Terdzo-TSI-012

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ དམ་སྲི་གསོན་འདྲེ་སོགས་ལུང་བསྟན་ཅིང་འདུལ་བའི་ཐབས་ཤིན་ཏུ་ཟབ་པ་

gtum po dregs pa kun 'dul las:_dam sri gson 'dre sogs lung bstan cing 'dul ba'i thabs shin tu zab pa

by  རོལ་པའི་རྡོ་རྗེ་ (Rolpai Dorje)
revealed by  རོལ་པའི་རྡོ་རྗེ་ (Rolpai Dorje)
in cycle  གཏུམ་པོ་དྲེགས་པ་ཀུན་འདུལ་ (Gtum po dregs pa kun 'dul)
Volume 47 (ཙི) / Pages 177-184 / Folios 1a1 to 4b5

[edit]

ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ དམ་སྲི་གསོན་འདྲེ་སོགས་ལུང་བསྟན་ཅིང་འདུལ་བའི་ཐབས་ཤིན་ཏུ་ཟབ་པ་བཞུགས་སོ༔ ྈྈྈྈྈྈྈྈ ཐུགས་གསང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་པྲེ་ཏ་བོད་ཡུལ་དུ༔ དམ་སྲི་འབྱུང་པོ་ཁ་དར་བས༔ དེ་ཉིད་འདུལ་བའི་གདམས་པ་བསྟན༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དུས་ངན་སྙིགས་མ་ལྔ་བདོའི་དུས༔ བོད་འདིར་དམ་སྲི་འབྱུང་པོ་དང༔ གསོན་འདྲེ་དངོས་སུ་རྒྱུག་པ་འབྱུང༔ ཉིན་མོ་དུར་ཁྲོད་ཀུན་ཏུ་ཉུལ༔ མཚན་མོ་འགྲོ་བའི་སྲོག་ལ་རྒོལ༔ གཟུགས་ནི་སྔགས་བཙུན་བུད་མེད་གཟུགས༔ སྐད་ནི་བྱོལ་སོང་གཅན་གཟན་སྐད༔ དེ་ཡི་ནད་གདོན་ཞུགས་པའི་རྟགས༔ ངོས་བཟུང་མེད་པའི་གཉན་ནད་དང༔ གློ་བུར་སྨྱོ་འབོག་རྒྱལ་གདོན་འདྲ༔ ཁ་ཅིག་དྲང་སྲོང་གཟའ་ནད་འདྲ༔ ཁ་ཅིག་ཇི་མི་སྙམ་གྱིས་འཆི༔ ཁ་ཅིག་ཁ་ལྐུགས་ལུས་འདར་རེངས༔ རྣམ་པ་སྣ་ཚོགས་འབྱུང་བར་འགྱུར༔ དེ་རྣམས་སྲུང་ཟློག་གསད་པའི་ཐབས༔ ཡང་གཅེས་འདི་ལ་འབད་པར་བྱོས༔ ས་མ་ཡ་ཁ་ཐཾ་རྒྱ༔ དེ་ལ་དང་པོ་རང་ཉིད་ཡི་དམ་གང་རུང་གི་བསྙེན་པ་ཐེམས་ནས༔ དམ་སྲི་དེ་དག་གཟིར་བ་ནི་དུག་ཤོག་ལ་དམ་སྲི་བཙུན་གཟུགས་ལག་ན་རྐང་གླིང་ཐོགས་པ༔ རྐང་པ་ལྕགས་སུ་བཅུག་པ༔ གཡོན་དུ་བུད་མེད་ནག་མོ་རང་གི་སྐྲ་ནས་བཟུང་བ༔ གཡས་སུ་སྔགས་པ་བསྭེ་ཞྭ་ཅན་ཐོད་ཕོར་ཐོགས་ནས་རྐང་པ་ལྕགས་སུ་བཅུག་པ་རྣམས་ཀྱི་སྙིང་གར་ཏྲི་དུ་ཛཿབྲི་འོ༔ དེ་ཡི་མཐའ་སྐོར་དུ་སྔགས་འདི་བྲི༔ ཧཱ་ས་གརྦྷ་ཙནྟྲི་མཱ་ར་ཡ་ཛ་ཛ༔ དམ་ཉམས་གསོན་འདྲེ་འབྱུང་པོ་གདུག་པ་ཅན་ཕོ་མོའི་སྙིང་ནས་དྲོངས་ཤིག་མཱ་ར་ཡ་ཛ༔ ཁ་འདར་འདར༔ སྙིང་འདར་འདར༔ སྲོག་འདར་འདར༔ ཆུམ་ཆུམ་པྲིག་པྲིག་དམ་སྲི་གསོན་འདྲེ་ཕོ་མོ་ཁུག་ཕོབ་ཡ་ཕོབ་ཡ༔ གཟུགས་ལ་ཕོབ་ཡ༔ ཏྲི་དུ་ཛཿཛ༔ ཧཱ་ས་གརྦྷ་ཙནྟྲི་མཱ་ར་ཡ་ཏྲི་ཏྲི་ཏྲི་ཛཿཛཿཛཿཛ༔ ཞེས་སྔགས་ཀྱིས་བསྐོར་ལ༔ གུ་གུལ༔ བབ་ལ༔ ལྡོང་རོས༔ ཁྱི་བྲུན༔ སྤྱང་བྲུན༔ སྒོག་པ༔ དེ་རྣམས་བྱུགས་ལ་ཤི་ལྟེབ་བྱས་ནས་སྐུད་པ་སྔོ་དམར་གྱིས་བཅིང༔ དེ་རྟ་ནག་པོའི་རྨིག་པའི་ནང་དུ་བཅུག་ནས༔ བྲུབ་ཁུང་གྲུ་གསུམ་བང་རིམ་དགུ་དང་ལྡན་པའི་ནང་དུ་གཞུག༔ ཁ་ཁྱེར་རྩང་གིས་བསྐོར༔ ཁ་རོ་གཡམ་ལ་རྒྱ་གྲམ་བྲིས་པས་བཅད་ནས༔ རང་ཉིད་ཡི་དམ་གྱི་བསྐྱེད་རིམ་སྔགས་དང་བཅས་པས༔ མ་ཡེངས་པའི་ངང་ནས་དམ་སྲི་དགུག་པའི་སྔགས་འདི་རྟགས་མཐོང་གི་བར་བཟླ་འོ༔ ཨོཾ་ག་དུ་དྷ་ར་དྷ་ཀ༔ རཀྴ་ར་ཏྲི་ས་ཡ༔ ཏྲི་ས་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ སརྦ་དུཥྚཱཾ་ཏྲིག་ནན༔ ཧུར་ཐུམས་ཛ་མཱ་ར་ཡ་རྦད་རྦད༔ གནོད་བྱེད་གསོན་འདྲེ་ཕོ་མོ་ཨཾ་ཀུ་ཤ་ཛཿཛ༔ ཞེས་བཟླས་པས་རྨི་ལམ་དུ་བནྡེ་བུད་མེད་སྔགས་པའི་ཚོགས་འདུ་བ་བྱུང་ན་རྟགས་ཡིན་པས་ལིངྒ་ལ་བསྟིམ་མོ༔ དེ་ནས་ཐུན་རྫས་སྣ་ཚོགས་ལ་སྔགས་འདི་བསྔགས་ནས་ལིངྒ་ལ་གཟིར་རོ༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ས་ཏྲི་ཡ་ས་ཏྲི་ཡ༔ ཏྲི་ས་ཡ་ཏྲི་ས་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ སརྦ་དུཥྚཱཾ་ཏྲིག་ནན༔ ཧུར་ཐུམས་ཛཿམཱ་ར་ཡ་རྦད་རྦད༔ གནོད་བྱེད་གསོན་འདྲེ་ཕོ་མོ་མཱ་ར་ཡ་རྦད་རྦད༔ ཧབ་ལེ་ཧོབ་ལེ་ཛ༔ གནོད་བྱེད་ཕོ་མོའི་གཏི་མུག་ཤ་ལ་མྱགས་མྱགས༔ འདོད་ཆགས་ཁྲག་ལ་ལྗིབས་ལྗིབས༔ ཞེ་སྡང་རུས་ལ་རྦད་རྦད༔ སྤུ་གྲི་འབར་བས་ཤད་ཤད་སྙིང་ལ་ཤད༔ རཾ་རཾ་སྲོག་ལ་རཾ༔ སྲོག་རྩ་དམར་པོ་ཏྲི་དུ་ཛ༔ མཱ་ར་ཡ་རྦད་རྦད༔ ཅེས་གཟིར་བས་རྨི་ལམ་དུ་གདོན་ཚོགས་ངུ་བ༔ ཕྱག་འཚལ་བ་སོགས་བྱུང་ན་ཐུལ་བའི་རྟགས་ཡིན་པས་རྟ་རྨིག་ཕུང་རེ་ནག་པོས་དྲིལ་ལ་མཆོད་རྟེན་བྱིན་རླབས་ཅན་ནམ་ལྷ་ཁང་གཉན་པོའི་འོག་ཏུ་མནན་ནོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་གནོད་བྱེད་དམ་སྲི་དེ་ཡི་ནད་ངོས་གཟུང་མེད་པའི་གཉན་དང༔ གཞན་ཡང་གག་ལྷོག་གཟེར་གསུམ་སྲུང་བ་ནི༔ སྔགས་འདི་དྲི་ཆུ་འདྲེས་པའི་སྔགས་ཆུ་བྱས་ལ་བཏུང༔ ཁྱུང་ལྔ་སྔགས་ལ་བཏགས་པས་ཐུབ་ངེས་སོ༔ ཨོཾ་གུག་ཏི་གུག་ནན༔ རང་ནད་རང་ལ་དུ་དུ་ཤིག་ཤིག༔ ཅེས་སོ༔ སྨྱོ་འབོག་དང་ཅལ་ཅོལ་སྨྲ་བ་སོགས་སྲུང་ན་རྟ་བོན་ལ་སྔགས་འདི་བཏབ་ནས་བཏག་གོ༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ཏྲི་ས་ཡ༔ ཏྲི་ས་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ ཏྲིའུ་གཏུབས་གཏུབས་ཙིཏྟ་ཧུ་ལུ་ཧུ་ལུ་རྦད༔ ཙིཏྟ་རཀྴ་གཏུབས་གཏུབས༔ ཏྲིའུ་ཏྲིའུ་ཧུར་ཐུམས་ཛཿརྦད༔ ཞེས་པའི་སྔགས་དེ་ཐུན་ལ་མང་དུ་སྔགས་སྨྱོ་འབོག་བྱུང་ན་བྲབ༔ རྫས་རྒོད་གདུག་པ་ཀུན་འདུལ་ལ་སྔགས་ནས་བདུག་པས་ཕན་པར་འགྱུར་རོ༔ དེ་ནས་གཟའ་གྲིབ་ལྟར་སྦྲིད་པ་དང་རེངས་ཤིང་མགོ་འཐོམ་པ་སོགས་བྱུང་ན་སྔགས་འདི་ཆུ་ལ་སྔགས་ནས་སྙིང་གར་ཡང་ཡང་རྒྱབ་བོ༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ས་ཏྲི་ཡ་ས་ཏྲི་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ ཧུར་ཐུམས་ཧུར་བི་ཤྭ་མུ་ཁེ༔ དུ་རུ་མ་ཤི་ཀ་ཛ༔ ཧྲི་ཤྭ་ས་མ་ཡེ་འུར་འུར་སོད༔ གརྦྷ་ནཱ་ག་ས་ལ་གནོད་བྱེད་ཏྲིག་རྦད༔ གནོད་བྱེད་ཏྲིག་རྦུད་ཁུག་ཛ༔ ཞེས་པའི་སྔགས་དེ་ཉིད་ཤོག་བུར་བྲིས་བཏགས་ན་བསྲུང་བར་འགྱུར་རོ༔ དེ་ནས་ཇི་མི་སྙམ་པར་ཁ་ལྐུགས་ལུས་འདར་ལ་སོགས་ངོས་གཟུང་དུ་མེད་པའི་ནད་མ་རུངས་པ་གང་བྱུང་ཡང་སྔགས་འདི་རྫས་གདུག་པ་ཀུན་འདུལ་ལ་སྔགས་ནས་བདུག་གོ༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ་ཏྲི་ས་ཡ་ཏྲི་ས་ཡ༔ ཛི་ལི་ཐར་ཕྲོཾ་རྦད༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཤིག་ཤིག་རྦད་ནན༔ རུཾ་རུཾ་རྦད་ནན༔ གནོད་བྱེད་གསོན་འདྲེ་ཕོ་མོའི་སྲོག་ལ་ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་རྦད་རྦད༔ སྔགས་དེ་བྲིས་ནས་མགུལ་དུ་བཏགས་ན་བསྲུང་བར་འགྱུར་རོ༔ སྐྱེར་པའི་ཕུར་བུ་མཁྱིད་གང་བ་ལ་གོང་གི་སྔགས་ཐམས་ཅད་ཀྱིས་སྔགས་ནས་ལུས་ལ་འཆང་ངམ༔ ཁྱིམ་དུ་འཆང་བ་སོགས་གང་ལ་བཞག་པའི་གནས་དེར་དམ་སྲི་འབྱུང་པོ་གསོན་འདྲེ་ཕོ་མོས་ཚུགས་པར་མི་འགྱུར་རོ༔ དེ་ནས་ཡུལ་དུ་ནད་ཡམས་ཆེན་པོ་རྒྱུན་ཆད་མེད་པར་བྱུང་ན་དམ་སྲིའི་གཟུགས་གོང་དུ་བཤད་པ་ལྟར་འབྲུ་ནག་ལ་བཅའ༔ དེ་ཉིད་སྣོད་ཤིན་ཏུ་ཆེ་བ་ཞིག་གི་ནང་དུ་བཞག་ལ་མཐའ་སྐོར་དུ་ཡུལ་མི་རྣམས་ཀྱི་ཆངས་བུ༔ ཕྱུགས་ཀྱི་གདང་ཧྲུལ༔ ཕྱུགས་འཆི་ཚད་ཀྱི་སྤུ་དང་རྭ་རྨིག་སོགས་ཅི་ལྟར་འཚོགས་པས་བསྐོར༔ གཞན་ཡང་ཤ་དུམ་ཚྭ་དང་རམ་བུ་སྒོག་པ་སོགས་ཡས་སྟགས་ཚང་བར་གསག་གོ༔ དེ་ནས་རྣལ་འབྱོར་པས་ཡི་དམ་གྱི་སྐོང་ཟློག་སྔོན་དུ་སོང་ནས་མདུན་གྱི་ཡས་རྫས་བྲན་བྱིན་གྱིས་བརླབས་ཏེ་འདི་སྐད་དོ༔ ཀྱེ༔ དམ་ཉམས་ཁྲེལ་མེད་དམ་ལ་འདུས༔ གསོན་འདྲེ་ཕོ་མོ་དམ་ལ་འདུས༔ ནད་བདག་ཡམས་བདག་དམ་ལ་འདུས༔ སྔོན་ཡང་དམ་ཚིག་ཉམས་པས་ན༔ ལས་ངན་འདྲེ་ཡི་ལུས་སུ་སྐྱེས༔ འཁོར་བ་མ་སྟོངས་བར་དུ་ནི༔ ལུས་ངན་གནས་ལས་ཐར་དུས་མེད༔ དམ་ལྡན་སྔགས་འཆང་དམ་ལ་འདུས༔ གཞན་ལ་གནོད་པའི་སེམས་སྤངས་ན༔ མཐོ་རིས་བདེ་བ་ཐོབ་པ་ཡིན༔ དེ་ཕྱིར་གླུད་གཏོར་ཆངས་བུ་དང༔ འདོད་པའི་ཡས་སྟགས་ཚང་བ་འདི༔ ལོངས་ལ་ཡུལ་འདིའི་མི་ཕྱུགས་ལ༔ མ་གནོད་མཐའ་ཡི་རྒྱ་མཚོ་ལ༔ ཐུག་གི་བར་དུ་འགྲོ་བར་གྱིས༔ འོན་ཀྱང་ཕྱི་མིག་མ་བལྟ་ཞིག༔ གལ་ཏེ་དམ་ལས་འདའ་བྱེད་ན༔ ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད༔ གནད་དུ་བོར་ནས་བརླག་ཏ་རེ༔ ཁྱོད་ཀྱི་ངན་མཚང་ང་ལ་ཡོད༔ ངན་མཚང་སྨྲས་ན་མི་གནོད་དམ༔ དེ་བས་ཡུལ་འདིའི་མི་ཕྱུགས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ནད་ཁ་ཆོད་ལ་ཡམས་ཁ་སྒྱུར༔ གནས་མལ་སྤོས་ལ་མྱུར་དུ་སོང༔ མཐའ་མེད་རྒྱ་མཚོའི་ཕ་རོལ་ན༔ ཁྱོད་ཀྱི་གནས་མལ་དེ་ན་མཆིས༔ འདོད་པའི་ཡོན་ཏན་དེ་རུ་ལྡན༔ གླུད་དང་ཡས་སྟགས་འདི་ཁྱེར་ལ༔ མྱུར་བ་ཉིད་དུ་དེ་རུ་སོང༔ དམ་ཉམས་ཁྲེལ་མེད་དེ་རུ་སོང༔ གསོན་འདྲེ་ཕོ་མོ་དེ་རུ་སོང༔ ནད་བདག་ཡམས་བདག་དེ་རུ་སོང༔ འོན་ཀྱང་ཕྱི་མིག་མ་བལྟ་ཞིག༔ ཅེས་བརྗོད་ལ་ཡས་སྟགས་ཆུ་ལ་བོར༔ དྲག་སྔགས་བརྗོད་ཐུན་གྱིས་བྲབ༔ སྲུང་འཁོར་བསྒོམ་མོ༔ དེ་ལྟར་བྱས་པས་ནད་ཡམས་ཆད་པར་ཐེ་ཚོམ་མེད༔ དམ་སྲི་མནན་པ་བྱེད་ན་གོང་དུ་བཤད་པ་ལྟར་ལིངྒ་བྲིས་རྟ་རྨིག་ཏུ་བྲུབས་ནས༔ གཙུག་ལག་ཁང་དང་མཆོད་རྟེན་ཐམས་ཅད་ཀྱི་འོག་ཏུ་མནན་ན༔ རྒྱལ་ཁམས་ལ་ཤིས་པར་འགྱུར་རོ༔ དམ་སྲི་མེ་ལ་གཟིར་ན་གོང་དུ་བཤད་པའི་ལིངྒ་བྲིས་ནས་དྲག་པོའི་སྦྱིན་སྲེག་ལ་བཏབ་པས་ཁོ་ཡི་ནུས་པ་ཉམས་ངེས་སོ༔ དམ་སྲི་ཕོ་མོ་ཤི་ས་བསྟན་པ་ནི༔ གོང་གི་ལིངྒ་ཁྱི་ཐོད་དུ་བཅུག༔ དེ་ཡི་ནང་དུ་མཛེ་ཁྲག༔ གྲི་ཁྲག༔ ཡུགས་རྒོད་ཀྱི་ཁྲག༔ ར་ཁྲག༔ མུ་ཟི་སེར་ནག༔ གུ་གུལ༔ ལྡོང་རོས༔ རྟ་ནག་གི་བོན༔ དེ་རྣམས་བྱུག༔ ཕུང་རེ་ནག་པོས་དྲིལ་ནས་ལུང་པ་ཆེན་པོའི་མདོར་དོང་གྲུ་གསུམ་ནང་དུ་མེ་བུས་ལ་བསྲེག༔ དུད་པ་རང་གཞན་གྱི་སྣ་ལམ་དུ་མ་སོང་བར་གལ་ཆེའོ༔ དེ་ལྟར་བྱས་པས་ཡུལ་དེར་གནོད་མི་སྲིད་དོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ་རྒྱ༔ ཁོ་བོ་རོལ་པའི་རྡོ་རྗེ་ངས། །གནས་མཆོག་རྡོ་རྗེ་ཅོང་ཕུག་གི །སྲ་མཁྲེགས་བྲག་གི་འདོམ་གང་སོར། །རོ་སོལ་ནང་དུ་གཏེར་སྒྲོམ་འདུག །ཀུན་གྱིས་མཐོང་བར་སྤྱན་དྲངས་ནས། །ཤོག་དྲིལ་དང་པོའི་ཞལ་ལས་བཤུས། །མཁས་གྲུབ་རྣམས་ཀྱིས་གཟིགས་མཛོད་དང་། །ཀུན་ལ་ཕན་པའི་གདམས་ངག་ཟབ། །མངྒ་ལཾ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).