Terdzo-ZHA-005

From Rinchen Terdzö
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

བཅོམ་ལྡན་འདས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་

bcom ldan 'das gsung rdo rje snang ba mtha' yas kyi sgrub thabs dbang chog dang bcas pa bde chen lam 'dren

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཀློང་གསལ་སྙིང་པོ་ (Longsel Nyingpo)
in cycle  གསུང་རྡོ་རྗེ་སྣང་བ་མཐའ་ཡས་ (Gsung rdo rje snang ba mtha' yas)
Volume 21 (ཞ) / Pages 59-79 / Folios 1a1 to 11b6

[edit]

༄༅། །བཅོམ་ལྡན་འདས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། བཅོམ་ལྡན་གསུང་གི་དབང་ཕྱུག་དང་། །དབྱེར་མེད་ཆོས་རྗེ་ཀཿཐོག་པ། །འགྲོ་མགོན་སྤོབས་པ་མཐའ་ཡས་ལ། །གུས་པས་འདུད་དོ་བྱིན་རླབས་སྩོལ། །དེ་ལ་རྒྱལ་བས་དངོས་སུ་བསྩལ། །བརྒྱུད་པ་བར་མ་ཆད་པ་ལས། །ལེགས་བྱོན་སྒྲུབ་པའི་ཐབས་ཟབ་མོ། །སྲིད་ན་རྙེད་པར་དཀའ་འདི་འོ།། རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་རྒྱལ་བ་ཀཿཐོག་པ་ཆེན་པོ་དམ་པ་བདེ་བར་གཤེགས་པ་ལ་དགོངས་པའི་བྱིན་རླབས་རང་སྣང་གི་ཚུལ་དུ་བསྩལ་པའི་སྒྲུབ་ཐབས་བདག་མདུན་རྩ་བ་ལ། གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་ཆོས་གསུང་རྡོ་རྗེ་དང་ཆུ་བོ་གཅིག་འདྲེས་སུ་གྱུར་པས་དབང་བསྐུར་སོགས་ཁ་འགེངས་མཛད་པ། གྲུབ་བརྙེས་བར་མ་ཆད་པ་ལས་བྱོན་པའི་བཀའ་སྲོལ་རྨད་དུ་བྱུང་བ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། རང་དོན་བསྙེན་པ། གཉིས་དོན་སྒྲུབ་མཆོད། གཞན་དོན་གྱི་ཆོ་གའོ། །དང་པོ་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། འོད་དཔག་མེད་སོགས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཡིད་ཡུལ་དུ་བྱས་ཏེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རྗེས་སུ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ཞེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། བདག་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་ཀྱི་ངང་ལས་གདན་སྣ་ཚོགས་པདྨ་ཉི་མ་ཟླ་བའི་ཐོག་ཏུ་རང་སེམས་ཨཱཾཿདམར་པོ་གཅིག་ཏུ་བསམ། དེ་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གདན་ལ་སྐྱིལ་ཀྲུང་བཞུགས་པ། ཕྱག་གཡས་པདྨ་དམར་པོ་བསྣམས་པ་དང་། གཡོན་པས་དྲིལ་བུ་ཅན་ཐུགས་ཀར་བསྣོལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ནག་པོ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ། མགུལ་རྒྱན། དཔུང་རྒྱན། གདུ་བུ། སེ་མོ་དོ། དོ་ཤལ། སྐུ་རེགས། ཞབས་གདུབ་རྣམས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་ཞི་ཞིང་འཛུམ་པ་ལོངས་སྐུའི་ཆས་གོས་དང་ཤམ་ཐབས་ཀྱིས་བརྒྱན་པའོ། །དེ་ནས་བསྐུར་བརླབ་དྲང་བསྟིམ་ནི། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛ་ན་ཛྙཱ་ན་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། བཛྲ་ས་མཱ་ཛཿཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། མཆོད་པ་ནི། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷུ། སྔགས་མགོ་འགྲེས་སྦྱར་ཏེ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གྷནྡྷེ་གྷན། བསྟོད་པ་ནི། ཧྲཱིཿ རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །སྣང་བ་མཐའ་ཡས་ཁྱོད་ཕྱག་འཚལ། །བཟླས་པ་ནི། རང་གི་སྤྱི་བོར་ཟླ་བའི་ཐོག་ཏུ་ཨོཾ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ཧཱུྃ་གི་གཡོན་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་ཐོག་ན་ཨཱཾཿདམར་པོ་ལ་ཨ་རོ་ལྀཀ྄་ཅེས་པའི་ཡིག་འབྲུ་ཡར་ལངས་ནས། མདུན་ནས་རྒྱབ་ཕྱོགས་སུ་ཀློག་པའི་ཚུལ་དུ་གཡས་ཕྱོགས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར། དབང་རྟགས་ཀྱི་འབྲས་བུ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་དམིགས་ལ། ཨཱཾཿཨཱ་རོ་ལྀཀ྄ །ཅེས་བཟླ། སྐབས་སུ་ཆོས་རྗེ་རིན་པོ་ཆེ་དང་དབྱེར་མེད་ཀྱི་མོས་པ་གཏིང་ཚུགས་ཀྱི་དད་པ་ཆེན་པོས། བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང། ཁ་བ་ཅན་དུ་ཆོས་རྗེ་ཀཿཐོག་པ། །མ་བྱོན་བདེ་གཤེགས་ཚེ་དཔག་མེད་པ་ཞེས། །གྲགས་པའི་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་ཐུགས་རྗེས་ཟུངས། །ཞེས་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་བྱ། ཚེ་སྒྲུབ་བྱེད་ན། སྙིང་གར་ཨཱཾཿལས་འོད་ཟེར་ཀུན་དུ་འཕྲོས་པས་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་བསོད་ནམས་གཟི་བརྗིད་ཐམས་ཅད་བསྡུས་ནས་རང་གི་ལུས་གང་བར་བསམ་ལ་རླུང་ཁ་སྦྱོར་གྱི་ངང་ནས་ཐུགས་སྲོག་ལ་སེམས་གཏད་དེ་ཡིད་བཟླས་བྱ། ཐུན་མཐར་སྣོད་བཅུད་འོད་དུ་ཞུ་བའི་དྭངས་མ་ཨཱཾཿལ་བསྡུས་པས་རྡོ་རྗེའི་སྲོག་ཐོབ་པར་མོས། དེ་དག་གང་ལའང་ཐུན་བསྡུ་བའི་ཚེ། དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཐུགས་ཀའི་ཨཱཾཿལ་བསྡུ། དེ་ཡང་སྟོང་པ་ཉིད་དུ་བསྟིམས་ལ་དེའི་ངང་དུ་བཞག །སྨོན་ལམ་ནི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས་བརྩོན་འགྲུས་རྒྱུན་ཆད་མེད་པར་བཟླས་པས་གསང་སྔགས་མངོན་དུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་མཆོག་ཏུ་གྱུར་ཅིག །དད་པ་མཆོག་ལྡན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཡིས། །དམིགས་ཡུལ་མཆོག་ཏུ་གྱུར་པའི་ཡུལ་གྱི་བླ་མ་ལ། །མོས་གུས་འབྲས་བུ་དུས་གསུམ་སངས་རྒྱས་དབྱེར་མེད་གསུང་མཆོག་སྐུ །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་ཉམས་བླངས་ཏེ། །རིག་འཛིན་ལམ་དང་མཐར་ཐུག་འབྲས་བུ་མཆོག་ཉིད་འཐོབ་གྱུར་ནས། །མཐའ་མེད་སྲིད་མཚོར་ཐར་པའི་དེད་དཔོན་མཆོག་ཐོབ་ཤོག །ཅེས་སོགས་རྒྱས་བསྡུས་ཅི་འགྲུབ་བྱ། དེ་ལྟ་བུའི་ཚུལ་གྱིས་རབ་ཆུ་བོའི་རྒྱུན། འབྲིང་དུས་གྲངས་མཚན་མའི་ཚད་ལྡན། ཐ་མའང་ཞག་བདུན་ཕྲག་ལ་སོགས་པར་རྣལ་འབྱོར་དུ་བྱས་པས་མདོ་རྒྱུད་རྣམས་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །གཉིས་པ་གཉིས་དོན་སྒྲུབ་མཆོད་ནི། གནས་གཙང་མ་བྱི་དོར་བྱས་ཤིང་རྒྱན་བཀོད་ཇི་ལྟར་འབྱོར་པས་སྤྲས་པའི་གུང་དུ་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་སོགས་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན། བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། མཆོད་པ་བཞི་བསྣོལ་སོགས་རབ་བརྒྱ་རྩ་ནས་བཅུ་ཕྲག་ཡན་ཅི་འབྱོར་བ་དང་། འབུལ་གཏོར་ཟླུམ་པོ་རྒྱན་ལྡན་རྣམས་གཙང་སྦྲ་བཅས་བཤམ། འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བསང་ཆུས་འཐོར་ཞིང་། འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས། བདག་བསྐྱེད་བཟླས་པ་བསྡུ་རིམ་གྱི་བར་དུ་གྲུབ་ནས། སླར་སྐད་ཅིག་གིས་ལྷར་གསལ་ཏེ། མདུན་དུ་བུམ་པ་མི་དམིགས་པ་ལས། བྷྲཱུྃ་ཞིག་འོད་དུ་ཞུ་བ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམས་པའི་སུམ་ཆ་མན་ཆད་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་བསྒོམ། དེ་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྐུལ་དོན་གཉིས་བྱས། ཚུར་འདུས་པདྨ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཕྱག་རྒྱ་མཉམ་གཞག་མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར། མཐའ་སྐོར་དུ་བསྐལ་བཟང་སངས་རྒྱས་སྟོང་། ཉན་རང་ལྷ་མིའི་རིགས་ཅན་མུ་མཐའ་བྲལ་བའི་འཁོར་ཚོགས་རྒྱ་མཚོ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གསལ་གྱིས་མཚན་པར་གྱུར། དེ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། སྔགས་ཀྱི་སྒྲ་གདངས་དང་རོལ་པ་གླུས་བསྐུལ་བས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་གྱུར། རྡོལ་དྲིལ་དང་བཅས་པས་སྤོས་ཐོགས་ཏེ། ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །སྤྱན་དྲངས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པས་བཞུགས་སུ་གསོལ་ཞིང་། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། མཆོད་པ་ནི། ཧྲཱིཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུ། ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷུ། སྔགས་མགོ་འགྲེས་སྦྱར་ཏེ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གྷནྡྷེ་གྷན། བསྟོད་པ་ནི། ཧྲཱིཿ རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །སྣང་བ་མཐའ་ཡས་ཁྱོད་ཕྱག་འཚལ། །ཞེས་བསྟོད། བཟླས་པ་ནི། གཟུངས་ཐག་བཟུང་སྟེ། རང་གི་ཐུགས་ཀ་ནས་ཡིག་འབྲུ་དམར་པོ་འོད་ཟེར་དང་བཅས་པ་བྱུང་སྟེ་གཟུངས་ཐག་ལ་འཁྲིལ་ནས། དེ་མདུན་བསྐྱེད་ཀྱི་ཐུགས་ཀ་ན་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ཡོད་པ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ནས་དོན་གཉིས་བསྒྲུབས་པར་བསམ་ལ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿདང་། པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལིཀ྄ །ཅེས་པ་རྣམས་དང་། སྤྲོ་ཞིང་ནུས་ན་འོད་དཔག་མེད་ཀྱི་གཟུངས་རིང་ཡང་བཟླ། གང་ལྟར་བཟླས་པ་རྣམ་གསུམ་བརྒྱ་ཕྲག་རེའི་མཇུག་ཏུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་བཟང་སྤྱོད་སྨོན་ལམ་ཚར་རེ་བརྗོད། དེ་ལྟ་བུ་ཅི་ནུས་སུ་བསྐྱར་བ་ནི་གསོན་གཤིན་གཉིས་ཀའི་ཆོ་ག་ལ་གལ་ཆེ་སྟེ་འདི་ཉིད་ཚོགས་གསག་དང་ཞིང་སྦྱོང་གི་ལས་རིམ་གཙོར་སྟོན་ཡིན་པའི་ཕྱིར་རོ། །མཐར་ཆོས་རྗེ་རྣམ་གསུམ་གྱི་གསོལ་འདེབས་སྨོན་ལམ་བཅས་པའང་བྱ། བཟླས་པའི་མཐར། གཏོར་མ་འབུལ་ན། རིན་པོ་ཆེའི་སྣོད་དུ་གཏོར་མ་བདུད་རྩི་དཀར་དམར་གྱི་རྣམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བཅོམ་ལྡན་འདས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ཏེ་གཏོར་མ་གསོལ་བས་མཉེས་པར་བསམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། མཆོད་བསྟོད་སྔར་ལྟར་བྱ་ཞིང་། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས། བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་བརྗོད་ལ་ནོངས་པ་བཤགས། ཨོཾ་ཨཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་གདན་དང་བཅས་པ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམས་ཀྱིས་སོང་ནས་བུམ་པ་གང་བར་བསམ་ལ། གཞན་དོན་དང་མི་འབྲེལ་ན་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གསུམ་པ་གཞན་དོན་གྱི་ཆོ་ག་ལ་གསུམ། གསོན་པོའི་དོན། གཤིན་པོའི་དོན། སློབ་མའི་དོན་བྱ་བའོ། །དང་པོ་ནི། སྡིག་སྒྲིབ་ནད་གདོན་སོགས་ཞི་བའི་ཆེད་དུ་སྔགས་ཕྱི་པའི་ལུགས་ལྟར་གཟུངས་ཁྲུས་བྱེད་ན། བུམ་ལྷ་འོད་ཞུ་ཡན་སོང་བའི་རྗེས་སུ་བཀྲུ་བྱབས་སྲུང་གསུམ་སྤྱི་མཐུན་རྒྱས་པར་བྱ་བའམ། ཤིན་དུ་བསྡུ་ན། བསྒྲུབ་བྱའི་སྤྱི་བོ་ནས་ཁྲུས་བྱ་ཞིང་། ཡུལ་གང་ཡིན་དེའི་སྤྱི་བོ་ནས་ཁྲུས་བྱས་པས་ཡེ་ཤེས་ཀྱི་བདུད་རྩིས་བག་ཆགས་ཐམས་ཅད་དག་ནས་ལུས་ཤེལ་སྒོང་བཞིན་དག་པར་གྱུར། ཅེས་མོས་ལ། གཟུངས་བུམ་ཐོགས་ཏེ། འོད་དཔག་མེད་པའི་སྨོན་ལམ་དང་། །སངས་རྒྱས་བྱང་སེམས་ཐུགས་བསྐྱེད་དང་། །ཉན་རང་དགྲ་བཅོམ་བདེན་སྟོབས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པའི། །སྦྱིན་པའི་ཆུ་བོ་ལ་བརྟེན་ནས། །སེར་སྣའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལྀཀ྄ །ཨོཾ་ཨ་མི་ཏེ། ཨ་མི་ཏོཏབྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟེ་ག་མཱི་ནཱི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་སྡིག་སྒྲིབ་བག་ཆགས་ནད་གདོན་བར་ཆད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེས་འགྲེས་ཏེ། ཚུལ་ཁྲིམས་ཆུ་བོ་དང་། འདོད་ཆགས་རྒྱུ་འབྲས། བཟོད་པའི་ཆུ་བོ། ཞེ་སྡང་རྒྱུ་འབྲས། བརྩོན་འགྲུས་ཆུ་བོ། ཕྲག་དོག་རྒྱུ་འབྲས། བསམ་གཏན་ཆུ་བོ། ང་རྒྱལ་རྒྱུ་འབྲས། ཤེས་རབ་ཆུ་བོ། གཏི་མུག་རྒྱུ་འབྲས། ཞེས་པ་རྣམས་ཁ་སྤོས་ཏེ་ཁྲུས་བྱས་ལ། བདེ་ལེགས་སུ་བྱེད་པའི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོ་བརྗོད་ལ་མེ་ཏོག་འཐོར། ཁྲུས་བྱ་ཡུལ་བུད་མེད་ཡིན་ན་བུམ་ཆུ་སྣོད་གཞན་ཞིག་ཏུ་བླུགས་ལ་མི་གཞན་ཞིག་ལ་ཁྲུས་བྱ་བཅུག །རང་གིས་མི་བྱ་བར་བཤད་དོ། །གཉིས་པ་གཤིན་དོན་ནི། ཅུང་ཟད་རྒྱས་པར་སྤྲོ་ན་མིང་བྱང་སོགས་རྟེན་བཞག །དཀྱུས་ལ་དམིགས་པ་ཙམ་ལས་འཇོག་པར་མི་མཛད། གང་ལྟར་རྣམ་ཤེས་འགུགས་པ་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ནྲྀ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་སོགས་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ༴ ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་དང་བདེན་པའི་སྟོབས་ཀྱིས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་རྟེན་འདི་ལ་ཁུག་ཅིག །ལན་གསུམ། བགེགས་གཏོར་བཤམ། ཨ་ཀཱ་རོས་བྱིན་བརླབས་ལ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ། ཨོཾ་སུམྦྷ་ནི་གསུམ་གྱི་མཐར། བདེན་སྟོབས་བཅས། ཚེ་ལས་འདས་པའི་སྒྲིབ་པ་སྦྱང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མས་བརྔན་པ་ཏིང་ལོས་སྣང་བ་ཆངས་བུས་བཟའ་བ་གྱིས་ལ་སོང་ཞིག །སླར་བར་ཆད་མི་འཇུག་པའི་ཕྱིར། བཛྲ་རཀྵ་རཀྵ་ཧཱུྃ་གིས་བསྲུང་བ་བྱ། ཁྲུས་ནི་གཟུངས་བུམ་ཐོགས་ལ། འོད་དཔག་མེད་པའི་སྨོན་ལམ་དང་། །སངས་རྒྱས་བྱང་སེམས་ཐུགས་བསྐྱེད་དང་། །ཉན་རང་དགྲ་བཅོམ་བདེན་སྟོབས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པའི། །ཕྱིན་དྲུག་ཆུ་བོ་ལ་བརྟེན་ནས། །དུག་ལྔའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་དྷེ་བ་ཧྲཱིཿཧཱུྃ། ཨཱཾཿཨཱ་རོ་ལིཀ྄ །ཨོཾ་ཨ་མི་ཏེ། ཨ་མི་ཏོྞབྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟེ་ག་མཱི་ནཱི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་སྡིག་སྒྲིབ་ངན་སོང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གང་མང་བརྗོད། བདེན་པས་དུག་སྦྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དཀོན་མཆོག་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ས་ཆུ་མེ་རླུང་བཞི་དག་ནི། །དུག་གི་ཕ་ཡིན་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་འབྱུང་བཞིའི་ནང་དུ་སོང་། །རྩ་རིག་སྦྲེལ་མ་བཟླ། ཤིས་བརྗོད་ནི། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །ཉིན་མོ་བདེ་ལེགས་སོགས་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཟས་བསྔོ་བ་ནི། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བསྔོ། འགྲོ་བ་གང་དག་སྔ་མའི་ལུས་རྟེན་བོར་ཕྱི་མའི་ལུས་རྟེན་མ་རྙེད་སྲིད་པ་བར་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་བྲལ་བ། མིང་བཞི་འདུས་པའི་ཕུང་པོ་ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། གར་འགྲོའི་གཏད་སོ་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེའི་གཙོར་བྱས་པ་རྣམས་ལ་འབུལ་ལོ། །བར་དོའི་འཇིགས་སྐྲག་དང་སྡུག་བསྔལ་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ལམ་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །འགྱུར་དང་འདུ་བྱེད་ཉིང་འཁྲུལ་ཅན། །ལས་ལས་སྐྱེ་ཞིང་ལས་ལ་བརྟེན། །དེ་ཕྱིར་དེ་ལ་མ་ཆགས་པར། །བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །དད་པའི་ཡུལ་ལ་ཤིན་དུ་སྣང་། །མོས་གུས་སྐྱེད་ཅིག་རིགས་ཀྱི་བུ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །མགོན་པོ་འོད་དཔག་མེད་པ་བཞུགས། །གང་ཞིག་ཡིད་ལ་དྲན་པའི་མོད། ཁྱོད་ཀྱིས་དེ་རུ་ཕྱིན་འགྱུར་བས། །མགོན་པོ་དེ་ཡི་མཚན་ཟུངས་ལ། །ཡིད་གཉིས་སྤོངས་ལ་དེར་གཤེགས་ཤིག །རྣམ་ཤེས་ཧཱུྃ་གི་རྣམ་པ་བདེ་བ་ཅན་དུ་འཕངས་པའི་དེ་མ་ཐག་བྱང་བུ་ཡོད་ན་རྩ་སྔགས་ཀྱིས་བསྲེགས་ཤིང་། རྒྱལ་བའི་དཀྱིལ་འཁོར་སོགས་དང་། བདེ་ཆེན་ཞིང་གྲགས་རྒྱལ་བའི་ཞིང་ཁམས་སུ། །བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་དང་། །བློ་གྲོས་སྙིང་པོ་ཡབ་སྲས་ཞབས་དྲུང་དུ། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་སློབ་མའི་དོན་ནི། མདུན་བསྐྱེད་དཀྱིལ་འཁོར་མཎྜལ་ཚོམ་བུ་གཙོ་འཁོར་གསུམ་བཀོད་པའི་སྟེང་དུ་བུམ་པ། གཡས་གཡོན་དུ་མེ་ལོང་ལ་སིནྡྷུ་ར་བརྡལ་ཞིང་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་བྲིས་པ། ཤེལ་རྡོ། པདྨ་ལྷུང་བཟེད་དང་སྐུ་ཙཀ ལས་བུམ་སོགས་འདུ་བྱས་ལ། བདག་མདུན་སྒྲུབ་མཆོད། བུམ་ལྷ་འོད་ཞུ་ཡན་གྲུབ་པ་དང་། ལས་བུམ་ལ་དམིགས་ཏེ་རྟ་མགྲིན་སྔགས་ཀྱིས་བྱིན་བརླབ། སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་སྲུང་འཁོར་སྤྱི་འགྲོ་བྱས། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་ལས་ཤར་བ། ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་མང་པོ་འདས་པའི་ཕ་རོལ་ན། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་གཅིག་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་འདུས་པའི་ཞིང་མཆོག་བདེ་བ་ཅན་ཞེས་བྱ་བ། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་ལ། ཉེ་བའི་སྲས་ཆེན་པོ་བརྒྱད་དང་། རྒྱལ་སྲས་ཉན་ཐོས་ཕྱིར་མི་ལྡོག་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་བ་དེ་དག་ངེས་དོན་བཞུགས་པ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པས། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལ་རྗེས་སུ་དགོངས་ཤིང་། གང་འདུལ་གྱི་སྣང་ཆར་མགོན་པོ་ཚེ་དཔག་མེད་དང་། པད་འབྱུང་། སྤྱན་རས་གཟིགས། སྒྲོལ་མ། རྟ་མགྲིན། ཐུབ་དྲུག །སངས་རྒྱས་སྟོང་སོགས་སྤྲུལ་པ་དང་། ཡང་སྤྲུལ། ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྒྱ་མཚོ་ལྟ་བུས། སེམས་ཅན་རྒྱ་མཚོ་སྨིན་པར་མཛད་པའི་ཚུལ་གསུང་རབ་རྣམས་སུ་རྒྱ་ཆེར་འབྱུང་བ་དེ་ཉིད་སྒྲུབ་པའི་ཚུལ་ཡང་གསར་རྙིང་གི་བཀའ་སྲོལ་རྣམས་སུ་མཐའ་ཡས་པ་འབྱུང་བ་ལས་སྐབས་སུ་བབས་པ་འདི་ནི། བདེ་བ་ཆེན་པོ་པདྨ་བཛྲ་གྱི་རྡོ་རྗེའི་ལུང་ལས། དགེ་སློང་ལུས་ཐུང་ཤ་རྩ་དམར། །རྟག་ཏུ་ཞལ་ནི་ནུབ་ཏུ་གཟིགས། །སེམས་དཔའ་ང་ཡི་སྤྲུལ་པ་ཡིན། །ཞེས་སོགས་བསྔགས་པའི་རྔ་སྒྲ་ཡང་བསྒྲགས་ཤིང་། གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་བསྟན་པའི་བདག་པོར་རྩོད་མེད་དུ་གྲུབ་པ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། དཔལ་འཁོར་ལོ་སྡོམ་པའི་གྲུབ་བརྙེས་བལ་པོ་བྷ་དནྟ་པ་སོགས་ཀྱི་སྐྱེ་བའི་ཡང་སྲིད་ཤར་ཀཿཐོག་པ་ཆེན་པོ་དམ་པ་བདེ་གཤེགས། ཤེས་རབ་སེང་གེ །སྤོབས་པ་མཐའ་ཡས་སོགས་མཚན་གྱི་རྣམ་གྲངས་དུ་མར་གྲགས་པ་དེ་ཉིད་ལ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཉིད་ཀྱིས་དགོངས་པའི་བྱིན་རླབས་རང་སྣང་གི་ཚུལ་དུ་སངས་རྒྱས་ཉིད་གསང་སྔགས་མ་ཧཱ་ཡོ་ག་ལྟར་སྒྲུབ་པའི་ཐབས་འདི་ཉིད་གནང་། དེས་སྲས་ཀྱི་དམ་པ་གྲུབ་ཆེན་ཀཧྞ་པ་ཆེན་པོའི་རྣམ་འཕྲུལ་ཀུན་དུ་འོད་ཀྱི་ས་ལ་བཞུགས་པ་བླ་མ་ཆེན་པོ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ལ་གནང་། དེས་སྤྱན་སྔ་རིན་པོ་ཆེ་ཆོས་རྗེ་བྱམས་པ་འབུམ་པ་ལ་གནང་ཞིང་དེ་དག་རྣམས་ནི་དག་པའི་སྣང་ཆར་བདེ་བ་ཅན་གྱི་ཞིང་ཁམས་སྟོན་འཁོར་འབྲལ་མེད་དུ་གཟིགས་ཤིང་ད་ལྟའང་བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང་པོ། ཟླ་བའི་མྱུ་གུ །བདེ་བའི་མྱུ་གུ །ཞེས་པའི་མཚན་བཟུང་ནས་དངོས་སུ་བཞུགས་ལ། བརྒྱུད་འཛིན་དང་སྐལ་ལྡན་དད་གུས་ཅན་དག་ཀྱང་ཞིང་དེར་འཁྲིད་པར་ཞལ་གྱིས་བཞེས་པ་དང་། མ་འོངས་པ་བསྐལ་པ་སྐར་མ་བཀྲམ་པར་བདེ་གཤེགས་ཚེ་དཔག་ཏུ་མེད་པ། སེང་གེ་གཞོན་ནུ། འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བའི་རྩོད་བྲལ་གྱི་སྐྱེས་ཆེན་དེ་དག་ལས་རིམ་པར་བརྒྱུད་པ་བར་མ་ཆད་དུ་བྱོན་ཅིང་། སྨིན་བྱེད་ཀྱི་ཆོ་ག་རིགས་མཐུན་ལས་བསབ་ཏུ་རུང་བར་རྡོ་རྗེའི་ལུང་གིས་རྗེས་སུ་བསྟན་པ་ལྟར། ཆོས་རྗེ་ཀཿཐོག་པའི་ཐུགས་སྲས་ལུང་བསྟན་བུ་བཞི་ལས་འབྲུ་ཚ་སྒང་པའི་རྣམ་འཕྲུལ་རྡོ་རྗེ་འཛིན་པ་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེའི་རྡོ་རྗེ་ཆོས་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བ་ལས་སྒྲོལ་ཕྱིར། །བདེ་གཤེགས་སྣང་བ་མཐའ་ཡས་ཀྱི། །དབང་མཆོག་དམ་པ་བསྐུར་དུ་གསོལ། །ལན་གསུམ། མདུན་གྱི་ནམ་མཁར་སངས་རྒྱས་སྣང་བ་མཐའ་ཡས་རྒྱལ་བ་སྲས་བཅས་འཁོར་ཚོགས་རྒྱ་མཚོ་སྤྲིན་གཏིབས་པ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་རྗེས་ཟློས། སངས་རྒྱས་ཆོས་ཚོགས་ལན་གསུམ། དབང་གི་གཞི་འགོད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཞིང་ཁམས་བདེ་བ་ཅན་དུ་གསལ་བའི་དབུས་སུ་རྨ་བྱ་ཟློས་གར་རྩེ་བ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་ཟླའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་བསྒོམ། དེ་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བསྐུལ། དོན་གཉིས་བྱས་ཚུར་འདུས་པདྨ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོ་ཕྱག་རྒྱ་མཉམ་གཞག་མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་རྡོར། མཐའ་སྐོར་དུ་སངས་རྒྱས་སྟོང་ཉན་རང་ལྷ་མིའི་རིགས་ཅན་མུ་མཐའ་བྲལ་བའི་འཁོར་ཚོགས་རྒྱ་མཚོ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གསལ་གྱིས་མཚན་པར་གྱུར། དེ་ནས་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པའི་སྔགས་ཀྱི་སྒྲ་གདངས་དང་རོལ་པ་གླུས་བསྐུལ་བས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་གྱུར། རོལ་མོའི་སྒྲ་བཅས། ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨཱ་བེ་ཤ་ཡ་ཕེཾ་ཕེཾ། ཏིཥྛ་བཛྲས་བརྟན་པར་བྱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་སོ་སོའི་བརྡ་དང་རྟགས་ཀྱི་རྫས་ལ་བརྟེན་ཏེ་རིམ་པར་བསྐུར་བས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་བྱ་བ་དང་བཅས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོ་ལྔར་སྨིན་པའི་མོས་པ་མཛོད། བུམ་པ་ཐོགས་ཏེ། ཨེ་མ་ཧོ། བདེ་ཆེན་ཞིང་གི་བཀོད་པ་ཀུན། །བུམ་པའི་གཞལ་ཡས་ཁང་ལ་རྫོགས། །གཞལ་ཡས་ལྷ་དང་བཅས་པའི་དབང་། སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། མེ་ལོང་ཧྲཱིཿཡིག་བྲིས་པ་གཏད་ལ། ཧྲཱིཿཡིག་ཐ་མར་སྔགས་ཀྱི་ཕྲེང་། །ཡི་དམ་བསྙེན་པའི་སྙིང་པོ་འདུས། །གསང་སྔགས་འདུས་པའི་དབང་བསྐུར་བས། །གྲགས་སྟོང་ཚངས་པའི་དབྱངས་ཐོབ་ཤོག །རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་མཱཾ། ཤེལ་རྡོ་གཏད་ལ། ཕྱི་ནང་སྟོང་གསལ་རིག་པའི་མདངས། །བརྡ་དང་བརྡ་མཚོན་འདི་ལ་འདུས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྒྱལ་བའི་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་མཱཾ། པདྨ་དང་ལྷུང་བཟེད་གཏད་ལ། རབ་མཛེས་ཆུ་སྐྱེས་དམར་པོ་དང་། །བཻ་ཌཱུརྻ་ཡི་ལྷུང་བཟེད་འདི། །སྐལ་ལྡན་ཁྱོད་ལ་གཏད་པ་ཡིས། །རྒྱལ་བའི་ཕྲིན་ལས་ཡོངས་རྫོགས་ཤོག །རྩ་སྔགས། སརྦ་གུ་ཎ་ཨ་བྷི་ཥིཉྩ་ཨཱཿ སྐུ་ཐོགས་ལ། ཧྲཱིཿ བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི། །སྒྱུ་མའི་གཟུགས་སྐུ་མངོན་དུ་ཤར། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྐུ་བཞི་ཡོངས་རྫོགས་དབང་ཐོབ་ཤོག །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། འདིར་སྤྲོ་ན་མཐའ་རྟེན་རྟགས་རྫས་རྒྱལ་སྲིད་དབང་སྤྱི་འགྲེས་མངའ་གསོལ། སླར་ཡང་བདེ་བ་ཅན་ན་བཞུགས་པའི་བཅོམ་ལྡན་འདས་ཆོས་རྗེ་གཙོ་འཁོར་ཡིད་ལ་དྲན་པའི་གདུང་ཤུགས་དྲགས་པོས་མཆི་མ་འཁྲུགས་བཞིན་ཐལ་མོ་སྙིང་གར་སྦྱར་ལ་འདིའི་རྗེས་ཟློས་མཛོད། །བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང་། ཁ་བ་ཅན་དུ་ཆོས་རྗེ་ཀཿཐོག་པ། །མ་བྱོན་བདེ་གཤེགས་ཚེ་དཔག་མེད་པ་ཞེས། །གྲགས་པའི་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་ཐུགས་རྗེས་ཟུངས། །ཞེས་དུས་རྒྱུན་དུ་གསོལ་འདེབས་འདི་དང་སྒོམ་བཟླས་ལ་བརྩོན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་སོགས་ལས་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་པའི་ཕན་ཡོན་མཐའ་ཡས་པར་གསུངས་པ་མ་ཟད། འོད་དཔག་མེད་ཉིད་ཀྱིས། སེམས་ཅན་གང་དག་ང་ཡི་མིང་ཐོས་པ། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ཅེས་ཐུགས་དམ་བཅས་པའི་སྨོན་ལམ་མཐར་སོན་པ་ཡིན་པ་དང་། མདོར་ན་གང་གི་མཚན་དང་སྒྲ་དང་ལྟ་བ་ཡིད་ལ་གོམ་པར་བྱས་པ་དང་། ཁ་ནུབ་ཏུ་བལྟས་ནས་མེ་ཏོག་འཐོར་ཞིང་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་མཚན་བརྗོད་ཅིང་ཕྱག་གཅིག་འཚལ་ནའང་ཞིང་དེར་སྐྱེ་བར། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པར་སྨྲ་ཞིང་རྫུན་མེད་པས་ཡང་ཡང་གསུངས་པས་ཐེ་ཚོམ་སྤོངས་ལ་དད་གུས་རྩེ་གཅིག་པས་སྨོན་ལམ་འདིའི་རྗེས་ཟློས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །བདེན་པར་གསུང་བ་མི་བསླུ་ཕྱིར། །བདག་ཀྱང་རྒྱལ་བའི་མཚན་འཛིན་པས། །འདི་ནས་ཚེ་འཕོས་གྱུར་མ་ཐག །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཅེས་རྗེས་ཟློས་བྱར་གཞུག །དེས་ཆོས་རྗེ་ཀཿཐོག་པའི་ཉེ་བརྒྱུད་བཀའ་གཏེར་ཟུང་འབྲེལ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱའོ། །མཐའ་ཡས་འོད་མངའ་ཆོས་རྗེ་ཡབ་སྲས་ཀྱིས། །བདག་སོགས་འབྲེལ་བཅས་བདེ་ལྡན་ཞིང་མཆོག་ཏུ། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་ལེགས་དྲངས་ཏེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་མཛད་གྱུར་ཅིག །ཅེས་པའང་འགྲོ་མགོན་ཤེས་རབ་སེང་གེའི་རྡོ་རྗེའི་གསུང་འཁྲུལ་པ་མེད་པ་ཉིད་བརྒྱུད་འཛིན་དམ་པ་གོང་མ་དག་གིས་བཀྲལ་བར་མཛད་པའི་གསལ་བྱེད་ཞབས་ཏོག་གི་ཚུལ་དུ། དམ་པ་དེ་དག་ལ་མི་ཕྱེད་པའི་དད་པ་མངའ་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། གསུང་གི་དབང་ཕྱུག་འཇིག་རྟེན་མགོན་པོས་བྱིན་བརླབས་པའི་གནས་ཀྱི་ཤར་སྒོ་ཡེ་ཤེས་འཁོར་ལོའི་དབེན་པར་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).