Sample

Revision as of 12:45, 24 February 2021 by Mort (talk | contribs)

འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་ཨུཏྤལ་དམར་པོའི་དོ་ཤལ། འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་ཨུཏྤལ་དམར་པོའི་དོ་ཤལ་ཞེས་བྱ་བ། ན་མཿཨཱཪྻ་མཉྫུ་ཤྲི་ཡེཿ དངོས་པོར་གྱུར་པའི་ཆོས་རྣམས་ཀུན། །བདེ་སྟོང་དྲྭ་བར་བསྡམས་པ་ལས། །རྣམ་པ་ཀུན་གྱི་མཆོག་ལྡན་གར། །འཇམ་དཔལ་ཁྱོད་ལ་བདག་འདུད་དོ། ༡ །པདྨ་རཱ་གའི་ཆུན་པོ་ལ། །འཆར་ཀའི་ཉི་གཞོན་གྱིས་འཁྱུད་པའི། །མཚན་དཔེའི་འཇོ་སྒེག་གར་རོལ་པ། །ལྟ་ན་ལྷུན་སྟུག་སྐུ་ལ་འདུད། ༢ །སིམ་པ་མཆོག་སྟེར་གསུང་གི་རྒྱུན། །འཆི་མེད་ཀཏྤུར་དབང་པོའི་རྡུལ། །ཐོས་འཛིན་ཀུནྡཱར་འཇོ་བ་ལས། །ཕན་བདེའི་འཛུམ་ཕྲེང་གྲོལ་ལ་འདུད། ༣ །གཟུང་འཛིན་རྟོག་པའི་དྲི་བཞོན་ཀུན། །སྤྲོས་བྲལ་མཁའ་དབྱིངས་ལ་རོལ་པས། །མཁྱེན་བརྩེའི་སྣང་བའི་འོད་ཕྲེང་གིས། །ཐར་མཆོག་པདྨོ་བཞད་ལ་འདུད། ༤ །རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །གཅིག་ཏུ་བཟླུམས་པའི་ཡེ་ཤེས་སྐུའི། །རྟག་པ་རྒྱུན་གྱི་འཁོར་ལོ་རུ། །གང་འདུ ལ་འགྲོ་རྣམས་སྒྲོལ་ལ་འདུད། ༥ །མདོར་ན་སྲས་བཅས་འདྲེན་པ་ཡི། །སྤངས་རྟོགས་ཡོན་ཏན་ཐམས་ཅད་ཀུན། །རྡོ་རྗེ་གསུམ་གྱི་རོལ་པ་རུ། །ཉེ་བར་སྡུད་ལ་ཕྱག་འཚལ་ལོ། ༦ །སྲིད་དང་ཞི་བའི་ཁམས་ཀུན་ན། །བླ་ན་ཡོད་མེད་མཆོད་པའི་སྤྲིན། །བདག་ཏུ་བཟུང་དང་མ་བཟུང་བ། །ལྷན་སྐྱེས་བློ་ཡིས་དྭངས་པས་མཆོད། ༧ །གང་གི་རྣམ་ཐར་རྒྱ་ཆེ་བ། །དཔག་པར་ནུས་མིན་དེ་ལྟ་ནའང་། །སྙན་ངག་གླུ་རུ་འཇོ་བ་ཡིས། །བློ་ལྡན་རྣམས་ཀྱིས་བསྟོད་པར་བགྱི། ༩ །རྨོངས་གྱུར་འཁོར་བའི་མུན་པ་ཀུན། །འགྱོད་སེམས་སྐྱ་རེངས་ཀྱིས་དྲངས་པའི། །སྟོབས་བཞིའི་ཉིན་བྱེད་གཞོན་ནུ་ཡིས། །ལྷན་ཅིག་མཛའ་བར་ཡང་མི་བགྱིད། ༡༠ །གང་དག་ལེགས་བྱས་ཟླ་བའི་གཟུགས། །གྲགས་པའི་ཟེར་གྱིས་བསུས་པ་ལས། །ཡི་རང་ཀུནྡཱའི་འདབ་མའི་ཁ། །དུས་རྣམས་ཀུན་ཏུ་དབྱེ་བར་བགྱི། ༡༡ །འཁོར་བའི་ཚ་གདུང་གིས་མནར་བའི། །མྱ་ངམ་ཐང་དུ་འཁྱམས་པའི་འགྲོར། །བདེན་གཉིས་སྤྲིན་གྱི་མེ་ཏོག་གིས། །རྟག་པར་ངལ་བསོར་བསྐུལ་མ་འདེབས། ༡༢ །ཞི་བར་དགྱེས་པའི་རྒྱལ་རྣམས་ཀུན། །གསང་གསུམ་མི་བཟད་རྒྱན་འཁོར་ལོར། །དུས་ཀུན་གཡོ་བར་མི་བགྱིད་པར། །གདུལ་བྱའི་ཁམས་ལ་བརྩེ་བར་གསོལ། ༡༣ །དེ་ལྟར་བདག་གིས་འཇམ་དཔལ་མགོན། །བསྟོད་པ་འདིས་མཚོན་ཚོགས་གཉིས་འབྲས། །རྣམ་མཁྱེན་ཞིང་དུ་བཏབ་པ་ཡིས། །ཕན་བདེའི་གེ་སར་རྒྱས་པར་ཤོག ༡༤ །གང་ཞིག་འཆད་ཉན་བསམ་པ་དང་། །ཁ་ཏོན་ཚུལ་བཞིན་བསྒོམ་པ་སོགས། །བདག་གཞན་དོན་དུ་བགྱི་བ་ཡང་། །གེགས་མེད་མྱུར་དུ་འགྲུབ་པར་ཤོག ༡༥ །གང་གི་གསང་གསུམ་སྣང་བ་ཀུན། །སྒོ་གསུམ་ངང་དུ་རོ་གཅིག་པས། །དག་རྫོགས་སྨིན་གསུམ་མངོན་གྱུར་ནས། །སྐུ་གསུམ་མཆོག་ལ་གནས་པར་ཤོག ༡༦ །ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །དཔའ་བོ་ཌཱ་ཀིའི་མདུན་བདར་ནས། །འཕགས་པ་ཉིད་ཀྱི་ཞབས་པད་དུ། །ལུང་བསྟན་དབུགས་དབྱུང་ཐོབ་པར་ཤོག ༡༧ །འདི་ནས་སྐྱེ་བ་ཐམས་ཅད་དུ། །སྨྲ་བའི་ཟླ་བས་རྗེས་བཟུང་ནས། །ཐོས་བསམ་སྒོམ་པའི་ཨུཏྤལ་དཀར། །རབ་རྒྱས་བསྟན་འགྲོར་སྨན་ནུས་ཤོག ༡༨ །མཐར་ཐུག་ས་བཅུ་ལམ་ལྔ་སོགས། །སྤངས་རྟོགས་ཡོན་ཏན་ཡོངས་རྫོགས་པའི། །བྱང་ཆུབ་སྙིང་པོ་ལ་གཤེགས་ཏེ། །མངོན་པར་རྫོགས་སངས་རྒྱས་གྱུར་ཅིག ༡༩ །དེ་ལས་སླར་ཡང་འགྲོ་ཀུན་གྱི། །གདུལ་བྱ་དུས་ལས་མི་ཡོལ་བར། །རྗེས་སུ་འཛིན་མཛད་སྤྲུལ་པའི་གར། །སྲིད་མཐའི་བར་དུ་བསྒྱུར་བར་ཤོག ༢༠ །མདོར་ན་མཁྱེན་དང་བརྩེ་བ་ཡི། །ཡེ་ཤེས་མཚུངས་པ་མེད་འཛིན་པས། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །འཇམ་དཔལ་ཇི་བཞིན་བདག་འགྱུར་ཤོག ༢༡ །དེ་ལྟར་འཇམ་དཔལ་དམར་པོ་སྨྲ་བའི་སེང་གེ་ལ་བསྟོད་པའི་རབ་བྱེད་ཉུང་ངུ་འདིའང་གཞོན་ནུ་ཨ་བྷཱ་ཡས་གང་ཤར་དུ་གསོལ་བ་བཏབ་པའོ།། འཇམ་དཔལ་གཞོན་ནུ་ལ་བསྟོད་པ་བློ་མཆོག་གུར་ཀུམ་གསར་པའི་ཕྲེང་མཛེས།== འཇམ་དཔལ་གཞོན་ནུ་ལ་བསྟོད་པ་བློ་མཆོག་གུར་གུམ་གསར་པའི་ཕྲེང་མཛེས་ཞེས་བྱ་བ། ན་མཿཨཱཪྻ་མཉྫུ་ཤྲཱི་ཀུ་མཱ་རཱ་ཡ། ཀ༷་ལ་པིངྐ་སྒོ་ངར་གནས་བཞིན་ཡིད་འོང་སྒྲ་སྐད་སྙན་སྒྲོགས་ལྟར། །ཁ༷་ན་མ་ཐོའི་སྦུབས་སུ་ཞུགས་ཀྱང་བྱང་ཆུབ་སེམས་དཔའི་མྱུ་གུ་ནི། །ག༷་བུར་འཛིན་པའི་བསིལ་བའི་འོད་ལྟར་རྣམ་རྣམ་ཐར་གསུམ་གྱི་སྟེང་མངོན་པར་འདུ་བྱ་བ་མེད་པས་བསྣན་པའི་ཁྱད་པར་རོ། །ཐར་བཞི་ལྡན་དམ་ཆོས་དབྱངས། །ང༷་བདག་ཚ་གདུང་བསལ་ཕྱིར་འབེབས་ཞེས་བདེན་པར་དམ་ཆོས་པད་དཀར་ལས་གསུངས་དེར་བདག་ཅག་དད། ༡ །ཅ༷་ཅོ་བྲལ་བའི་གུར་གུམ་གཞོན་ནུའི་རྡུལ་གྱིས་བྱུག་པའི་ཡེ་ཤེས་སྐུ། །ཆ༷་བྱད་མཚན་དཔེའི་འཇོ་སྒེག་ལ་རོལ་བཅུ་དྲུག་ལང་ཚོའི་སྣང་བ་ཅན། །ཇ་ཧོང་དམར་སེར། ལྟར་གཡོ་སྣ་ཚོགས་འོད་ཟེར་སྤེལ་ལེགས་ཕྲེང་བས་ལེགས་འཁྱུད་པའི། །ཉ༷་རྒྱས་ཤར་གྱི་ཐིག་ལེ་ཇི་བཞིན་རྙོག་པ་བྲལ་དེར་དྭང་བས་འདུད། ༢ །ཏ༷་ཐཱ་ག་ཏས་ལེགས་པར་གསུངས་པའི་བདེན་པ་གཉིས་ཀྱི་དམ་ཆོས་དབྱངས། །ཐ༷་དད་ཉིད་དུ་རྣམ་པར་བཀྲ་ལས་སླར་ཡང་གསལ་བར་མཛད་པའི་གཉེན། །ད༷་གཟོད་ཁྱོད་ལས་གཞན་དུ་རྙེད་མིན་གལ་ཏེ་མངའ་ཡང་ཁྱེད་ཀྱི་མཐུ། །ན༷་མ་སྤོབས་པའི་ཤེས་རབ་མཆོག་འཛིན་བྱང་སེམས་ཁྱུ་མཆོག་དེ་ལ་འདུད། ༣ །པ༷་སངས་སྤྲིན་བྲལ་མཁའ་ལ་སྒེག་པའི་འོད་ཟེར་འཛུམ་ཕྲེང་གཡོ་བ་ལྟར། །ཕ༷་མཐའ་མི་མངོན་གཟུངས་དང་བློ་གྲོས་རྟོགས་པའི་ཡེ་ཤེས་གཏེར་གྱུར་དེས། །བ་མཆོག་ཙིནྟཱ་མ་ཎི་ལས་ལྷག་ཤེས་བྱའི་བློ་མིག་གྲོལ་བ་ལ། །མ་རིག་རྨོངས་པའི་མུན་པ་བསལ་མཛད་ཚད་མེད་ཐུགས་རྗེའི་གཏེར་ལ་འདུད། ༤ །ཙ༷་ཀོ་ར་ཚོགས་སྤྲིན་བཞིན་འདུ་བའི་ཨུཏྤལ་གཞོན་ནུ་འཇོ་སྒེག་ཕྱག །ཚ༷་ཟེར་ཅན་གྱིས་ཀུན་གསལ་བཞུ་འདྲའི་འོད་སྣང་གཡོ་བའི་རལ་གྲི་དང་། །ཛཱ༷་ཏིའི་མེ་ཏོག་གསར་པ་ལྟར་སྡུག་རབ་མཛེས་གླེགས་བམ་ཟུང་འཛིན་པས། །ཝ༷་ལྟར་ཉུལ་བའི་རྟོག་པའི་རྒྱུན་གཅོད་སོར་རྟོག་ཤེས་རབ་སྟེར་ལ་འདུད། ༥ །ཞྭ༷་ཐོད་ཀུན་སྤངས་ཨུཏྤལ་ལྟར་གནག་རལ་པའི་གདེངས་ཀ་མཛེས་པའི་རྩེར། །ཟ༷་མ་ཏོག་བཞིན་སྣ་ཚོགས་རིན་ཆེན་པདྨོས་མཚན་པའི་འཛུམ་ཞལ་དུ། །འ༷་ཅག་འགྲོ་ཀུན་རྗེས་སུ་བཟུང་ཕྱིར་རིགས་ཀྱི་བདག་པོ་འོད་མཐའ་ཡས། །ཡ༷་བྲལ་ཙམ་མིན་རྟག་ཏུ་བསྙེན་པའི་ངོ་མཚར་དཔག་ཡས་དེ་ལ་འདུད། ༦ །རཱ༷་ཡི་གཞུ་ཅན་ངང་པའི་ཤིང་རྟ་སྤྲིན་ཞོན་མི་བཟད་མིག་ལ་སོགས། །ལ་ལ་ཙམ་མིན་འཇིག་རྟེན་ཆེད་དགུའི་ཐོར་ཚུགས་རིན་ཆེན་ཟུར་ཕུད་རྩེར། །ཤ་ཁྲག་ལས་འདས་སྣང་སྟོང་མཚན་དཔེའི་ཞབས་རྡུལ་བཀོད་ལ་ངོ་མཚར་ཅི། །ས་བཅུའི་ཀློང་དུ་སྙིང་རྗེའི་ངལ་བསོའི་རྒྱལ་ཀུན་ཡབ་ཏུ་གྱུར་དེར་འདུད། ༧ །ཧ་རིའི་ཙནྡན་བསིལ་ངད་ལས་ལྷག་ཐུགས་རྗེའི་ཟླ་ཤེལ་གསར་པ་ནི། །རྟག་ཏུ་གུས་པའི་བདེ་འབྱུང་རལ་རྩེར་བྲལ་ཐོབ་སྤངས་པར་སོན་པ་ལས། །ཨཱ་དཪྵ་ལྟར་རྙོག་པ་བྲལ་བའི་བློ་མཆོག་ཀུནྡཱའི་འདབ་མའི་ཁ། །ཡིད་འོང་དབྱེ་བའི་བྱེད་པོ་གཅིག་གྱུར་ཁྱོད་ཀྱི་ཐུགས་རྗེས་རྟག་ཏུ་སྐྱོངས། ༨ །བྱང་ཆུབ་སྤྱོད་མཆོག་བདུད་རྩིའི་བཏུང་བས་རྨད་བྱུང་ལང་ཚོ་ཆེར་རྒྱས་པའི། །ཨཱ༷ཪྻ་དེ་ཝ་ནགས་ཚལ་དབུས་སུ་མངོན་སུམ་རྗེས་སུ་བཟུང་བ་དང་། །ཙཱནྡྲ་གོ་མིའི་བསྔགས་པའི་རྒྱུད་མང་རབ་སྙན་གཡོ་བས་ཁྱོད་ཀྱི་ཐུགས། །ཀུན་ནས་དགྱེས་གྱུར་གསུང་གིས་དབུགས་དབྱུང་སྩལ་བ་ཇི་བཞིན་བདག་ཀྱང་ཟུངས། ༩ །གང་གི་མཁྱེན་བརྩེའི་ཀུན་ཕན་རྡུལ་ཕྲན་ལན་གཅིག་སྙིང་གར་སོན་པ་ལས། །བརྒྱད་གཉིས་འཇིགས་བཅས་ཚ་གདུང་བཅིལ་དང་རྨོངས་པའི་མུན་པ་རྣམ་པར་འཕྲོག །རིག་པའི་གཞུང་ལུགས་ཨུཏྤལ་དཀར་པོའི་འདབ་བརྒྱ་འབྱེད་དང་ལྷན་ཅིག་པར། །ཐམས་ཅད་མཁྱེན་པའི་གེ་སར་མཛེས་འཛིན་དོན་གཉིས་ཡོངས་སུ་འགྲུབ་གྱུར་ཅིག ༡༠ །དེ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྟོད་པའི་རབ་བྱེད་འདིའང་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ་གཞོན་ནུ་ཨ་བྷཱ་ཡས་ཁྱུ་མཆོག་ཅན་གྱི་ཟླ་བའི་རྒྱལ་བ་གཉིས་པའི་གྲལ་ཚེས་དགེ་བར་གང་ཤར་གསོལ་བ་བཏབ་པ་ཛ་ཡནྟུ།། །། ༈ འཇམ་དཔལ་སྨྲ་བའི་སེང་གེ་ལ་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ་མཚོ་བྱུང་བཞད་པའི་དབྱངས་སྙན། འཇམ་དཔལ་སྨྲ་བའི་སེང་གེ་ལ་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ་མཚོ་བྱུང་བཞད་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཱ་དི་སིཾ་ཧེ་སྟུ་ཏི་སྭ་ར་སྭ་ཏཱི་ཧ་ས་སྱ་སཾ་རཱ་བ་སཱནྟ་ནཱ་མ། བོད་སྐད་དུ། འཇམ་དཔལ་སྨྲ་བའི་སེང་གེ་ལ་བསྟོད་པ་མཚོ་བྱུང་བཞད་པའི་དབྱངས་སྙན་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨོཾ་གྱི་ངོ་བོ་སྲིད་ཞིའི་མཆོག་སྦྱིན༷་མི་ཕྱེད་རྡོ༷་རྗེ༷འི་བདག་ཉིད་མཆོག༷ །ཧྲཱིཿཞེས་ཡང་དག་ཤེས་རབ་མཐའ༷་གྱུར༷་རྣམ་མེད་དཔལ་མོར་སྙོམས་འཇུག་བཞིན། །དྷཱིཿཡིག་རྣམ་བཅས་སྟོང༷་ཉིད༷་ལས༷་བྱུང༷་སངས༷་རྒྱས༷་བྱང༷་ཆུབ༷་ཆེན་པོའི་ཚུལ། །པྲ་ཕབ་ལྟ་བུའི་མེ་ལོང་ཡེ་ཤེས་འཇམ་པའི་རྡོ་རྗེར་ཕྱག་འཚལ་འདུད། །མ་མེ་ལྷག་པའི་མགོན་པོ་གཅིག་པུ་སྒྲིབ་གཉིས་མུན་སངས༷་མཁྱེན་པ་རྒྱས༷། །དཱི་པཾ་ལྟ་བུར་ཤིན་ཏུ་འོད་གསལ་གཉུག་མའི་ཡུལ་ལ་མངོན་པར་ཆགས། །མཉྫུ་རྟོག་པའི་རྩུབ་རེག་སྤངས་པར་ཟག་མེད་འདོད་པས་དགྱེས་རོལ་པ། །རང་བཞིན་དག་པ་ཆོས་དབྱིངས་ཡེ་ཤེས་འཇམ་པའི་དཔལ་ཁྱོད་ཕྱག་འཚལ་འདུད། །ཤྲཱི་ཞེས་གཉིས་མེད་གཟིགས་པའི་མཐར་སོན་སངས་རྒྱས་ཀུན་དང་རོ་གཅིག་པས། །མུཾ་ཡིག་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་འཛུམ་ཞི་དགའ་བས་རབ་བཞད་པ། །ཧྲཱིཿསྒྲ་མི་འགྱུར་ནཱ་དའི་གསུང༷་དང་དེ་ཁོ་ན་ཉིད༷་རོ་གཅིག་ཐུགས། །འདུ་ཤེས་ཅན་མིན་སོར་རྟོག་ཡེ་ཤེས་འཇམ་པའི་དབྱངས་ལ་ཕྱག་འཚལ་འདུད། །པྲཛྙཱ་སྒྲིབ་བྲལ་མཚན་མ་མེད༷་པ༷་མི་འགྱུར་སྟོང་ཉིད་ལས༷་བྱུང༷་བའི། །ཝརྡྷ་ནི་ཞེས་སངས༷་རྒྱས༷་སྲས་བཅས་འབྱུང༷་དང་འཕེལ་བའི༷་གཞི་གཅིག་པུ། །ནམ༷་མཁའ༷་ལས༷་བྱུང༷་སྟོང་པའི་གཟུགས་བརྙན་སློབ་པ་མིན་པའི་ཡེ༷་ཤེས༷་ལས༷། །རང་བྱུང༷་དངོས་ཀུན་མཉམ་པ་ཉིད་གྱུར་འཇམ་དཔལ་གཞོན་ནུར་ཕྱག་འཚལ་འདུད། །ཧྲཱིཿཞེས་ཤེས་རབ་སྒྱུ༷་མའི་རྣམ་འཕྲུལ༷་སྤྲུལ་པའི་དྲྭ༷་བ༷་སྣ་ཚོགས་འཆང་། །དྷཱིཿཡིག་དམར་སེར་སྣང་བ་ལས་འཁྲུངས་སངས༷་རྒྱས༷་རོལ༷་མོ་ཅིར་ཡང་སྟོན། །སྭཱ་ཧཱ་དགེ་ལེགས་ཐམས༷་ཅད༷་སྦྱིན་མཛད་དངོས་པོ་ཐམས༷་ཅད༷་རྗེས་འགྲོ་བ། །ཀུན་ཁྱབ་བྱ་གྲུབ་ཡེ་ཤེས༷་སྐུ༷་ཉིད༷་འཇམ་དཔལ་དཔའ་བོར་ཕྱག་འཚལ་འདུད༷། །ཨེ་མ་ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱི་མཁྱེན་རབ་ཕུང་པོ་གཅིག་བསྡུས་པ། །སྨྲ་བའི་སེང་གེ་འཇམ་པའི་དབྱངས་ཞེས་འཇིག་རྟེན་གསུམ་ན་གྲགས་འབར་གང་། །དེང་འདིར་བདག་ལ་ཐུགས་བརྩེར་མཛད་ནས་རྡོ་རྗེའི་སྐུ་གསུང་ཐུགས་གསང་བས། །མངོན་སུམ་བྱིན་རླབས་ཟིལ་དངར་སྩལ་ནས་ཕན་བདེའི་པདྨོ་རྒྱས་མཛོད་ཀྱེ། །ཤེས་པ་ཟབ་མོའི་ཚུལ་དང་མི་ཕྱེད་མཐའ་ཡས་ཤེས་བྱའི་དེ་ཉིད་མཐོང་། །གཟུངས་དང་སྤོབས་པའི་ཆོས་ཀྱི་སྤྲིན་ལས་ཞི་བསིལ་བདུད་རྩིའི་ཆར་ཆེན་འབེབས། །མཐོང་ཐོས་དྲན་རེག་བྱང་ཆུབ་ལ་འགོད་རྒྱལ་དང་རྒྱལ་སྲས་བྱེ་བའི་གཙོ། །ཡེ་ཤེས་ལུས་ཅན་རྣམ་ཐར་རྒྱ་མཚོར་འགྲོ་ཀུན་རྟག་ཏུ་འཇུག་གྱུར་ཅིག །ཅེས་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེང་གེ་ལ་རྩ་སྔགས་ཀྱི་ངེས་པ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བསྟོད་པའི་ལེའུའི་ངེས་དོན་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་དགོངས་པ་དང་མཐུན་པར་ཟུང་དུ་འབྲེལ་བའི་སྒོ་ནས་ཅུང་ཟད་བསྔགས་པའི་ཚིགས་སུ་བཅད་པ་འདི་ཡང་གྲུབ་པ་མཆོག་གི་དེད་དཔོན་དམ་པ་སངས་རྒྱས་ཀྱི་གཞུང་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་མཐར་དངོས་གྲུབ་བླང་བའི་ཆེད་ཐུགས་དམ་བསྐུལ་བའི་ཚུལ་དུ་ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷིར་སྟུ།། །། ༈ འཇམ་དཔལ་དཀར་པོ་ལ་བསྟོད་པ་བློ་གྲོས་སྣང་སྟེར། འཇམ་དཔལ་དཀར་པོ་ལ་བསྟོད་པ་བློ་གྲོས་སྣང་སྟེར་ཅེས་བྱ་བ། ན་མོ་མཉྫུ་གྷོ་ཥཱ་ཡ། ཆུ་གཏེར་ལས་སྐྱེས་ཟླ་བ་དང་། །ཁ་བའི་རྡུལ་བརྩེགས་གངས་ཀྱི་རིའི། །མཚུངས་པ་མ་ཡིན་ཁྱོད་ཀྱི་སྐུ། །ཕུན་ཚོགས་མཚན་དཔེའི་འོད་ཟེར་འཕྲོ། ༡ །ཉི་མའི་ཟེར་གྱིས་མ་སྨིན་ཞིང་། །པདྨའི་མངལ་དུ་བསྐྲུན་མིན་ཡང་། །ཁྱོད་གསུང་ལེགས་བཤད་སྦྲང་རྩི་ཡིས། །ཐར་པ་མཆོག་གི་བཅུད་ལེན་སྦྱིན། ༢ །སྤྲིན་བྲལ་དག་པའི་ཀུན་གསལ་དང་། །ཟླ་བས་འཕེལ་བའི་གཏིང་རུམ་ལས། །ཟབ་ཅིང་རྒྱ་ཆེའི་ཡེ་ཤེས་ཐུགས། །ཚངས་པའི་བློས་ཀྱང་གཞལ་དུ་མེད། ༣ །ནོར་བུའི་འཁྲི་ཤིང་གཡོ་བ་དང་། །ས་ཀུན་བདག་པོའི་དཔལ་འབྱོར་གྱིས། །ཁྱོད་ཀྱི་མི་བཟད་ཡོན་ཏན་མཆོག །ཕྲིན་ལས་མངའ་བའི་ཟླར་མི་རུང་། ༤ །དེས་ནི་དཔེ་ལས་རབ་འདས་པའི། །གསང་བ་མི་ཟད་རྒྱན་འཁོར་ལོ། །དྲན་པ་ཙམ་གྱིས་སྙིང་གི་མུན། །འཕྲོག་བྱེད་ཡེ་ཤེས་ལྡན་མིན་ནམ། ༥ །མཚོན་པ་མིན་ལ་མཚོན་བྱེད་ཀྱི། །བསྟོད་ཚིག་གཉིས་སྐྱེས་གཞོན་ནུ་ཡིས། །བློ་མཆོག་སྤོབས་པའི་ཀུནྡཱའི་ཁ། །ཡིད་འོང་ཀུན་ཏུ་དབྱེ་བར་ཤོག ༦ །ཐོས་དང་བསམ་དང་སྒོམ་པ་དང་། །འཆད་དང་རྩོད་དང་རྩོམ་པ་དང་། །མཁྱེན་བརྩེ་ནུས་པའི་ཡོན་ཏན་སོགས། །འཇམ་དཔལ་ཇི་བཞིན་བདག་འགྲུབ་ཤོག ༧ །མདོར་ན་སྲིད་དང་ཞི་བ་ཡི། །མངོན་མཐོ་ངེས་ལེགས་ཐེམ་སྐས་ལ། །རྟག་ཏུ་འགྲོ་རྣམས་སྒྲོལ་བྱེད་པའི། །ཁྱོད་ཀྱི་དགོངས་པ་འཛིན་གྱུར་ཅིག །སརྦ་པྲ་ཛྙཱ་མ་ཏི་པྲ་ཏི་བྷཱ་ན་བི་སྟཱ་ར་བྷ་ཝ།། །། ༈ འཇམ་དཔལ་རྡོ་རྗེ་ལ་བསྟོད་སྨོན་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་། འཇམ་དཔལ་རྡོ་རྗེ་ལ་བསྟོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བློ་གྲོས་དཔལ་སྦྱིན་ནོར་བུའི་འཁྲི་ཤིང་ཞེས་བྱ་བ། ན་མ་མཉྫུ་ཤྲི་ཡེ། སྣང་དང་མི་སྣང་ཕྱེད་སྣང་སྤྲུལ་པའི་གྲོང་ཁྱེར་ཀུན་ཏུ་ཁྱོད་གཅིག་ཐོར་ཚུགས་རྒྱན་དུ་རོལ་པས་ཅི་ཞིག་སྟེ། །སྲས་བཅས་འདྲེན་པ་ཡོངས་ཀྱི་ཡབ་ཏུ་གཟོད་ནས་རྣམ་པར་རོལ་པའི་འཁོར་ལོར་ཡོངས་སུ་བསྒྱུར་བ་དེ་ལྟ་ནའང་། །དེང་འདིར་བཅུ་དྲུག་ལང་ཚོ་འབར་བས་མིག་དང་སྙིང་ལ་སིམ་པ་ཇི་སྙེད་བགྲང་བར་མི་ནུས་སྟེར་བའི་བྱེད་པོར་གཅིག་གྱུར་པས། །སྲིད་ཞི་གཉིས་ཀྱི་མཐའ་རུ་མ་ལྷུང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་འཇོ་སྒེག་སྟུག་པོར་རོལ་དེར་དྭང་བས་འདུད། ༡ །མི་ཤིགས་སྟོང་པ་ཉིད་ཀྱི་ཐིག་ལེ་ནི། །བརྩེ་ཆེན་སྙིང་རྗེའི་དཔྱིད་དང་རོ་གཅིག་པས། །རྣམ་པ་ཀུན་ཏུ་སྐུ་གསུང་ཐུགས་རྡོ་རྗེ། །གང་འདུལ་སྒྱུ་མའི་རོལ་པར་ཡོངས་སུ་བཞེངས། ༢ །ཁྱོད་སྐུ་ཉི་གཞོན་བཅུད་འཐུང་གུར་གུམ་དང་། །རྣམ་པར་མཚུངས་ཀྱང་ལྟ་ན་ལྷུན་སྡུག་པའི། །འོད་ཟེར་དྲྭ་བས་གཏམས་པའི་སྣང་བ་ཡིས། །ཆོས་ཉིད་དོན་ལ་མི་གནས་སྒྲིབ་མུན་འཇིལ། ༣ །ཤེས་རབ་རལ་གྲིའི་གདེངས་ཀས་མཚན་པའི་ཕྱག །རྨོངས་པའི་དྲྭ་བ་བཀྲལ་དང་ཆབ་གཅིག་པར། །བློ་མཆོག་སྤོབས་པའི་གཏེར་མཛོད་གྲོལ་བའི་ཕྱིར། །ལམ་འདི་གཅིག་ཏུ་འཛིན་བཟོད་ཕུལ་བྱུང་གཏམ། ༤ །རྒྱལ་ཀུན་གསུང་གི་གསང་བ་གླེགས་བམ་གཟུགས། །པདྨ་གཞོན་ནུའི་སྲོག་ཏུ་རོ་གཅིག་པས། །ལུང་རྟོགས་དམ་ཆོས་བདུད་རྩིའི་བགོ་བཤར་ནི། །སྐལ་བཟང་འགྲོ་བའི་དཔྱིད་དུ་ལྷགས་པ་བཞིན། ༥ །མཆུ་སྒྲོས་པུཎྜ་རཱི་ཀའི་འཛུམ་དཀར་ལས། །ལེགས་འོངས་ལམ་བདེན་སྦྲང་རྩིའི་དྲི་བསུང་གིས། །འཕགས་དང་སོ་སྐྱེའི་རཿཡིག་གཉིས་པའི་སྤྲིན། །དབང་མེད་འགུགས་དེ་གསུང་གི་གསང་བར་རྫོགས། ༦ །གཟོད་ནས་རྡུལ་བྲལ་དག་པའི་ཡེ་ཤེས་ནི། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་ཀྱང་། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་རོལ་སྒེག་གིས། །སོ་སོར་ཡང་དག་རིག་པའི་མངོན་རྟོགས་ངོམས། ༧ །དེས་ན་དཔག་ཡས་རྣམ་པར་ཀུན་གསལ་ཁམས། །ཚངས་དང་ཕུར་བུའི་བློས་ཀྱང་གཞལ་ནུས་ཀྱི། །སྤོབས་པ་བྲལ་ཕྱིར་གནག་སྣུམ་རལ་པའི་རྩེའི། །ཞབས་མཐིལ་པདྨོར་བསྟི་སྟང་བསྟབས་པ་བཞིན། ༨ །ཁྱོད་སྐུ་དངོས་སུ་མཐོང་བའི་སྐལ་བཟང་གིས། །ལུང་རྟོགས་སྤོབས་པ་གྲོལ་ལ་ངོ་མཚར་ཅི། །མཚན་གྱི་ནོར་བུ་སྤྱི་བོར་ལྷུང་ཙམ་གྱིས། །སྐྱེ་ཀུན་ཤེས་བྱའི་འབྱོར་པས་ཕྱུག་མིན་ནམ། ༩ །ཚུལ་དེའི་ཕྱིར་ན་བདག་ཡིད་རབ་དད་པའི། །ཆར་གྱིས་བརླན་གྱུར་ཐལ་མོའི་སྟེང་འཐུང་དཀར། །སྤྱི་ཏོལ་རྩེ་མོར་བཀོད་པའི་བསྟི་སྟང་གིས། །གང་ཞབས་ཤར་གྱི་ཐིག་ལེར་རྟག་ཏུ་བསྙེན། ༡༠ །བླ་ན་ཡོད་དང་མེད་པའི་མཆོད་སྤྲིན་ཀྱང་། །ཏིང་འཛིན་བྱེད་པོས་གཅིག་ཏུ་བཟླུམས་བྱས་ཏེ། །ཡོན་གནས་ཐུགས་རྗེ་མཆོག་གི་མངའ་བདག་ལ། །གུས་པས་སྟོབ་པའི་རྫུ་འཕྲུལ་ཅིར་ཡང་གཡོ། ༡༡ །ཐོག་མ་མེད་ནས་བསགས་པའི་སྒྲིབ་གཉིས་མུན། །སྟོབས་བཞིའི་ཟླ་ཤེལ་གཞོན་ནུའི་འཛུམ་ཟེར་གྱིས། །རེག་པའི་མོད་ལ་ཡོངས་སུ་གཞིལ་བྱས་ཏེ། །མགོན་པོ་དགྱེས་པའི་དམ་བཅའ་སླར་ཡང་བཟུང་། ༡༢ །སློབ་དང་མི་སློབ་ཉན་རང་སོ་སྐྱེ་ཡི། །ལེགས་བྱས་འོད་སྣང་སྤྲོ་བའི་པདྨོའི་བཤེས། །ཕན་བདེའི་སྣང་བ་སྟེར་བའི་བྱེད་པོ་དེར། །ཡི་རང་ཨུཏྤལ་འདབ་བརྒྱ་སྙིང་དབུས་གྲོལ། ༡༣ །སྲིད་པའི་སྡུག་བསྔལ་ཁོང་བུར་འཁྱམས་པའི་འགྲོ། །བདེན་པ་གཉིས་ཀྱི་ཐེམ་སྐས་ལ་འཛེགས་ཏེ། །རྣམ་མཁྱེན་ཁང་བཟང་དམ་པར་དབུགས་འབྱིན་ཕྱིར། །རྟག་ཏུ་ལུང་གི་ཆོས་འཁོར་བསྐོར་བར་བསྐུལ། ༡༤ །གང་དག་ཕྱོགས་བཅུའི་ཞིང་བཞུགས་བདེར་གཤེགས་རྣམས། །མྱ་ངན་འདས་ལ་དགྱེས་པའི་སྐབས་དབྱེ་ཚེ། །སྙིང་རྗེའི་སྲིད་པར་དགའ་བའི་ཏམྦུ་རས། །རྟག་ཏུ་བཞུགས་པའི་གསོལ་འདེབས་དབྱངས་སུ་ལེན། ༡༥ །དེ་ལྟར་བསགས་པའི་དགེ་ཚོགས་གངྒཱའི་རྒྱུན། །རྣམ་པ་ཐམས་ཅད་མཁྱེན་པའི་ཆུ་གཏེར་ཆེར། །རོ་གཅིག་ཉིད་དུ་བསྔོས་པའི་མཐུ་དཔལ་གྱིས། །དོན་གཉིས་གདེངས་ཅན་ཚོགས་རྣམས་འཕེལ་གྱུར་ཅིག ༡༦ །གནས་སྐབས་སུ་ཡང་སྣོད་བཅུད་བནྫུ་ལ། །ལེགས་སྤྱོད་མཛེས་མའི་སོར་རྩེས་བསྣུན་པ་ལས། །རྫོགས་ལྡན་གསར་དུ་འགུགས་པའི་འཛུམ་དཀར་གྱིས། །ལྷར་བཅས་འགྲོ་ཀུན་དགའ་བས་རྩེན་གྱུར་ཅིག ༡༧ །གཟུགས་སྣང་འཇམ་དཔལ་གཞོན་ནུར་མངོན་གྱུར་ཅིང་། །སྒྲ་གྲགས་གསང་སྔགས་འཁོར་ལོ་ཡོངས་སུ་སྨིན། །རྟོག་ཚོགས་བདེ་སྟོང་དྲ་བར་བསྡམས་པ་ཡིས། །སྐུ་གསུང་ཐུགས་དང་དབྱེར་མེད་འགྲུབ་པར་ཤོག ༡༨ །འཆི་འཕོས་ཚེ་ན་བཅོམ་ལྡན་འཇམ་དཔལ་དབྱངས། །རྒྱལ་བའི་སྲས་ཀྱིས་བསྐོར་བ་དེ་མཐོང་ཞིང་། །བདེ་བ་ཅན་སོགས་དག་པའི་ཞིང་མཆོག་ཏུ། །ཁྲིད་ནས་ལུང་བསྟན་དབུགས་དབྱུང་མཆོག་བརྙེས་ཤོག ༡༩ །མཐར་ཐུག་སྟོབས་བཅུ་མི་འཇིགས་རྣམ་པ་བཞི། །མ་འདྲེས་བཅོ་བརྒྱད་ལ་སོགས་སྤངས་རྟོགས་ཀྱི། །ཆ་ཤས་ཡོངས་སུ་རྫོགས་པའི་རི་དྭགས་མཚན། །ཆོས་དབྱིངས་དག་པའི་མཁའ་ལ་རོལ་གྱུར་ཅིག ༢༠ །དེ་ལས་སླར་ཡང་སྤྲུལ་པའི་ཟློས་གར་ནི། །རྙོག་བྲལ་མོས་པའི་ཆུ་གཏེར་ལ་འཆར་བས། །གྲངས་མེད་སྲིད་ལས་སྒྲོལ་བའི་ཐུགས་བསྐྱེད་མཐུ། །མགོན་པོ་གང་དང་དབྱེར་མེད་འགྲུབ་པར་ཤོག ༢༡ །དེ་ལྟར་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ལ་བསྟོད་པའི་རབ་བྱེད་ཡན་ལག་བདུན་པ་དང་འབྲེལ་བའི་ཚིགས་སུ་བཅད་པ་ཉུང་ངུ་འདི་ཡང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་དྲུག་པར་གསོལ་བ་བཏབ་པ་དེ་ཁོ་ན་ཉིད་དུ་འགྲུབ་པར་གྱུར་ཅིག། །། ༈