆུ་ལ་ནས་འབྲས་གྲོ་དང་མེ་ཏོག་ཤིང་ཏོག་རྣམས་ལྷན་ཅིག་ཏུ་བཙོ། སེ་འབྲུ་སོགས་ཀྱང་མཉམ་དུ་བཙོས་པས་ཆོག་མོད། དེ་གསུམ་བུངས་ཆེར་མེད་ན་བཟང་སྨན་རྣམས་དང་ལྷན་ཅིག་ཕྱེ་མ་བྱ། མདུན་དུ་སྟེགས་བུ་ཁེབས་གཙང་མས་བཀབ་པའི་སྟེང་དུ་ཀུ་ཤའི་གདན་བཀྲམ། སྒྱེད་བུ་གསུམ་བརྟན་པོར་བཀོད་པའི་དཀྱིལ་དུ་ཐོད་པ་མཚན་ལྡན་འབྲུས་བཀང་བ་ཞིག་ཀྱང་དཔྲལ་བ་རང་ལ་བསྟན་ཏེ་བཞག །ཆན་ལ་གཏེར་ཁ་འདི་ཉིད་ལས་བྱོན་པའི་བདུད་རྩིའི་ཕབས་རྒྱུན་རྙེད་ན་རབ། མ་རྙེད་ན་སེལ་མེད་ཀྱི་ཆོས་སྨན་དང་བཟང་སྨན་གྱི་ཕྱེ་མ་ཆང་ཕབས་རྣམས་ལག་ལེན་སྤྱི་ལྟར་བཏབ། བསྙལ་སྣོད་ཁེབས་རྣམས་དྲོད་ལ་བསྲོ། ནམ་ཟླ་དང་བསྟུན་པའི་དྲོད་མཐོ་དམན་ཚོད་ཟིན་པར་བྱས་ཏེ་སྣོད་དུ་བླུགས། སྒྱེད་བུའི་སྟེང་དུ་བཞག་ལ་ཁེབས་ཀྱིས་ལེགས་པར་གཡོགས་པའི་སྟེང་ནས་དར་རས་གཙང་མས་བཀབ། ཧཱུྃ་མཛད་ཀྱི་བདུག་པས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། བདུད་རྩི་འཁྱིལ་བའི་ཁྲུས་ཀྱིས་བཀྲུ་བ་རྣམས་བདུད་རྩིའི་སྒྲུབ་ཁོག་ལྟར་བྱ། མདུན་དུ་རིན་པོ་ཆེའི་སྣོད་དུ་འོ་མ་གཙང་མ་ལ་ཀླུ་སྨན་བཏབ་པ་གསུམ་བཤམས་པ་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། སྤོས་དཀར་དུད་པས་སྒྱེད་བུ་སོགས་བདུག་ལ། སྒྲུབ་གཞི་དམ་ཚིག་རྫས་ཀྱི་གནས་མལ་སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་ཀླུའི་རྒྱལ་པོ་ཆེན་པོ་ཆུ་བདག་ཝ་རུ་ཎ་དཀར་པོ། མཐའ་ཡས་སྔོན་པོ། ནོར་རྒྱས་སེར་པོ་གསུམ་ཀའང་སྟོད་ལྷའི་ལུས་ལ་ཞི་ཞིང་འཛུམ་པའི་ཉམས་ཅན། སྦྲུལ་མགོའི་གདེངས་ཀ་མང་པོ་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཀླུ་རྒྱལ་གསུམ་པོ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་གྱུར། ཅེས་པ་རྣམས་ཀྱིས་གསལ་བཏབ་ལ་རིམ་དབྱེ་བཞི་པའི་ནང་ལྟར། ཨོཾ་ཝ་རུ་ཎཱ་སོགས་གཏོར་སྔགས་ལན་བདུན་གྱིས་གཏོར་མ་ཕུལ་ལ་གཙང་སར་གཤེགས། ཚིགས་བཅད་ཀྱིས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱས་པས། སྔོན་གྱི་དམ་ཚིག་དྲན་ནས་བཀའ་བཞིན་སྒྲུབ་ཅིང་བརྟན་པར་བཞུགས་པར་བསམ། དེའི་མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཇི་ལྟར་རིགས་པ་བཤམས་ལ། སླར་ཡང་བདུད་རྩིའི་ལས་བྱང་གི་བྱིན་འབེབ་ནས་བརྩམ། མཆོད་བརླབ་བསྐྱེད་བསྟིམ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་མདུན་རྟེན་ཐོག་མར་བདུད་རྩིའི་དཀྱིལ་འཁོར་དུ་བསྒྲུབ་ལ། ཞི་དྲག་གི་དམིགས་བཟླས་ཉུང་ན་སུམ་བརྒྱ་རེ། མང་ན་ལྔ་བརྒྱ་རེ་ཙམ་བཟླ། དེ་ནས་ཚིགས་བཅད་ཀྱིས་ཐུགས་དམ་བསྐུལ་ཞིང་རིན་ཆེན་མཱ་མ་ཀཱིའི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་ནི། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་སོགས་ཚང་བར་བརྗོད་ཅིང་ཏིང་ངེ་འཛིན་གསལ་ལ་བརྟན་པས། ཨོཾ་བཾ་རཏྣ་མཱ་མ་ཀཱི་སོགས་བཟླས་པའི་དངོས་གཞི་ཡིན་པས་རྩེ་གཅིག་ཏུ་བཟླ། ཐུན་མཐར་སྟོང་ཚིགས་དང་། འགྲུབ་ན་ཐུན་རེ་རེ་བཞིན་ཚོགས་མཆོད་འབུལ། གང་ལྟར་རྡོ་རྗེའི་བདུག་པ་དང་ཕུར་བུ་འདྲིལ་ཞིང་ཁྲོལ་སྒྲུབ་ལས་འབྱུང་བའི་སྔགས་ཚིག་གིས་ཕུར་གདབ་ལྟ་སྟངས་ཧཱུྃ་སྒྲ་བཅས་པས་བགེགས་བསྐྲད། སྔོན་ནས་བསྒྲུབས་པའི་མ་ད་ན་ཡོད་ན་ཆང་དང་སྦྱར་བ་དང་མེད་ན་ཆོས་སྨན་ཆང་སྦྱར་འཐོར། དྲི་ཞིམ་པའི་སྤོས་བསྲེག །དར་སྣའི་གཡབ་མོ་བཅས་སྔ་མའི་འཕྲོས་སུ་འབྱུང་བའི་བྱིན་འབེབ་རྒྱས་པར་བྱས་པས་ཐུན་གཅིག་གྲུབ། ཐུན་གཉིས་པ་ལ་མཆོད་པ་ཁ་གསོས་ཏེ་མཆོད་བརླབ་ནས་བརྩམ། མདུན་རྟེན་བསྐྱེད་བཟླས་ལན་གཅིག་བསྐྱར་བ་སྔ་མས་འགྲེ །ཐུན་རྗེས་མར་སྟོང་ཚིགས་ཕུལ་བའི་འཕྲོས། སྲུང་མའི་གཏོར་ཆོག །ཚོགས་མཆོད་ཆད་བརྟན། རྗེས་ཀྱི་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཁྲུས་སྒྲུབ་ཀྱི་སྐབས་སུ་བཤད་པ་ལྟར་དང་། དགོང་མོའི་ཐུན་མཚམས་སུ། ཕུར་གདབ། བྱིན་འབེབ་རྒྱས་པར་བྱ། དེའི་བསྙེན་ཚད་འབུམ་ཕྲག་གཅིག་ཏུ་གསུངས་པ་ནི་ངེས་པར་འགྲོ་དགོས་ལ། ཆང་ལངས་པའི་ཚད་ཞག་གསུམ་ལ་བྱེད་དུས་སྒྲུབ་པ་པོ་གཅིག་གིས་འགྲུབ་ཐབས་མེད་པས་སྒྲུབ་གྲོགས་བཅུ་ཙམ་ཡོད་དགོས་པར་འདུག་ཅིང་། གལ་ཏེ་འབྱོར་པ་དམན་པས་གཅིག་སྒྲུབ་ལས་བྱ་ཐབས་བྲལ་ན། ཐོག་མ་ནས་དྲོད་ཅུང་དམའ་བ་དང་ལངས་ཟིན་ནས་ཁེབས་བསལ་ཏེ་བཞག་ལ་ཉིན་མཚན་ཐུན་བཞིར་བཅད་དེ་བསྙེན་གྲངས་འགྲོ་ངེས་པ་གལ་ཆེའོ། །དེ་ལྟར་ཉིན་གྲངས་གང་བྱེད་ཀྱང་ནངས་མོའི་ཐུན་དང་པོར་བདག་བསྐྱེད་བཟླས་པ་བཅས་གྲུབ་ནས། ཀླུ་གཏོར་འབུལ་བ་ཉིན་དང་པོ་དེ་ཀས་འཐུས་ཀྱང་སྐབས་འདིར་ཚར་རེ་གྲུབ་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་ལ། ཐུན་གཞན་རྣམས་ལ་མདུན་བསྐྱེད་ཁོ་ན་བསྐྱར་བ་དང་། ཐུན་རྗེས་མར་གཏོར་འབུལ་སོགས་ཀྱང་གོང་དུ་སྨྲོས་པ་ལྟར་རོ། །དེ་ལྟར་གྲུབ་པའི་ནངས་མོ་བདག་མདུན་བསྐྱེད་བཟླས། གཏོར་ཆོག །ཚོགས་མཆོད། ཆད་བརྟན། གཏང་རག་མཆོད་བསྟོད་བཅས་གྲུབ་ནས་དངོས་གྲུབ་བླང་བའི་ཕྱིར། སྤྲོ་ན་འདི་ཉིད་ཀྱི་དབང་བསྐུར་བདག་འཇུག་གི་ཚུལ་དུ་ལེན་པའམ། བསྡུ་ན་བདུད་རྩིའི་ལས་བྱང་གི་དངོས་གྲུབ་བསྐུལ་ཚིག་བརྗོད། མ་ད་ནའི་སྔགས་ལ། ཀཱ་ཡ་སིདྡྷི་སོགས་བཏགས་པ་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུགས་ལ་སླར་བཞག །ལྷ་མོ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བདུད་རྩིའི་གཟུགས་སུ་གྱུར། ཅེས་དམིགས། ཕུད་ནང་མཆོད་དུ་བླུགས་ལས་བྱང་ལྟར་སྨན་མཆོད་བརྒྱུད་མཆོད་བཅས་པ་བྱ། བར་པ་སྔགས་བརྗོད་པས་མྱང་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་དབང་དུ་གྱུར་པར་བསམ། ནོངས་བཤགས། ཚོགས་མགྲོན་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱ་ཞིང་ཐུན་མོང་མ་ཡིན་པའི་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། དེ་ལྟར་བསྒྲུབས་པའི་མ་ད་ན་དེ་ཉིད་ཡོན་ཏན་ནུས་པའི་མཐུ་ཚད་ལས་འདས་པར་གསུངས་པས་ནམ་དུའང་དགོས་གལ་ཆེ་བའི་སྐབས་མང་བ་དང་། ཡང་ཡང་སྒྲུབ་པ་ཐོན་དཀའ་བས་ཡུན་རིང་བཅང་བདེ་བའི་ཐབས། གླུམ་ཉིད་སྐམ་ཐག་ཆོད་པའི་ཚེ་ཕྱེར་བཏགས་ནས་ནམ་དགོས་དུས་ཆང་བཟང་པོ་དང་སྦྱར་ན་ལེགས་པར་སྣང་ཞིང་། ཇི་ལྟར་སྤྱོད་པའི་ཚུལ་གཏེར་གཞུང་ཉིད་ལས་ཇི་སྐད་གསུངས་པ་རྣམས་སྙོམ་ལས་སུ་མ་ལུས་པར་ལག་ལེན་དུ་འདེབས་པར་བྱའོ། །སྒྲུབ་པ་དེ་གསུམ་ཀ་ཞག་བདུན་ལ་སོགས་པ་ཆེད་དུ་སྒྲུབ་པའི་ཚེ་སོ་སོའི་མཇུག་ཏུ་སྦྱིན་སྲེག་ཟུར་གསལ་ལྟར་སོ་སོར་གྲུབ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །མཆོག་དམན་ཀུན་ལ་ཕན་བདེའི་དཔྱིད། །སྟེར་བྱེད་ལས་ཀྱི་སྦྱོར་བ་མཆོག །ཉམས་སུ་ལོངས་པས་འགལ་རྐྱེན་སེལ། །བདེ་ཆེན་ཡེ་ཤེས་དབང་གྱུར་ཤོག །ཅེས་པའི་ཚུལ་འདི་གཞུང་ཉིད་ཞལ་གསལ་བས་ཡིག་ཆུང་གི་ངལ་བ་ལ་ཆེར་མ་ལྟོས་ཀྱང་། བླུན་པོ་དད་པའི་རྗེས་འབྲང་ལ་རྒྱུས་ཤེས་ཀྱི་ལམ་སྟོན་ཙམ་དུ། ༧ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་བཞིན་སྔགས་རིག་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).