Terdzo-ZA-013

From Rinchen Terdzö
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོའི་དོན་དབང་འབྲིང་པོ་དང་གཏོར་དབང་བསྡུས་པ་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་

yang gter thugs rje chen po pad+ma'i rgyal po'i don dbang 'bring po dang gtor dbang bsdus pa khol phyung bklag chog tu bkod pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉི་མ་སེངྒེ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Nyima SengeJamyang Khyentse Wangpo)
in cycle  ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པ་ (Thugs rje chen po pad+ma rgyal po zhi khro rnam par rol pa)
Volume 22 (ཟ) / Pages 407-418 / Folios 1a1 to 6b4

[edit]

༄༅། །ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོའི་དོན་དབང་འབྲིང་པོ་དང་གཏོར་དབང་བསྡུས་པ་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་མཆོག །པདྨའི་རྒྱལ་པོར་གུས་བཏུད་དེ། ཁྱེར་བདེའི་སླད་དུ་སྨིན་བྱེད་དབང་། །འབྲིང་དང་བསྡུས་པའི་མཚམས་སྦྱོར་དགོད། །རྩ་དབང་རྒྱས་པ་མི་ལྕོགས་པའམ་ཁྲོམ་དབང་ལྟ་བུ་ལ་དོན་དབང་མདོར་བསྡུས་སུ་བསྐུར་ན། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་རས་བྲིས་བཀྲམ། མེད་ན་མཎྜལ་ལ་འབྲུ་ཚོམ་ལྷ་གྲངས་བཀོད་པའི་སྟེང་དུ་མཉྫིལ་རྣམ་རྒྱལ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཀོད། གཡས་སུ་བནྡྷའི་ནང་ཆོས་སྨན་སྦྱར་བའི་ཆང་། གཡོན་དུ་མེ་ལོང་དྭངས་པ། རྒྱབ་ཏུ་དཔལ་གཏོར་སྐུ་ཙཀ་དང་གདུགས་ཀྱིས་སྤྲས་པ། མྱང་གྲོལ་དབང་བསྐུར་སྦྲེལ་ན་རིལ་བུའི་བུམ་པའང་བཞག །མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། །སྲུང་མའི་གཏོར་འབུལ། སྔོན་གཏོར། ཚོགས་ཆས། ལས་བུམ་གྱིས་མཚོན་པའི་ཉེར་མཁོ་རྣམས་ཚོགས་པར་བྱའོ། །ཐོག་མར་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་། སྔོན་འགྲོའི་ལས་རིམ་ལྟར། སྐྱབས་སེམས་ནས་མཆོད་བརླབ་བར་གཏང་། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་རྟེན་ལྷར་བསྐྱེད། སྤྱན་འདྲེན་ནས་བསྟོད་བཤགས་བར། བསྙེན་སྒྲུབ་དང་ལས་སྦྱོར་ཐུན་མོང་བའི་བཟླས་པ་བྱ། བུམ་བསྐྱེད་བཟླས་དམིགས་མདོར་བསྡུས་སྤྱི་འགྲེ་གསལ་བཏབ་ལ་བཟླས་པའི་མཐར། གཏོར་འབུལ་མཆོད་བསྟོད་ལྷ་འོད་ཞུ་བྱ། མྱང་གྲོལ་གྱི་དབང་བསྐུར་ན་དེའི་སྒྲུབ་པའང་སྦྱར། སྲུང་མའི་གཏོར་འབུལ་མདོར་བསྡུས། ཚོགས་མཆོད་བསྒྲལ་བསྟབ་བར་དུ་གཏང་། ལས་བུམ་རྟ་སྔགས་ཙམ་གྱིས་བྱིན་བརླབ། རིག་མེ་དོར་ལ་གནང་བ་ནོད་དོ། །དབང་དངོས་ལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་གདབ་ལ། དེའང་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་ཐུགས་རྗེ་ཆེན་པོའི་རང་གཟུགས་འཇིག་རྟེན་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་མཐའ་ཡས་པ་མཆིས་པ་ལས། འདིར་སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་སྡེར་གཏོགས་པ། བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུ་ཞེས་བྱ་བ་ཁྱད་པར་འཕགས་པའི་ཆོས་སྐོར་རྣམས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཉིད་གྲུབ་པའི་སྐྱེས་བུ་མཆོག་གི་སྐུར་སྣང་བ་གུ་རུ་རིན་པོ་ཆེ་པདྨཱ་ཀ་རས་བོད་ཡུལ་སྐལ་ལྡན་གྱི་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་བསྩལ་ཅིང་། གཏེར་དུ་སྦས་པ་ལ་རྒྱས་འབྲིང་བསྡུས་གསུམ་སྙིང་པོའི་སྐོར་དང་བཞིར་བཞུགས་པ་ལས། སྙིང་པོའི་ཡང་བཅུད་གཅིག་ཏུ་དྲིལ་བའི་ཆོས་སྐོར་འདི་ཉིད་རྒྱལ་སྲས་ལྷ་རྗེ་དང་འགོས་བློན་རྡོ་རྗེ་འབར་ཟུང་དུ་འཇུག་པའི་རྣམ་འཕྲུལ། གཏེར་སྟོན་ཉི་མ་སེང་གེས་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་ནས་སྤྱན་དྲངས་ཏེ་སླར་འདབ་གཏེར་དུ་བཞུགས་པ་ལ། དེང་སང་གདུལ་བའི་དུས་ལ་བབས་པའི་ཕྱིར་ན། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་སྤྱི་རྗེ་འགྲན་ཟླ་བྲལ་བའི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཆོས་བདག་ཡེ་ཤེས་མཁའ་འགྲོས་གཏེར་ཤོག་དངོས་སུ་ཕུལ་ཞིང་། གུ་རུ་རིན་པོ་ཆེས་བྱིན་རླབས་དང་ལུང་བསྟན་དམིགས་སུ་བསྩལ་བ་ལ་བརྟེན་ཚུལ་བཞིན་གཏན་ལ་ཕབ་པར་མཛད་པའི་བླ་རྫོགས་ཐུགས་གསུམ་ཀུན་འདྲིལ་གྱི་ཆོས་སྐོར་འདིའི་རྩ་བའི་སྨིན་བྱེད་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། འདིར་དོན་གྱི་སྨིན་བྱེད་སྣོད་རུང་དུ་སྒྲུབ་པའི་དབང་བསྐུར་འབྲིང་པོ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱབ་བདག་གཙོ་བོ་ཁྱོད་ལ་འདུད༔ བྱང་ཆུབ་ཆེན་པོ་བདག་འདོད་དེ༔ བླ་མེད་གསང་བ་དམ་པ་ཡི༔ དཀྱིལ་འཁོར་མཆོག་ཏུ་འཇུག་མཛད་གསོལ༔ ལན་གསུམ། བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་མངོན་སུམ་བཞིན་དུ་གསལ་བའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གསུམ། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མི་གནས་པའི་བྱང་ཆུབ་ཆེན་པོ་ལ་དགོད་པའི་སླད་དུ་བླ་མ་ཐུགས་རྗེ་ཆེན་པོ་ཞི་ཁྲོ་རྣམ་པར་རོལ་པའི་སྨིན་གྲོལ་གྱི་ལམ་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། མར་གྱུར་འགྲོ་བ་སོགས་གསུམ། ཚོགས་ཀྱི་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་བདག་གཞན་འགྲོ་བ་མ་ལུས་པ་སྒོ་གསུམ་འཇུག་པ་གཅིག་པས་ཡན་ལག་བདུན་གྱི་གསག་སྦྱང་ཚུལ་བཞིན་བགྱིད་པའི་མོས་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་གསུམ། དབང་གི་གཞི་རྟེན་རྒྱུད་སྡོམ་པ་དང་ལྡན་པར་བྱ་དགོས་པས་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་གསུམ། དེ་ནས་དབང་གི་གཞི་དགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་བསྲང་། རླུང་རོ་བསལ། དྲན་པ་རྩེ་གཅིག་པས་དམིགས་པ་འདི་ལྟར་སྒོམས་ཤིག །ད་ལྟར་གྱི་སློབ་དཔོན་ལ་བླ་མ་ཡི་དམ་དབྱེར་མེད་པའི་མོས་གུས་དྲག་ཏུ་བྱས་པ་དང་། ཧྲཱིཿཧྲཱིཿཞེས་རྡོ་རྗེའི་སྔགས་ཀྱི་སྒྲ་བསྒྲགས་པའི་རྐྱེན་གྱིས་སློབ་མའི་ལུས་སོགས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་བའི་འཁོར་ལོ་གཞལ་མེད་ཁང་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ༔ པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སྐུ་མདོག་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པར་ཉི་འོད་ཁྱབ་པ་ལྟ་བུ༔ ཞལ་གཅིག་ཕྱག་བཞི་པ༔ འཛུམ་ཞིང་ཆགས་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་བསྣམས་པ༔ ཡུམ་ཡི་གེ་དྲུག་མ་གསང་བ་ཡེ་ཤེས་དམར་མོ་ཌཱ་མ་རུ་དང་ཐོད་ཆང་བསྣམས་པས་འཁྲིལ་བ༔ གཉིས་ཀའང་དར་དང་རིན་ཆེན་རུས་པ་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ་བའི་ཀློང་ན་བཞུགས་པ༔ འཁོར་ལོ་ལྔའི་དབུས་སུ་རིགས་ལྔ་ཡབ་ཡུམ་དང༔ དབང་པོ་བཞིའི་གཡས་གཡོན་དུ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱོར་ཞིང༔ དཔུང་པ་གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་མ༔ སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་ཁྲོ་ཆེན་བཞི༔ བ་སྤུའི་བུ་ག་ཐམས་ཅད་དུ་བསྐལ་བཟང་གི་སེམས་དཔའ་སྟོང་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་ཤིགས་སེར་བཞུགས་པ༔ སྤྱི་བོའི་གཙུག་ཏུ་པདྨ་དང་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་པདྨ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདེ་བའི་དབང་ཕྱུག་མ་དམར་སྐྱ་པདྨ་དྲིལ་བུ་འཛིན་པ་འཁྲིལ་བ༔ གཉིས་ཀའང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེ་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་ཀློང་ན་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་ཡེ་ཤེས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སློབ་མ་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྦྱར་སྤོས་བསྲེག །སྤྲོ་ན་དབྱངས་རོལ་བཅས་སྤྱན་འདྲེན་དང་། སྔགས་དྲག་ཏུ་བརྗོད་ལ་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པ་མོས་ཤིག །ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་པར་བྱ། དངོས་གཞིའི་དབང་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་རིམ་བཞིན་འབྱུང་བ་ཡིན་པས་འདུན་པ་འདི་ལྟར་མཛོད། ཆོས་དབྱིངས་འོད་གསལ་གྱི་གཞལ་མེད་ཁང་ཆེན་པོ་མཚོན་པའི་རྣམ་རྒྱལ་བུམ་པའི་ནང་དུ། རིག་པ་ཡེ་ཤེས་པདྨ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོན་པའི་རྡོ་རྗེ་བདུད་རྩིའི་བཅུད་དུ་འཁྱིལ་པ་གཉིས་མེད་ཟུང་འཇུག་ལྷག་པ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། ལུས་གདོས་བཅས་སུ་འཛིན་པའི་དྲི་མ་དག །སྣང་སྟོང་ལྷའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཨོཾ༔ བཀྲ་ཤིས་འོད་གསལ་དབྱིངས་ཀྱི་བུམ་པ་ན༔ ཡེ་ཤེས་རིག་པའི་ལྷ་ཚོགས་བདུད་རྩིར་འཁྱིལ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གནས་པ་རྩ་དང་གཡོ་བ་རླུང་གི་རང་བཞིན་ཅན་གྱི་ཕུང་པོ་སྣོད་ཀྱི་ངོ་བོ་པདྨ་བྷཉྫའི་ནང་དུ་དངོས་གྲུབ་ཐོགས་མེད་དུ་སྒྲུབ་པར་ནུས་པ། རང་བྱུང་རྡོ་རྗེའི་སྔགས་ཀྱི་ཡེ་ཤེས་བདུད་རྩིའི་བཅུད་གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་རྒྱུན་གྱིས་དབང་བསྐུར་བས། སྒྲ་སྐད་ཐ་མལ་དུ་འཛིན་པའི་དྲི་མ་དག །གྲགས་སྟོང་རྡོ་རྗེའི་བཟླས་བརྗོད་བྱ་བ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །བནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཨཱ༔ རྩ་རླུང་ཕུང་པོ་སྣོད་ཀྱི་བྷནྡྷ་རུ༔ ནུས་པ་སྔགས་ཀྱི་ཡེ་ཤེས་བཅུད་དུ་འཁྱིལ༔ གཉིས་མེད་བདེ་བ་ཆེན་པོས་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་མཆོག་ཐོབ་པར་ཤོག༔ བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སེམས་བྱུང་གི་རྟོག་ཚོགས་རང་སར་ཞི་བའི་དབྱིངས་སྤྲོས་བྲལ་མཚོན་པ་མེ་ལོང་དྲི་མ་མེད་པའི་ནང་དུ། མ་འགགས་རང་རྩལ་འཁོར་འདས་ཀྱི་གཟུགས་བརྙན་ཇི་ལྟར་ཤར་ཡང་གསལ་སྟོང་ཤར་གྲོལ་འཛིན་པ་མེད་པ་ཉམས་སུ་མྱོང་བ་གཉིས་མེད་ཟུང་འཇུག་བློ་འདས་ཆེན་པོའི་དབང་བསྐུར་བས། སེམས་རྟོག་རང་ག་མར་ཞེན་པའི་དྲི་མ་དག །རིག་སྟོང་འོད་གསལ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །མེ་ལོང་སྙིང་གར་བཞག་ཅིང་མིག་ལམ་དུ་བསྟན་ལ། ཧཱུྃ༔ མེ་ལོང་དྭངས་པ་རྟོག་ཚོགས་དབྱིངས་སུ་ཞི༔ གཟུགས་བརྙན་མ་འགགས་གསལ་སྟོང་ཉམས་སུ་མྱོང༔ གཉིས་མེད་བློ་ལས་འདས་པའི་དབང་བསྐུར་པས༔ རིག་སྟོང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ལ་སྨོན་ལམ་ནི། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བླ་མ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེང་ཕྱིན་ཆད་འདི་ལྟར་ཤར་བའི་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་ཤེས་པས་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག༔ ཅེས་གདམས། དགོས་པ་ཡོད་ཅིང་སྤྲོ་ན་འདིར་མྱང་གྲོལ་རིལ་བུའི་དབང་གཞུང་གསལ་ལྟར་སྦྱར། དེ་ནས་དབང་དོན་གྱི་སྙིང་པོ་བསྡུས་པ་བྱིན་རླབས་གཏོར་མའི་བརྡ་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་འཇའ་ཟེར་ཐིག་ལེ་འོད་ཕུང་འཁྱིལ་པའི་ཀློང་དུ་གཏོར་མ་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་ཡུམ་ཡི་གེ་དྲུག་མ་དང་མཉམ་པར་སྦྱོར་ཞིང་ནོར་འཛིན་དང་གསང་འཛིན་གཡས་གཡོན་དུ་བཞུགས་པའི་སྤྱི་བོར་རིགས་བདག་པདྨ་རྡོ་རྗེ་འཆང་ཡབ་ཡུམ། འཁོར་རྒྱལ་བ་རིགས་ལྔ། སེམས་དཔའ་ལྕམ་དྲལ་བཅུ་དྲུག །བསྐལ་བཟང་གི་སེམས་དཔའ་སྟོང་། སྒོ་བ་ཡབ་ཡུམ་བརྒྱད། སྟེང་གི་ནམ་མཁར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པ། དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་རློབ་པ་ལ་མོས་གུས་དྲག་ཏུ་བསྐྱེད་པའི་རྐྱེན་གྱིས་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་ཐོབ། སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག །བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ལ་དབང་། སྐུ་གསུམ་གྱི་གོ་འཕང་མངོན་དུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །གཏོར་ཆེན་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ ནམ་མཁའ་ཆུ་ལ་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་འོད་ཟེར་སློབ་མའི་གནས་གསུམ་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས༔ སྨིན་གྲོལ་ཟུང་འཇུག་དོན་གྱི་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་རེག །སླར་སྤྱི་བོར་བཟུང་ལ་སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་བརྗོད་པས། ལྷ་ཚོགས་ཐམས་ཅད་དགྱེས་པ་ཆེན་པོས་བདེ་སྟོང་གི་ངོ་བོར་འོད་དུ་ཞུ༔ སློབ་མ་ལ་ཐིམ་པས་དབང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག༔ དེ་རྣམས་ཀྱིས་སྐུ་གསུང་ཐུགས་སྒོམ་ཞིང་སྒྲུབ་པའི་སྣོད་དུ་འགྱུར་ཞིང་དོན་གྱི་དབང་རྫོགས་པ་ཡིན་ནོ། །ཤིས་པ་བརྗོད། དེས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པའི་དོན་དབང་འབྲིང་པོ་དང་། སྙིང་པོ་བསྡུས་པ་གཏོར་དབང་བཅས་ལེགས་པར་གྲུབ་པ་ལགས་པས་ཞེས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་སོགས་དབང་གི་རྗེས་སྤྱི་ལྟར་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་། བསྐུལ་པ་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་ཡེ་ཤེས་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བཞུགས་གང་འོས། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྗེས་རིམ་ལྟར་བྱའོ། །ཡང་གཏོར་དབང་ཁོ་ན་བསྐུར་ན། ཁྲུས། བགེགས་བསྐྲད། གསོལ་གདབ། རྒྱུན་བཤགས་གང་འོས་དང་། བྱིན་འབེབས་ནས་གཏོར་དབང་ལ་འཇུག་པས་གྲུབ་བོ། །པདྨ་རྣམ་པར་རྒྱས་པའི་འཛུམ་ཞལ་གྱིས། །ཐར་མཆོག་བདེ་ཆེན་ཞིང་དུ་དབུགས་དབྱུང་ནས། །རིགས་བདག་མཐའ་ཡས་ཚངས་པའི་དབྱངས་སྙན་གྱིས། །བྱང་ཆུབ་ཆེན་པོར་ལུང་བསྟན་བསྩལ་གྱུར་ཅིག །ཅེས་རྨད་དུ་བྱུང་བའི་ཟབ་ཆོས་ཀྱི་ཞབས་ཏོག་དང་རང་གཞན་ལ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་དམིགས་ནས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).